Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 82
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
པ་ཞེས་བྱ་བའི་ ཏིང་ངེ་འཛིན་ཏོ། །དེ་ལ་གཅིག་ཏུ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་གང་ཡང་གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་གཅིག་ཏུ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་ འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་མངོན་པར་བསྒྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པར་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་ གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་གཉིས་སུ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་རྣམ་པར་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ ངེ་འཛིན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་ལ་བཞུགས་ནས་དེ་ལ་ཞུགས་པའི་ཕྱིར་ཁོང་དུ་མི་ཆུད་པ་གང་ཡང་མེད་པ་སྟེ། འདི་ནི་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྡ་དང་སྒྲ་ལ་འཇུག་པ་སྟེ། འདི་ནི་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཡི་གེ་དང་ བྲལ་བར་རྗེས་སུ་མཐོང་བ་སྟེ། འདི་ནི་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་གཟི་བརྗིད་ཀྱིས་ལྷམ་མེ་ལྷན་ནེ་ལྷང་ངེར་བྱེད་པ་སྟེ། འདི་ནི་སྒྲོན་མ་འབར་བ་ ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་དག་པར་འགྱུར་བ་སྟེ། འདི་ནི་མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་མངོན་པར་དམིགས་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པའི་མཆོག་ ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འགྱུར་བ་སྟེ། འདི་ནི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བདེ་བ་དང་སྡུག་བསྔལ་ ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་བདེ་བ་དང་སྡུག་བསྔལ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་དུ་ཟད་དུ་རུང་བར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ ལ་གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་གཟུངས་ཐམས་ཅད་ཡོངས་སུ་འཛིན་པ་སྟེ། འདི་ནི་གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཡང་དག་པ་དང་ལོག་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་ བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་འགལ་བ་དང་འགོག་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མཐུན་པ་དང་ འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་མཐུན་པ་དང་འགལ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་མཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་ འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་མི་དམིགས་པ་སྟེ། འདི་ནི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་འདི་ལྟ་སྟེ་དཔེར་ན། ཟླ་བ་ཉ་ བའི་དཀྱིལ་འཁོར་ལྟར་ཡོངས་སུ་རྒྱས་པར་འགྱུར་བ་སྟེ། འདི་ནི་ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་རྒྱན་ཆེན་པོ་དང་ལྡན་པར་འགྱུར་བ་སྟེ། འདི་ནི་རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཏིང་ངེ་འཛིན་མཉམ་པ་ ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་འཁྲུག་པ་ཡང་མི་དམིགས་རྩེ་གཅིག་ཀྱང་མི་དམིགས་པ་སྟེ། འདི་ནི་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་ བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཉོན་མོངས་པ་མེད་པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་ གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་འཐོབ་པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་ བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཀུན་གཞི་ཉེ་བར་མི་དམིགས་པ་སྟེ། འདི་ནི་གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དེ་བཞིན་ ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་ཕྱིར་མི་ལྡོག་པ་སྟེ། འདི་ནི་དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ལུས་མི་དམིགས་པ་སྟེ། འདི་ནི་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ངག་གི་ལས་མི་དམིགས་པ་སྟེ། འདི་ནི་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་འཐོབ་པ་སྟེ། འདི་ནི་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རབ་འབྱོར་འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྟེ། བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ། དྲན་ པ་དང་ལྡན་པ། ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ། ། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ། །ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ། ། དེ་བཞིན་དུ་ནང་གི་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ་ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ། །ཕྱིའི་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ་ཆོས་དང་ལྡན་པའི་ རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ། །ཕྱི་ནང་གི་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲོ་ན་འགྲོའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འགྲེང་ན་འགྲེང་ངོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འདུག་ན་འདུག་གོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཉལ་ན་ཉལ་ལོ་ཞེས་བྱ་བར་རབ་ཏུ་ཤེས་སོ། ། ལུས་དེ་གྱ་ནོམ་པའམ་གྱ་ནོམ་པ་མ་ཡིན་པར་གནས་པ་དེ་ལྟ་དེ་ལྟར་རབ་ཏུ་ཤེས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པ་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནི་འགྲོ་འམ་ལྡོག་ཀྱང་ཤེས་བཞིན་དུ་སྤྱོད་པ་ ཡིན། ཀུན་ཏུ་ལྟ་བའམ་རྣམ་པར་ལྟ་བ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ལྷུང་བཟེད་དང་། ཆོས་གོས་ཐོགས་པ་དང་། ཟ་བ་དང་། འཐུང་བ་དང་། འཆའ་བ་དང་། ཉལ་བ་དང་། གཉིད་ཀྱིས་ནོན་པ་བསང་བ་དང་། འོང་བ་དང་། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། གཉིད་ཀྱིས་ལོག་པ་དང་། སད་པ་དང་། སྨྲ་བ་དང་། མི་སྨྲ་བ་དང་། ནང་དུ་ཡང་དག་པར་འཇོག་པ་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་། ཤེས་ བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དྲན་བཞིན་དུ་དབུགས་འབྱུང་ན་དྲན་བཞིན་དུ་དབུགས་འབྱུང་ངོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དྲན་བཞིན་དུ་དབུགས་རྔུབས་ན་དྲན་བཞིན་དུ་དབུགས་རྔུབས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་ འབྱུང་ན་ཡང་དབུགས་རིང་དུ་འབྱུང་ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་རྔུབས་ན་ཡང་དབུགས་རིང་དུ་རྔུབས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་འབྱུང་ན་ཡང་དབུགས་ཐུང་ངུ་འབྱུང་ངོ་ཞེས་བྱ་བར་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་རྔུབས་ན་ཡང་དབུགས་ཐུང་དུ་རྔུབས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་རྫ་མཁན་ནམ་རྫ་མཁན་གྱི་མཆན་བུ་མཁས་པས་འཁོར་ལོ་སྐོར་བར་བྱེད་པ་ནི་རིང་དུ་བསྐོར་བ་རིང་དུ་བསྐོར་ རོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཐུང་དུ་བསྐོར་ན་ཐུང་དུ་བསྐོར་རོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དྲན་བཞིན་དུ་དབུགས་འབྱུང་ན་དྲན་བཞིན་དུ་དབུགས་འབྱུང་ངོ་ཞེས་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དྲན་བཞིན་དུ་དབུགས་རྔུབས་ན་དྲན་བཞིན་དུ་དབུགས་རྔུབས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་འབྱུང་ན་དབུགས་རིང་དུ་འབྱུང་ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་ཤེས་སོ། །དབུགས་ཐུང་དུ་འབྱུང་ན་དབུགས་ཐུང་དུ་འབྱུང་ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་ནང་དུ་འབྱུང་ན་དབུགས་ཐུང་དུ་འབྱུང་ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་རྔུབས་ན་དབུགས་ཐུང་དུ་རྔུབས་ སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས། རང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ཉིད་ལས་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་ཡོད་དོ་ཞེས་བྱ་བར་ཁམས་རྣམས་ལ་སོ་སོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བ་ལང་གི་ཤན་པའམ་བ་ལང་གི་ཤན་པའི་མཆན་བུ་མཁས་པས་མཚོན་རྣོན་པོས་བ་ལང་བསད་ནས་ཆ་བཞིར་བྱེད་དོ། ། ཆ་བཞིར་བྱས་ནས་འགྲེང་ངམ་འདུག་སྟེ་དེ་ལ་རབ་ཏུ་རྟོག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་ལུས་འདི་ཉིད་ལས་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་ཡོད་དོ་ཞེས་བྱ་བར་ཁམས་ རྣམས་སོ་སོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་རང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཆད་ནས་སྤྱི་བོ་མན་ཆད་ཀྱི་སྐྲ་ དང་། ཀླད་པ་དང་། སེན་མོ་དང་། སྤུ་དང་པགས་པའི་མཐར་ཐུག་པར་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། ལུས་འདི་ལ་སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། པགས་པ་དང་། སྐྱི་དང་། ཤ་དང་། ཆུ་བ་དང་། ཁྲག་དང་། རུས་པ་དང་། རྐང་དང་། སྙིང་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། མཆེར་པ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ནང་གྲོལ་དང་། གཅིན་དང་། ཕྱི་ས་དང་། མཆི་མ་དང་། རྔུལ་དང་། ཚིལ་དང་། མཆིལ་མ་དང་། སྣབས་དང་། རྣག་དང་། ཁྲག་ རུལ་དང་། མཁྲིས་པ་དང་། བད་ཀན་དང་། ཆུ་སེར་དང་། ཁ་ཆུ་དང་། དྲི་མ་དང་། ཀླད་པ་དང་། ཀླད་རྒྱས་དང་། མིག་རྣག་དང་། རྣ་སྤབས་དག་ཀྱང་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཞིང་པའི་བང་བ་འབྲས་སོ་བ་དང་། འབྲུ་དང་། ཏིལ་དང་། འབྲས་དྲུས་མ་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་དང་། ནས་དང་། གྲོ་དང་། སྲན་ཆུང་དང་། ཉུངས་ཀར་སྣ་ཚོགས་ཀྱིས་གང་བ་དེ་ཕྱེ་སྟེ། མིག་དང་ལྡན་པའི་མི་ཞིག་གིས་དེ་དག་ལ་བལྟས་ནས། འདི་ནི་འབྲས་སོ་བའོ། །འདི་ནི་འབྲུའོ། །འདི་ནི་ཏིལ་ ལོ། །འདི་ནི་འབྲས་དྲུས་མའོ། །འདི་ནི་མོན་སྲན་སྡེའུའོ། །འདི་ནི་མོན་སྲན་གྲེའུའོ། །འདི་ནི་ནས་སོ། །འདི་ནི་གྲོའོ། །འདི་ནི་སྲན་ཆུང་ངོ་། །འདི་ནི་ཉུངས་ཀར་རོ་ཞེས་བྱ་བར་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ལུས་འདི་ཉིད་ལ་རྐང་ པའི་མཐིལ་ཡན་ཆད་ནས། སྤྱི་བོ་མན་ཆད་ཀྱི་སྐྲ་དང་། ཀླད་པ་དང་། སེན་མོ་དང་། སྤུ་དང་། པགས་པའི་མཐར་ཐུག་པར་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། ལུས་འདི་ལ་སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། པགས་པ་དང་། སྐྱི་དང་། ཤ་དང་། ཆུ་དང་། ཁྲག་དང་། རུས་པ་དང་། རྐང་དང་། སྙིང་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། མཆེར་པ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ནང་གྲོལ་དང་། གཅིན་དང་། ཕྱི་ས་དང་། མཆི་མ་དང་། རྔུལ་དང་། ཚིལ་དང་། མཆིལ་མ་དང་། སྣབས་དང་། རྣག་དང་། ཁྲག་རུལ་དང་། མཁྲིས་པ་དང་། བད་ཀན་དང་། ཆུ་སེར་དང་། ཁ་ཆུ་དང་། དྲི་མ་དང་། ཀླད་པ་དང་། ཀླད་རྒྱས་དང་། མིག་རྣག་དང་། རྣ་སྤབས་དག་ཀྱང་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། རབ་འབྱོར་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་ རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་སོང་བས་དུར་ཁྲོད་དུ་བོར་ཞིང་ཤི་བའི་ལམ་ན་ཡོད་པའི་གཟུགས་སྣ་ཚོགས་ཤི་ནས་ཞག་གཅིག་ལོན་པའམ། ཤི་ནས་ཞག་གཉིས་ལོན་པའམ། ཤི་ནས་ཞག་གསུམ་ལོན་པའམ། ཤི་ནས་ཞག་བཞི་ལོན་པའམ། ཤི་ནས་ཞག་ལྔ་ལོན་པའམ། རྣམ་པར་བམ་པ་དང་། རྣམ་པར་བསྔོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་འཐོར་བ་མཐོང་ན། དེ་ལུས་འདི་ ཡང་འདི་ལྟ་བུའི་ཆོས་ཅན་ནོ། །འདི་ལྟ་བུའི་རང་བཞིན་ཅན་ཏེ། ཆོས་ཉིད་འདི་ལས་མ་འདས་སོ། །ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་ རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་བོར་བའི་རོ་ཤི་ནས་ཞག་དྲུག་ལོན་པའམ། ཤི་ནས་ཞག་བདུན་ལོན་པ་འམ། བྱ་རོག་གམ། ཁྭའམ། འོལ་བ་འམ། བྱ་རྒོད་དམ། སྤྱང་ཀི་འམ། ཝ་དང་། ཁྱི་དང་། དེ་མ་ཡིན་པའི་སྲོག་ཆགས་ཀྱི་རིགས་སྣ་ཚོགས་ཀྱིས་ཟ་བ་ མཐོང་བ་ནས། དེ་ལ་ལུས་སྣ་ཚོགས་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ་ཆོས་ཉིད་འདི་ལྟ་བུ་ལས་མ་འདས་སོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་ པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རོ་གང་དང་གང་དག་དུར་ཁྲོད་དུ་བོར་བ་རྣམ་པར་ཟོས་པ། མི་གཙང་བ། རྣགས་པ། དྲི་ང་བ་མཐོང་བ་ན་དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ ཚུལ་དེ་ཉིད་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་ པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་ཀེང་རུས་ཀྱི་ཕྲེང་བ་ཤ་ར་རི་དང་། ཁྲག་ར་རི་ཆགས་པ། རྒྱུས་པས་བྲང་བྲེང་ དུ་འབྲེལ་པ་མཐོང་བ་ནས། དེ་ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་ བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་རུས་པ་ཀེང་རུས་ཤ་དང་ཁྲག་མེད་པར་རྒྱུས་པའི་ཟུངས་མེད་པ་དུང་གི་མདོག་ལྟར་གྱུར་པ་མཐོང་བ་ན། ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ།། །།བམ་པོ་བཅུ་བདུན་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་ཀེང་རུས་ཀྱི་ཚོགས་ཟུངས་མེད་པ་གྱེས་པ་དུང་གི་མདོག་ལྟར་གྱུར་པ། ས་ལ་རྣམ་པར་འཐོར་བ་མཐོང་བ་ན། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱར་རོ། །རབ་འབྱོར་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་ པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ས་ལ་ཕྱོགས་དང་ཕྱོགས་མཚམས་སུ་རྣམ་པར་འཐོར་བ་འདི་ལྟ་སྟེ། རྐང་པའི་རུས་པ་རྣམས་ཀྱང་གཞན་དུ། བྱིན་པའི་རུས་པ་ རྣམས་ཀྱང་གཞན་དུ། བརླའི་རུས་པ་རྣམས་ཀྱང་གཞན་དུ། དཔྱིའི་རུས་པ་རྣམས་ཀྱང་གཞན་དུ། ཚིགས་པའི་རུས་པ་རྣམས་ཀྱང་གཞན་དུ། རྩིབ་མའི་རུས་པ་རྣམས་ཀྱང་གཞན་དུ། མཇིང་པའི་རུས་པ་རྣམས་ཀྱང་གཞན་དུ། དཔུང་པའི་རུས་པ་རྣམས་ཀྱང་གཞན་དུ། མགོའི་རུས་པ་ རྣམས་ཀྱང་གཞན་དུ་འཐོར་བ་མཐོང་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། ཆོས་ཉིད་འདི་ལྟ་བུ་ལས་མ་འདས་པའོ། །ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་ལོན་པ། རླུང་དང་ཉི་མས་གདུངས་པ། དུང་གི་མདོག་ལྟར་གྱུར་པ་མཐོང་བ་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་འདི་ ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ། ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་ བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་ལ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་སོང་བ་རབ་རིབ་སྣང་བ་སྔོན་པོར་གྱུར་པ། ཐི་བའི་མདོག་ལྟར་གྱུར་པ། ཟེགས་པ་བྲུལ་བ་སའི་རྡུལ་དང་འདྲེས་པར་གྱུར་པ་མཐོང་ན། དེ་ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་ འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་བཞིན་དུ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ ནས་ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཡང་དག་པར་སྤོང་བ་བཞི་སྟེ། བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་ པའི་ཕྱིར་འདུན་པ་བསྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ། །སྡིག་ཏོ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་བསྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་ རབ་ཏུ་འཇོག་གོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ། །དེ་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འབྱུང་བ་དང་། མི་བརྗེད་པ་དག་ ཉམས་པར་མི་འགྱུར་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་ བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །དེ་བཞིན་དུ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་ འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་སྟེ། རབ་འབྱོར་འདི་ ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དབང་པོ་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། རབ་འབྱོར་དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ འདི་ལྟ་སྟེ། སྟོབས་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་ པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་ གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་ བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ སྟེ། དེ་ཡང་གང་ཞེ་ན། ཡང་དག་པའི་ལྟ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་ དམིགས་པའི་ཚུལ་གྱིས་བསྒོམ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གང་ཡིན་པ་སྟེ། འདི་ནི་ སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་གང་ཡིན་པ་སྟེ། འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་སྨོན་པ་མེད་པའི་ ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་གང་ཡིན་པ་སྟེ། འདི་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་ནི་ཏིང་ངེ་འཛིན་གསུམ་ཡིན་ཏེ། རབ་ འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཤེས་པ་བཅུ་གཅིག་སྟེ། བཅུ་གཅིག་གང་ཞེ་ན། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ཡོངས་སུ་འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པའོ། །དེ་ལ་སྡུག་བསྔལ་ཤེས་ པ་གང་ཞེ་ན། སྡུག་བསྔལ་མི་སྐྱེ་བར་ཤེས་པ་གང་ཡིན་པ་སྟེ། དེ་ནི་སྡུག་བསྔལ་ཤེས་པའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཀུན་འབྱུང་བ་སྤང་བར་ཤེས་པ་གང་ཡིན་པ་སྟེ། འདི་ནི་ཀུན་འབྱུང་བ་ཤེས་པའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་པ་གང་ ཡིན་པ་སྟེ། དེ་ནི་འགོག་པར་ཤེས་པའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འགོག་པ་མངོན་དུ་བྱེད་པ་ཤེས་པ་གང་ཡིན་པ་སྟེ། འདི་ནི་ལམ་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པར་ཤེས་པ་གང་ཡིན་པ་སྟེ། དེ་ནི་ཟད་པ་ཤེས་པའོ། །དེ་ ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པ་གང་ཡིན་པ་སྟེ། འདི་ནི་མི་སྐྱེ་བ་ཤེས་པའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་པོ་རྣམས་ཀྱི་ཆོས་ཉེ་བར་གཅོད་པའི་ཤེས་པ་གང་ཡིན་པ་སྟེ། འདི་ནི་ཆོས་ཤེས་པའོ། །དེ་ལ་རྗེས་སུ་འགྲོ་བ་ཤེས་པ་གང་ཞེ་ན། མིག་མི་རྟག་ པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་རྟག་པ་ནས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སོ་སོ་བ་དང་། བསྡུས་པ་རྣམས་ཀྱི་བར་ལ་དེ་ལྟར་ཤེས་པ་གང་ཡིན་པ་སྟེ། འདི་ནི་རྗེས་སུ་འགྲོ་བ་ཤེས་པའོ། །དེ་ལ་ཀུན་ རྫོབ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱི་སེམས་སེམས་ཀྱིས་ཤེས་པ་གང་ཡིན་པ་སྟེ། འདི་ནི་ཀུན་རྫོབ་ཤེས་པའོ། །དེ་ལ་ཡོངས་སུ་འདྲིས་པ་ཤེས་པ་གང་ཞེ་ན། ལམ་ཡོངས་སུ་འདྲིས་པ་ཤེས་པ་གང་ཡིན་པ་སྟེ། འདི་ནི་འདྲིས་པ་ཤེས་པའོ། །སྒྲ་ཇི་བཞིན་ཤེས་པ་ གང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེ་ཡང་མི་དམིགས་པའི་ཚུལ་གྱིས་ཤེས་པ་གང་ཡིན་པ་སྟེ། འདི་ནི་སྒྲ་ཇི་བཞིན་ཤེས་པ་ཞེས་བྱའོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དབང་པོ་གསུམ་སྟེ། གསུམ་གང་ཞེ་ན། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་བསྲུང་བའི་དབང་པོའོ། །དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་ པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་ཡོངས་སུ་སྣང་བ་མེད་ཅིང་འདུལ་བར་བྱེད་པ་གང་ཡིན་པ་སྟེ། འདི་ནི་ མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །དེ་ལ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་ཀུན་ཤེས་པ་དང་ལྡན་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྣང་ བ་མེད་ཅིང་འདུལ་བར་བྱེད་པ་གང་ཡིན་པ་སྟེ། འདི་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །དེ་ལ་ཀུན་ཤེས་པ་བསྲུང་བའི་དབང་པོ་གང་ཞེ་ན། མི་སློབ་པའི་གང་ཟག་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་ པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་ཀུན་ཤེས་པ་བསྲུང་བའི་དབང་པོ་ཞེས་བྱ་བ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ དང་། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་རྣམས་ཀྱིས་དབེན། སྡིག་ཏོ་མི་དགེ་བའི་ཆོས་རྣམས་ཀྱིས་དབེན། རྟོག་པ་དང་ བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ནས་གནས་པ་གང་ཡིན་པ་སྟེ། འདི་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གང་ ཞེ་ན། བསམ་གཏན་དང་པོ་དང་བསམ་གཏན་གཉིས་པའི་བར་གང་ཡིན་པ་སྟེ། འདི་ནི་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་གཉིས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ བར་ལ་སྙོམས་པར་འཇུག་པ་གང་ཡིན་པ་སྟེ། འདི་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། རབ་འབྱོར་འདི་ཡང་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། རྗེས་སུ་དྲན་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དང་། ལུས་སུ་གཏོགས་པ་རྗེས་སུ་དྲན་པ་དང་། དབུགས་རྔུབས་པ་དང་འབྱུང་བ་རྗེས་སུ་དྲན་པ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། རབ་འབྱོར་འདི་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། བཅུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གནས་ལ་ཡང་གནས་སུ་གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལས་ཡང་དག་པར་ལེན་པ་རྣམ་པར་སྨིན་པ་གནས་དང་རྒྱུའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་ཅན་དང་མོས་པ་དུ་མ་ཅན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་མོས་པ་སྣ་ཚོགས་པ་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཅན་གཞན་དང་གང་ཟག་གཞན་ རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དང་། དེ་ལྷའི་མིག་གིས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་། སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་ཤེས་པ་དང་། དེ་ཟག་པ་ཟད་པའི་ཕྱིར་ཟག་པ་མེད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་མཐོང་བའི་ཆོས་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་དུ་བྱས་ནས་ཉེ་བར་བསྒྲུབས་ནས་གནས་ཤིང་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། ། བྱ་བ་བྱས་སོ། །འདི་ལྟ་བུ་ཉིད་ལས་གཞན་མི་ཤེས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ། རབ་འབྱོར་དེ་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། མི་འཇིགས་པ་བཞི་སྟེ། བཞི་གང་ཞེ་ན། ཀྱེ་མ་བདག་གི་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན། འདིར་ང་ལ་ཆོས་འདི་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་བྱ་བར་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པས་ གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་བས་ཆོས་དང་ལྡན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་ པ་བདག་གིས་རབ་ཏུ་བསྐོར་བར་བྱ་ཞེས་བྱ་བ་དང་། ཀྱེ་མ་བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན། འདིར་ང་ལ་ཟག་པ་འདི་རྣམས་མ་ཟད་དོ། །ཡོངས་སུ་ཟད་པར་མ་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་ འཇིག་རྟེན་ན་ཆོས་དང་ལྡན་པ་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདིར་རྒྱུ་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་བས་དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པས་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་ དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་ཆོས་དང་ལྡན་པས་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་ རབ་ཏུ་བསྐོར་བར་བྱ་ཞེས་བྱ་བ་དང་། གང་ཡང་ངས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་བསྟེན་ན་བར་ཆད་ཀྱི་ཆོས་སུ་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དེ། འདིར་ང་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་ དང་ལྡན་པར་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པས་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་ བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པར་བདག་གིས་རབ་ཏུ་བསྐོར་བར་བྱའོ། །ངས་འཕགས་ པ་ངེས་པར་འབྱིན་པའི་ལམ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པའི་རྒྱུ་ངེས་པར་འབྱིན་པ་བསྟན་པ་གང་ཡིན་པ་དེ་བསྒྲུབས་ན་སྡུག་བསྔལ་ཡང་དག་པར་ཟད་པའི་དོན་དུ་ངེས་པར་འབྱིན་པར་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དེ། འདིར་ཡང་ང་ལ་དེ་ཡང་དག་པར་བསྒྲུབས་ཀྱང་སྡུག་བསྔལ་ཡང་ དག་པར་ཟད་པར་མི་འགྱུར་རོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པས་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་ཆོས་དང་ལྡན་པ་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་འདི་དག་ནི་མི་འཇིགས་པ་བཞི་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་སྟེ། བཞི་གང་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་ དག་པར་རིག་པ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ དེ། བཅོ་བརྒྱད་གང་ཞེ་ན། གང་གི་མཚན་མོ་ལ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་གང་གི་མཚན་མོ་ལ་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་པ་ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་ བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པ་སྡུག་བསྔལ་ཟད་པར་འགྱུར་བའི་ལམ་གྱིས་རྗེས་སུ་བསྟན་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་ བ་དང་། ཅ་ཅོ་མི་མངའ་བ་དང་། བསྙེལ་བ་མི་མངའ་བ་དང་། འདུ་ཤེས་སྣ་ཚོགས་མི་མངའ་བ་དང་། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང་། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་དང་། འདུན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང་། བརྩོན་འགྲུས་ཡོངས་སུ་ཉམས་པ་ མི་མངའ་བ་དང་། དྲན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང་། ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའ་བ་དང་། ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་བ་དང་། རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་ མངའ་བ་དང་། སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཀྱང་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་ འབྲང་བ་དང་། འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་སྟེ། འདི་དག་ནི་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ལམ་གྱི་ཚོགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཏེ། དེ་ཡང་ཡི་གེའི་ཚུལ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེས་རབ་ཏུ་འཇུག་པའོ། །དེ་ཡང་ཡི་གེའི་ཚུལ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེས་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། ། ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ན་ཞེས་བྱ་བ་ནི་མིང་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། ། ལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་ཤིང་སྲིད་པའི་འཁྲི་ཤིང་གི་རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ད་ཞེས་བྱ་བ་ནི་དུལ་བ་དང་དུལ་བའི་གནས་ཡོངས་སུ་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བ་ཞེས་བྱ་བ་ནི་འཆིང་བ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ ཀྱི་སྒོའོ། །ཌ་ཞེས་བྱ་བ་ནི་དཀྲུགས་མ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་ཆགས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཝ་ཞེས་བྱ་བ་ནི་ངག་གི་ལམ་གྱི་སྒྲ་ཡང་དག་པར་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་ ལས་མ་གཡོས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཡ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྟ་ཞེས་བྱ་བ་ནི་ཁེངས་པ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀ་ཞེས་བྱ་བ་ནི་བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་མཉམ་པ་ཉིད་ལས་མི་འདའ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །མ་ཞེས་བྱ་བ་ནི་བདག་གིར་བྱ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ག་ཞེས་བྱ་བ་ནི་འགྲོ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཐ་ཞེས་བྱ་བ་ནི་གནས་མི་དམིགས་པའི་ ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛ་ཞེས་བྱ་བ་ནི་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤྭ་ཞེས་བྱ་བ་ནི་དབུགས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །དྷ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤ་ཞེས་ བྱ་བ་ནི་ཞི་གནས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཁ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀྵ་ཞེས་བྱ་བ་ནི་ཟད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྟ་ཞེས་བྱ་བ་ནི་སྟོང་པ་མི་དམིགས་པའི་ཕྱིར་ ཆོས་ཐམས་ཅད་ཀྱི་སྒོའོ། །ཛྙཱ་ཞེས་བྱ་བ་ནི་ཡེ་ཤེས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཎ་ཞེས་བྱ་བ་ནི་གཞན་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བྷ་ཞེས་བྱ་བ་ནི་འཇིག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ ཀྱི་སྒོའོ། །ཚ་ཞེས་བྱ་བ་ནི་མདོག་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྨ་ཞེས་བྱ་བ་ནི་དྲན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧྭ་ཞེས་བྱ་བ་ནི་བོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་སྤྲོ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། ། གྷ་ཞེས་བྱ་བ་ནི་སྟུག་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཋ་ཞེས་བྱ་བ་ནི་རྣམ་པར་བསྒྲུབ་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཎ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཕ་ཞེས་བྱ་བ་ནི་འབྲས་བུ་མི་དམིགས་པའི་ཕྱིར་ཆོས་ ཐམས་ཅད་ཀྱི་སྒོའོ། །སྐ་ཞེས་བྱ་བ་ནི་ཕུང་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛཱ་ཞེས་བྱ་བ་ནི་དགའ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་སྤྱོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཊ་ཞེས་བྱ་བ་ནི་འཚེ་བ་མི་ དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་ངར་འཛིན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །དེ་ཡན་ཆད་ཡི་གེའི་ཐ་སྙད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་ཡང་གང་གིས་ཐ་སྙད་དུ་བྱ་བ་དང་། གང་གིས་རྗོད་པ་དང་། གང་གིས་བསྟན་པ་དང་། གང་གིས་ རྟོགས་པར་བྱེད་པ་དང་། གང་གིས་མཐོང་བའི་མིང་ནི་འགའ་ཡང་མེད་དོ། །རབ་འབྱོར་འདི་ལྟ་སྟེ། ཆོས་ཐམས་ཅད་ནི་དཔེ་ནམ་མཁའ་བཞིན་དུ་ཁོང་དུ་ཆུད་པར་བྱ་སྟེ། རབ་འབྱོར་འདི་ནི་གཟུངས་ཀྱི་སྒོ་ལ་འཇུག་པ། ཨ་ལ་སོགས་པའི་ཡི་གེ་བསྟན་པ་ལ་འཇུག་པའོ། །རབ་འབྱོར་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཞིག་གིས་ཨ་ལ་སོགས་པའི་ཡི་གེ་ལ་མཁས་པར་བྱ་བ་འདི་ཡོངས་སུ་ཤེས་ན་དེ་ནི་སྒྲ་གང་ལ་ཡང་ཐོགས་པར་མི་འགྱུར་ཞིང་དེ་ཐམས་ཅད་མཉམ་པ་ཉིད་ཀྱི་ཆོས་ཉིད་དུ་སྒྲུབ་པར་འགྱུར་ཏེ། སྒྲ་ཤེས་པར་བྱ་བ་ལ་མཁས་པ་ཐོབ་པར་འགྱུར་རོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཨ་ལ་སོགས་པའི་ཡི་གེའི་ཕྱག་རྒྱ་འདི་དག་ལ་སོགས་པའི་ཡི་གེ་ལ་ཉན་ཅིང་ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་ཅིང་། གཞན་དག་ལ་ཡང་ཚུལ་དང་ལྡན་པའི་བློས་སྟོན་ན། དེ་ལ་ལེགས་པ་ཉི་ ཤུ་ཡོད་པར་ཤེས་པར་བྱའོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པར་འགྱུར། བློ་གྲོས་དང་ལྡན་པར་འགྱུར། རྟོགས་པ་དང་ལྡན་པར་འགྱུར་རོ། །བློ་དང་ལྡན་པར་འགྱུར། བརྟན་པ་དང་ལྡན་པར་འགྱུར། ངོ་ཚ་ཤེས་པ་དང་ལྡན་པར་འགྱུར། ཤེས་རབ་དང་ལྡན་པར་ འགྱུར། སྤོབས་པ་དང་ལྡན་པར་འགྱུར་བ་དང་། གཟུངས་ཀྱི་སྒོ་འདི་ཡང་ཚེགས་ཆུང་ངུས་ཐོབ་པར་འགྱུར། དེ་ལ་སོམ་ཉི་མེད་པར་འགྱུར། ཡིད་གཉིས་མེད་པར་འགྱུར། གཞན་ལ་སྒྲའི་ངག་སྙན་པ་ཐོས་ཀྱང་ཆགས་པར་འགྱུར་བ་མེད་ཅིང་ཚིག་རྩུབ་པོས་ཁོང་ཁྲོ་བར་མི་འགྱུར་ ཞིང་མཐོ་བར་མི་འགྱུར། དམའ་བར་མི་འགྱུར་ཏེ། ཇི་ལྟ་བ་བཞིན་གནས་པར་འགྱུར་བ་དང་། སྒྲ་ལ་མཁས་པར་འགྱུར་བ་དང་། ཕུང་པོ་ལ་མཁས་པར་འགྱུར་བ་དང་། ཁམས་ལ་མཁས་པར་འགྱུར་བ་དང་། སྐྱེ་མཆེད་ལ་མཁས་པར་འགྱུར་བ་དང་། བདེན་པ་ལ་མཁས་པར་འགྱུར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར་བ་དང་། རྒྱུ་ལ་མཁས་པར་འགྱུར་བ་དང་། རྐྱེན་ལ་མཁས་པར་འགྱུར་བ་དང་། ཆོས་ཉིད་ལ་མཁས་པར་འགྱུར་བ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པར་འགྱུར་བ་དང་། ཕ་རོལ་གྱི་སེམས་ཤེས་པ་ལ་མཁས་ པར་འགྱུར་བ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་ལ་མཁས་པར་འགྱུར་བ་དང་། ལྷའི་རྣ་བའི་ཤེས་པ་ལ་མཁས་པར་འགྱུར་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ལ་མཁས་པར་འགྱུར་བ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་མཁས་པར་འགྱུར་བ་དང་། ཟག་པ་ཟད་པ་ཤེས་ པ་ལ་མཁས་པར་འགྱུར་བ་དང་། གནས་དང་གནས་མ་ཡིན་པ་བསྟན་པ་ཤེས་པ་ལ་མཁས་པར་འགྱུར་བ་དང་། འགྲོ་བ་ལ་མཁས་ཤིང་ལྡོག་པ་ལ་མཁས་པར་འགྱུར་བ་དང་། སྤྱོད་ལམ་ལ་མཁས་པར་འགྱུར་བ་སྟེ། ཕན་ཡོན་ཉི་ཤུ་པོ་འདི་དག་ཐོབ་པར་འགྱུར་རོ། །རབ་འབྱོར་ གཟུངས་ཀྱི་སྒོ་ཨ་ལ་སོགས་པའི་ཡི་གེ་ལ་འཇུག་པ་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་གཟུངས་ཀྱི་ཚོགས་སོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ས་ནས་སར་འཕར་ཏེ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ ས་ནས་སར་འཕར་བ་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་འཕོ་བ་མེད་པས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གང་ཡང་འོང་བའམ་འགྲོ་བ་འམ། འཕོ་བ་འམ། ཉེ་བར་འཕོ་བ་མེད་དེ། འོན་ཀྱང་ཆོས་ཐམས་ཅད་ཀྱི་ས་གང་ཡིན་པ་དེ་ལ་རློམ་སེམས་སུ་མི་བྱེད་ཅིང་མི་སེམས་ལས་ཡོངས་ སུ་སྦྱོང་བ་ཡང་བྱེད་ཅིང་ས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱོང་བ་གང་ཞེ་ན། རབ་འབྱོར་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྦྱང་བ་བཅུ་པོ་ འདི་དག་བྱ་སྟེ། བཅུ་གང་ཞེ་ན། དེ་མི་དམིགས་པའི་ཚུལ་གྱིས་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བ་དང་། མཚན་མ་མི་དམིགས་པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱང་ཞིང་། སེམས་ཅན་མི་དམིགས་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་དང་། སྦྱིན་པ་དང་གཏོང་བ་དང་། ལེན་པ་མི་དམིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱང་བ་དང་། དེས་རློམ་སེམས་སུ་མི་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བ་དང་། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཆོས་བཙལ་བ་ཡོངས་སུ་སྦྱང་བ་དང་། ཁྱིམ་མི་དམིགས་པའི་ཕྱིར་ ཡང་དང་ཡང་དུ་འབྱུང་བ་ཡོངས་སུ་སྦྱང་བ་དང་། མཚན་དང་དཔེ་བྱད་བཟང་པོའི་མཚན་མ་མི་དམིགས་པའི་ཕྱིར་སངས་རྒྱས་ཀྱི་སྐུ་ལ་འདོད་པ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་དབྱེ་བ་མི་དམིགས་པའི་ཕྱིར་ཆོས་རྣམ་པར་འགྲེལ་པ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་ཡོད་པ་ཉིད་མི་དམིགས་པའི་ཕྱིར་ ང་རྒྱལ་གྱི་ཁེངས་པ་བསལ་བ་ཉིད་ཡོངས་སུ་སྦྱང་བ་དང་། ཚིག་མི་དམིགས་པའི་ཕྱིར་བདེན་པའི་ཚིག་ཡོངས་སུ་སྦྱང་བ་སྟེ། རབ་འབྱོར་ཡོངས་སུ་སྦྱང་བ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་དེ་དག་ལ་ནན་ཏན་དུ་བྱའོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། བྱས་པ་ཤེས་ཤིང་བྱས་པ་ཚོར་བ་དང་། བཟོད་པའི་སྟོབས་ལ་གནས་ པ་དང་། རབ་ཏུ་དགའ་བ་ཉམས་སུ་མྱོང་བར་བྱས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་དང་། བླ་མ་ལ་དད་པས་བསྙེན་བཀུར་བྱེད་ཅིང་སྟོན་པའི་འདུ་ཤེས་ཀྱིས་གུས་པར་ཉན་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པས་འཚོལ་བ་སྟེ། རབ་འབྱོར་ཆོས་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་དེ་དག་ལ་ནན་ཏན་དུ་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་ གནས་པར་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡི་གེ་ལ་མངོན་པར་མ་ཞེན་པ་དང་། ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་ཅིང་དེས་ཀྱང་རློམ་སེམས་སུ་མི་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ ཡོངས་སུ་བསྔོ་ན་ཡང་དེས་རློམ་སེམས་སུ་མི་འགྱུར་བ་དང་། དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་ཅིང་དེས་ཀྱང་རློམ་སེམས་སུ་མི་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་ཀྱང་དེས་རློམ་སེམས་སུ་མི་འགྱུར་བ་སྟེ། རབ་འབྱོར་ཆོས་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པས་གནས་པར་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་བླངས་ཤིང་གནས་པར་བྱ་སྟེ། དེ་དག་ཡོངས་སུ་གཏང་བར་མི་བྱའོ། །བཅུ་ གང་ཞེ་ན། འདི་ལྟ་སྟེ། དགོན་པ་ལ་གནས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་མི་གཏོང་བ་དང་། བསླབ་པ་ཡོངས་སུ་མི་གཏོང་བ་དང་། འདོད་པའི་ཡོན་ཏན་ལ་སྨོད་པ་དང་། མྱ་ངན་ལས་འདས་པ་དང་ལྡན་པའི་སེམས་བསྐྱེད་ པ་དང་། རྫས་ཐམས་ཅད་ཡོངས་སུ་གཏོང་བ་དང་། སེམས་ཞུམ་པ་མེད་པ་དང་། དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་སྟེ། རབ་འབྱོར་ཆོས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཡོངས་སུ་གཏང་བར་མི་བྱ་ཞིང་། ཡང་དག་པར་ བླངས་ཏེ་གནས་པར་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་སྤང་བར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་པ་དང་རབ་ཏུ་བྱུང་བ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བ་དང་། རིགས་ ལ་སེར་སྣ་བྱེད་པ་ཡོངས་སུ་སྤང་བར་བྱ་བ་དང་། འདུ་འཛིའི་གནས་ཡོངས་སུ་སྤང་བར་བྱ་བ་དང་། གནོད་སེམས་ཡོངས་སུ་སྤང་བར་བྱ་བ་དང་། བདག་ལ་བསྟོད་པར་བྱ་བ་དང་། གཞན་ལ་སྨོད་པ་ཡོངས་སུ་སྤང་བར་བྱ་བའོ། །མི་དགེ་བ་བཅུའི་ལམ་ཡོངས་སུ་ སྤང་བར་བྱའོ། །ལྷག་པའི་ང་རྒྱལ་དང་། ཁེངས་པ་དང་། ཕྱིན་ཅི་ལོག་རྣམས་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉམས་རངས་སུ་གཞག་པ་ཡོངས་སུ་སྤང་བར་བྱའོ། །ཆོས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་ གནས་པས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས་ཆོས་དྲུག་པོ་ཡོངས་སུ་རྫོགས་པར་བྱ་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་ སྟེ། དྲུག་གང་ཞེ་ན། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །རང་སངས་རྒྱས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །སྐྲག་པའི་སེམས་ཡོངས་སུ་སྤང་བར་བྱའོ། །སློང་མོ་པ་མཐོང་ན་ཞུམ་པ་མེད་པར་བྱ་སྟེ། ཞུམ་པའི་སེམས་ཡོངས་སུ་སྤང་བར་བྱའོ། །དངོས་པོ་ཐམས་ཅད་ཡོངས་ སུ་བཏང་བས་ཡིད་མི་བདེ་བར་མི་བྱ་སྟེ། ཡིད་མི་བདེ་བ་ཡོངས་སུ་སྤང་བར་བྱའོ། །སློང་མོ་པ་མཐོང་ན་སློང་མོ་པས་འཁྲུགས་པར་མི་བྱ་སྟེ། འཁྲུགས་པའི་སེམས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་ཆོས་དྲུག་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས་ ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མི་བྱ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འཛིན་པར་མི་བྱའོ། །སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་ དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། མཚན་མའི་འདུ་ཤེས་དང་། རྒྱུར་ལྟ་བ་དང་། མིང་དང་གཟུགས་ལ་མངོན་པར་ཆགས་པ་དང་། ཕུང་པོ་ལ་མངོན་པར་ཆགས་པ་དང་། ཁམས་ལ་མངོན་པར་ཆགས་པ་དང་། སྐྱེ་མཆེད་ལ་མངོན་པར་ཆགས་པ་དང་། ཁམས་ གསུམ་ན་གནས་པ་དང་། ཁམས་གསུམ་ལ་མངོན་པར་ཞེན་པ་དང་། ཁམས་གསུམ་ལ་བརྟེན་པ་དང་། སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཚུལ་ ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་འགྱུར་བ་དང་། སྟོང་པ་ཉིད་དང་འགལ་བ་སྟེ། རབ་འབྱོར་ཆོས་ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་མི་བྱའོ། །དེས་ཆོས་ཉི་ཤུ་པོ་འདི་དག་ ཡོངས་སུ་རྫོགས་པར་བྱ་སྟེ། ཉི་ཤུ་གང་ཞེ་ན། སྟོང་པ་ཉིད་རྫོགས་པར་བྱ་བ་དང་། མཚན་མ་མེད་པ་མངོན་དུ་བྱ་བ་དང་། སྨོན་པ་མེད་པ་ཤེས་པར་བྱ་བ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་དང་། སེམས་ཅན་དེ་དག་ལ་ བརྙས་པར་མི་བྱ་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་ཞིང་དེ་ལ་ཡང་མངོན་པར་ཞེན་པ་མེད་པ་དང་། ཡང་དག་པའི་ཚུལ་རབ་ཏུ་རྟོགས་ཏེ་དེས་ཀྱང་མི་རློམ་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་དང་། རྟོགས་པ་ཡང་དག་པར་གསལ་བ་ དང་། ལྟ་བ་རྣམ་པར་བཟློག་པ་དང་། ཉོན་མོངས་པ་རྣམ་པར་བཟློག་པ་དང་། ཞི་གནས་ལ་ངེས་པར་སེམས་པ་དང་། ལྷག་མཐོང་ལ་མཁས་པ་དང་། སེམས་དུལ་བ་དང་། ཐམས་ཅད་ཐོགས་པ་མེད་པའི་ཤེས་པ་དང་། ཆགས་པའི་ས་མ་ཡིན་པ་དང་། གང་དུ་འདོད་པའི་ཞིང་དུ་འགྲོ་བ་དང་། དེར་ཡང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་གནས་ནས་བདག་གི་དངོས་པོ་སྟོན་པ་སྟེ། རབ་འབྱོར་ཆོས་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འཇུག་པ་དང་། མངོན་པར་ཤེས་པས་རྣམ་པར་བརྩེ་བ་དང་། སངས་རྒྱས་ཀྱི་ཞིང་ལྟ་ཞིང་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་དེ་དག་ ཡོངས་སུ་སྒྲུབ་པ་དང་། སངས་རྒྱས་བསྙེན་བཀུར་ཞིང་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་སྟེ། རབ་འབྱོར་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དང་ཡང་ མཉམ་པར་འཇོག་པ་དང་། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟ་བུའི་ལུས་ཡོངས་སུ་སྒྲུབ་ཅིང་ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ལེན་པ་སྟེ། རབ་འབྱོར་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཡོངས་ སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟར་སྨོན་ལམ་མཐའ་ཡས་ཡོངས་སུ་བཟུང་བ་སྟེ། ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་ པར་འགྱུར་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་དང་། ཡོངས་སུ་རྫོགས་པའི་སྤོབས་པས་ངེས་པར་བསྟན་པ་ཤེས་པ་དང་། མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། རུས་ཕུན་སུམ་ཚོགས་པ་དང་། རྒྱུད་ཕུན་སུམ་ཚོགས་པ་དང་། འཁོར་ཕ