Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 82
Văn bản gốc(Tây Tạng)
Trang 6 / 20 (50.000 ký tự/trang)
་ལྡན་འདས་རྣམས་དང་ཉེ་བར་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ཉེ་བར་གནས་པར་མི་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཚེ་དཔག་ཏུ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིའི་ཚེ་ནི་དཔག་ཏུ་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིའི་དགེ་འདུན་ནི་ཚད་མེད་པར་འགྱུར་ རོ། །བྱང་ཆུབ་སེམས་དཔའ་འདིའི་དགེ་འདུན་ནི་ཚད་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་དཀའ་བ་སྤྱོད་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་དཀའ་བ་སྤྱོད་པར་མི་འགྱུར་བའོ། །བྱང་ཆུབ་སེམས་དཔའ་འདི་ནི་སྲིད་པ་ཐ་མ་པའོ། །བྱང་ཆུབ་སེམས་དཔའ་འདི་ནི་སྲིད་པ་ཐ་མ་པ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྙིང་པོ་བྱང་ཆུབ་ལ་འདུག་ པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་ནི་སྙིང་པོ་བྱང་ཆུབ་ལ་འདུག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་ཡོད་པར་འགྱུར་ཏེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་ཡོད་པར་མི་འགྱུར་རོ་ཞེས་བྱ་བར་རབ་ ཏུ་ཤེས་ཏེ། དེ་ལྟར་ན་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པ་གང་ཡིན་པ་དེ་ནི་ དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡིན། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། མིག་གང་ གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་དུ་མ་མཐོང་བའམ། མ་ཐོས་པའམ། མ་བསམས་པའམ། རྣམ་པར་མ་ཤེས་པ་ཅི་ཡང་མེད་པ་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་ཡོངས་སུ་སྦྱང་བར་འདོད་པ་དང་ཐོབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ ཞེ་ན། ཤཱ་རིའི་བུ་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་དགེ་བའི་ཆོས་ཐམས་ཅད་འདུས་ཏེ། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འདུས་སོ། །ཤཱ་རིའི་བུ་གང་ཞིག་དགེ་བའི་ཆོས་ཐམས་ཅད་འདུས་ པར་སྨྲ་བ་དེ་དག་ནི་ཡང་དག་པར་སྨྲ་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ལྔ་ པོ་འདི་དག་སྐྱེད་པར་བྱེད་པ་ཡིན་ནོ། །མིག་ལྔ་པོ་དེ་དག་ལ་བསླབས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་སྤྱན་ལྔ་ལ་གདམས་པའོ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །དེ་ནི་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་ རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །སྣང་བ་དང་མི་སྣང་བའང་ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལ་ཐད་ཀར་འགྲོ། ར་བ་ལ་ཐད་ཀར་འགྲོ། །རི་ལ་ཡང་ཐད་ཀར་ཐོགས་པ་མེད་པར་འགྱུར་ཏེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་འོག་ཏུ་འཛུལ་བར་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་བྱིང་བ་མེད་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བར་འཐུལ་ཞིང་མེ་འབར་ཏེ། དཔེར་ན་ མེའི་ཕུང་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་ཞིང་འདི་ལྟར་དབང་ཆེ་བ་དག་ཀྱང་ལག་པས་བྱུགས་ཤིང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་ཏེ། རྫུ་འཕྲུལ་དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དོ། །འདི་ལྟར་དེས་ རྫུ་འཕྲུལ་མི་དམིགས་པའི་ཕྱིར་རོ། །རང་བཞིན་གྱིས་སྟོང་པའི་ཕྱིར་དང་། རང་བཞིན་གྱིས་དབེན་པའི་ཕྱིར་དང་། རང་བཞིན་གྱིས་མི་དམིགས་པའི་ཕྱིར་དེས་རྫུ་འཕྲུལ་གང་གིས་རློམ་སེམས་སུ་འགྱུར་བའི་རྫུ་འཕྲུལ་དེ་ལྟ་བུ་མི་དམིགས་ཏེ། དེ་ཐམས་ཅད་མཁྱེན་པ་ཉིད་ལ་བྱ་ བ་མ་གཏོགས་པར་རྫུ་འཕྲུལ་ལམ་རྫུ་འཕྲུལ་མངོན་པར་སྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྣམ་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་ མངོན་པར་སྒྲུབ་པ་ཡིན་ནོ། །དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མི་གཉིས་ཀའི་སྒྲ་ཐོས་ཏེ། ལྷའི་རྣ་བའི་ཁམས་དེས་བདག་ནི་སྒྲ་ཉན་ཞེས་བྱ་བར་རློམ་སེམས་སུ་འགྱུར་བ་མེད་དོ། །འདི་ལྟར་དེས་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་དང་། རང་བཞིན་ དབེན་པའི་ཕྱིར་དང་། རང་བཞིན་མི་དམིགས་པའི་ཕྱིར་རྣ་བ་དང་། སྒྲ་དམིགས་པ་མེད་དེ། དེ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ལྷའི་རྣ་བའི་ཁམས་ལ་བསམ་པའམ། རྣ་བ་མངོན་པར་སྒྲུབ་པའི་བསམ་པ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷའི་རྣ་བའི་ཁམས་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ།། །།བམ་པོ་དྲུག་པ། དེས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་ སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་ལྡན་པའི་སེམས་ལ་འདོད་ཆགས་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་ལྡན་པའི་སེམས་ལ་ཞེ་སྡང་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་མེད་པའི་སེམས་ལ་ཞེ་སྡང་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། གཏི་མུག་དང་ལྡན་པའི་སེམས་ལ་གཏི་མུག་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་བྲལ་བའི་སེམས་ལ་གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་ལྡན་པའི་སེམས་ལ་ སྲེད་པ་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་བྲལ་བའི་སེམས་ལ་སྲེད་པ་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་དང་བཅས་པའི་སེམས་ལ་ཉེ་བར་ལེན་པ་དང་བཅས་པའི་ སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་མེད་པའི་སེམས་ལ་ཉེ་བར་ལེན་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ནས་འདུས་པའི་སེམས་ལ་ཀུན་ནས་འདུས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་འཕྲོས་པའི་སེམས་ལ་རྣམ་པར་འཕྲོས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆུང་ངུའི་སེམས་ལ་རྒྱ་ཆུང་ངུའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡངས་པའི་སེམས་ལ་ ཡངས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆེ་བར་གྱུར་པའི་སེམས་ལ་ཆེ་བར་གྱུར་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་གཞག་པའི་སེམས་ལ་མཉམ་པར་གཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་མ་བཞག་པའི་སེམས་ལ་མཉམ་པར་མ་བཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་གྲོལ་བའི་སེམས་ལ་རྣམ་པར་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ སོ། །རྣམ་པར་མ་གྲོལ་བའི་སེམས་ལ་རྣམ་པར་མ་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་དང་བཅས་པའི་སེམས་ལ་ཟག་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་མེད་པའི་སེམས་ ལ་ཟག་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་དང་བཅས་པའི་སེམས་ལ་ཉོན་མོངས་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་མེད་པའི་སེམས་ལ་ཉོན་མོངས་པ་ མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་ཡོད་པའི་སེམས་ལ་བླ་ན་ཡོད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ལ་བླ་ན་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ ཤེས་སོ། །གཞན་གྱི་སེམས་ཤེས་པ་དེས་རློམ་སེམས་སུ་འགྱུར་བ་ཡང་མེད་དེ། འདི་ལྟར་སེམས་དེ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། དེ་ནི་བདག་གིས་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །འདི་ལྟར་རང་བཞིན་སྟོང་པའི་ཕྱིར་དང་། རང་བཞིན་དབེན་པའི་ཕྱིར་དང་། རང་བཞིན་མི་དམིགས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བ་དེ་ལྟ་བུའི་སེམས་མི་དམིགས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་སེམས་ཤེས་པར་བྱ་བའི་བསམ་པའམ་སེམས་ཤེས་པ་མངོན་པར་སྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་ དེ་སྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ པར་ཤེས་པས་སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ། །གཉིས་དང་གསུམ་ནས་སྐྱེ་བ་བརྒྱ་ཕྲག་སྟོང་གི་བར་དུ་ཡང་རྗེས་སུ་དྲན་ནོ། །དེ་སེམས་གཅིག་ཀྱང་རྗེས་སུ་དྲན་པ་ནས་སེམས་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག་ནས་ཉི་མ་བརྒྱ་དང་། ཟླ་བ་གཅིག་ནས་ཟླ་ བ་བརྒྱ་དང་། ལོ་གཅིག་ནས་ལོ་བརྒྱ་དང་། བསྐལ་པ་གཅིག་ནས་བསྐལ་པ་བརྒྱ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་ནས་བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་རྗེས་སུ་དྲན་པ་ནས་སྔོན་གྱི་མཐའི་མུར་ཐུག་པ་ཡང་རྗེས་སུ་དྲན་ནོ། །བདག་ ག་གེ་མོ་ཞིག་ཏུ་འདུག་པར་གྱུར་ཏེ། མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག །ཚེའི་མཐའ་ནི་འདི་ཙམ་ཅིག་ཏུ་གྱུར་ཏེ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་ སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས། བསྟན་པ་དང་བཅས། བཤད་པ་དང་བཅས་པར་བདག་དང་གཞན་གྱི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ ཤེས་དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དེ། འདི་ལྟར་ཡེ་ཤེས་དེ་ཡེ་ཤེས་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ནི་བདག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དེ། འདི་ལྟར་དེས་ཡེ་ཤེས་དེ་ཉིད་ཀྱིས་ཀྱང་རང་བཞིན་སྟོང་པའི་ཕྱིར་དང་། རང་བཞིན་དབེན་ པའི་ཕྱིར་དང་། རང་བཞིན་མི་དམིགས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་མི་དམིགས་སོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་སྔོན་གྱི་གནས་རྗེས་སུ་དྲན་པའི་བསམ་པ་ཙམ་མམ་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་པར་སྒྲུབ་པའི་བསམ་ པ་ཙམ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ལྷའི་མིག་རྣམ་པར་དག་པ་མི་ལས་ འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་དང་། བཟང་བ་དང་། ངན་པ་དང་། ལས་ཇི་ལྟ་བ་བཞིན་བདེ་འགྲོ་དང་ངན་འགྲོར་ཉེ་བར་འགྲོ་བ་རྣམས་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ་ངག་གིས་ ངན་དུ་སྤྱོད་པ་དང་། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་རྣམས་ཏེ། དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེའོ། ། སེམས་ཅན་དེ་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མི་འདེབས་པ་ཡང་དག་པར་ལྟ་བ་རྣམས་ཏེ། ལུས་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་དེའི་རྒྱུས་ ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་རབ་ཏུ་ཤེས་ཏེ། དེ་ལྟར་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་ པ་དག་གི་འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་འཆི་འཕོ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དེ། དེ་འདི་ལྟར་མིག་དེ་མིག་མ་ཡིན་ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ནི་བདག་གིས་མཐོང་ངོ་ཞེས་བྱ་བར་ རློམ་སེམས་མེད་དེ། རང་བཞིན་སྟོང་པའི་ཕྱིར་དང་། རང་བཞིན་དབེན་པའི་ཕྱིར་དང་། རང་བཞིན་མི་དམིགས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བའི་མིག་དེ་ལྟ་བུ་དེས་མི་དམིགས་ཏེ། དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ལྷའི་མིག་གི་བསམ་པའམ། ལྷའི་མིག་མངོན་པར་སྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ལྷའི་མིག་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། ། དེ་མི་སྐྱེ་བ་མངོན་དུ་བྱེད་པའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་སྟེ། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་མ་གཏོགས་པ་ཆོས་གཞན་གང་ལ་ཡང་ སྨོན་པར་མི་བྱེད་དོ། །དེ་ཟག་པ་ཟད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ལ་མཁས་པ་དེས་མི་རློམ་མོ། །འདི་ལྟར་ཡེ་ཤེས་དེ་ནི་ཡེ་ཤེས་མ་ཡིན་ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་བདག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དེ། འདི་ལྟར་རང་བཞིན་སྟོང་པའི་ཕྱིར་དང་། རང་བཞིན་དབེན་པའི་ཕྱིར་དང་། རང་བཞིན་མི་དམིགས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བའི་ཟག་པ་ཟད་པའི་ཡེ་ཤེས་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེ་ལྟ་བུ་མི་དམིགས་སོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ ལ་བྱ་བ་མ་གཏོགས་པར་ཟག་པ་ཟད་པའི་ཡེ་ཤེས་ཀྱི་བསམ་པའམ། ཟག་པ་ཟད་པ་མངོན་དུ་བྱ་བའི་ཡེ་ཤེས་མངོན་དུ་སྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །དེ་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཟག་ པ་ཟད་པའི་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ཅིང་མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་དང་ཡོངས་སུ་དག་པར་བྱེད་དོ། ། ཤཱ་རིའི་བུ་མངོན་པར་ཤེས་པ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་མཐའ་ལས་ འདས་པ་སྟོང་པ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ལྟུང་བ་དང་ལྟུང་བ་མེད་པ་དང་བྲལ་བའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འཁྲུག་པ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སེམས་རྣམ་པར་གཡེང་བ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཤེས་རབ་འཆལ་པའི་སེམས་ཡོངས་སུ་སྤངས་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་དེ་ལྟར་ ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འོང་བ་མེད་པ་དང་འགྲོ་བ་མེད་པའི་ཕྱིར་དང་། ཡོངས་སུ་འཛིན་པ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ། །དེ་ལ་སྦྱིན་པ་ནི་ཡོངས་སུ་འཛིན་པ་ལ་བརྟེན་ནས་གདགས་སོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་འཆལ་པ་ལ་བརྟེན་ནས་གདགས་སོ། །བཟོད་པ་ནི་མི་བཟོད་པ་ལ་བརྟེན་ནས་གདགས་སོ། །བརྩོན་ འགྲུས་ནི་ལེ་ལོ་ལ་བརྟེན་ནས་གདགས་སོ། །ཏིང་ངེ་འཛིན་ནི་མཉམ་པར་མ་བཞག་པ་ལ་བརྟེན་ནས་གདགས་སོ། །ཤེས་རབ་ནི་ཤེས་རབ་འཆལ་པ་ལ་བརྟེན་ནས་གདགས་ཏེ། དེ་ནི་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །མ་བརྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། ། སྦྱིན་པ་དང་ཡོངས་སུ་འཛིན་པ་ཞེས་རློམ་སེམས་མེད་དོ། །ཚུལ་ཁྲིམས་དང་ཚུལ་ཁྲིམས་འཆལ་པ་ཞེས་རློམ་སེམས་མེད་དོ། །བཟོད་པ་དང་འཁྲུག་པ་ཞེས་རློམ་སེམས་མེད་དོ། །བརྩོན་འགྲུས་དང་ལེ་ལོ་ཞེས་རློམ་སེམས་མེད་དོ། །ཏིང་ངེ་འཛིན་དང་མཉམ་པར་མ་བཞག་པ་ཞེས་ རློམ་སེམས་མེད་དོ། །ཤེས་རབ་དང་ཤེས་རབ་འཆལ་པ་ཞེས་རློམ་སེམས་མེད་དོ། །བདག་ལ་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བཀུར་སྟི་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བཀུར་སྟི་མ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མ་སྐྱེས་པ་ནི་ང་ལ་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ང་ལ་ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ང་ལ་བཀུར་སྟི་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ང་ལ་བཀུར་སྟི་མ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རློམ་སེམས་ཐམས་ཅད་ཡང་དག་པར་སྤྱོད་པའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡོན་ཏན་གང་དག་ཡོད་པ་དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །དེ་ ཡོན་ཏན་འདི་དག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་ནས། ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་ཐོབ་བོ། །ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་ཐོབ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་ ལ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་དོ། །དེ་ནི་ཚེ་འདི་ཉིད་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་སུ་བྱོན་ཅིང་དབེན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡིད་དུ་འོང་ ཞིང་དབེན་པར་བྱ་བ་ཡིན་ནོ། །དེ་ནི་སྐྱེ་བ་གང་དང་གང་དུ་སྐྱེས་ཀྱང་དེ་དང་དེ་དག་ཏུ་ནམ་ཡང་མིག་གིས་ཡིད་དུ་མི་འོང་བའི་གཟུགས་མི་མཐོང་ངོ་། །རྣ་བས་ཡིད་དུ་མི་འོང་བའི་སྒྲ་མི་ཐོས་སོ། །སྣས་ཡིད་དུ་མི་འོང་བའི་དྲི་མི་ཚོར་རོ། །ལྕེས་ཡིད་དུ་མི་འོང་བའི་རོ་མི་མྱང་ངོ་། །ལུས་ཀྱིས་ ཡིད་དུ་མི་འོང་བའི་རེག་བྱ་མི་རེག་གོ། །ཡིད་ཀྱིས་ཡིད་དུ་མི་འོང་བའི་ཆོས་རྣམ་པར་རིག་པ་མེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་ མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། དགེ་སློང་སུམ་བརྒྱས་གོས་གྱོན་གྱོན་པ་བཅོམ་ལྡན་འདས་ལ་ཡོན་དུ་གསོལ་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་འཛུམ་པ་མཛད་དོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཞལ་འཛུམ་པ་མཛད་པ་འདིའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་སུམ་བརྒྱ་པོ་འདི་དག་ནི་བསྐལ་པ་དྲུག་ཅུ་རྩ་གཅིག་འདས་ནས་བསྐལ་པ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཆེན་པོ་ཞེས་བྱ་བ་ཤ་སྟག་ འཇིག་རྟེན་དུ་འབྱུང་ངོ་། །འདི་དག་ནི་འདི་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེའོ། །ཆོས་བསྟན་པ་འདིས་ཡོངས་སུ་སྨིན་པར་བྱས་པའི་ལྷའི་བུ་སྟོང་ཕྲག་དྲུག་ཅུ་གང་དང་གང་དག་ཡིན་ པ་དེ་དང་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་ཐད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཉིད་དུ་རབ་ཏུ་བྱུང་ནས་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་བྱམས་པ་དེས་ཀྱང་དེ་དག་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས་དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་གྱི་དཀྱིལ་འཁོར་ནས་འཁོར་བཞི་པོ་རྣམས་ཀྱིས་ཤར་ཕྱོགས་སུ་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་སངས་ རྒྱས་སྟོང་མཐོང་ངོ་། །ནུབ་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ་། །བྱང་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ་། །བྱང་ཤར་གྱི་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ་། །ཤར་ལྷོའི་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ་། །ལྷོ་ནུབ་ཀྱི་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ་། །ནུབ་བྱང་གི་ ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ་། །འོག་དང་སྟེང་གི་ཕྱོགས་རེ་རེར་སངས་རྒྱས་སྟོང་མཐོང་ངོ་། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཆེན་པོ་མཐོང་སྟེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་མཐོང་བར་གྱུར་པ་གང་ ཡིན་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་ནི་མི་མཇེད་འདི་ན་ཡོད་པར་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་གྱི་དཀྱིལ་འཁོར་ནས་སྲོག་ཆགས་སྟོང་ཕྲག་བཅུས་བདག་ཅག་གི་ལས་གང་བྱས་པས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ལས་སྤྱད་ པར་བྱའོ་ཞེས་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་ཞལ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཞལ་འཛུམ་པ་མཛད་ པའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སྲོག་ཆགས་སྟོང་ཕྲག་བཅུ་པོ་འདི་དག་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་ སྟོང་ཕྲག་བཅུ་པོ་འདི་དག་ནི་འདི་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ནམ་དུ་ཡང་མི་འབྲལ་ཏེ། དེ་ནས་ཕྱི་མའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ འོད་སྲུངས་ཆེན་པོ་སྟེ། དེ་དག་དང་མངོན་པར་ཤེས་པ་མངོན་པར་ཤེས་པའི་དགེ་སློང་གཞན་རབ་ཏུ་མང་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་མང་བ་དག་དང་། དགེ་སློང་དག་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཤིན་ཏུ་མང་བ་དག་གིས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་ལགས་ཏེ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་རབ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་ཁྱད་པར་དུ་ འཕགས་པ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་མཆོག་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་རབ་མཆོག་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་བླ་ན་མེད་པ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་གོང་ན་མེད་པ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་ མཉམ་པ་མེད་པ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་ནམ་མཁའ་ལྟ་བུ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོན་ཏན་ཐམས་ཅད་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྫི་བ་མ་མཆིས་པ་ལགས་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཡོངས་ སུ་བཏང་ངོ་། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་འཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་བསྲུངས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། །དེ་དག་ གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བཟོད་པ་བསྒོམས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བརྩོན་འགྲུས་བརྩམས་སོ། ། དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བསམ་གཏན་བསྐྱེད་དོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། ། དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཤེས་རབ་བསྒོམས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་རོ། །འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བཅོམ་ལྡན་འདས་ཁྱོད་ཀྱིས་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས་མི་མཉམ་པ་དང་མཉམ་པའི་གཟུགས་བརྙེས་པར་གྱུར་ཏོ། །མི་མཉམ་པ་དང་མཉམ་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བརྙེས་པར་གྱུར་ཏོ། །མི་མཉམ་པ་དང་མཉམ་པའི་བྱང་ཆུབ་ མངོན་པར་བྱང་ཆུབ་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །དེ་བཞིན་དུ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །བཅོམ་ལྡན་འདས་དེ་ལྟར་ལགས་པ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འཚལ་ བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བ་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་མིའི་ འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལྷའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་ ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། འཐབ་བྲལ་གྱི་ལྷ་རྣམས་དང་། དགའ་ལྡན་གྱི་ལྷ་རྣམས་དང་། འཕྲུལ་དགའི་ལྷ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ དང་། ཚངས་འཁོར་གྱི་ལྷ་རྣམས་དང་། ཚངས་ཆེན་གྱི་ལྷ་རྣམས་དང་། འོད་ཆུང་གི་ལྷ་རྣམས་དང་། ཚད་མེད་འོད་ཀྱི་ལྷ་རྣམས་དང་། འོད་གསལ་གྱི་ལྷ་རྣམས་དང་། དགེ་བའི་ལྷ་རྣམས་དང་། ཚད་མེད་དགེ་བའི་ལྷ་རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་། སྤྲིན་མེད་ཀྱི་ལྷ་རྣམས་ དང་། བསོད་ནམས་སྐྱེས་ཀྱི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་དང་། མི་སྤོང་བའི་ལྷ་རྣམས་དང་། མི་གདུང་བའི་ལྷ་རྣམས་དང་། ལེགས་མཐོང་གི་ལྷ་རྣམས་དང་། རབ་ལྟའི་ལྷ་རྣམས་དང་། འོག་མིན་གྱི་ལྷ་རྣམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུན་ དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དཀོན་མཆོག་གསུམ་པོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཇིག་རྟེན་པའི་འཚོ་བའི་ཡོ་བྱད་ཐམས་ཅད་དེ་བཟའ་བ་དང་། བཏུང་བ་དང་། གོས་དང་། མལ་སྟན་དང་། ན་བའི་རྐྱེན་སྨན་གྱི་ཡོ་བྱད་རྣམས་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མེན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དག་ལྷ་རྫས་ཀྱི་བདེ་བའི་ཆ་རྐྱེན་ཐམས་ཅད་ནས་མི་མ་ཡིན་པ་རྣམས་ཀྱི་སྲིད་ པའི་བདེ་བ་རྣམས་དང་། མྱ་ངན་ལས་འདས་པའི་བདེ་བ་རྣམས་དང་། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་ དཔའ་ནི་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་སྦྱོར་བར་བྱེད་དེ། སྦྱིན་པ་སྦྱིན་དུ་འཇུག་གོ། །ཚུལ་ཁྲིམས་ཡང་དག་པར་ལེན་དུ་འཇུག་གོ། །བཟོད་པ་ལ་འགོད་དོ། །བརྩོན་འགྲུས་ལ་ངེས་པར་སྦྱོར་རོ། །བསམ་གཏན་ལ་རབ་ཏུ་གནས་པར་བྱེད་དོ། །ཤེས་རབ་ལ་ཡང་ དག་པར་སྦྱོར་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །རིགས་ཀྱི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་ཞུགས་པ་ ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྗགས་ཀྱི་དབང་པོས་ཁྱབ་པར་མཛད་དོ། །དེ་ནས་དེའི་ཚེ་ལྗགས་ཀྱི་དབང་པོ་དེ་ལས་འོད་འཕྲོ་བ་ཁ་དོག་དུ་ མ་དང་། ཁ་དོག་སྣ་ཚོགས་སུ་ལྡན་པ་མང་པོ་བྱུང་བར་གྱུར་ཏོ། །བྱུང་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ རྣམས་ནས་བྱང་ཆུབ་སེམས་དཔའ་གཞལ་དུ་མེད་གྲངས་མེད་པ་རྣམས་ཀྱིས་འོད་ཀྱི་ཚོགས་དེ་མཐོང་ནས། བཅོམ་ལྡན་འདས་གང་གིས་འདི་ལྟ་བུར་འོད་ཀྱིས་གསལ་བར་སྣང་བ་འདི་སུའི་མཐུ་ལགས་ཞེས་རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཞུས་པར་གྱུར་ཏོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་འདི་ནི་ནུབ་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་ཆའི་བར་གྱི་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། ཤར་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འོད་ཀྱིས་སྣང་བར་མཛད་དོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར་དང་། ཡང་དག་པར་གསལ་བར་བྱ་བའི་ཕྱིར། དེ་ལྟར་ཕྱོགས་བཅུ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འོད་ཀྱིས་གསལ་བར་མཛད་པ་ཡིན་ནོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ ཐུབ་པ་དེ་ལྟ་བ་དང་། དེ་ལ་ཕྱག་བགྱི་བ་དང་། བསྙེན་བཀུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་འདུས་པ་དེ་དག་ཀྱང་ལྟ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མཉན་པའི་སླད་དུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ བཀའ་སྩལ་པ། རིགས་ཀྱི་བུ་དག་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཕྱོགས་བཅུ་རྣམས་ནས་མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་རྒྱལ་མཚན་རྣམས་ཁྱེར་ཞིང་རིན་པོ་ཆེ་སྣ་ཚོགས་དང་། གསེར་དང་། དངུལ་དང་། མེ་ཏོག་གི་ལན་བུ་རྣམས་ཀྱང་ཁྱེར་ནས་གླུ་དང་། རོལ་མོ་བརྡུང་བ་དཀྲོལ་བ་མང་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་བར་གྱུར་ཏོ། །དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་ རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་འཁོར་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་བ་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། འདུ་ཤེས་མེད་ པའི་སེམས་ཅན་དང་། མི་སྤོང་བ་དང་། མི་གདུང་བ་དང་། ལེགས་མཐོང་དང་། རབ་ལྟ་དང་། འོག་མིན་གྱི་ལྷ་རྣམས་ཀྱིས་ལྷ་རྫས་ཀྱི་མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ལྷ་རྫས་ཀྱི་མེ་ཏོག་ཨུཏྤལ་དང་། པདྨོ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དང་། ལྷ་རྫས་ཀྱི་མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོ་དང་། ཀེ་ས་ར་དང་། ཏ་མ་ལའི་འདབ་མ་མང་པོ་ཁྱེར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ན་བ་དེར་དོང་ ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དེ་དག་གིས་མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དེ་དག་གིས་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །དེ་ནས་མེ་ཏོག་ལ་སོགས་པ་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། མེ་ཏོག་གི་ ཁང་པ་བརྩེགས་པ་གྲུ་བཞི་པ། ཀ་བ་བཞི་དང་ལྡན་པ། ཆ་ཀུན་ཏུ་མཉམ་པ། ཤིན་ཏུ་རྣམ་པར་ཕྱེ་བ་མདངས་དགའ་ཞིང་ཡིད་དུ་འོང་བར་རེད་དེ་འདུག་གོ། །དེ་ནས་འཁོར་དེའི་ནང་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ ཞིང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟ་བར་འདི་ལྟ་ བུའི་རང་བཞིན་གྱིས་ཆོས་རྣམས་ཐོབ་པར་བགྱི་ཞིང་ད་ལྟར་བཅོམ་ལྡན་འདས་ཆོས་སྟོན་པར་མཛད་པ་ཇི་ལྟ་བར་འཁོར་འདི་ལྟ་བུར་ཆོས་བསྟན་པར་བགྱིའོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་དེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་འབྱུང་བ་མེད་པ་ལ་བཟོད་པར་གྱུར་པ་ཡང་མཁྱེན་ནས་ཞལ་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་དང་ལྡན་པ་བྱུང་སྟེ། དེ་དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་ལ་ བསྐོར་བ་བྱས་ནས་ཡང་སླར་འདུས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་ སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཞལ་འཛུམ་པ་མཛད་པའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་འདིའི་ནང་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་ནི་མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་ན་བསྐལ་པ་མེ་ཏོག་གི་འབྱུང་གནས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་ཅེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་ལ་གདམས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་ལྟར་སྤོབས་པར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷའི་བུ་དེ་དག་འདི་སྙམ་དུ་ཅི་ཚེ་དང་ལྡན་པ་རབ་འབྱོར་འདི་རང་གི་ཤེས་རབ་ཀྱི་སྤོབས་པའི་སྟོབས་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏམ། འོན་ཏེ་སངས་ རྒྱས་ཀྱི་མཐུས་སྟོན་པར་འགྱུར་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷའི་བུ་དེ་དག་གི་སེམས་ཀྱི་ཀུན་ཏུ་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ཚེ་དང་ ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་གང་ཅུང་ཟད་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དེ་ཐམས་ཅད་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ དེ་བཞིན་གཤེགས་པས་ཆོས་གང་བསྟན་པའི་ཆོས་དེ་དག་ལ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱིས་བསླབས་པས་ན་ཆོས་ཉིད་དེ་མངོན་སུམ་དུ་བྱེད་དོ། །ཆོས་ཉིད་དེ་མངོན་སུམ་དུ་བྱས་ནས་གང་དང་གང་ཉིད་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དེ་དག་ཐམས་ཅད་ཆོས་ཉིད་དང་མི་ འགལ་ལོ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱིས་སྟོན་པ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྟན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་གདམས་པ་ཉེ་བར་དགོད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ སེམས་དཔའ་ཞེས་གསུངས་ན། བཅོམ་ལྡན་འདས་འདི་ཆོས་གང་གི་ཚིག་བླ་དགས་ལགས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི། བཅོམ་ལྡན་འདས་བདག་གིས་ནི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ བགྱི་བའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞིག་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། རབ་འབྱོར་འདི་ནི་མིང་ཙམ་ཡིན་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའི་མིང་དེ་ཡང་ ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ལས་གཞན་དུ་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སེམས་ཅན་སེམས་ཅན་ཞེས་བརྗོད་མོད་ཀྱི། སེམས་ཅན་ནི་འགའ་ཡང་མི་དམིགས་སོ། །དེའི་མིང་གང་ཡིན་པ་དེ་ནི་བཏགས་པ་ཙམ་དང་། བཏགས་པའི་ཆོས་ དང་། བཏགས་པར་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་བྱེད་པ་མ་གཏོགས་པར་སྐྱེ་བ་མེད་ཅིང་འགག་པ་མེད་དོ། །དེ་བཞིན་དུ་བདག་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་འདི་དག་ཐམས་ཅད་ནི་བཏགས་པའི་ཆོས་ཏེ། འདི་ཐམས་ཅད་ནི་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནས་མིང་གིས་ཐ་སྙད་དུ་བྱེད་པའི་བར་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་མིང་གང་ཡིན་པ་འདི་དག་ཐམས་ཅད་ནི་བཏགས་པའི་ཆོས་ཏེ། འདི་དག་ཐམས་ཅད་ནི་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནས་མིང་ཙམ་གྱིས་ཐ་སྙད་དུ་བྱེད་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་ དཔེར་ན། ནང་གི་གཟུགས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རབ་འབྱོར་ཚོར་བ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་ དེ་ཡང་མིང་ཙམ་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རབ་འབྱོར་འདུ་ཤེས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་ མེད་པའོ། །རབ་འབྱོར་འདུ་བྱེད་རྣམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་ཅིང་འགག་པ་མེད་པའོ། །རབ་འབྱོར་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། ། ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་ཅིང་འགག་པ་མེད་པའོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་དེ་ དག་ཐམས་ཅད་ནི་བཏགས་པའི་ཆོས་ཙམ་མོ། །བཏགས་པའི་ཆོས་དེ་དག་ལ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རབ་འབྱོར་མིག་ཅེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་ བརྡར་བཏགས་པ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། མིག་ཅེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིག་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་རྣ་བ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། ། ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། རྣ་བ་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རྣ་བ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་སྣ་ཞེས་བྱ་བ་འདི་ནི་ཆོས་སུ་ བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། སྣ་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །སྣ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ལྕེ་ཞེས་བྱ་བ་ འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། ལྕེ་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །ལྕེ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་ འབྱོར་ལུས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། ལུས་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །ལུས་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་ གཞན་དུ་མི་དམིགས་སོ། །རབ་འབྱོར་ཡིད་ཅེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། ཡིད་ཅེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །ཡིད་དེ་ཡང་ནང་མ་ཡིན། ཕྱི་རོལ་ མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་གཟུགས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། ། གཟུགས་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་སྒྲ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། སྒྲ་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་ འགག་པ་མེད་པའོ། །སྒྲ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དྲི་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། དྲི་ཞེས་བྱ་བ་མ་གཏོགས་པར་སྐྱེ་ བ་མེད་པ་འགག་པ་མེད་པའོ། །དྲི་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་རོ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། རོ་ཞེས་བྱ་བ་མ་གཏོགས་ པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རོ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་རེག་ཅེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། རེག་ཅེས་བྱ་ བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རེག་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ཆོས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་ འདི་ལྟ་སྟེ། ཆོས་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །ཆོས་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་ པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་ མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་ སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་ པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་ པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་ མི་དམིགས་སོ། །རབ་འབྱོར་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། ། དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་གང་ཡིན་པ་འདི་དག་ནི་ཆོས་སུ་ བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་ གི་ལུས་ཞེས་བྱ་བ་གང་ཡིན་པ་དེ་ནི་ཐ་སྙད་དུ་གདགས་པ་ཡིན་ཞིང་མགོ་དང་། མགྲིན་པ་དང་། ཐལ་གོང་དང་། ཕྲག་པ་དང་། དཔུང་པ་དང་། སྒལ་ཚིགས་དང་། སོག་པ་དང་། རྩིབ་མ་དང་། སྟ་ཟུར་དང་། བརླ་དང་། རྗེ་ངར་དང་། རྐང་པ་དང་། རུས་པ་དག་ཅེས་བྱ་ བ་འདི་ནི་གདགས་པ་ཡིན་ལ། དེ་ཡང་བཏགས་པའི་ཆོས་ཡིན་ནོ། །དེ་དག་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དེ་ བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་གང་ཡིན་པ་འདི་དག་ཐམས་ཅད་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་ པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གང་འདི་ཕྱི་རོལ་གྱི་རྩྭ་དང་ཤིང་དང་ཡལ་ག་དང་ལོ་མ་དང་འདབ་མ་ཞེས་བྱ་བ་དེ་དག་ཐམས་ཅད་ ལ་མིང་སྣ་ཚོགས་ཀྱིས་ཐ་སྙད་དུ་བརྗོད་དེ། མིང་དེ་དག་ཀྱང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་ འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་གང་ཡིན་པ་འདི་ཐམས་ཅད་མིང་སྣ་ཚོགས་ཀྱིས་ཐ་སྙད་དུ་བརྗོད་པའོ། །མིང་དེ་དག་ཀྱང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་ པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རབ་འབྱོར་གཞན་ཡང་འདི་ལྟ་སྟེ་ དཔེར་ན། རྨི་ལམ་དང་། སྒྲ་བརྙན་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། སྒྱུ་མ་དང་། ཆུ་ཟླ་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་ཆོས་དེ་དག་ཐམས་ཅད་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་ པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་འདི་དག་ ཐམས་ཅད་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མིང་གི་བརྡར་བཏགས་པ་དང་། གདམས་ངག་ཏུ་བཏགས་པ་དང་། ཆོས་སུ་བཏགས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ནི་གཟུགས་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་བདེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་ རྗེས་སུ་མི་མཐོང་ངོ་། །གཟུགས་བདག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མཚན་མ་ཡོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་སྨོན་པ་ཡོད་ ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་འདུས་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་སྐྱེ་ཞེས་བྱ་བར་ ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མི་སྐྱེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་འགག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མི་འགག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་དབེན་ཞེས་བྱ་བར་ཡང་དག་པར་ རྗེས་སུ་མི་མཐོང་ངོ་། །གཟུགས་མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མི་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཁ་ན་མ་ཐོ་བ་དང་བཅས་ཞེས་བྱ་བར་ཡང་དག་པར་ རྗེས་སུ་མི་མཐོང་ངོ་། །གཟུགས་ཁ་ན་མ་ཐོ་བ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཟག་པ་དང་བཅས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཟག་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཉོན་མོངས་པ་དང་བཅས་ཞེས་ བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་འཇིག་རྟེན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་འཁོར་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མྱ་ངན་ ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་ སུ་མི་མཐོང་ངོ་། །བདག་ཅེས་བྱ་བར་མ་ཡིན། བདག་མེད་ཅེས་བྱ་བར་མ་ཡིན། ཞི་ཞེས་བྱ་བར་མ་ཡིན། མ་ཞི་ཞེས་བྱ་བར་མ་ཡིན། ཚོར་བ་སྟོང་ཞེས་བྱ་བར་མ་ཡིན། མི་སྟོང་ཞེས་བྱ་བར་མ་ཡིན། མཚན་མ་ཡོད་ཅེས་བྱ་བར་མ་ཡིན། མཚན་མ་མེད་ཅེས་བྱ་བར་མ་ཡིན། སྨོན་པ་ཡོད་ཅེས་བྱ་བར་མ་ཡིན། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་བྱས་ཞེས་བྱ་བར་མ་ཡིན། འདུས་མ་བྱས་ཞེས་བྱ་བར་མ་ཡིན། སྐྱེ་ཞེས་བྱ་བར་མ་ཡིན། མི་སྐྱེ་ཞེས་བྱ་བར་མ་ཡིན། འགག་ཅེས་བྱ་བར་མ་ཡིན། མི་འགག་ཅེས་བྱ་ བར་མ་ཡིན། དབེན་ཞེས་བྱ་བར་མ་ཡིན། མི་དབེན་ཞེས་བྱ་བར་མ་ཡིན། དགེ་ཞེས་བྱ་བར་མ་ཡིན། མི་དགེ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་མ་ཡིན། ཟག་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཟག་པ་མེད་པ་ཞེས་ བྱ་བར་མ་ཡིན། ཉོན་མོངས་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་མེད་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་མ་ཡིན། ཀུན་ནས་ཉོན་མོངས་པ་ཞེས་བྱ་བར་མ་ཡིན། རྣམ་པར་བྱང་བ་ཞེས་བྱ་བར་མ་ཡིན། འཁོར་ བ་ཞེས་བྱ་བར་མ་ཡིན་ཏེ། ཚོར་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདེ་ཞེས་བྱ་བར་མ་ཡིན། སྡུག་བསྔལ་ཞེས་བྱ་བར་མ་ ཡིན། བདག་ཅེས་བྱ་བར་མ་ཡིན། བདག་མེད་ཅེས་བྱ་བར་མ་ཡིན། ཞི་ཞེས་བྱ་བར་མ་ཡིན། མ་ཞི་ཞེས་བྱ་བར་མ་ཡིན། འདུ་ཤེས་སྟོང་ཞེས་བྱ་བར་མ་ཡིན། མི་སྟོང་ཞེས་བྱ་བར་མ་ཡིན། མཚན་མ་ཡོད་ཅེས་བྱ་བར་མ་ཡིན། མཚན་མ་མེད་ཅེས་བྱ་བར་མ་ཡིན། སྨོན་པ་ཡོད་ཅེས་བྱ་ བར་མ་ཡིན། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་བྱས་ཞེས་བྱ་བར་མ་ཡིན། འདུས་མ་བྱས་ཞེས་བྱ་བར་མ་ཡིན། སྐྱེ་བ་ཞེས་བྱ་བར་མ་ཡིན། སྐྱེ་བ་མེད་པ་ཞེས་བྱ་བར་མ་ཡིན། འགག་ཅེས་བྱ་བར་མ་ཡིན། མི་འགག་ཅེས་བྱ་བར་མ་ཡིན། དབེན་ཞེས་བྱ་བར་ མ་ཡིན། མི་དབེན་ཞེས་བྱ་བར་མ་ཡིན། དགེ་ཞེས་བྱ་བར་མ་ཡིན། མི་དགེ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་མེད་ཅེས་བྱ་བར་མ་ཡིན། ཟག་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཟག་པ་མེད་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་ དང་བཅས་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་མེད་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་མ་ཡིན། ཀུན་ནས་ཉོན་མོངས་པ་ཞེས་བྱ་བར་མ་ཡིན། རྣམ་པར་བྱང་བ་ཞེས་བྱ་བར་མ་ཡིན། འཁོར་བ་ཞེས་བྱ་བར་མ་ཡིན་ཏེ། འདུ་ ཤེས་མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་རྣམས་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་རྣམས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདེ་ཞེས་བྱ་བར་མ་ཡིན། སྡུག་བསྔལ་ཞེས་བྱ་བར་མ་ཡིན། བདག་ཅེས་བྱ་བར་མ་ཡིན། བདག་མེད་ཅེས་བྱ་བར་མ་ཡིན། ཞི་ཞེས་བྱ་བར་མ་ཡིན། མ་ཞི་ཞེས་བྱ་བར་མ་ཡིན། འདུ་བྱེད་སྟོང་ཞེས་བྱ་བར་མ་ཡིན། མི་སྟོང་ཞེས་བྱ་བར་མ་ཡིན། མཚན་མ་ཡོད་ཅེས་བྱ་བར་མ་ཡིན། མཚན་མ་མེད་ཅེས་བྱ་བར་མ་ཡིན། སྨོན་པ་ཡོད་ཅེས་བྱ་ བར་མ་ཡིན། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་བྱས་ཞེས་བྱ་བར་མ་ཡིན། འདུས་མ་བྱས་ཞེས་བྱ་བར་མ་ཡིན། སྐྱེ་ཞེས་བྱ་བར་མ་ཡིན། མི་སྐྱེ་ཞེས་བྱ་བར་མ་ཡིན། འགག་ཅེས་བྱ་བར་མ་ཡིན། མི་འགག་ཅེས་བྱ་བར་ མ་ཡིན། དབེན་ཞེས་བྱ་བར་མ་ཡིན། མི་དབེན་ཞེས་བྱ་བར་མ་ཡིན། དགེ་ཞེས་བྱ་བར་མ་ཡིན། མི་དགེ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་མ་ཡིན། ཟག་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཟག་པ་མེད་པ་ ཞེས་བྱ་བར་མ་ཡིན། ཉོན་མོངས་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་མེད་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་མ་ཡིན། ཀུན་ནས་ཉོན་མོངས་པ་ཞེས་བྱ་བར་མ་ཡིན། རྣམ་པར་བྱང་བ་ཞེས་བྱ་བར་མ་ཡིན། འཁོར་བ་ཞེས་བྱ་བར་མ་ཡིན་ཏེ། འདུ་བྱེད་རྣམས་མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདེ་ཞེས་བྱ་བར་མ་ཡིན། སྡུག་ བསྔལ་ཞེས་བྱ་བར་མ་ཡིན། བདག་ཅེས་བྱ་བར་མ་ཡིན། བདག་མེད་ཅེས་བྱ་བར་མ་ཡིན། ཞི་ཞེས་བྱ་བར་མ་ཡིན། མ་ཞི་ཞེས་བྱ་བར་མ་ཡིན། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མ་ཡིན། མི་སྟོང་ཞེས་བྱ་བར་མ་ཡིན། མཚན་མ་ཡོད་ཅེས་བྱ་བར་མ་ཡིན། མཚན་མ་མེད་ ཅེས་བྱ་བར་མ་ཡིན། སྨོན་པ་ཡོད་ཅེས་བྱ་བར་མ་ཡིན། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་བྱས་ཞེས་བྱ་བར་མ་ཡིན། འདུས་མ་བྱས་ཞེས་བྱ་བར་མ་ཡིན། སྐྱེ་ཞེས་བྱ་བར་མ་ཡིན། མི་སྐྱེ་ཞེས་བྱ་བར་མ་ཡིན། འགག་ཅེས་བྱ་བར་མ་ཡིན། མི་འགག་ ཅེས་བྱ་བར་མ་ཡིན། དབེན་ཞེས་བྱ་བར་མ་ཡིན། མི