Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 82
Văn bản gốc(Tây Tạng)
Trang 2 / 20 (50.000 ký tự/trang)
་སྟེ། པདྨོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོ་དམ་པའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལས་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་སྙིང་པོ་བྱང་ཆུབ་ཀྱི་རྒྱན་ཤིན་ཏུ་ཡིད་དུ་འོང་བ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་རྡུལ་གྱི་ཚོགས་དང་བྲལ་བ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པར་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བ་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང་། ས་ཆེར་གཡོས་པ་དེ་དང་། དེ་བཞིན་ གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་མའི་ དཀྱིལ་འཁོར་སྣང་བ་དམ་པའི་དཔལ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང་། དོག་ས་འདི་ལྟར་ཆེར་གཡོས་པ་དང་། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་ནི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་ པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་བྱང་ཤར་གྱི་ ཕྱོགས་མཚམས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་། །དེ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བས། བཅོམ་ལྡན་འདས་ཉི་མའི་དཀྱིལ་འཁོར་སྣང་ བ་དམ་པའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང་། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་ བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་ དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བ་ལ་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་ སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བས་བཅོམ་ལྡན་འདས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་ འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང་། སྤོས་དང་། བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་ དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་ འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ། བཅོམ་ ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ། འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བ་དང་ལྷན་ཅིག་འཇིག་རྟེན་གྱི་ ཁམས་རྡུལ་གྱི་ཚོགས་དང་བྲལ་བ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་ པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ནུབ་བྱང་གི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་དབང་དུ་གྱུར་པ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པར་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་ཅེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང་། ས་ཆེར་གཡོས་པ་དེ་དང་། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་གདུགས་དམ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང་། དོག་ས་འདི་ལྟར་ཆེར་གཡོས་པ་དང་། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་ནི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུགས་དམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་ མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་གིས་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་གདུགས་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང་། དེ་ལ་ཕྱག་ བགྱི་ཞིང་བསྙེན་བཀུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་ བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་ལ། པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་གདུགས་དམ་པས་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ་དེས། བཅོམ་ལྡན་འདས་ལ་པདྨ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རིན་ཆེན་མཆོག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་ དག་ཐམས་ཅད་ལ་མེ་ཏོག་དང་། སྤོས་དང་། བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་ པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་གདུགས་དམ་པ། བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་ འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་ གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་ གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་རིན་ཆེན་ མཆོག་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་དབང་དུ་གྱུར་པ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་ སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་པདྨོ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པར་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པ་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང་། ས་ཆེར་གཡོས་པ་དེ་དང་། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་པདྨོའི་དཔལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང་། དོག་ས་འདི་ ལྟར་ཆེར་གཡོས་པ་དང་། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་འདིའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་གྱིས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པས། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་པདྨོའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང་། དེ་ལ་ཕྱག་བགྱི་ ཞིང་བསྙེན་བཀུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨོའི་དཔལ་གྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་གྱིས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པ་ལ་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་ པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་པདྨོའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་ དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་པདྨོའི་དཔལ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་ རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། འོག་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ། མེ་ཏོག་དང་། སྤོས་དང་། བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ། བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་ སུ་འདུག་པ་བྱང་ཆུབ་སེམས་དཔའ་པདྨོ་དམ་པ་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་པདྨོ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། ། བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་མདངས་དགའ་བ་ཞེས་བྱ་བ་གང་ ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པ་མཛད་དོ། །དེ་ནས་ འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པ་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང་། ས་ཆེར་གཡོས་པ་དེ་དང་། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་དེ་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང་། དོག་ས་འདི་ལྟར་ཆེར་གཡོས་པ་དང་། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་འདི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་ མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང་། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་བའི་དཔལ་གྱིས་བཀའ་ སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པ་ལ་པདྨོ་རིན་པོ་ཆེ་སྣ་ ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་ འདས་དགའ་བའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་དགའ་བའི་དཔལ་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟན་པར་དཀའ་བ་ ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བ་བྱིན་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང་། སྤོས་དང་། བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་རིམ་གྲོར་བྱ་ བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ། བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་ སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་ གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་ དཔའ་དགའ་བས་བྱིན་པ་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་མདངས་དགའ་བ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་ བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏེ། མེ་ཏོག་གི་སིལ་མ་སྣ་ཚོགས་ཀྱིས་ཀུན་ ཏུ་གང་བ་དང་། དར་གྱི་ལྡ་ལྡི་དང་། ཆུན་པོ་ཀུན་ནས་བྲེས་པ་དང་། སྣོད་སྣ་ཚོགས་ནས་བདུག་སྤོས་སྣ་ཚོགས་འཐུལ་བ་དང་། དཔག་བསམ་གྱི་ཤིང་གི་རྒྱན་དང་། འབྲས་བུ་སྣ་ཚོགས་ཀྱི་ཡལ་གའི་རྩེ་མོ་གཡུར་ཟ་བ་དང་། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། སྤོས་ཀྱི་ཤིང་དང་། ཕྲེང་བའི་ཤིང་དང་། ཕྱེ་མའི་ཤིང་དང་། བདུག་སྤོས་ཀྱི་ཤིང་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པར་ཀུན་ནས་གནས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ནས་རྒྱས་པའི་སངས་རྒྱས་ ཀྱི་ཞིང་གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་དང་། ལྷའི་བུ་བློ་གྲོས་རབ་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་གཟི་བརྗིད་ཆེན་པོ་དག་འཁོད་པའི་འཇིག་རྟེན་གྱི་ཁམས་པདྨོ་ཅན་བཞིན་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ལྷ་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་འདུས་ཤིང་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་རྣམས་ཀྱང་འདུས་པར་གཟིགས་པར་གྱུར་ཏོ་ཞེས་བྱ་བ་ནི་གླེང་གཞིའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་ བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་ པའི་བྱང་ཆུབ་འདོད་པ་དང་ལྡན་པའི་སེམས་བསྐྱེད་པ་བསྡུས་ཏེ་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་། གཏོང་བ་དང་། ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ལྟུང་བ་དང་མི་ལྟུང་བ་མེད་ པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །འཁྲུག་པ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །རོ་ མྱང་བ་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཤེས་རབ་དང་ཤེས་རབ་འཆལ་བ་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ལྡན་པའི་སེམས་བསྐྱེད་པ་རྒྱས་པར་བསྟན་ པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱོགས་བཅུ་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འདོད་ པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་དམིགས་པའི་སེམས་བསྐྱེད་པ་མདོར་བསྡུས་པའོ། །དེ་བཞིན་དུ་སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་རབ་ཏུ་དགོད་པར་འདོད་པ་དང་། ཚུལ་ཁྲིམས་འཆལ་བ་ཅན་རྣམས་ཚུལ་ཁྲིམས་ལ། གནོད་ སེམས་མང་བ་རྣམས་བཟོད་པ་ལ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ། སེམས་རྣམ་པར་གཡེང་བ་རྣམས་བསམ་གཏན་ལ། ཤེས་རབ་འཆལ་བ་རྣམས་ཤེས་རབ་ཕུན་སུམ་ཚོགས་པ་ལ་རབ་ཏུ་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་དམིགས་པའི་སེམས་བསྐྱེད་པ་རྒྱས་པར་བསྟན་པའོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་འདུན་པ་དང་ལྡན་པ་ས་ལྟ་བུའོ། །དེ་བཞིན་དུ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་། གཏོང་བ་དང་། ལེན་པ་མི་དམིགས་པའི་ཕྱིར། ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་དང་ཤེས་རབ་འཆལ་པ་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་བསམ་པ་དང་ལྡན་པ་གསེར་བཟང་པོ་ལྟ་བུའོ། །དེ་བཞིན་དུ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་ སུ་རྫོགས་པར་བྱའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་བཞིན་དུ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་ པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མི་སྡུག་པའི་འདུ་ཤེས་དགུ་བསྒོམ་པར་བྱའོ། །དགུ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པ་པའི་འདུ་ཤེས་དང་། རྣམ་པར་རྣགས་པ་པའི་འདུ་ཤེས་དང་། རྣམ་པར་དམར་བ་པའི་འདུ་ཤེས་དང་། རྣམ་པར་བསྔོས་པ་པའི་འདུ་ཤེས་དང་། རྣམ་པར་ཟོས་པ་པའི་འདུ་ཤེས་དང་། རྣམ་པར་འཐོར་བ་པའི་འདུ་ཤེས་དང་། རུས་པ་པའི་འདུ་ཤེས་དང་། རྣམ་པར་ཚིག་པ་པའི་འདུ་ཤེས་བསྒོམ་པར་བྱའོ། ། ཟས་ལ་མི་མཐུན་པའི་འདུ་ཤེས་བསྒོམ་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཆོས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དགེ་འདུན་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །གཏོང་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། ། ལྷ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །སྐྱོ་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །འཆི་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །མི་རྟག་པའི་འདུ་ཤེས་བསྒོམ་པར་བྱའོ། །སྡུག་ བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །བདག་མེད་པའི་འདུ་ཤེས་བསྒོམ་པར་བྱའོ། །མི་སྡུག་པའི་འདུ་ཤེས་བསྒོམ་པར་བྱའོ། །འཆི་བའི་འདུ་ཤེས་བསྒོམ་པར་བྱའོ། །འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྒོམ་པར་བྱའོ། །འཇིག་རྟེན་ཐམས་ཅད་ལ་ ཡིད་བརྟན་དུ་མི་རུང་བའི་འདུ་ཤེས་བསྒོམ་པར་བྱའོ། །སྡུག་བསྔལ་ཤེས་པ་བསྒོམ་པར་བྱའོ། །ཀུན་འབྱུང་བ་ཤེས་པ་བསྒོམ་པར་བྱའོ། །འགོག་པ་ཤེས་པ་བསྒོམ་པར་བྱའོ། །ལམ་ཤེས་པ་བསྒོམ་པར་བྱའོ། །ཟད་པ་ཤེས་པ་བསྒོམ་པར་བྱའོ། །མི་སྐྱེ་བ་ཤེས་པ་བསྒོམ་པར་ བྱའོ། །ཆོས་ཤེས་པ་བསྒོམ་པར་བྱའོ། །རྗེས་སུ་འགྲོ་བ་ཤེས་པ་བསྒོམ་པར་བྱའོ། །ཀུན་རྫོབ་པ་ཤེས་པ་བསྒོམ་པར་བྱའོ། །འདྲིས་པ་ཤེས་པ་བསྒོམ་པར་བྱའོ། །སྒྲ་ཇི་བཞིན་ཤེས་པ་བསྒོམ་པར་བྱའོ། །རྣམ་པར་རྟོག་པ་དང་བཅས་ཤིང་རྣམ་པར་དཔྱོད་པ་དང་བཅས་ པའི་ཏིང་ངེ་འཛིན་དང་། རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དང་། ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་དབང་པོ་བསྒོམ་པར་བྱའོ། །ཀུན་ཤེས་པའི་ དབང་པོ་བསྒོམ་པར་བྱའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་བསྒོམ་པར་བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བསྒོམ་པར་བྱའོ། །ཟད་པར་གྱི་སྐྱེ་མཆེད་བསྒོམ་པར་བྱའོ། །བསྡུ་བའི་དངོས་པོ་བཞི་བསྒོམ་པར་བྱའོ། །རྣམ་པར་དགོད་པ་བཞི་བསྒོམ་པར་བྱའོ། ། ས་བཅུ་བསྒོམ་པར་བྱའོ། །སྤྱོད་པ་བཅུ་བསྒོམ་པར་བྱའོ། །བཟོད་པ་བཅུ་བསྒོམ་པར་བྱའོ། །ལྷག་པའི་བསམ་པ་ཉི་ཤུ་བསྒོམ་པར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ་པར་བྱའོ། །ཞི་གནས་དང་ལྷག་མཐོང་ཤེས་པ་བསྒོམ་པར་བྱའོ། །རིག་པ་གསུམ་བསྒོམ་ པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་བསྒོམ་པར་བྱའོ། །མི་འཇིགས་པ་བཞི་བསྒོམ་པར་བྱའོ། །མ་ཉམས་པའི་མངོན་པར་ཤེས་པ་ལྔ་བསྒོམ་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པར་བྱའོ། །ནོར་བདུན་བསྒོམ་པར་བྱའོ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་ བརྒྱད་བསྒོམ་པར་བྱའོ། །སེམས་ཅན་གྱི་གནས་དགུ་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པར་བྱའོ། །བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དགའ་ བ་ཆེན་པོ་བསྒོམ་པར་བྱའོ། །བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་པའི་བསམ་པ་དང་ལྡན་པ་ཟླ་བ་ཚེས་པ་ལྟ་བུའོ། །ཐམས་ཅད་ཤེས་པ་ཉིད་ཤེས་པ་དང་མཐོང་བས་རྣམ་པར་བལྟས་ནས་འདས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འདོད་པ་དང་སེམས་ཅན་ཐམས་ཅད་ཀྱིས་སེམས་དང་སྤྱོད་པ་དང་། ཤེས་པའི་ རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་སྟེ། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འདོད་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང་། གཞོན་ནུའི་ས་ལས་འདའ་བར་འདོད་པ་དང་། མངོན་པར་ཤེས་པ་དྲུག་ཐོབ་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྣམ་པར་གཡོ་བ་ཤེས་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པ་ཟིལ་གྱིས་གནོན་པར་འདོད་པ་དང་། གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྦྱོར་བ་དང་ལྡན་པ་མེ་ལྟ་བུའོ། །སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་དགོད་པར་འདོད་པ་དང་། ཉན་ཐོས་ དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྦྱིན་པ་གཏོང་བ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གཏེར་ཆེན་པོ་ལྟ་བུའོ། །ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ལ་དགོད་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་ པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རིན་པོ་ཆེའི་འབྱུང་གནས་ལྟ་བུའོ། །གནོད་སེམས་ཅན་རྣམས་བཟོད་པ་ལ་དགོད་པར་ འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བཟོད་པ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བཟོད་པ་ དང་ལྡན་པ་རྒྱ་མཚོ་ཆེན་པོ་ལྟ་བུའོ། །ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་དགོད་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བརྩོན་འགྲུས་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བརྩོན་འགྲུས་དང་ལྡན་པ་རྡོ་རྗེ་ལྟ་བུའོ། །སེམས་རྣམ་པར་གཡེངས་པ་རྣམས་བསམ་གཏན་ལ་རབ་ཏུ་དགོད་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསམ་གཏན་ཐམས་ ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསམ་གཏན་དང་ལྡན་པ་རི་བོ་ལྟ་བུའོ། །སེམས་ཅན་ཤེས་རབ་འཆལ་བ་ རྣམས་ཤེས་རབ་ལ་དགོད་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་སྨན་ཆེན་པོ་ལྟ་བུའོ། །དགེ་བའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས་གཞལ་དུ་མེད་ཅིང་གྲངས་མེད་པར་བྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་སྦྱིན་པ་ཆུང་ངུ་ཡང་གཏོང་བ་དང་། ཚུལ་ཁྲིམས་ཆུང་ངུ་ཡང་བསྲུང་བ་དང་། བཟོད་པ་ཆུང་ངུ་ཡང་བསྒོམ་པ་དང་། བརྩོན་འགྲུས་ཆུང་ངུ་ཡང་རྩོམ་པ་དང་། བསམ་གཏན་ ཆུང་ངུ་ཡང་མཉམ་པར་འཇོག་པ་དང་། ཤེས་རབ་ཆུང་ངུ་ཡང་བསྒོམ་པ་ན་ཐབས་མཁས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས་གཞལ་དུ་མེད་ཅིང་གྲངས་མེད་པར་བྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སེམས་ ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་བཟོད་པར་འདོད་པ་དང་། བསྐལ་པ་བརྒྱ་སྟོང་དུ་ཡང་དག་པར་བསགས་པའི་ཚུལ་ཁྲིམས་ཀྱང་སེམས་ཅན་ལ་ལྟོས་ནས་འདོར་བར་འདོད་པ་དང་། སངས་རྒྱས་ཀྱི་ རིགས་སུ་སྐྱེ་བར་འདོད་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་བསྒྲུབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཐབས་དང་ལྡན་པ་དགེ་བའི་ བཤེས་གཉེན་ལྟ་བུའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་སྐུ་བསྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་ས་ལས་འདའ་བར་འདོད་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དབྱངས་གཅིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གོ་བར་བྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་དབྱངས་གཅིག་གིས་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཕྱོགས་མཚམས་རྣམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གོ་བར་བྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀོན་མཆོག་གསུམ་གྱི་ རིགས་རྒྱུན་མི་འཆད་པའི་དོན་དུ་གནས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་གང་དང་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ལ་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རིམ་གྲོར་བྱ་བ་དང་། མཆོད་པར་བྱ་བར་འདོད་པའི་བདག་གི་དགེ་བའི་རྩ་བ་དེ་དང་དེ་དག་ཡང་དག་པར་གྲུབ་པར་གྱུར་ཅིག་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྨོན་ལམ་དང་ལྡན་པ་ ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟས་དང་། སྐོམ་དང་། གོས་དང་། དྲི་དང་། ཕྲེང་བ་དང་། མེ་ཏོག་དང་། བདུག་སྤོས་དང་། ཕྱེ་མ་དང་། བྱུག་པ་དང་། མལ་སྟན་དང་། ཁྱིམ་དང་། ནོར་དང་། འབྲུ་ དང་། རྒྱན་དང་། རིན་པོ་ཆེ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། སྐྱེད་མོས་ཚལ་དང་། རྒྱལ་སྲིད་ལ་སོགས་པའི་ཡོ་བྱད་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་ འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། །།བམ་པོ་གསུམ་པ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི་ འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་འདོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་བྱང་ཆུབ་ཀྱི་བར་ དུ་མི་ཟད་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་དག་ཡིན་པ་དེ་དག་གིས་བདག་གི་བསྔགས་པ་བརྗོད་པར་འདོད་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྟོབས་དང་ལྡན་པ་ཉི་མ་ལྟ་བུའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་སྟོང་པ་ཉིད་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་གི་ངོ་བོ་སྟོང་པ་ཉིད་དང་། གཞན་ གྱི་ངོ་བོ་སྟོང་པ་ཉིད་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་རྟོགས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པའི་མཐའི་དེ་བཞིན་ཉིད་རྟོགས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ས་དང་། ཆུ་དང་། མེ་དང་། རླུང་གི་རྡུལ་ཕྲ་རབ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཤེས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པ་འདི་ལྟར་བྱིན་ པས་ནི་འབྲས་བུ་ནི་ཆེན་པོར་འགྱུར་རོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་རིགས་སུ་སྐྱེད་པར་བྱེད་དོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་རིགས་སུ་སྐྱེད་པར་བྱེད་དོ། །ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་རིགས་སུ་སྐྱེད་པར་ བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རྒྱལ་ཆེན་རིས་བཞི་པའི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་ པས་ནི་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་འཕྲུལ་དགའི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བསམ་གཏན་དང་པོ་ཐོབ་པར་ནུས་ སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བསམ་གཏན་གཉིས་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བསམ་གཏན་གསུམ་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བསམ་གཏན་བཞི་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་ནམ་མཁའ་ མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་ བྱིན་པས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ ལྟར་བྱིན་པས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རང་བྱང་ཆུབ་ཉིད་ཐོབ་པར་ནུས་ སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ནུས་སོ་ཞེས་ཤེས་སོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སྦྱིན་པ་འདི་ལྟར་སྦྱིན་ན་ནི་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་ ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྩོལ་བ་ནི་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། སྦྱིན་པ་སྩོལ་བ་ན་ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། སྦྱིན་པ་སྩོལ་བ་ན་ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། སྦྱིན་པ་སྩོལ་བ་ན་ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། སྦྱིན་པ་སྩོལ་བ་ན་ཇི་ལྟར་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྩོལ་བ་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ལྟུང་བ་དང་མི་ལྟུང་བ་མེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འཁྲུག་པ་མེད་ཅིང་རྣམ་པར་འཁྲུག་པ་མེད་པའི་ ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པར་གཡེང་བ་མེད་ཅིང་རྟོག་པ་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཐམས་ཅད་རབ་ཏུ་ཤེས་པ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་ འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་ཡེ་ཤེས་དང་ལྡན་པ་སྒྲ་ དབྱངས་སྙན་པ་ལྟ་བུ་བསྡུས་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདའ་བར་འདོད་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་ མཚམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཆའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡང་དག་པར་འདའ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་དང་། ཆུ་ཀླུང་དང་ཆུ་ཀླུང་ཆེན་པོ་དང་། ཆུ་བྲན་དང་། ལྟེང་ཀ་དང་། མཚོ་དང་། རྫིང་དང་། ལུ་མ་དག་གི་ཆུའི་ཕུང་པོ་དེ་དག་ཐམས་ཅད་སྐྲའི་རྩེ་མོ་བརྒྱར་བཤགས་པས་གྱེན་དུ་བླང་བར་འདོད་པ་ དང་། དེ་ལ་གནས་པའི་སྲོག་ཆགས་རྣམས་ལ་ཡང་གནོད་པར་མི་འགྱུར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐལ་པ་སྲེག་པའི་མེས་ འབར་བ་ཁའི་དབུགས་གཅིག་གིས་ཞི་བར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རླུང་གིས་འཇིག་པར་འགྱུར་བའི་དུས་ཀྱི་རྣམ་པར་འཐོར་བྱེད་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་དང་ཁོར་ ཡུག་ཆེན་པོ་ཉེ་བར་བཟུང་ནས་རི་ཐམས་ཅད་དང་། ས་ཆེན་པོ་ཐམས་ཅད་གཏོར་ཞིང་རྣམ་པར་གཏོར་ལ་འཇིག་པར་བྱེད་པའི་རྣམ་པར་འཐོར་བྱེད་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་དེ་སོར་མོའི་རྩེ་མོ་གཅིག་གིས་དགབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ནམ་མཁའི་ཁམས་ཇི་ཙམ་པ་དེ་ཐམས་ཅད་སྐྱིལ་མོ་ཀྲུང་གཅིག་གིས་རྒྱས་པར་དགང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རི་དང་། རི་རབ་ཆེན་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་སྐྲ་ཉག་མ་གཅིག་གིས་སྦམས་ཏེ་གྱེན་དུ་བཏེག་ནས། འཇིག་རྟེན་གྱི་ཁམས་ ཚད་མེད་གྲངས་མེད་པར་འདའ་བར་བྱ་ཞིང་འཕང་ངོ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ལྷའི་མིག་གིས་བལྟ་བར་འདོད་པ་དང་། དེ་དག་གིས་ཆོས་བསྟན་པ་ལྷའི་རྣ་བས་མཉན་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པར་འདོད་པ་དང་། དེ་དག་གི་སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་ པ་མངོན་སུམ་དུ་བྱ་བར་འདོད་ཅིང་ཡང་དག་པའི་མཐའ་མངོན་སུམ་དུ་ཡང་མི་བྱེད་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དང་ལྡན་པ་རྒྱལ་པོ་ཆེན་པོ་ལྟ་བུའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཕྱོགས་བཅུ་རེ་རེར་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་བསོད་སྙོམས་གཅིག་གིས་ཁྱེད་པར་བྱ་བར་འདོད་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གཅིག་གིས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་བཀུར་སྟིར་བྱ་བར་འདོད་པ་དང་། བླ་མར་བྱ་བར་འདོད་པ་དང་། རྗེད་པར་བྱ་བར་འདོད་པ་དང་། མཆོད་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་འདོད་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་ པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་འདོད་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་འདོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ དང་། རང་བྱང་ཆུབ་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་འདོད་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་འདོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་འདོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་དགོད་པར་འདོད་པ་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་དང་ལྡན་པ་བང་མཛོད་ལྟ་བུའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བ་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྗེས་སུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཆོས་འདུས་བྱས་དང་། འདུས་མ་བྱས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོག་པར་འདོད་པ་དང་། ཆོས་རྣམས་ཀྱི་སྐྱེ་བ་མེད་པའི་མཐའ་རྗེས་སུ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་ལམ་ཆེན་པོ་ལྟ་བུའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་རིམ་གྲོར་བྱ་བར་ འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ནང་གི་འཁོར་དུ་འགྱུར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ཆེན་པོ་དང་ལྡན་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་འཁོར་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཡོན་ཡོངས་སུ་དག་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ལ་ཐོགས་པ་མེད་པའི་སེམས་དང་ལྡན་པར་འདོད་པ་དང་། ཚུལ་ཁྲིམས་ངན་པའི་སེམས་སྤང་བར་འདོད་ པ་དང་། གནོད་པར་སེམས་པའི་ཡིད་དོར་བར་འདོད་པ་དང་། ལེ་ལོའི་སེམས་དང་། རྣམ་པར་གཡེང་བའི་སེམས་དང་། ཤེས་རབ་འཆལ་པའི་སེམས་མི་བསྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བ་དང་། བཀུར་སྟི་ལས་བྱུང་བ་དང་། རྫས་ལས་བྱུང་བའི་བསོད་ནམས་ བྱ་བའི་དངོས་པོ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་པོ་རྣམས་བསྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །མིག་ལྔ་གང་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཤ