Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 81

Văn bản gốc(Tây Tạng)

Trang 6 / 15 (50.000 ký tự/trang)
་བྱེད་པ་དང་ནི་གཞན། །
སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །ལམ་ཤེས་དེ་འདྲར་ཤེས་པར་བྱ། །ཞེས་བསྟན་པ་ཡིན་ནོ། །འབྲེལ་པ་ནི་དེའི་རྗེས་སུ་འཇུག་པ་ཡིན་པར་བལྟ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་ལས་ལམ་ཤེས་པ་ཉིད་

ཀྱི་མངོན་པར་རྟོགས་པའི་འགྲེལ་པའོ།། །།ལམ་ཤེས་པ་ཉིད་བཤད་ནས་ད་ནི་ཐམས་ཅད་ཤེས་པ་ཉིད་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་འཁོར་བ་དང་། མྱ་ངན་ལས་འདས་པ་ལ་མི་གནས་པའི་དབང་དུ་མཛད་ནས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ལ་མི་གནས་
པ། །ཞེས་བྱ་བ་བསྟན་པ་ལ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཚུ་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉིས་ཀའི་དབུས་ན་མི་དམིགས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །འཁོར་བ་དང་
མྱ་ངན་ལས་འདས་པའི་འདུ་ཤེས་སུ་ཉེ་བར་དམིགས་པ་བཀག་པ་ཡིན་ནོ། །ཡང་དེ་གཉིས་ཇི་ལྟར་མི་དམིགས་པ་ཡིན་ཞེ་ན། དུས་གསུམ་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་དུ་འདོད། །ཅེས་བྱ་བ་སྨོས་ཏེ། ཇི་སྐད་དུ། དེ་མི་དམིགས་པས་རབ་འབྱོར་དུས་
གསུམ་མཉམ་པ་ཉིད་ཡིན་ནོ། །དེ་ཉེ་བར་གཟུང་བ་གསུངས་པ་ནི་འཐད་པ་ཡིན་ནོ། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་བྱ་བ་སྨོས་སོ། །ཐབས་མ་ཡིན་པ་གང་ཞེ་ན། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་བྱ་བ་སྨོས་ཏེ། གང་མིང་ཉིད་ཀྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་རིང་དུ་བྱེད་དོ་ཞེས་བསྟན་ཏོ། །དེ་ཉིད་ལས་བཟློག་པ་ནི་ཐབས་ལ་མཁས་པ་སྟེ། དེ་དང་ཉེ་བ་ཉིད་ཡིན་པར་བལྟ་བར་བྱའོ། །གང་ཉན་ཐོས་ལ་སོགས་པའི་རྟོགས་པ་ལས་བཟློག་པའི་སྦྱོར་བས་ནི་དེ་དག་རྟོགས་པ་ཕྱོགས་གཅིག་པ་ཡིན་ནོ། །ཞེས་གསུངས་པས་དེ་དག་ནི་
མ་ལུས་པ་མཐར་ཐུག་པར་འགྲོ་བ་མ་ཡིན་ཞིང་། ཉེ་བར་བཟུང་ནས་དེའི་ལམ་ལེགས་པར་བཤད་ཅིང་ལེགས་པར་མཐར་ཐུག་པར་བསྟན་ཏོ། །མི་མཐུན་པའི་ཕྱོགས་ཀྱི་དབང་དུ་མཛད་ནས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་གཏོགས་པའི་ཆོས་རྣམས་དང་། །
ཟག་བཅས་ཟག་པ་མེད་ཆོས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་སྨོས་པ་ལ། གང་ཐབས་ལ་མི་མཁས་པས་གཟུགས་སྟོང་པ་ཞེས་བྱ་བར་འདུ་ཤེས་ཤིང་དེས་འདས་པ་ལ་སོགས་པའི་ཆོས་སུ་འདུ་ཤེས་ལ། དེ་བཞིན་དུ་

སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་ཤིང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདུ་ཤེས་པ་ནི་ཆགས་པའོ་ཞེས་བསྟན་ཏོ། །གཉེན་པོ་གང་ཞིག་ཡིན་ཞེ་ན།
སྦྱིན་ལ་སོགས་པ་ངར་འཛིན་མེད། །ཅེས་བྱ་བ་སྨོས་ཏེ། ཇི་སྐད་དུ། གཞན་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཐབས་ལ་མཁས་པར་གྱུར་པས་གཟུགས་ལ་གཟུགས་སུ་འདུ་ཤེས་པ་མེད་དོ་ཞེས་བྱ་བ་ནས་
བརྩམས་ཏེ། བདག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱའོ་སྙམ་དུ་མི་སེམས་ཏེ་ཞེས་བྱ་བའི་བར་དུའོ། །མི་མཐུན་པའི་ཕྱོགས་བསྟན་པ་ལས་བཟློག་པ་རྣམ་པར་རྟོག་པ་ཐམས་ཅད་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཐམས་ཅད་གཟུང་བ་ནི་འཐད་པ་
ཡིན་ཏེ། ཐབས་ལ་མཁས་པས་ཆགས་པ་མེད་དོ་ཞེས་སོ། །ཡང་མི་མཐུན་པའི་ཕྱོགས་ནི་གང་ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་སུ་འདུ་ཤེས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཆགས་པ་གང་གིས་ཆགས་པ་མེད་པར་མི་ནུས་ན་ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །ཆགས་པའི་མཚན་ཉིད་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ངར་འཛིན་པའི་རྣམ་པར་རྟོག་པ་མེད་པ་བཀག་པ་ཡིན་ནོ། །གཉེན་པོའི་ཕྱོགས་ནི། གཞན་ཡང་དེ་ལ་སྦྱོར་
བྱེད་ཅིང་། །དེ་ནི་ཆགས་པའི་མཐའ་འགོག་པ། །ཞེས་བསྟན་པ་ཡིན་ཏེ། ཇི་སྐད་དུ། གཞན་དག་དེ་ཉིད་དུ་ངར་འཛིན་པ་བཀག་པ་ཡང་དག་པར་བསྟན་པར་བྱ་བ་དང་། ཡང་དག་པར་བསྐུལ་བར་བྱ་བ་དང་། ཡང་དག་པར་སྤྲོ་བ་བསྐྱེད་པར་བྱ་བ་རྣམས་ཆགས་པའི་མཐའ་ཐམས་
ཅད་སྤོང་བ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་དང་། བག་མེད་པ་ཀུན་དུ་ཞུམ་པ་དང་། ཡང་དག་པར་ཞུམ་པར་ཞུགས་པ་རྣམས་ཡང་དག་པར་བསྟན་པ་དང་། ཡང་དག་པར་བསྐུལ་བ་དང་། ཡང་དག་པར་སྤྲོ་བ་བསྐྱེད་པ་དང་། ཡང་དག་པར་དགའ་བ་བསྐྱེད་པ་རྣམས་

གོ་རིམས་བཞིན་དུ་སྦྱར་བར་བྱ་བ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །ཡང་། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་བསྟན་པ་ནི་གང་དེ་བཞིན་གཤེགས་པ་དེ་དག་གི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བས་ཡོངས་སུ་བསྔོ་ཞིང་ཡང་མཚན་མར་བྱེད་པ་ནི་ཆགས་པ་ཕྲ་མོ་ཞེས་བསྟན་
ཏོ། །ཡང་ཅིའི་ཕྱིར་རྣམ་པ་དེ་ལ་ཆགས་པ་ཞེས་བྱ་ཞེ་ན། གང་གི་ཕྱིར། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་བྱ་བ་སྨོས་ཏེ། གང་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ་ཞེས་བསྟན་པ་ཡིན་ནོ། །
ཡང་ཆགས་པ་ཐམས་ཅད་ཇི་ལྟ་བུས་སྤོང་ཞེ་ན། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་བསྟན་པ་ལ། གང་ཆོས་རྣམས་ཀྱི་རང་བཞིན་གཅིག་པར་ཤེས་པ་ནི་ཤེས་པ་དང་། ཤེས་བྱ་མཉམ་པ་ཉིད་དུ་ཐོབ་པ་ཡིན་པའི་ཕྱིར་ཆགས་པའི་
མཐའ་ཅན་ཡོངས་སུ་སྤོང་བ་ཡིན་ནོ་ཞེས་བསྟན་ཏོ། །ཡང་ཅིའི་ཕྱིར་རྒྱུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་མོ་ཡིན་ཞེ་ན། གང་གི་ཕྱིར། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཅེས་བྱ་བ་སྨོས་ཏེ། གང་མཐོང་བ་དང་། ཐོས་པ་དང་།
རྟོགས་པ་དང་། རྣམ་པར་ཤེས་པར་བྱ་བ་རྣམས་བཀག་པ་ཉིད་ཀྱིས་རྟོགས་པར་དཀའ་བའི་ཕྱིར་ཤེས་བྱ་མཉམ་པ་ཉིད་དུ་ཟུར་གྱིས་བསྟན་པ་ཡིན་ནོ། །ཡང་ཅིའི་རྒྱུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྟོགས་པར་དཀའ་ཞེ་ན། གང་གི་ཕྱིར། གཟུགས་ལ་སོགས་པ་མི་
ཤེས་ཕྱིར། །དེ་ནི་བསམ་གྱིས་མི་ཁྱབ་འདོད། །ཅེས་སྨོས་ཏེ། གང་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་མི་ཤེས་པའི་ཕྱིར་ཏེ། དེས་བསམ་གྱིས་མི་ཁྱབ་པའི་ཕྱིར་ཤེས་པ་མཉམ་པ་ཉིད་དུ་ཟུར་གྱིས་བསྟན་ཏེ། དེ་ལྟར་བྱས་ནས་ཇི་སྐད་དུ། །དེ་ལྟར་ཀུན་
ཤེས་ཉིད་ལུགས་ལ། །མི་མཐུན་ཕྱོགས་དང་གཉེན་པོ་དག །རྣམ་དབྱེ་མ་ལུས་འདིས་ཤེས་བྱ། །ཞེས་བསྟན་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པར་འགྲེལ་པའོ།། །།ད་ནི་སྦྱོར་བ་བརྗོད་པར་བྱ་སྟེ། གཟུགས་དེ་མི་རྟག་ལ་སོགས་པ། །དེ་མ་

རྫོགས་དང་རབ་རྫོགས་དང་། །སྦྱོར་བ་བཀག་པས་སྤྱོད་པ་ནི། །དེ་ལ་ཆགས་པ་མེད་ཉིད་དང་། །མི་འགྱུར་བྱེད་པོ་མེད་ཉིད་དང་། །སྦྱོར་བ་བཀག་པ་རྣམ་གསུམ་དང་། །སྐལ་བ་ཇི་བཞིན་འབྲས་འཐོབ་པས། །དེ་ཡི་འབྲས་བུ་ཡིད་འདོད་དང་། །གཞན་
ལ་རག་ལས་མི་གང་དང་། །ཤེས་བྱེད་རྣམ་བདུན་སྣང་བ་ལས། །ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་དེ་ནི་རྣམ་པ་བཅུར་འགྱུར་ཏེ། །དེ་ལ་གཟུགས་ལ་སོགས་པའི་སྦྱོར་བ་ནི། གང་གལ་ཏེ་གཟུགས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་བྱ་བ་ནས་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྤྱོད་པ་བཀག་ནས། དེ་ལྟར་སྤྱོད་པ་ནི་རྗེས་སུ་གནང་བ་ཡིན་པར་བསྟན་ཏོ། །གཟུགས་མི་རྟག་པའི་རྣམ་པའི་སྦྱོར་བ་ནི། གང་ཕུང་པོ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་།
སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བའི་རྣམ་པ་ལ་སྤྱོད་པ་བཀག་པ་ནི། དེ་ལྟར་སྤྱོད་པ་ཡང་རྗེས་སུ་གནང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་བཞིན་དུ་མེད་པ་ཉིད་དུ་བསྟན་ཏོ། །
གཟུགས་ལ་སོགས་པ་རྫོགས་པ་དང་མ་རྫོགས་པའི་སྦྱོར་བ་ནི་གང་གཞན་ཡང་གཟུགས་ལ་སོགས་པ་ཡོངས་སུ་རྫོགས་པ་དང་། མ་རྫོགས་པའི་རྣམ་པ་ལ་སྤྱོད་པ་བཀག་ནས། དེ་ལྟར་སྤྱོད་པ་ཡང་རྗེས་སུ་གནང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ངོ་བོ་ཡོངས་སུ་
རྫོགས་པ་དང་མ་རྫོགས་པ་བཀག་པ་ཡིན་པར་བསྟན་ཏོ། །གཟུགས་ལ་སོགས་པ་ལ་ཆགས་པ་མེད་པའི་སྦྱོར་བ་ནི་གང་། དེ་དག་ཉིད་ལ་ཆགས་པ་མེད་པར་སྤྱོད་པ་ཉིད་བཀག་པས་ཡང་དེ་ལྟར་སྤྱོད་པ་ནི་རྗེས་སུ་གནང་བ་ཡིན་ནོ་ཞེས་བསྟན་ཏོ། །གཞན་དུ་མི་འགྱུར་བའི་སྦྱོར་བ་ནི་
གང་སྦྱོར་བ་དེ་མི་འགྱུར་བའི་ཆོས་ཉིད་བཟུང་ནས་ནམ་མཁའི་དཔེས་བསྟན་པ་ཡིན་ནོ། །དེའི་མདོ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་བསྔགས་པ་བརྗོད་ཀྱང་འཕེལ་བ་མེད་ལ། མ་བརྗོད་ཀྱང་འགྲིབ་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

བསྟན་ཀྱང་འཕེལ་བ་མེད་ལ། མ་བསྟན་ཀྱང་འགྲིབ་པ་མེད་དོ། །ཞེས་གསུངས་པ་ཡིན་ནོ། །བྱེད་པ་པོ་མེད་པའི་སྦྱོར་བ་ནི་གང་སྦྱོར་བ་དེ་ལ་ནི་བྱེད་པ་པོར་སྣང་བ་ཉིད་ཉེ་བར་བཟུང་ནས་སྒྱུ་མའི་སྐྱེས་བུའི་བསྔགས་པ་བརྗོད་པའམ། མ་བརྗོད་པ་གཉིས་ཀྱིས་རྗེས་སུ་ཆགས་པ་
དང་། ཁྲོ་བ་མེད་པའི་དཔེས་དེ་བཞིན་དུ་འཕེལ་བ་དང་། འགྲིབ་པ་མེད་དོ། །དཀའ་བའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། གང་དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའི་དཀའ་བ་ཉིད་ནི་རྣམ་པ་གསུམ་སྟེ། དེ་ལ་ཆེད་དུ་བྱ་བའི་དཀའ་བ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །
སྦྱོར་བ་དཀའ་བ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡིན་ནོ། །བྱ་བ་རྣམས་དཀའ་བ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ཡིན་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་སྦྱོར་བར་འདོད་པ་དང་། རྩོལ་བར་འདོད་པ་དང་། བྱ་བར་འདོད་པ་ཞེས་བྱ་བ་ཚིག་རྣམ་པ་གསུམ་དང་ངོ་། །དཀའ་བའི་ཚིག་གསུམ་
གསལ་བར་བྱེད་དེ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྦྱོར་བར་འདོད་པའོ། །ནམ་མཁའ་ཡོངས་སུ་སྒྲོལ་བར་འདོད་པ་ལམ་ཤེས་པ་ཉིད་ཀྱིས་དེ་ལ་རྩོལ་བར་འདོད་པའོ། །ནམ་མཁའ་བར་སྣང་ལ་འཕང་བར་འདོད་པ་ནི་གང་ཞིག་
ཐམས་ཅད་ཤེས་པ་ཉིད་ཀྱིས་དེ་ལ་བྱ་བར་འདོད་པའོ། །རྣམ་པ་གསུམ་པོ་དེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་འདའ་
བར་མཛད་ཀྱང་སེམས་ཅན་གྱི་ཁམས་ལ་འབྲི་བའམ། གང་བ་མེད་པ་ནི་ནམ་མཁའ་གོ་བགོས་པའི་དཔེས་འཐད་པ་ཡིན་ནོ། །ཞེས་བསྟན་ཏོ། །དོན་ཡོད་པའི་སྦྱོར་བ་ཉིད་ནི་གང་། དེ་ནས་དགེ་སློང་ཞིག་གིས་ཞེས་བྱ་བའི་མིང་དུ་མ་བསྟན་པའི་སྐྱེས་བུའི་རྗེས་སུ་མཐུན་པའི་རྟོགས་པ་
ཉེ་བར་བཀོད་ནས་འཁོར་གཞན་དག་གིས་ཀྱང་སྐལ་བ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཐོབ་པར་བསྟན་པ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་མི་འགྲོ་བའི་སྦྱོར་བ་ནི་བརྒྱ་བྱིན་གྱིས་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་ཁས་བླངས་པ་ནི་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་

བརྙན་དང་། མིག་ཡོར་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་བསྲུང་བ་ལ་སོགས་པར་མི་ནུས་པ་ཉིད་ཀྱི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་
སེམས་དཔའ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ཡང་དག་པར་བསྲུང་བ་ནི་རྣམ་པར་ཉམས་ཤིང་དུབ་པའི་སྐལ་བ་ཅན་ཉིད་དུ་འགྱུར་ཏེ། ཕྱིན་ཅི་མ་ལོག་པ་ལ་གནས་པ་དེ་ཉིད་བསྲུང་བ་ཡིན་ཏེ། ཕྱིན་ཅི་མ་ལོག་པར་མི་གནས་ན་ནི། མི་དང་། མི་མ་ཡིན་པ་དེ་དག་གིས་གླགས་རྙེད་པར་
འགྱུར་བས་བསྲུང་བར་ནུས་པ་མ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཡིན་པར་གསལ་བར་བསྟན་ཏོ། །ཤེས་བྱེད་རྣམ་བདུན་བསྟན་པའི་སྦྱོར་བ་ནི། གང་བཙུན་པ་རབ་འབྱོར་ཇི་ཙམ་གྱིས་བྱང་ཆུབ་སེམས་དཔའ་ལ་ཡོངས་སུ་འགྱུར་བས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་སྣང་བ་
ཡིན་ལ། འདུས་པའི་སྦྱོར་བས་སྒྱུ་མ་ལྟ་བུར་སྣང་བ་ཡིན། འགལ་བས་སྨིག་རྒྱུ་ལྟ་བུར་སྣང་བ་ཡིན། རྐྱེན་གྱིས་བྲག་ཅ་ལྟ་བུར་སྣང་བ་ཡིན། མི་འདའ་བས་གཟུགས་བརྙན་ལྟ་བུར་སྣང་བ་ཡིན། རྟེན་པ་མེད་པས་དྲི་ཟའི་གྲོང་ཁྱེར་ལྟ་བུར་སྣང་བ་ཡིན། བྱེད་པ་པོ་མེད་པས་ཐམས་ཅད་
སྤྲུལ་པ་ལྟ་བུར་སྣང་བ་ཡིན་པར་ཡོངས་སུ་ཤེས་པར་འགྱུར། ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་ཤེས་པ་ཉིད་ཉན་ཐོས་ལ་སོགས་པའི་དབང་དུ་བྱས་ནས་དཔེས་དོན་འཐད་པ་ཡིན་ནོ། །སྦྱོར་བ་རྣམས་བསྟན་ནས། ད་ནི་མཉམ་པ་ཉིད་བསྟན་པའི་ཕྱིར། གཟུགས་ལ་སོགས་པ་
རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་བྱ་བ་སྨོས་པ་སྦྱོར་བའི་དོན་ཡིན་ཏེ། དེ་ལ་འདི་ལྟར་རྣམ་པ་བཞིར་འགྱུར་ཏེ། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱི་རློམ་སེམས་སུ་མི་བྱེད། གཟུགས་ལ་བདག་གི་རློམ་སེམས་སུ་མི་བྱེད། གཟུགས་
ལ་རློམ་སེམས་སུ་མི་བྱེད། ཅེས་བྱ་བ་དང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་ཡང་བརྗོད་པར་བྱའོ། །རློམ་སེམས་རྣམ་པ་བཞིའི་རྣམ་པར་མི་རྟོག་པའི་ཤེས་པ་བཀག་པ་ཡིན་ནོ། །མཉམ་པ་ཉིད་ཀྱི་སྦྱོར་བའི་རྣམ་པར་འགྲེལ་པའོ།། །།ད་ནི་མཐོང་བའི་

ལམ་བརྗོད་པར་བྱ་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་མཐུས་ལྷའི་རིགས་ཐམས་ཅད་ཀྱི་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་སངས་རྒྱས་སྟོང་དང་། འཕགས་པ་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལྷག་ཆད་མེད་པར་
སྟོན་པར་མཛད་པར་སེམས་སོ། །མཐོང་བའི་ལམ་གྱིས་སྐད་ཅིག་མ་བཅུ་དྲུག་ལས་མ་གཏོགས་པར་སྐད་ཅིག་མ་གཞན་མེད་པར་ཤེས་པར་བྱ་བ་དང་། དབང་པོར་གྱུར་པ་དགོས་པའི་ཕྱིར་ཡིན་ནོ། །དེ་ལ་འདས་པའི་སངས་རྒྱས་དཔེར་མ་བྱས་པ་ནི། དེའི་བསྟན་པ་མཐར་ཐུག་པའི་སྦྱོར་
བ་ཤེས་པར་བྱ་བའི་ཆེད་ཡིན་ནོ། །མ་འོངས་པ་སྨོས་པ་ནི་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་དེ་གོས་པ་སྟོན་པའི་ཆེད་ཡིན་ནོ། །གྲངས་སྟོང་དུ་ངེས་པས་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དུ་བསྐལ་པ་བཟང་པོ་པ་སྟོང་དུ་གྱུར་པ་ཉིད་ཀྱི་ཕྱིར་ཐབས་མཁས་པས་གཞན་དག་ཀྱང་
བསྒྲུབ་པ་དང་། དགག་པ་མེད་པར་ཤེས་པར་བྱ་བའི་དོན་ཡིན་ནོ། །མཐོང་བའི་ལམ་གྱི་སྐད་ཅིག་མ་གང་ཞེ་ན། དེའི་ཕྱིར། སྡུག་བསྔལ་ལ་སོགས་དབེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་བཟོད་དང་། །ཤེས་པའི་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་
ལམ། །ཞེས་བྱ་བ་སྨོས་པ་སྟེ། དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་འདི་ཡིན་ཏེ། གང་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་པ་ཞེས་བྱ་བའམ། མ་
འོངས་པ་ཞེས་བྱ་བའམ། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་བཀག་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་གང་གཟུགས་རྣམ་
པར་དག་གོ་ཞེས་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་གོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་རྣམ་པར་རྟོག་པ་གཉིས་པོ་མེད་ཅིང་། ཕྱིན་ཅི་མ་ལོག་པར་རྣམ་པར་དག་པའི་ཆོས་

སྟོན་པར་རྗེས་སུ་གནང་བ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་རབ་འབྱོར་གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཉིད་དོ་
ཞེས་བསྟན་པ་ཡིན་ནོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་གང་གཟུགས་ལ་སོགས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ཡོངས་སུ་དག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་
པའི་བཟོད་པ་ནི་གང་རྣམ་པ་དེ་དག་ནམ་མཁའ་ཡོངས་སུ་དག་པའི་དཔེས་དེ་དག་གི་རྣམ་པ་ཡོངས་སུ་དག་གོ་ཞེས་བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་གང་དེ་ལྟར་དེ་དག་གི་རྣམ་པས་གོས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་
པ་ནི་གང་། དེ་ལྟར་དེ་དག་གི་རྣམ་པས་གཟུང་དུ་མེད་པའི་ཕྱིར་རོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་གང་སྒྲ་བརྙན་གྱི་དཔེས་དེ་དག་གི་ཐ་སྙད་ཀྱི་རྣམ་པ་མེད་པས་འདིར་ཐ་སྙད་ཀྱི་རྣམ་པ་དོན་གྱིས་བཀག་པ་ཡིན་ནོ་ཞེས་བསྟན་ཏོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ནམ་
མཁའ་བརྗོད་དུ་མེད་པའི་ཕྱིར་རྣམ་པ་བརྗོད་དུ་མེད་དོ། །འདིར་ཡང་གཞན་གྱི་བརྒྱུད་པ་བརྗོད་པས་དེའི་དོན་གཞན་གྱི་རྟོགས་པ་བཀག་པ་ཡིན་ནོ། །འགོག་པ་ལ་ཆོས་ཤེས་པ་ནི་དེ་ལྟར་རྣམ་པ་མི་དམིགས་པར་བསྟན་ཏོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་ཆོས་
ཐམས་ཅད་ཤིན་ཏུ་རྣམ་པར་དག་པས་མི་དམིགས་པའི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་རྣམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །འགོག་པ་ལ་རྗེས་སུ་ཤེས་
པ་ནི་གང་དེ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་ནི་ནད་ལ་སོགས་པ་འབྱུང་བར་མི་འགྱུར་བ་དང་། ལྷ་རྣམས་ཀྱང་དེའི་ཕྱི་བཞིན་འབྲང་བར་འགྱུར་བ་དང་། དེ་སྟོན་པ་དེར་ཡང་ཞག་གསུམ་དུ་ལྷའི་ཚོགས་ཆེན་པོ་འདུ་བར་འགྱུར་བ་

དང་། ཆོས་སྟོན་པ་བསོད་ནམས་མང་དུ་འཕེལ་བ་ཉིད་ཀྱིས་ཆོས་གསུམ་སྨོས་ཏེ། དེ་ལ་ལྷ་རྣམས་མཆོད་པར་བྱེད་པ་དང་། བལྟ་བ་དང་། འདུ་བས་ནི་ཤེས་པར་བྱེད་པའི་དོན་ཡིན་ནོ་ཞེས་བསྟན་ཏོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིན་
པོ་ཆེ་ཐམས་ཅད་ཤེས་པའི་དབང་གིས་སྡིག་པ་ཐམས་ཅད་ཞི་བ་དང་། རྣམ་པར་བྱང་བའི་ཕྱོགས་ཤེས་པའི་རྒྱུ་མཚན་ཡིན་པའི་ཕྱིར། དགའ་བར་བྱེད་པས་ནི་རིན་པོ་ཆེ་ཞེས་བྱའོ་ཞེས་བསྟན་ཏོ། །ལམ་ལ་ཆོས་ཤེས་པ་ནི་གང་། ཡང་ལམ་ཤེས་པའི་དབང་གིས་ཆོས་འགའ་ཡང་སྐྱེ་
བ་འམ། འགག་པ་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བའི་བར་དུ་ཡང་དག་པའི་མཐའ་མངོན་སུམ་དུ་བྱས་པས་རྣམ་པར་མི་རྟོག་པའི་ཕྱིར། རྟོག་པ་མེད་པའི་དགེ་བའི་རང་བཞིན་ལ་ནི་རིན་པོ་ཆེ་ཞེས་བསྟན་ཏོ། །ལམ་ལ་རྗེས་སུ་ཤེས་པའི་
བཟོད་པ་ནི་གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་གིས་ཆོས་དེ་དང་དེ་དག་གི་རྣམ་པ་དང་། རྟགས་དང་མཚན་མ་རྣམས་རྟོགས་པའི་ཕྱིར་ཆོས་ལ་སོགས་པའི་རྟོག་པ་དང་མི་ལྡན་པས་གོས་པ་མེད་པའི་རིན་པོ་ཆེ་ཡིན་ནོ་ཞེས་བསྟན་ཏོ། །ལམ་ལ་རྗེས་སུ་ཤེས་པ་ནི་གང་ཡང་ཇི་
སྐད་དུ། དཀོན་མཆོག་གསུམ་གྱི་དོན་རྣམ་པར་མི་ཤེས་པ་དངོས་པོའི་ཡུལ་ཤེས་པས་རྣམ་པར་རྟོག་པར་ཡང་མི་བྱེད། དེ་དག་གི་མཚན་མའི་རྣམ་པར་རྟོག་པ་མི་དམིགས་པས་གཉིས་སུ་དམིགས་པ་མེད་པའི་ཕྱིར། མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པ་ཞེས་བསྟན་པ་ཡིན་ནོ། །དེའི་
མདོར་བསྡུས་པ་ནི། གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང་། །མ་སྐྱེས་མ་འགགས་ལ་སོགས་དང་། །མཁའ་འདྲ་ཆགས་པ་སྤངས་པ་དང་། །ཡོངས་སུ་འཛིན་ལས་གྲོལ་བ་དང་། །ངོ་བོ་ཉིད་ཀྱི་བརྗོད་མེད་དང་། །གང་ཕྱིར་
འདི་ཡི་དོན་བརྗོད་པས། །གཞན་ལ་སྦྱིན་དུ་མེད་པ་དང་། །དམིགས་པ་མེད་པ་ཉིད་དང་ནི། །ཤིན་ཏུ་རྣམ་དག་ནད་མི་འབྱུང་། །ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང་། །དངོས་དང་མིང་དང་གཉིས་པོ་ལ། །

ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བསྟན་པ་ཡིན་ནོ། །དེ་ཉིད་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད། མཐོང་བར་མི་བྱེད། ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ཏེ་རྫོགས་པར་གསལ་བར་
བསྟན་པ་འདི་དང་། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདོད་པའི་ཁམས་ལས་ཤིན་ཏུ་འདའ་བ་མ་ཡིན་ཏེ། བཟློག་པའི་རིམ་པས་དེ་མ་ཐག་ཏུ་ལམ་ཤེས་པའི་དབང་དུ་བྱས་པ་རྫོགས་པར་བསྟན་པ་འདི་དང་། རབ་འབྱོར་གཞན་ཡང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་མི་བྱེད། འདུས་བྱས་འདོར་བར་མི་བྱེད། འདུས་མ་བྱས་འཐོབ་པར་མི་བྱེད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ་རྫོགས་པར་གསལ་བར་བསྟན་པ་ཡིན་ནོ། །དེ་ལྟར་འདི་དང་ཡང་འདི་ཞེས་བྱ་བ་ནི་ཚིག་ཕྲད་ཀྱིས་
ཤིན་ཏུ་ཁྱད་པར་བྱས་ནས་གསུམ་གྱི་དབང་དུ་བྱས་པ་ཁྱད་པར་དུ་བསྟན་ཏོ། །དེ་ལ་དད་པས་བ་སྤུ་ལངས་པའི་སྒྲ་ནི་ཅ་ཅོའི་སྒྲ་ཡིན་ནོ། །ལྷག་མའི་ཚིག་གི་དོན་ནི་འགྲེལ་པས་བཤད་དོ། །ཡང་ཅིའི་ཕྱིར་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ལ་བསྒོམ་པའི་ལམ་ལོགས་ཤིག་
ན་མེད་ཅེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་། མཐོང་བས་བལྟས་ནས་འདའ་བར་བྱའོ་ཞེས་གསུངས་པས་འདི་ནི་གཞན་གཙོ་བོར་བྱེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གང་གཞན་ཡང་རྒྱུན་ཏུ་ཞུགས་པ་
ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་གང་། ཇི་སྐད་དུ། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་
མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །མཐོང་བའི་ལམ་ཞེས་བྱ་བ་ཡིན། །དེ་འདྲར་ཀུན་ཤེས་ཉིད་དུ་འདོད། །ཅེས་བསྟན་པ་ཡིན་ནོ། །དེ་འདིར་རྗེས་སུ་འབྲེལ་

པ་ཡིན་པར་བལྟ་བར་བྱའོ། །སློབ་དཔོན་རྣམ་པར་གྲོལ་བའི་སྡེས་མཛད་པའི་མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་ཐམས་ཅད་ཤེས་པའི་རྣམ་པར་འགྲེལ་པའོ།། །།ཐམས་ཅད་ཤེས་པ་ཉིད་བསྟན་ནས། ད་ནི་རྣམ་པ་ཀུན་མངོན་
པར་རྫོགས་པར་རྟོགས་པའི་ཕྱིར་རྣམ་པ་ཀུན་མངོན་པར་བྱང་ཆུབ་པ་ནི་ཡང་ཀུན་མཁྱེན་གསུམ་པོའི་རྣམ་པ་བསྟན་པ་ཡིན་ནོ། །དེ་ལ་རེ་ཞིག །དམིགས་པའི་ཁྱད་པར་བཟུང་བ་ལ། །རྣམ་པ་ཞེས་ནི་བྱ་བར་བརྗོད། །དམིགས་པ་ནི་དམིགས་པ་རྣམས་སོ། །རྣམ་པ་ནི་མི་མཐུན་པའི་
ཕྱོགས་གང་གིས་གང་ཞིག་གཉེན་པོའི་ཕྱོགས་ནི་ཆོས་ཡིན་ཏེ། དཔེར་ན་རྟག་པར་འཛིན་པའི་མི་རྟག་པ་ལ་སོགས་པ་ལྟ་བུའོ། །གཉེན་པོའི་ཕྱོགས་ཀྱང་ཀུན་མཁྱེན་གསུམ་གྱིས་བསྡུས་པར་བསྟན་པའི་ཕྱིར། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །
ཅེས་བསྟན་པ་ཡིན་ནོ། །རྣམ་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་འཕགས་པའི་བདེན་པ་བཞིའི་རྟེན་ཅན་དུ་བྱས་པ་ཀུན་མཁྱེན་གསུམ་གྱི་དབང་དུ་བྱས་ནས་བདེན་པ་གང་ལ་རྣམ་པ་ཇི་སྙེད་ཡོད་པ་དེ་བསྟན་པའི་ཕྱིར། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་
པ་སོ་སོ་ལ་བཞི་དང་། །ལམ་དེ་ལ་ནི་བཅོ་ལྔར་བཤད། །ཅེས་བསྟན་པ་ཡིན་ནོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་རྣམ་པ་བཞིའི་དབང་དུ་མཛད་ནས། །རེ་ཞིག་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་
འབྱོར་ནམ་མཁའ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་རྣམ་པ་ནི་ཐམས་ཅད་ཤེས་པའི་མི་རྟག་པའི་རྣམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་མེད་པའི་དཔེས་མེད་པའི་དོན་ནི་རྣམ་པ་ཡིན་ནོ། །དེ་བཞིན་དུ་ཚིག་སོ་སོ་ལ་ཡང་བྱ་བར་
དོན་བཤད་པ་དང་འབྲེལ་ཏོ། །མཉམ་པ་ཉིད་ཅེས་བྱ་བའི་རྣམ་པ་ནི་དེ་ལ་འདིའི་དོན་བཤད་པ་དང་། མཚམས་སྦྱར་བ་ནི། ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་འདི་ནི་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །རབ་འབྱོར་ཆོས་ཐམས་ཅད་མི་དམིགས་པ་ཉེ་བར་བཟུང་བའི་

ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བདེ་བ་དང་། སྡུག་བསྔལ་མི་དམིགས་པ་མཉམ་པ་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དབེན་པའི་རྣམ་པ་ནི་ཇི་སྐད་དུ། འདི་ནི་དབེན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །ཤིན་ཏུ་སྟོང་པ་ཉིད་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་
གསུངས་པ་ཡིན་ནོ། །ཤིན་ཏུ་སྟོང་པ་ཉིད་ནི་བདག་རང་དབང་གི་རྫས་ཀྱིས་སྟོང་པའི་ཕྱིར་རོ། །མི་བརྫི་བ་ཞེས་བྱ་བའི་རྣམ་པ་ནི། ཇི་སྐད་དུ། འདི་ནི་བརྫི་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་དམིགས་སུ་མེད་པར་ཉེ་བར་བཟུང་བའི་ཕྱིར་རོ། །བདག་
མེད་པའི་རྣམ་པས་མི་བརྫི་བ་ནི་མུ་སྟེགས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ལྟར་དེ་དག་རིམ་པ་ཇི་ལྟ་བ་བཞིན་དུ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་རྣམས་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཅན་ཡིན་པར་རིག་
པར་བྱའོ། །ཀུན་འབྱུང་གི་བདེན་པའི་རྣམ་པའི་དབྱེ་བ་བཞིའི་དབང་དུ་བྱས་ནས་མི་གནས་པ་ཞེས་བྱ་བའི་རྣམ་པ་ནི། ཇི་སྐད་དུ། འདི་ནི་གནས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །མིང་དང་ལུས་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ། །རྒྱུ་ནི་བསྐྱེད་པའི་རྟེན་ཡིན་པའི་ཕྱིར་
གནས་ཞེས་བྱ་བར་བརྗོད་དོ། །དེ་ལ་མིང་ནི་གཟུགས་མེད་པའི་ཕུང་པོ་བཞིའོ། །དེ་ལྟར་བྱས་ན་དེ་གཉི་གའི་རྒྱུ་ཡིན་པའི་ཕྱིར་རོ། །ནམ་མཁའི་རྣམ་པ་ཞེས་བྱ་བ་ནི་དབུགས་དབྱུང་བ་དང་། འཇུག་པ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ། །སྒྲིབ་པ་མེད་པ་ཉེ་བར་བཟུང་བའི་
ཕྱིར་རོ། །བརྗོད་པར་མི་རིགས་ཏེ། ནམ་མཁའ་མི་སྒྲིབ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་པ་བདེན་མོད་ཀྱི། འོན་ཀྱང་ནང་གི་བདག་ཉིད་རྟོགས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ཏེ། དབུགས་དབྱུང་བ་དང་རྔུབ་པ་གཉིས་ནི་དེའི་ནང་གི་རྟགས་སུ་དེ་དག་དེ་ལྟར་
བསྟན་ཏོ། །བརྗོད་དུ་མེད་པའི་རྣམ་པ་ཞེས་བྱ་བ་ནི་དཔྱོད་པ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །རྟོག་ཅིང་དཔྱོད་ནས་བརྗོད་པ་མེད་པའི་ཕྱིར་རོ། །མིང་མེད་པ་ཞེས་བྱ་བའི་རྣམ་པ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའི་ཕུང་པོ་མི་དམིགས་པ་ཉེ་བར་བཟུང་

བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། ཚོར་བ་ལ་སོགས་པའི་ཕུང་པོ་བཞི་ནི་མིང་དུ་བྱས་པའོ། །དེ་ལྟར་དེ་དག་རིམ་པ་བཞིན་དུ། རྒྱུ་དང་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་ཡིན་ཏེ། ཀུན་འབྱུང་གི་བདེན་པའི་རྟེན་ཅན་ཡིན་པར་རིག་པར་བྱའོ། །འགོག་པའི་བདེན་པའི་
རྣམ་པ་དབྱེ་བ་བཞིའི་དབང་དུ་བྱས་ནས་བསྟན་པ་འགྲོ་བ་མེད་པའི་རྣམ་པ་ཞེས་བྱ་བ་ནི། ཇི་སྐད་དུ། ཆོས་ཐམས་ཅད་འགྲོ་བ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ཏེ། འགོག་པ་ལུས་ཀྱི་མངོན་སུམ་བྱས་པ་ནི་འགྲོ་བ་ཐོབ་པར་བྱས་པ་མེད་པ་ཉིད་ཀྱི་ཕྱིར། མི་འཕྲོགས་
པ་ཞེས་བྱ་བའི་རྣམ་པ་ནི་ཆོས་ཐམས་ཅད་གཟུང་དུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། བཟུང་བ་ཐོབ་པའི་ཡུལ་ཉིད་ཀྱི་ངོ་བོ་མི་འཕྲོགས་པར་བྱས་པའི་ཕྱིར་རོ། །མི་ཟད་པ་བྱ་བའི་རྣམ་པ་ནི་ཆོས་ཐམས་ཅད་ཟད་ཅིང་བྱ་བ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྐྱེ་བ་
མེད་པ་ཞེས་བྱ་བའི་རྣམ་པ་ནི། ཇི་སྐད་དུ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། དེ་ལྟར་དེ་དག་རིམ་པ་ཇི་ལྟ་བ་བཞིན་དུ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ།
འགོག་པའི་བདེན་པའི་རྟེན་ཅན་ཡིན་པར་རིག་པར་བྱའོ། །ལམ་གྱི་བདེན་པའི་རྣམ་པ་ནི་བཅོ་ལྔ་སྟེ། བཞི་ནི་ཉོན་མོངས་པའི་གཉེན་པོར་གྱུར་པ་ཡིན་ནོ། །ལྷག་མ་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡིན་ནོ། །དེ་ཉིད་སྔ་མའི་དབང་དུ་བྱས་ནས་གསུངས་པ་ལ་བྱེད་པ་པོ་མེད་པའི་ཞེས་བྱ་
བའི་རྣམ་པ་ལ། ཇི་སྐད་དུ། བྱེད་པ་པོ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཤེས་པ་པོ་ལ་སོགས་པ་མེད་པ་ཞེས་བྱ་བའི་རྣམ་པ་ནི་ཤེས་པ་པོ་ལ་སོགས་པ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འཕོ་བ་མེད་
པ་ཞེས་བྱ་བའི་རྣམ་པ་ནི་འཆི་འཕོ་བ་དང་། སྐྱེ་བ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དུལ་བ་མེད་པ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། ཆོས་ཐམས་ཅད་རང་བཞིན་གྱིས་དུལ་བ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དེ་

དག་རིམ་པ་ཇི་ལྟ་བ་བཞིན་དུ་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པའི་གཉེན་པོ་ལམ་གྱི་བདེན་པའི་རྟེན་ཅན་ཡིན་པར་རིག་པར་བྱའོ། །ཤེས་བྱའི་སྒྲིབ་པའི་གཉེན་པོའི་ཕྱོགས་ཀྱི་ལམ་ནི་རྣམ་
པ་གཉིས་ཏེ། བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་། མཐོང་བའི་ལམ་ཟག་པ་མེད་པའོ། །དེ་ལ་བསྒོམ་པའི་ལམ་གྱི་རྣམ་པའི་དབང་དུ་མཛད་ནས་བསྟན་པ་ནི་རྨི་ལམ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། རྨི་ལམ་མཐོང་བ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་
གསུངས་པ་ཡིན་ནོ། །སྒྲ་བརྙན་ཞེས་བྱ་བའི་རྣམ་པ་ནི་སྒྲ་བརྗོད་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །མིག་ཡོར་ཞེས་བྱ་བའི་རྣམ་པ་ནི་གཟུགས་བརྙན་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྨིག་རྒྱུ་ཞེས་བྱ་བའི་རྣམ་པ་ནི་ཆུའི་
ཕུང་པོ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྒྱུ་མ་ཞེས་བྱ་བའི་རྣམ་པ་ནི་མཚན་མ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་དེ་དག་རྨི་ལམ་ལ་སོགས་པའི་རྣམ་པ་ལྔ་པོ་རིམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་
མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གདོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ཏེ། ལྔས་བསྒོམ་པའི་ལམ་གྱི་རྣམ་པར་གྱུར་པ་བསྟན་ཏོ། །ཤེས་བྱའི་སྒྲིབ་པའི་གཉེན་པོ་མཐོང་བའི་ལམ་རྣམ་པ་དྲུག་
ནི་རྣམ་པར་རྟོག་པ་སྤོང་བ་ཡིན་པར་རྣམ་པར་གཞག་གོ། །དྲུག་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རྟོག་པ་སྤོང་བ་གསུངས་པ་ལ། ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། ཀུན་ནས་ཉོན་མོངས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །
རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤོང་བ་ནི་གང་རྣམ་པར་བྱང་བའི་རྣམ་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཉོན་མོངས་པའི་སེམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བག་ཆགས་ཀྱི་རྣམ་པར་རྟོག་པ་སྤོང་བ་ནི་གང་རྣམ་པ་དམིགས་སུ་མེད་པའི་ཕྱིར་རོ་

ཞེས་བསྟན་པ་ཡིན་ཏེ། ནམ་མཁའ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྤྲོས་པ་སྤང་བ་ནི་གང་སྤྲོས་པ་ཞེས་བྱ་བའི་རྣམ་པ་ནི་ཞེས་བསྟན་པ་ཡིན་ནོ། །སྤྲོས་པ་ཐམས་ཅད་བཅོམ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྤྲོས་པ་ཞེས་
བྱ་བ་ནི་གང་གཟུགས་ལ་སོགས་པ་ཆོས་སུ་འདུ་ཤེས་པ་ཡིན་པར་རིག་པར་བྱའོ། །རང་གི་རྟོག་པ་སྤོང་བ་ནི་གང་རློམ་སེམས་ཀྱི་རྣམ་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཡོངས་སུ་ཉམས་པའི་རྣམ་
པར་རྟོག་པ་སྤོང་བ་ནི་གང་མི་གཡོ་བའི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཆོས་ཀྱི་དབྱིངས་གནས་པ་ཉིད་ཉེ་བར་བཟུང་བའི་ཕྱིར་རོ། །དེ་ལྟར་དེ་དག་ཉོན་མོངས་པ་དང་། ཤེས་བྱའི་
སྒྲིབ་པའི་གཉེན་པོའི་བྱེ་བྲག་གིས་ལམ་གྱི་བདེན་པའི་རྟེན་ཅན་གྱི་རྣམ་པ་ནི་བཅོ་ལྔར་གྱུར་པ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་བསྟན་ནས་ལམ་ཤེས་པ་ཉིད་བརྗོད་པར་བྱ་སྟེ། དེ་ལ་བདེན་པ་རྣམས་ཀྱི་དོན་གྱི་གོ་རིམས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དོན་ཇི་ལྟ་བུ་
ཡིན་ཞེ་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་དབང་དུ་བྱས་ནས་ཀུན་འབྱུང་དང་། ལམ་གྱི་བདེན་པ་གཉིས་ནི་རྒྱུ་ཡིན་ནོ། །སྡུག་བསྔལ་དང་། འགོག་པ་གཉིས་ནི་འབྲས་བུ་ཡིན་པས་ན། འདི་ལྟར། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །
འགོག་པ་དང་བཅས་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅོ་ལྔ་ཞེས་སྒྲོགས་སོ། །ཞེས་བསྟན་ཏོ། །སྐབས་ཀྱི་རྣམ་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་རྒྱུ་ནི་འདུན་པ་དང་། འདོད་ཆགས་དང་། དགའ་བ་ཡིན་ཏེ། ཡང་སྲིད་པ་འབྱུང་བའི་ཕྱིར་
རོ། །འདི་ལྟར་འདུན་པའི་གཉེན་པོ་ནི་འདོད་ཆགས་དང་བྲལ་བའི་རྣམ་པ་ཡིན་པར་བསྟན་ཏོ། །འདོད་ཆགས་དེ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བྱེད་འདོད་པའི་དངོས་པོའི་དབང་དུ་བྱས་ནས་འདོད་ཆགས་ཀྱི་གཉེན་པོ་ནི་མི་གནས་པའི་རྣམ་པ་ཡིན་

པར་བསྟན་ཏོ། །ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། དེ་དག་ལ་ཆགས་པ་མེད་པའི་དབང་དུ་བྱས་ནས་སྲིད་པའི་གཉེན་པོ་ནི་ཞི་བའི་རྣམ་པ་ཡིན་པར་བསྟན་ཏོ། །ཆོས་ཐམས་ཅད་མ་ནོར་བ་དེ་བཞིན་ཉིད་ཀྱིས་
མངོན་པར་བྱང་ཆུབ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྲེད་པ་ནི་མ་ཞི་བ་གཙོ་ཆེ་བ་ཡིན་པས་དེ་ལྟར་བྱས་པ་ཡིན་ནོ། །ཀུན་འབྱུང་གི་དབྱེ་བ་ནི་གསུམ་སྟེ། འདོད་ཆགས་ཀུན་འབྱུང་བ་དང་། ཞེ་སྡང་ཀུན་འབྱུང་བ་དང་། གཏི་མུག་ཀུན་འབྱུང་བའོ། །དེ་དག་
གི་གཉེན་པོ་ནི་འདོད་ཆགས་མེད་པའི་རྣམ་པ་ཡིན་པར་བསྟན་ཏོ། །འདོད་ཆགས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདོད་ཆགས་ཀྱི་རང་བཞིན་གྱི་དབང་དུ་བྱས་པ་དེ་བཞིན་དུ་ཞེ་སྡང་མེད་པའི་རྣམ་པ་ཡང་ཡིན་ནོ། །ཞེ་སྡང་དམིགས་སུ་མེད་པ་
ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཏི་མུག་མེད་པའི་རྣམ་པ་ཡིན་ཏེ། གཏི་མུག་གི་མུན་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །རབ་ཏུ་སྐྱེ་བ་ནི་ཀུན་དུ་རྟོག་པ་སྟེ། དེ་ལ་འདོད་ཆགས་ལ་སོགས་པ་སྐྱེ་བ་དེའི་གཉེན་པོ་ནི་ཉོན་མོངས་པ་མེད་པའི་
གཉེན་པོ་ཡིན་པར་བསྟན་ཏོ། །ཀུན་དུ་རྟོག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །རྐྱེན་ནི་སེམས་ཅན་དུ་ཞེན་པ་དང་། འཇིག་ཚོགས་ལ་ལྟ་བ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་རྐྱེན་ཡིན་པའི་ཕྱིར་རོ། །གཉེན་པོ་ནི་སེམས་ཅན་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །སེམས་
ཅན་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བྱས་པ་དང་། རྒྱུ་ནི་གང་འདོད་ཆགས་དང་། དགའ་བའོ། །ཀུན་འབྱུང་བ་ནི་གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གོ། །རབ་ཏུ་སྐྱེ་བ་ནི་གང་ཀུན་དུ་རྟོག་པ་ཡིན་ནོ། །རྐྱེན་ནི་གང་སེམས་ཅན་དུ་མངོན་པར་
ཞེན་པ་ཞེས་བྱ་བ་ཡིན་ཏེ། ཀུན་འབྱུང་གི་བདེན་པའི་རྟེན་ཅན་གྱི་རྣམ་པ་ནི་བརྒྱད་དུ་གྱུར་པ་ཡིན་ནོ། །དེ་ལ་ལམ་གྱི་བདེན་པའི་དབང་དུ་བྱས་ནས་གསུངས་པ་ལ་ཚད་མེད་པའི་རྣམ་པ་ཡིན་ནོ། །ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །

སེམས་ཅན་ཚད་མེད་པའི་གོ་སྐབས་འབྱེད་པ་ཉིད་དུ་དགོངས་པ་ཡིན་ནོ། །ཡང་ཇི་ལྟར་ན། ལམ་སེམས་ཅན་དཔག་ཏུ་མེད་པའི་གོ་འབྱེད་པ་ཡིན་ཞེ་ན། མཐའ་གཉིས་སུ་རྟོག་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །མཐའ་གཉིས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་
ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་དགོངས་པ་ཡིན་ནོ། །དེ་ལ་རིགས་པ་གང་ཐ་དད་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་ཐ་དད་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །
ཐ་དད་པ་མེད་པའི་ཆོས་ཉིད་ཀྱིས་ལམ་མ་ལུས་པ་ཐེག་པ་གཅིག་པ་ཡིན་ཏེ། དེ་ལ་རིགས་པ་ཞེས་བྱ་ན། ཅིའི་ཕྱིར་མ་ལུས་པ་ཡིན་ཞེ་ན། མཆོག་ཏུ་འཛིན་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལས་འདས་པ་ཉེ་བར་
བཟུང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཐེག་པ་དམན་པ་འདོད་པ་མེད་པའི་དབང་དུ་བྱས་ནས་དེ་ལ་བསྒྲུབ་པ་ནི་གང་རྟོགས་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར་རྟོག་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བྱ་བའི་རྣམ་པར་རྟོག་
པ་མེད་པའི་དབང་དུ་བྱས་ནས་སོ་སོར་ཡུལ་རྟོགས་པ་མེད་པའི་གནས་ནི་བསྒྲུབ་པ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ན་དེ་ལ་བྱ་བའི་རྣམ་པར་རྟོག་པ་མེད་ཅེ་ན།དཔག་ཏུ་མེད་པ་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པ་ཉེ་བར་བཟུང་
བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཐོབ་པ་ཡོངས་སུ་སྤངས་པ་དང་། མ་ཐོབ་པའི་ཐོབ་པ་དམན་པ་དང་། མཆོག་ཏུ་གྱུར་པའི་རྟོག་པ་མེད་པ་སྔོན་དུ་འགྲོ་བས་དེ་ལ་ངེས་པར་འབྱུང་བ་ནི་གང་ཆགས་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་ནམ་མཁའི་རང་
བཞིན་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་དང་དེའི་ཆོས་རྟོགས་པའི་ངེས་པར་འབྱུང་བའི་དབང་དུ་བྱས་ནས། དེ་ལྟར་བྱས་ཀྱང་ཇི་ལྟར་སེམས་ཅན་ཐམས་ཅད་ལ་ལམ་གོ་འབྱེད་པ་གང་ཡིན་པ་དང་། ཇི་ལྟར་སེམས་ཅན་ཐམས་ཅད་གོ་འབྱེད་པ་དང་། རིགས་

པ་གང་ཡིན་པ་དང་། ཇི་ལྟར་རིགས་པ་གང་ཡིན་པ་དང་། སྒྲུབ་པ་གང་ཡིན་པ་དང་། ཇི་ལྟར་སྒྲུབ་པ་གང་ཡིན་པ་དང་། གང་ཡང་ངེས་པར་འབྱུང་བ་ཡིན་པ་སྟེ། ལམ་གྱི་བདེན་པའི་རྟེན་ཅན་གྱི་རྣམ་པ་ནི་བདུན་དུ་འགྱུར་རོ། །སྡུག་བསྔལ་གྱི་
བདེན་པའི་དབང་དུ་བྱས་ནས་གསུངས་པ་ལ་མི་རྟག་པ་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་འཇིག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འཇིག་པ་མེད་པ་ལས་དོན་གཞན་མ་ཡིན་པའི་དབང་དུ་བྱས་ནས་སྡུག་བསྔལ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་
ཐམས་ཅད་གདོད་མ་ནས་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་དག་ནི་བདེ་བར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་སྟོང་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བདག་གི་རྫས་མི་
དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བདག་མེད་པ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གང་རང་བཞིན་དུ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་
བྱས་ནས་གང་དུ་བརྟགས་པའི་མཚན་མ་རྣམས་ཀྱི་ཡང་ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པ་ཡིན་ཞེ་ན། མཚན་མ་མེད་པའི་རྣམ་པས་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་མཚན་མ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་རྣམས་འགོག་པའི་མཚན་ཉིད་སྔོན་
དུ་འགྲོ་བའི་ཕྱིར་རོ། །དེ་ལྟར་མངོན་དུ་བྱས་པས་བཞི་པོ་མི་རྟག་པ་ལ་སོགས་པའི་རྣམ་པ་གང་ཡིན་པ་དང་། ཡང་རང་བཞིན་གང་ཡིན་པ་སྡུག་བསྔལ་གྱི་བདེན་པའི་རྟེན་ཅན་རྣམ་པར་གྱུར་པ་ནི་ལྔ་ཡིན་ནོ། །དེ་འགོག་པའི་རྣམ་པ་ལྔ་ནི་དངོས་པོ་འགོག་པ་ནང་གི་མཚན་
ཉིད་ཅན་ལ་སོགས་པ་དངོས་པོའི་དབྱེ་བས་རྣམ་པ་གསུམ་ཏེ། གང་ནང་གི་ཆོས་རྣམས་ཀྱི་སྟོང་པ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ནང་གི་བདག་ཉིད་ཅན་གྱི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཕྱིའི་བདག་ཉིད་ཀྱིས་སྟོང་པ་ནི་རྣམ་

པ་ཡིན་ཏེ། ཕྱིའི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཕྱི་དང་ནང་གི་སྟོང་པ་ནི་རྣམ་པ་ཡིན་ཏེ། ཕྱི་དང་ནང་གི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བཏགས་པའི་འགོག་པ་རྣམ་པ་བརྒྱད་ནི་མངོན་
པར་ཞེན་པའི་དབྱེ་བས་གཉེན་པོ་རྣམ་པ་བརྒྱད་ཡིན་ནོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པའི་འགོག་པ་ནི་གང་སྟོང་པ་ཉིད་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འོད་སྲུངས་གང་ཟག་ཏུ་ལྟ་བ་རི་
རབ་ཙམ་མཆོག་ཡིན་གྱི་མངོན་པར་ང་རྒྱལ་བ་ནི་དེ་ལྟ་མ་ཡིན་ནོ། །སྟོང་པ་ཉིད་དུ་ལྟ་བ་ཡིན་པར་བསྟན་ཏོ། །སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་ལ་ཞེན་པའི་འགོག་པ་ནི་གང་ཆེན་པོ་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆེན་པོ་སྟོང་པ་ཉིད་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་
ཡིན་ནོ། །ཕྱོགས་དང་། མཚམས་སྟོང་པ་ཉིད་ཀྱི་དབང་དུ་བྱས་པ་ཉིད་ཡིན་ནོ། །དོན་དམ་པར་མངོན་པར་ཞེན་པའི་འགོག་པ་ནི་གང་དོན་དམ་པ་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་
ནོ། །དེ་ལ་སྟོང་པ་ཉིད་དུ་ལྟ་བས་བྱས་པའི་གཉེན་པོ་ཡིན་ནོ། །དོན་དམ་པ་ནི་གཉེན་པོ་མ་ཡིན་ཏེ། ཡོངས་སུ་གྲུབ་པ་ཙམ་ཡིན་ཏེ་དེ་ནི་སྟོང་པ་ཉིད་དང་། །དོན་དམ་པར་མངོན་པར་ཞེན་པའི་ཁྱད་པར་ཡིན་ནོ། །འདུས་བྱས་སུ་མངོན་པར་ཞེན་པའི་འགོག་པ་ནི་གང་འདུས་
བྱས་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །འདུས་བྱས་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདུས་མ་བྱས་སུ་མངོན་པར་ཞེན་པའི་འགོག་པ་ནི་གང་འདུས་མ་བྱས་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །
རྟག་པ་དང་། ཆད་པའི་མངོན་པར་ཞེན་པའི་འགོག་པ་ནི་གང་ཤིན་ཏུ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །མཐའ་ནི་མཐའ་ལས་འདས་པ་ཉིད་དུ་མངོན་པར་འདོད་པ་དང་། ཐོག་མ་དང་ཐ་མ་འཁོར་བར་མངོན་པར་ཞེན་པ་འགོག་པ་ནི་གང་ཐོག་

མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །མང་དུ་རྟོགས་པར་བྱེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དོར་བ་མེད་པའི་མཚན་ཉིད་རྣམ་པ་
ལ་མངོན་པར་ཞེན་པའི་འགོག་པ་ནི་གང་དོར་བ་མེད་པ་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །དོར་བ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་དག་ནི་བཏགས་པའི་འགོག་པའི་དབྱེ་བས་རྣམ་པ་བརྒྱད་ནི་ཞི་བའི་རྣམ་པས་བསྡུས་པ་
ཡིན་པར་རིག་པར་བྱའོ། །འཕགས་པ་ཐམས་ཅད་ཀྱི་མཛད་པའི་རང་བཞིན་ཞེས་བྱ་བ་དེས་ནི་བྱེད་པ་པོ་འགོག་པ་ཡིན་ཏེ། རྣམ་པ་ཡིན་པར་རིག་པར་བྱའོ། །ཡུལ་ལ་འཁྲུལ་པའི་འགོག་པ་ནི་རྣམ་པ་གཉིས་ཏེ། བཏགས་པ་ལ་འཁྲུལ་པའི་འགོག་པའི་རྣམ་པ་ནི་གང་ཆོས་
ཐམས་ཅད་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཆོས་ཐམས་ཅད་བཏགས་པ་ཙམ་དུ་བྱས་པ་ཉིད་ལ་འཁྲུལ་པའི་འགོག་པ་ནི་གང་རང་གི་མཚན་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་
ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཟུགས་ལ་སོགས་པ་རྣམས་གཟུགས་ལ་སོགས་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱིས་དབེན་པའི་དབང་དུ་བྱས་པའི་རང་བཞིན་འགོག་པ་ནི་གང་དངོས་པོ་མེད་པའི་ངོ་བོ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཡུལ་ལ་འཁྲུལ་པའི་འགོག་པ་དང་། རང་བཞིན་གྱིས་འགོག་པ་འདི་གཉིས་ནི་ངེས་པར་འབྱུང་བའི་རྣམ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་བྱས་ན་ནང་གི་བདག་ཉིད་ཅན་གྱི་དངོས་པོ་ནི་འགོག་པ་གང་ཡིན་པ་དང་།
ཇི་ལྟར་ཡང་ཞི་བ་ཡིན་ཞེ་ན། མངོན་པར་ཞེན་པ་བརྒྱད་ལོག་པའི་ཕྱིར་རོ། །ཇི་ལྟར་གྱ་ནོམ་པ་ཡིན་ཞེ་ན། རང་ཉིད་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ངེས་པར་འབྱུང་བ་ཡིན་ཞེ་ན། གཉིས་སུ་འཁྲུལ་པ་བཀག་པའི་ཕྱིར་རོ། །གང་ཡང་ངེས་པར་འབྱུང་ཞེ་ན། དངོས་པོ་

མེད་པའི་ངོ་བོ་ཉིད་དོ། །དེ་ལྟར་ན་དེ་དག་དངོས་པོའི་འགོག་པ་དང་། བྱེད་པ་པོ་འགོག་པ་དང་། ཡུལ་ལ་འཁྲུལ་པ་འགོག་པ་དང་། དངོས་པོ་གཞན་འགོག་པའི་དབང་དུ་བྱས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་གསུམ་དང་། བརྒྱད་དང་། གཅིག་དང་། གཉིས་དང་།
གཅིག་ནི་འགོག་པའི་བདེན་པའི་རྟེན་ཅན་གྱི་རྣམ་པར་གྱུར་པ་ནི་བཅོ་ལྔའོ། །ལམ་ཤེས་པ་ཉིད་བསྟན་ནས་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྗོད་པར་བྱའོ། །དེ་ལ་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཀུན་མཁྱེན་རྣམ་པ་གསུམ་གྱིས་བསྡུས་པར་འགྱུར་བ་
ཡིན་པ་དེ་བས་ན། དྲན་པ་ཉེར་གཞག་ནས་བཟུང་སྟེ། །ཐ་མ་སངས་རྒྱས་ཉིད་རྣམ་པ། །སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་བསྟན་པ་ཡིན་ནོ། །ཇི་ལྟ་བུ་
ཞིག་ཅེ་ན། ཀུན་མཁྱེན་གསུམ་གྱི་བྱེ་བྲག་གིས། །ལམ་གྱི་བདེན་པ་དང་མཐུན་པར། །ཞེས་སྨོས་སོ། །དེ་དང་རྗེས་སུ་མཐུན་པའི་ལམ་གྱི་བདེན་པ་ནི་ལམ་འདི་གསུམ་ཡིན་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ལ་ཐམས་
ཅད་ཤེས་པ་ཉིད་ཀྱི་ལམ་རྣམ་པ་སུམ་ཅུ་རྩ་བདུན་ལས་གཞི་ཡོངས་སུ་ཤེས་པའི་ལམ་ནི་དྲན་པ་ཉེ་བར་གཞག་པ་སྟེ། གང་དྲན་པ་ཉེ་བར་གཞག་པ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་
ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་བཞི་པོ་དེ་དག་ནི་གཞི་ཡོངས་སུ་རྟོག་པ་ཡིན་ནོ། །རྩོལ་བའི་ལམ་ཡང་དག་པར་སྤོང་བ་ནི་གང་ཡང་དག་པར་སྤོང་བ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །དགེ་བ་དང་། མི་དགེ་བའི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་
ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་དངོས་པོ་ལ་ཡོངས་སུ་བརྟགས་ནས་སྒྲིབ་པ་མེད་པའི་སྤོང་བའི་བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་།

དཔྱོད་པ་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྒྲིབ་པ་ཡོངས་སུ་སྦྱོང་བས་ནི་འདུན་པ་ལ་སོགས་པའི་སྒོ་ནས་དེ་དག་གི་གནས་པ་ལས་སུ་རུང་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པ་དང་འབྲེལ་
པའི་ལམ་དབང་པོ་རྣམས་ནི་གང་དབང་པོའི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །དད་པ་ལ་སོགས་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བྱས་ན་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་གྱིས་དེ་ནི་འཕགས་པའི་ཡང་དག་པར་སྐྱེད་པ་ལ་
དབང་དུ་གྱུར་པ་དྲོ་བ་སྔོན་དུ་འགྲོ་བའི་སྦྱོར་བས་རྩེ་མོའི་མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་ནི་སྟོབས་རྣམས་ཏེ། གང་སྟོབས་རྣམས་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །སྟོབས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་དབང་ཐོབ་
ནས་དེས་མཇུག་ཐོགས་སུ་བདེན་པ་རྟོགས་ན་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཟིལ་གྱིས་མནན་ནས་བཟོད་པ་དང་། ཆོས་ཀྱི་མཆོག་གི་སྦྱོར་བར་གྱུར་པའི་ཕྱིར་མངོན་པར་རྟོགས་པའི་ལམ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡིན་ཏེ། གང་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་ནི་རྣམ་པ་
ཡིན་ནོ་ཞེས་བསྟན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་དངོས་པོ་སོ་སོར་རང་གིས་རིག་པའི་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་ཕྱིར་རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་
ལམ་སྟེ། གང་འཕགས་པའི་ལམ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་འོག་ཏུ་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ངེས་པར་
འབྱུང་བ་ཡིན་ཏེ། དེ་བས་ན་བྱང་ཆུབ་ཀྱི་ཕྱོགས་དེ་རྣམས་ཀྱི་གོ་རིམས་ནི་འདི་ཡིན་ཏེ། དེ་ལྟར་བྱས་ན་དངོས་པོ་ཡོངས་སུ་རྟོག་པའི་ལམ་དང་། རྩོལ་བའི་ལམ་དང་། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལས་ཀྱི་ལམ་དང་། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་དང་། མངོན་

པར་རྟོགས་པ་དང་འབྲེལ་པའི་ལམ་དང་། མངོན་པར་རྟོགས་པའི་ལམ་དང་། ངེས་པར་འབྱེད་པའི་ལམ་གྱི་དབང་དུ་མཛད་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་བཞི་དང་། བཞི་དང་། བཞི་དང་། ལྔ་དང་། ལྔ་དང་། བདུན་དང་བརྒྱད་ཀྱི་དབྱེ་བ་རྣམས་ཐམས་ཅད་ཤེས་པའི་ལམ་གྱི་རྟེན་
ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་བདུན་དུ་བསྟན་ཏོ། །དེ་ལ་ལམ་ཤེས་པ་ཉིད་ཀྱི་ལམ་རྣམ་པ་དྲུག་ལས་གཉེན་པོའི་ལམ་ནི་རྣམ་པ་གསུམ་ཡིན་ཏེ། ལྟ་བས་བྱས་པའི་གཉེན་པོ་ནི་སྟོང་པ་ཉིད་ཡིན་ནོ། །མཚན་མ་དང་རྟོག་པའི་གཉེན་པོ་ནི་མཚན་མ་མེད་པའོ། །ཁམས་གསུམ་དུ་
སྨོན་པའི་གཉེན་པོ་ནི་སྨོན་པ་མེད་པ་ཡིན་ཏེ། རྣམ་པར་ཐར་པ་གསུམ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ཏེ། ལྟ་བ་དང་། རྣམ་པར་རྟོག་པ་དང་། སྨོན་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་སྟོང་པ་ཉིད་དང་། བདག་མེད་པ་དག་ནི་རྣམ་པར་
ཐར་པའི་སྒོ་དང་པོའོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་ནི་སྨོན་པ་མེད་པའོ། །འགོག་པ་དང་། ལམ་གྱི་རྣམ་པ་ནི་མཚན་མ་མེད་པ་ཡིན་པར་རིག་པར་བྱའོ། །ལམ་གྱི་རྟོག་པ་མེད་པ་ནི་
མཚན་མ་མེད་པའོ་ཞེས་བྱའོ། །ཇི་སྐད་དུ། མཚན་མ་མེད་པ་ནི་ཞི་བའི་རྣམ་པ་ཡིན་ནོ་ཞེས་བྱ་བ་དེ་དང་འདི་འགལ་བ་མེད་དོ། །མཚན་མ་མེད་པ་གང་ཡིན་པ་དེ་ནི་འགོག་པ་སྟེ། གང་གི་ཕྱིར་ལམ་གྱིས་མཚན་མ་མེད་པར་བྱས་པའི་ཕྱིར་རོ། །སེམས་ཅན་གྱི་དོན་བྱེད་པ་
ལམ་ཤེས་པའི་འབྲས་བུ་ཡིན་གྱི་སྤངས་པ་ནི་འབྲས་བུ་མ་ཡིན་ནོ། །སེམས་ཅན་གྱི་དོན་ཡང་སྤྲུལ་པ་མེད་པར་མ་ཡིན་པས་སྤྲུལ་པའི་ལམ་ནི་རྣམ་པ་གཉིས་ཏེ། གཟུགས་ཀྱི་འདུ་ཤེས་རྣམ་པར་མ་ཞིག་པ་ནི་བདག་ཉིད་བསམ་གཏན་ནམ། གཟུགས་མེད་པའི་སྙོམས་པར་འཇུག་
པ་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་མངོན་སུམ་དུ་བྱེད་པ་སྟེ། །གང་གཟུགས་ཅན་གཟུགས་ཀྱི་ཁ་དོག་བཟང་པོ་དང་། ངན་པ་རྣམས་ལ་ལྟ་བའོ། །གཟུགས་ཀྱི་འདུ་ཤེས་རྣམ་པར་ཞིག་པ་ནི་བདག་ཉིད་ཀྱི་དེ་བཞིན་དུ་ཕྱི་རོལ་གྱི་གཟུགས་ཀྱི་འདུ་ཤེས་མངོན་དུ་བྱེད་པ་སྟེ། གང་

གིས་ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བའོ་ཞེས་གསུངས་པ་ཡིན་ཏེ། གཉིས་པོ་འདི་དག་ནི་སྤྲུལ་པའི་སྒྲིབ་པའི་གཉེན་པོ་ཡིན་པས་རྣམ་པར་ཐར་པའི་སྒོ་གཉིས་པ་ཡིན་པར་ཤེས་པར་བྱའོ། །སྤྲུལ་པའི་ཀུན་ནས་ཉོན་མོངས་
པ་ནི་རྣམ་པ་གཉིས་ཏེ། སྡུག་པའི་གཟུགས་ལ་དགའ་བ་དང་། མི་སྡུག་པའི་གཟུགས་སུ་སྤྲུལ་པ་ལ་མི་དགའ་བའོ། །དེའི་གཉེན་པོར་སྡུག་པའི་རྣམ་པར་ཐར་པའི་ལུས་ཀྱིས་མངོན་སུམ་དུ་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས་པ་ཡིན་ཏེ། བདག་ཉིད་ཀྱི་སྡུག་པ་དང་།
མི་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། །གཅིག་ལ་གཅིག་རྗེས་སུ་འབྲེལ་པའི་ཤེས་པ་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པས་ཅི་འདོད་པའི་གཟུགས་ལ་ལྷག་པར་མོས་པ་ལ་དབང་ཐོབ་པ་ཡིན་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་བདེ་བར་
གནས་པའི་ལམ་རྣམ་པ་གཉིས་ལས་ཐར་པའི་ཆ་དང་མཐུན་པར་གནས་པའི་ལམ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞིའོ། །ཞི་བར་གནས་པའི་རྣམ་པར་ཐར་པའི་སྒྲིབ་པ་ཆགས་པ་མེད་པའི་ཕྱིར་ནི་འདུ་ཤེས་དང་། ཚོར་བ་འགོག་པ་ཞེས་བྱ་བ་ཡིན་ནོ། །གཞན་
གྱི་སྤྲུལ་པའི་དབང་དུ་བྱས་པ་གསུམ་དང་། བདག་གི་དོན་མཐོང་བའི་ཆོས་ལ་བདེ་བར་གནས་པ་གཞན་གྱི་ཆེད་དུ་བྱས་པའི་དབང་དུ་བྱ་བའི་ལམ་ལྔ་སྟེ། རྣམ་པར་ཐར་པ་བརྒྱད་དུ་འགྱུར་རོ། །དེ་བས་ན་རྣམ་པར་ཐར་པ་བརྒྱད་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར་ཐར་པ་
བརྒྱད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་འགོག་པའི་སྙོམས་པར་འཇུག་པས་འཇིག་རྟེན་ལས་འདས་པའི་ལམ་འཐོབ་པའི་ཕྱིར་རོ། །གང་མཐར་གྱིས་གནས་
པའི་སྙོམས་པར་འཇུག་པ་དགུ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྤོང་བའི་ལམ་བདེན་པ་བཞིའི་རྟེན་ཅན་དེ་མ་ཐག་པའི་ལམ་ཡིན་ཏེ། གང་བདེན་པ་

བཞི་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །ཀུན་འབྱུང་བ་དང་། འགོག་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཉིད་ཀྱི་ལམ་ནི་གང་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། གང་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་ཏོ། །ཕ་རོལ་ཏུ་
ཕྱིན་པ་བཅུ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་གཉེན་པོའི་ལམ་དང་། སྤྲུལ་པའི་ལམ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་དང་། སྤོང་བའི་ལམ་དང་། སངས་རྒྱས་ཀྱི་ལམ་
སྟེ། དེ་དག་གི་དབང་དུ་མཛད་ནས་རིམ་པ་ཇི་ལྟ་བ་བཞིན་དུ་གསུམ་དང་། གསུམ་དང་། ལྔ་དང་། དགུ་དང་། བཞི་དང་། བཅུ་སྟེ། ལམ་ཤེས་པའི་རྟེན་ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་བཞིར་འགྱུར་རོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་ཤིན་ཏུ་ཕུལ་དུ་བྱུང་
བའི་ཕྱིར་གཅིག་ཉིད་ཡིན་མོད་ཀྱི། སྟོབས་དང་མི་འཇིགས་པ་ལ་སོགས་པའི་དབྱེ་བས་རྣམ་པའི་དབྱེ་བ་ཐུན་མོང་མ་ཡིན་པ་བརྗོད་པར་བྱའོ། །འདིར་སྟོབས་བཅུ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཆོས་རྣམས་
ཀྱི་རྣམ་པ་ཆོས་ཉིད་ཐོབ་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ལམ་ཐམས་ཅད་མངོན་པར་ཤེས་པའི་དབང་དུ་བྱས་ནས་སོ་སོར་རིག་པ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཆགས་པ་མེད་པ་དང་། ཐོགས་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཐམས་ཅད་ཀྱི་གྲངས་དང་། ཆོས་ཀྱི་མཚན་ཉིད་དང་། ཡུལ་གྱི་སྐད་རྣམས་དང་། ཆོས་རབ་ཏུ་དབྱེ་བའི་ཡུལ་ལ་གོ་རིམས་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ཡེ་
ཤེས་ཀྱི་རྟོགས་པ་ཉམས་སུ་མྱོང་བ་ཆགས་པ་མེད་པའི་ཕྱིར་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་ཐོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་རྣམ་པ་ཡིན་ཏེ། ཞེས་བསྟན་པ་མ་ཡིན་ནོ། །ཆོས་ཐམས་ཅད་ལས་འདས་པ་ཉེ་

བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །མ་འདྲེས་པ་དེ་དང་དེར་མི་མཐུན་པའི་ཕྱོགས་ཀྱི་ཆོས་གང་དང་གང་ཡིན་པ་དེ་དེ་དང་དེ་ལས་ཡང་དག་པར་འདས་པའི་དབང་དུ་མཛད་ནས། མདོ་ལས། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ལན་འགའ་གྲོང་དུ་བསོད་སྙོམས་ལ་
རྒྱུ་བ་ན་གླང་པོ་ཆེ་གཏུམ་པོའམ། རྟ་མི་བགྲུངས་པའམ། བ་ལང་བརྡུང་པའམ། ཁྱི་ཟ་ལེ་བ་དང་བཅས་པར་འགྲོ་བ་དང་། ཚང་ཚིང་ངམ། ཚེར་མའི་ནགས་སུ་འགྲོ་བ་དང་། སྦྲུལ་ནག་པོ་ལ་རྐང་པས་བརྫི་བ་དང་། དེ་ལྟ་བུའི་ཚུལ་གྱིས་ཁྱིམ་དུ་ཞུགས་པ་དང་། གང་ན་
བུད་མེད་ཀྱི་ཡུལ་མི་རིགས་པར་སྨྲ་བས་མགྲོན་དུ་བོས་པའམ། དགོན་པའམ། ཡང་ན་ལམ་གོལ་བར་འགྲོ་ཞིང་། ལམ་བོར་བ་དང་། རྐུན་པོ་དང་། དགྲ་དང་བཅས་པར་འགྲོ་བ་དང་། སེང་གེ་དང་། སྟག་དང་། གཞན་གྱི་ཆུང་མ་དག་གིས་དེ་དེ་ལྟར་བསྟེན་པ་ན་དགྲ་བཅོམ་པ་ནི་
འཁྲུལ་པར་འགྱུར་གྱི་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ་ཞེས་གསུངས་པ་དང་། གཞན་ཡང་འགའ་ཞིག་ཏུ་དགྲ་བཅོམ་པ་དགོན་པ་ནགས་ཁྲོད་སྟུག་པོར་འགྲོ་བ་ན་ལམ་ནོར་བ་དང་། ཁང་པ་སྟོང་པར་སྒྲ་སྒྲོགས་པ་དང་། ཀུ་ཅོ་འདོན་པར་བྱེད་པ་དང་།
སྙིང་རྗེ་རྗེ་ལྟར་འོ་དོད་འབོད་པ་དང་། བག་ཆགས་ཀྱི་ཉེས་པ་ཀུན་དུ་བསྐྱོད་པས་ཉོན་མོངས་པ་དང་། རྟ་གད་ཆེན་པོས་དགོད་ཅིང་སོ་སྟོན་པ་དང་། སྟེག་ཚུལ་དུ་འཛུམ་ཡང་ཉེ་བར་སྟོན་ཏོ། །དེ་ལྟ་བུའི་ཆ་དང་ལྡན་པའི་ཅ་ཅོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་
མི་མངའོ། །དེ་བཞིན་གཤེགས་པ་ལ་དྲན་པ་ཉམས་པ་མི་མངའ་སྟེ། ཉོན་མོངས་པའི་སེམས་ཀྱིས་བྱས་པའི་ངག་གི་རྗེས་སུ་འགྲོ་བ་མི་མངའ་བའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་ཕུང་པོ་ལ་གཅིག་ཏུ་མི་མཐུན་པའི་འདུ་ཤེས་བསྐྱེད་ཅིང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་
ཞི་བའི་འདུ་ཤེས་ཅན་ཡིན་ལ། དེ་བཞིན་གཤེགས་པ་ལ་ཕུང་པོ་དང་། མྱ་ངན་ལས་འདས་པ་སྣ་ཚོགས་པའི་འདུ་ཤེས་མི་མངའ་སྟེ། བཏང་སྙོམས་མཆོག་གིས་བཞུགས་པའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་སྙོམས་པར་ཞུགས་ནས་མཉམ་པར་གཞག་པ་ཡིན་གྱི་ལྡང་བ་ན་མཉམ་

པར་གཞག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་གནས་སྐབས་ཐམས་ཅད་དུ་ཐུགས་མཉམ་པར་མ་གཞག་པ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་སོ་སོར་བརྟགས་ནས་སེམས་ཅན་གྱི་དོན་བྱེད་པ་ལ་བཏང་སྙོམས་སུ་བྱེད་ཀྱི། དེ་བཞིན་གཤེགས་པ་ནི་འདི་ནི་འདི་ལྟ་བུའི་ཚུལ་
ཅན་ཞེས་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ནས་བརྩམས་ཏེ། མ་ཐོབ་པས་ཡོངས་སུ་ཉམས་པས་འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་
གྲོལ་བ་ལས་ཡོངས་སུ་ཉམས་པ་ཡིན་ཏེ། ཉམས་པ་དྲུག་པོ་དེ་དག་དེ་བཞིན་གཤེགས་པ་ལ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་རེས་འགའ་ལུས་ཀྱི་དགེ་བའི་ལས་ལ་འཇུག །རེས་འགའ་ནི་ལུང་དུ་མ་བསྟན་པའོ། །ངག་དང་ཡིད་ཀྱི་ལས་ལ་ཡང་དེ་བཞིན་ནོ། །དེ་བཞིན་
གཤེགས་པ་ནི་ལས་གསུམ་ཆར་ཡང་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཉིད་ཀྱིས་ལུང་དུ་མ་བསྟན་པ་མི་མངའོ། །དེ་ལ་ཡེ་ཤེས་ཀྱིས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན་ནོ། །ཡེ་ཤེས་དང་ལྷན་ཅིག་སྤྱོད་པའི་ཕྱིར་ཡེ་ཤེས་ཀྱི་རྗེས་སུ་འབྲང་
བ་ཡིན་ནོ། །གཞན་ཡང་དགྲ་བཅོམ་པ་ནི་དུས་གསུམ་གྱི་དངོས་པོ་འབད་པ་མེད་པར་ཤེས་པར་མི་འགྱུར་ཏེ། གང་གིས་འདི་དག་ལ་ཆགས་པ་དང་། ཐོགས་པའི་ཡེ་ཤེས་མཐོང་བར་འགྱུར་བ་ཡིན་གྱི་གང་གིས་འདི་དག་ལ་ཆགས་པ་དང་། ཆགས་པ་མེད་པའི་ཡེ་ཤེས་ཀྱི་མཐོང་
བ་འཇུག་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་འབད་པ་མེད་པར་ཡང་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ནོ། །དེ་བས་ན་བཅོ་བརྒྱད་པོ་དེ་དག་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བཤད་དོ། །མེད་པའི་རྣམ་པ་ནི་གང་དེ་བཞིན་ཉིད་ནི་རྣམ་པ་ཡིན་
ཏེ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དེ་བཞིན་ཉིད་དུ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་མི་འགྲོ་བའི་རྣམ་པ་ནི་རང་བྱུང་གི་རྣམ་པའོ་ཞེས་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་ལ་དབང་སྒྱུར་བ་དམིགས་སུ་མེད་པ་ཉེ་བར་བཟུང་

བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཉིད་ཀྱི་རྣམ་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། འདི་ལྟ་སྟེ། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་རྣམ་པ་མངོན་པར་བྱང་ཆུབ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་
ཡིན་ནོ། །དེ་དག་དེ་ལྟར་བྱས་ན་ཇི་ལྟར་སྟོབས་ལ་སོགས་པའི་རྣམ་པ་རྣམས་ཀྱི་རབ་ཏུ་དབྱེ་བ་དང་རང་བཞིན་གང་ཡིན་པ་དེ་རྣམས་ནི་དེ་བཞིན་ཉིད་དང་། གང་གིས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་རང་བྱུང་དང་། གང་གི་ཆེད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་
ཞེས་བྱ་བ་རྣམས་གོ་རིམས་བཞིན་དུ་བཅུ་དང་། བཞི་དང་། བཞི་དང་། བཅོ་བརྒྱད་དང་། གཅིག་དང་། གཅིག་དང་། གཅིག་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི་བཞི་བཅུར་གཅིག་གིས་མ་ཚང་བར་འགྱུར་རོ། །དེ་དག་བསྡུས་ན་རྣམ་པ་བརྒྱ་བདུན་
ཅུ་རྩ་གཉིས་སུ་འགྱུར་རོ། །རྣམ་པ་ཞེས་བྱ་བའི་ཆོས་འདི་དག་གང་ལ་བྱ་ཞེ་ན། དང་པོ་རྩོམ་པ་ཉིད་ཀྱི་ཚེ། །དམིགས་པའི་ཁྱད་པར་འཛིན་པ་ལ། །རྣམ་པ་ཞེས་ནི་བྱ་བར་བརྗོད། །ཅེས་བསྟན་པ་ཡིན་ནོ། །དེའི་མཚན་ཉིད་བསྟན་པ་ལ་མ་ཡིན་ནམ། །དམིགས་པར་བཞག་པས་ཡང་
དམིགས་པ་སྟེ། འཇིག་རྟེན་པའི་དགེ་བའི་ཆོས་ཐམས་ཅད་དང་། དགེ་བ་ལ་སོགས་པ་ཡིན་པར་བསྟན་པའི་ཕྱིར་འདིར་དངོས་པོ་མེད་པར་རྣམ་པར་ཐར་པའི་གཉེན་པོའི་ཕྱོགས་སུ་མི་འགྱུར་རོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་དབྱེ་
བས་ཟག་པ་མེད་པ་དང་། ཟག་པ་དང་བཅས་པ་ཡིན་ནོ། །ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་རྣམ་གྲངས་ཀྱི་ཟག་པ་དང་བཅས་པ་དེ་ཁོ་ན་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་
ཐུགས་སུ་ཆུད་པས་སངས་རྒྱས་པའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་ནོ། །གང་དྲི་མ་མེད་པའི་རྣམ་པ་བཅུ་དྲུག་ལས་གཞན་མེད་དོ་ཞེས་བསྟན་པ་ནི། ཉོན་མོངས་པའི་སྒྲིབ་པ་ཙམ་གྱི་གཉེན་པོའི་ཕྱོགས་ལ་དགོངས་པ་ཡིན་གྱི་དེ་དང་འདི་ལ་འགལ་བ་མེད་དོ། །རྣམ་པའི་རྣམ་པར་

འགྲེལ་པའོ།། །།རྣམ་པ་རྣམས་བསྟན་ནས། ད་ནི་སྦྱོར་བའི་རྣམ་པ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་སྦྱོར་བའི་རྟེན་སྦྱོར་བ་པོ་ཡིན་པས་དེ་བརྗོད་པར་བྱ་བ་ཡིན་པས་བརྗོད་པར་བྱའོ། །དེ་ལ་སྦྱོར་བ་པོ་རྣམ་པ་བཞི་སྟེ། གང་ཞེ་ན། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །
དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཡང་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་སྦྱོར་བའི་རྟེན་གྱི་དབང་དུ་བྱས་ནས་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་པ། འདས་
པས་བསྟན་པའི་གསུང་རབ་དང་། དེ་བཞིན་གཤེགས་པ་ལས་སྔོན་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་སྣོད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ཉན་པའི་སྦྱོར་བའི་རྟེན་ནི་རྣམ་པ་གསུམ་ཡིན་ནོ། །
ཡང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་ལ་རྗེས་སུ་མི་སྐྲག་པ་ལ་སོགས་པའི་སྦྱོར་བའི་རྟེན་གྱི་དབང་དུ་མཛད་ནས། སངས་རྒྱས་བསྟེན་དང་ཀུན་འདྲི་དང་། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པ། །ལེན་
དང་འཛིན་ལ་སོགས་པ་ཡི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་བསྟན་པ་ཡིན་ནོ། །གང་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། ཡོངས་སུ་ཞུ་བ་བྱས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་ལྡན་པ་འདི་འཛིན་པར་བྱེད་པའི་སྣོད་ཡིན་པར་བསྟན་པ་ཡིན་ནོ། །
གང་གི་ཕྱིར་ཇི་སྐད་དུ་བསྟན་པའི་རྒྱུ་མེད་པ་ནི་དེ་ལ་མི་མོས་པ་དང་། མཆོག་ཏུ་སྤོང་བར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་བསྟན་པ་ལས་བཟློག་པ་ནི་མི་མོས་པ་དང་། སྤོང་བར་བྱེད་པའི་རྒྱུ་ཡིན་ཏེ། མོས་པ་མེད་པའི་རྒྱུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་སྤོང་བའི་རྒྱུ་ནི་
གཞན་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་རང་བཞིན་ཞེས་བྱ་བ་ཡིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ཟབ་པ་ནི་མོས་པ་མེད་པ་ཙམ་གྱི་རྒྱུ་ཡིན་པའི་ཕྱིར་དེ་སྤོང་བའི་སེམས་ཅན་གྱི་ཉེས་པའི་རྒྱུ་

ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས་པར་འདོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྐྱེད་པར་འདོད་པས་རྣམ་པ་ཐམས་ཅད་དུ་དེ་ལ་བརྩོན་པར་བྱའོ་ཞེས་བསྟན་པ་ན་སྦྱོར་བ་བསྟན་པའི་ཉེ་བར་
འགོད་པའི་དོན་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕན་ཚུན་དེ་ལས་འཁྲུངས་པ་དང་། དེའི་མཐུས་གསལ་བ་ཉིད་ཡིན་ནོ། །ཇི་ལྟ་བུའི་དོན་གྱིས་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཁྲུངས་
པ་ནི་མངོན་པར་བསྐྲུན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གསལ་བར་རྟོགས་པ་ལ་སོགས་པར་འགྱུར་བའི་ཕྱིར་དེ་བས་ན་རིམ་པ་ཇི་ལྟ་བ་བཞིན་དུ་རང་ལས་འཁྲུངས་པ་དང་། མཐུས་གསལ་བར་སྨོས་པ་ཡིན་ནོ། །བསྟན་པའི་
སྣོད་ཀྱི་ཉེས་པ་སྤང་བའི་ཕྱིར། ལེགས་པར་ཉོན་ལ་ཡིད་ལ་ལེགས་པར་ཟུང་ཤིག་ཅེས་གསུངས་ཏེ། སྣོད་ཁ་སྦུབ་དང་། མི་གཙང་བ་དང་། རྡོལ་བ་རྣམས་ཉན་པའི་སྣོད་ངན་པ་སྤངས་པ་བསྟན་པའི་སྣོད་ཡིན་པར་བསྟན་ཏོ། །དེས་ནི་བསྟན་པའི་སྣོད་ཀྱི་ཉེས་པ་གསུམ་སྤངས་པ་ཡིན་ནོ། །
ཤེས་རབ་འཆལ་པ་ནི་ལེགས་པར་ཞེས་གསུངས་པས་སོ། །རྣམ་པར་གཡེང་བའི་ཉེས་པ་ནི་ཉོན་ཅིག་ཅེས་གསུངས་པས་སོ། །འདུན་པ་དམན་པའི་ཉེས་པ་ནི་ཡིད་ལ་ལེགས་པར་ཟུང་ཤིག་ཅེས་གསུངས་པས་སོ། །སྦྱོར་བའི་རྟེན་བསྟན་ནས་སྦྱོར་བ་རྣམས་བརྗོད་པར་བྱའོ། །དེ་ནི་རྣམ་པ་
ཉི་ཤུར་བལྟ་བར་བྱ་སྟེ། གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་གནས་པ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང་། །ཚེགས་ཆེན་ཡུན་རིང་རྟོག་ཕྱིར་དང་། །ལུང་བསྟན་ཕྱིར་མི་ལྡོག་
ཕྱིར་དང་། །ངེས་འབྱུང་བར་ཆད་མེད་ཉིད་དང་། །བྱང་ཆུབ་ཉེ་དང་མྱུར་བ་དང་། །གཞན་དོན་འཕེལ་མེད་འགྲིབ་མེད་དང་། །ཆོས་དང་ཆོས་མིན་སོགས་མིང་མཐོང་། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང་། །གཟུགས་སོགས་དེ་ཡི་མཚན་མ་དང་། །དེ་ཡི་ངོ་བོར་རྣམ་མི་

རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང་། །དེ་ནི་དག་པ་མཚམས་དང་བཅས། །ཞེས་བསྟན་པ་ཡིན་ནོ། །དེ་ལ་གཟུགས་ལ་སོགས་པ་མི་དམིགས་པའི་སྦྱོར་བ་ནི་གང་གཟུགས་ཞེས་བྱ་བ་ནས་དེ་གཟུགས་ལ་བརྩོན་པར་མི་བྱེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། མ་འདྲེས་པའི་བར་
ལ་གནས་པ་བཀག་པ་དེ་ལ་བརྩོན་པར་བྱེད་པ་རྗེས་སུ་གནང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་དང་རབ་ཏུ་སྦྱོར་བ་ནི་གང་གཟུགས་ལ་མི་སྦྱོར། །གཟུགས་ལ་སྦྱོར་བར་མི་བྱེད་དོ། །དེ་བཞིན་དུ་གཟུགས་
ལ་བརྩོན་པར་མི་བྱེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱོར་བ་ཡིན་ཏེ། རྗེས་སུ་གནང་བ་ཡིན་ཞེས་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ལ་སོགས་པ་སྔོན་དང་། ཕྱི་མ་དང་། དབུས་སུ་མི་དམིགས་སོ་ཞེས་བསྟན་ཏོ། །ཟབ་པའི་
སྦྱོར་བ་ནི་གང་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་རབ་ཏུ་གནས་པ་མི་དམིགས་པའི་དོན་གྱིས་ཐམས་ཅད་ཤེས་པའི་དབང་དུ་མཛད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པར་བསྟན་པ་ཡིན་ནོ། །གཟུགས་ལ་སོགས་པའི་གཏིང་དཔག་དཀའ་བ་ནི་གང་གཟུགས་
ལ་སོགས་པ་གཏིང་དཔག་དཀའ་བའི་ཕྱིར་རང་བཞིན་གྱི་དྲི་མ་མེད་པའི་དོན་གྱིས་ལམ་ཤེས་པའི་དབང་དུ་མཛད་ནས། དེ་དག་གིས་གཏིང་དཔག་དཀའ་བ་ཉིད་དུ་བསྟན་པ་ཡིན་ནོ། །ཚད་མེད་པའི་སྦྱོར་བ་ནི་གང་གཟུགས་ལ་སོགས་པ་ཚད་མེད་པའི་ཕྱིར་མཐའ་མི་དམིགས་པ་ཉིད་ཀྱིས་
རྣམ་པ་ཐམས་ཅད་མཁྱེན་པའི་དབང་དུ་མཛད་ནས། དེའི་ཚད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་རྣམ་པ་གསུམ་པོ་དེ་དག་ཉིད་ཀྱིས་བཤད་པའི་རྣམ་གྲངས་གཞན་བསྟན་པ་ནི་གང་ཟབ་མོ་མངོན་པར་བྱང་ཆུབ་པ་དང་། ཐུན་མོང་མ་ཡིན་པར་མངོན་པར་བྱང་ཆུབ་པ་དང་།
བླ་ན་མེད་པར་བྱང་ཆུབ་པའི་དབང་དུ་མཛད་ནས། རྣམ་པ་གསུམ་དུ་གསུངས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། སྦྱོར་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གོ་རིམས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། གང་ཡང་གལ་ཏེ་གཟུགས་ཟབ་ཅེས་བྱ་བ་དང་།

གཟུགས་གཏིང་དཔག་དཀའ་ཞེས་བྱ་བ་དང་། གཟུགས་ཚད་མེད་དོ་ཞེས་བྱ་བར་མི་སྦྱོར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། མ་འདྲེས་པའི་བར་དུ་དབྱེ་བ་རྣམ་པ་གསུམ་ལ་དཔྱོད་པ་བཀག་པའི་ཕྱིར་དེ་ལྟར་སྤྱོད་པ་ནི་རྗེས་སུ་
གནང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ཟབ་ཅེས་བྱ་བ་དང་། གཏིང་དཔག་དཀའ་བ་དང་། ཚད་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནས་མ་འདྲེས་པའི་བར་དུའོ། །གཟུགས་ལ་སོགས་པའི་རྣམ་པའི་བདག་ཉིད་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་
པ་ཡིན་ནོ། །ལས་དང་པོ་པ་སྤངས་ནས་ཚེགས་ཆེན་པོས་ཡུན་རིང་པོ་ནས་མངོན་པར་བྱང་ཆུབ་པ་ལ་སྤྱོད་པ་ཡིན་ཏེ། ལས་དང་པོ་པ་རྣམས་ཟབ་མོས་སྐྲག་སྟེ། དང་པོ་སྐྲག་པ་སྐྱེ་བའི་ཕྱིར་རོ། །གཏིང་དཔག་དཀའ་བ་ཉིད་ཀྱིས་ན་སྤང་བར་འགྱུར་ཏེ། མི་དགེ་བའི་བག་ཆགས་
ཀྱིས་བསྒོས་པའི་ཕྱིར་རོ། །ཚད་མེད་པ་ཉིད་ཀྱིས་ན་ཀུན་དུ་སྐྲག་པ་སྐྱེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་མ་ཡིན་པ་ཐོབ་པས་གསུམ་གྱི་རྒྱུས་ལས་དང་པོ་པའི་མདུན་དུ་མ་ཡིན་གྱི་ཕྱིར་མི་ལྡོག་པའི་མདུན་དུ་བརྗོད་པར་རྗེས་སུ་གནང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་དང་པོ་པ་
རྣམས་སྐྲག་པ་ལ་སོགས་པའི་རྐྱེན་གྱིས་ངན་སོང་དུ་འགྲོ་བའི་ལས་བསགས་པས་ཚེགས་ཆེན་པོས་ཡུན་རིང་པོ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ལུང་བསྟན་པ་ཐོབ་པའི་སྦྱོར་བ་ནི་གང་འདོད་ཅིང་མི་
འཇིགས་པ་དང་། རྨི་ལམ་གྱི་ནང་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིད་ལ་བྱེད་པ་ནི་ལུང་བསྟན་པ་ཉེ་བ་ཡིན་ཏེ། དེ་བཞིན་