Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 81
Văn bản gốc(Tây Tạng)
Trang 4 / 15 (50.000 ký tự/trang)
ང་ལྡན་པར་གྱུར་པས་དེས་རྣམ་པར་རྟོག་པ་ལ་སོགས་པ་དང་། འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འགོག་པ་ལ་གནས་པ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་ལྡན་པར་གྱུར་པ་སྟེ། དགའ་ བའི་འདོད་ཆགས་དང་བྲལ་བ་ནི་དེ་འགག་པ་ཡིན་པའི་ཕྱིར་རོ། །རྣམ་པར་སྤོང་བ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་དང་། གཟུགས་མེད་པ་དང་ཅི་རིགས་པར་ལྡན་པར་ཤེས་པ་སྔོན་དུ་འགྲོ་བས་དོར་བྱ་བསལ་བས་ན་རྣམ་པར་སྤོང་བ་ཞེས་བྱའོ། །ཡང་བག་ལ་ཉལ་བ་ ཡང་དག་པར་བཅོམ་པ་ནི་དབེན་པའོ། །ཀུན་ནས་ལྡང་བའི་འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་དང་བྲལ་བའོ། །ཀུན་ཏུ་སྦྱོར་བ་ཡང་དག་པར་གཅོད་པ་ནི་འགོག་པའོ། །ཉེ་བར་ལེན་པ་ཐམས་ཅད་ཡོངས་སུ་སྤངས་པ་ནི་རྣམ་པར་སྤངས་པའོ། །ཡང་ཆོས་མངོན་པ་བ་རྣམས་ནི་དབེན་ པས་ན་ཁམས་ལས་དབེན་པའོ། །འདོད་ཆགས་ལས་བྲལ་བས་ན་ཉོན་མོངས་པའི་འདོད་ཆགས་དང་བྲལ་བའོ། །འགོག་པས་ན་ལས་འདོད་པའོ། །རྣམ་པར་སྤོང་བས་ན་དངོས་པོ་རྣམ་པར་སྤོང་བ་སྟེ། ཚིག་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་ཉིད་སྟོན་པ་ཡིན་ནོ་ཞེས་ཆོས་མངོན་པ་བ་ རྣམས་འཆད་དོ། །དམིགས་པ་ལ་བརྟེན་པའི་སྟོབས་ཀྱིས་སྔ་མའི་རྟེན་གཏོང་བ་ནི་རྣམ་པར་སྤོང་བ་ཞེས་བྱའོ་ཞེས་གནས་བརྟན་སངས་རྒྱས་བཤེས་གཉེན་གྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རབ་ཏུ་བྱེད་པར་བཤད་དོ། །འདིར་ཡང་བདག་གིས་ནི་རྣམ་པར་རྟོག་པ་བཞིའི་གཉེན་པོ་རྣམ་པ་བཞི་ནི་མཐོང་ བའི་ལམ་ཡིན་ནོ། །དེ་ལ་རྟོག་པ་དེ་རྣམས་དང་། དབེན་པ་ལ་གནས་ཞེས་བྱ་བ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱ་བ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་རྣམས་མཐོང་བའི་ལམ་གྱིས་ཡང་དག་པར་བསྡུས་པའི་ཕྱིར་རོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི་ དབེན་པ་སྟེ། དེས་རྣམ་པར་བྱང་བའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་སྤང་བྱ་རྣམ་པར་དབྱེ་བའི་ཕྱིར་རོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི་འདོད་ཆགས་དང་བྲལ་བ་སྟེ། དེས་དགེ་བའི་ཆོས་ལ་འདུན་པ་ནི་འདོད་ཆགས་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །འཛིན་ པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི་འགོག་པ་སྟེ། དེས་བདག་རང་དབང་ཅན་ལ་སོགས་པའི་འཛིན་པ་མ་ལུས་པར་འགོག་ཅིང་སྤོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི་རྣམ་པར་སྤོང་བ་སྟེ། དེས་བདག་ཏུ་བཏགས་པའི་མཚན་མ་སྣ་ ཚོགས་དང་། ཕུང་པོ་ལ་སོགས་པ་ཇི་ལྟ་བ་ཉིད་ཡོངས་སུ་ཤེས་པས་སྤོང་བའི་ཕྱིར་རོ། །དེ་བཞིན་དུ་དད་པ་ལ་སོགས་པ་ལྔ་པོ་དབང་བྱེད་པའི་དོན་གྱིས་ན་དབང་པོ་ཡིན་ནོ། །ལྔ་པོ་དེ་དག་ཉིད་མི་ཐུབ་པའི་དོན་གྱིས་ན་སྟོབས་སོ། །དྲན་པ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་མཐོང་བའི་ལམ་གྱི་ཡན་ལག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པའི་དོན་གྱིས་ན་ལམ་མོ། །སྒྲ་ཇི་བཞིན་ཤེས་པ་དང་བཅས་པའི་ཤེས་པ་བཅུ་གཅིག་དང་། མི་ཤེས་པ་ཀུན་ཤེས་པ་ལ་སོགས་པའི་དབང་པོ་དང་། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ་ལ་སོགས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། སྐྱེ་བ་དང་། འཆི་བ་དང་། ལུས་སུ་གྱུར་པའི་བཟའ་བ་དང་། བཏུང་བ་དྲན་པ་རྣམས་དང་བཅས་པ་དང་། རྗེས་སུ་དྲན་པ་བཅུ་པོ་རྣམས་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། གཟུངས་ཀྱི་སྒོ་རྣམས་དང་། ཐམས་ཅད་མི་དམིགས་པའི་རྣམ་པ་དང་། གཞུང་གི་ཚོགས་བརྩམས་པ་ དང་། བསྟན་པ་དེ་དག་ནི་ལམ་གྱི་ཚོགས་ཡིན་པར་རིག་པར་བྱའོ། །ཆོས་དེ་དང་དེ་དག་ཐམས་ཅད་མཐོང་བ་དང་། བསྒོམ་པའི་ལམ་གྱིས་བསྡུས་པའི་ཕྱིར་རོ། །སའི་ཚོགས་ནི་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་སྦྱོང་བའི་དབྱེ་བས་རྣམ་པ་བཅུར་འགྱུར་བར་རིག་པར་བྱའོ། །གང་ཡང་རབ་ འབྱོར་ཁྱོད་ཇི་སྐད་དུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ནི་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ས་ནས་སར་འཕར་བ་ཡིན་ཞེ་ན། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་འགྲོ་བ་ དང་། འོང་བ་བཀག་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡང་ས་གང་ལ་ཆོས་དུ་ཞིག་ཡོངས་སུ་སྦྱོང་བར་འགྱུར་ཞེ་ན། རྣམ་པ་བཅུས་ས་དང་པོ་ཡོངས་སུ་སྦྱོང་བ་ཡིན་ཏེ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང་། །སེམས་ ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང་། །དམ་ཆོས་དམིགས་པ་ཚོལ་བ་དང་། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། །སངས་རྒྱས་བཀུར་འདོད་དགའ་བ་དང་། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པོ་ཡིན་པར་འདོད། །འདི་དག་རང་ བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །མདོ་ལས་ཇི་སྐད་དུ་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་མི་དམིགས་པའི་རྣལ་འབྱོར་དང་། ཕན་པའི་དངོས་པོ་ཡོངས་སུ་སྦྱོང་བ་མཚན་མ་མི་དམིགས་པ་ཉེ་བར་གཟུང་སྟེ་ཞེས་བྱ་བ་ལ་སོགས་པ་ གསུངས་པ་ཡིན་ནོ། །རྣམ་པ་བརྒྱད་ཀྱིས་ནི་ས་གཉིས་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་རྗེ་ཆེ། །བཀུར་སྟི་གུས་པར་ཉན་པ་དང་། །བརྒྱད་པ་སྦྱིན་ལ་སོགས་པར་བརྩོན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ ལ་བྱས་པ་གཟོ་བ་ནི་ཆུང་ངུ་བྱས་པ་ལས་ལྷག་པར་བྱེད་པ་སྟེ། ཆུད་མི་གསོན་པ་ཡིན་པའི་ཕྱིར་རོ། །རྣམ་པ་ལྔས་ནི་ས་གསུམ་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང་། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །འཁོར་བས་ཡོངས་སུ་ མི་སྐྱོ་དང་། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །ཞེས་གསུངས་པ་ཡིན་ནོ། །རྣམ་པ་བཅུས་ས་བཞི་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། ནགས་གནས་འདོད་ཆུང་ཆོག་ཤེས་དང་། །སྦྱངས་པ་ཡང་དག་སྡོམ་བསྟེན་དང་། །བསླབ་པ་ཡོངས་སུ་མི་གཏོང་ དང་། །འདོད་པ་རྣམས་ལ་སྨོད་པ་དང་། །མྱ་ངན་འདས་དང་བདོག་ཀུན་གཏོང་། །མི་ཞུམ་པ་དང་ལྟ་བ་མེད། །ཇི་སྐད་དུ་མདོ་ལས། དགོན་པ་ལ་གནས་པ་དང་། འདོད་པ་ཆུང་བ་ལ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་འདོད་པ་ཆུང་བ་ནི་གང་མ་རྙེད་པ་དེ་ རྙེད་པར་མི་འདོད་པའོ། །ཆོག་ཤེས་པ་ནི་ཇི་ལྟར་རྙེད་པ་ལས་ལྷག་པར་མི་འདོད་པ་གང་ཡིན་པའོ། །རྣམ་པ་བཅུས་ནི་ས་ལྔ་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །འདུ་འཛིར་གྱུར་པའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང་། །མི་དགེ་ལས་ཀྱི་ ལམ་བཅུ་དང་། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །ཡིད་གཉིས་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ནས། །ས་ནི་ལྔ་པ་ཡང་དག་འཐོབ། །ཅེས་གསུངས་པ་ཡིན་ནོ། །རློམ་པ་ཉིད་ནི་ཁེངས་པ་སྟེ། མཐོ་བ་ལ་སོགས་པའི་རྣམ་པའོ། །རྣམ་པ་དྲུག་གིས་ནི་ས་དྲུག་ པ་ཡོངས་སུ་སྦྱོང་བ་ཡིན་ཏེ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པ། །ཞེས་བྱ་བའི་མདོ་ནི་ཇི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་ སྤངས་པ། །སློང་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང་། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་ཐོབ། །ཅེས་གསུངས་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། ཉན་ཐོས་འདོད་པའི་སེམས་ཡོངས་སུ་སྤང་བར་བྱའོ། །རང་སངས་རྒྱས་འདོད་པའི་ སེམས་ཡོངས་སུ་སྤང་བར་བྱའོ། །འཁོར་བ་ལ་སྐྲག་པའི་སེམས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དབྱེ་བ་ཉི་ཤུས་ས་བདུན་པ་ཡོངས་སུ་སྦྱོང་བ་ཡིན་ནོ། །བདག་དང་སེམས་ཅན་འཛིན་པ་དང་། །སྲོག་དང་གང་ཟག་ཆད་རྟག་དང་། །མཚན་མ་རྒྱུ་དང་ ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་ཆགས་གནས་དང་། །སེམས་ནི་ཀུན་ཏུ་ཞུམ་པ་དང་། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང་། །དེར་ལྟ་བ་ལ་མངོན་ཞེན་དང་། །སྟོང་པ་ཉིད་ལ་རྩོད་པ་དང་། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་ གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་ཐོབ། །ཅེས་གསུངས་པ་ཡིན་ནོ། །གང་གིས་དྲི་མ་ཉི་ཤུ་རྣམ་པར་སྤངས་པས་ས་བདུན་པ་གནོན་པ་ཡིན་ནོ། །ཡང་དེ་ཉིད་ལ་རྣམ་པ་ཉི་ཤུས་ཡིན་ཏེ། རྣམ་ཐར་སྒོ་གསུམ་ཤེས་པ་དང་། །འཁོར་གསུམ་རྣམ་པར་ དག་ཉིད་དང་། །སྙིང་རྗེས་རློམ་པ་མེད་པ་དང་། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་ལ་བཟོད་པ་དང་། །ཆོས་རྣམས་རྣམ་པ་གཅིག་སྟོན་པ། །རྟོག་པ་ཀུན་ཏུ་འཇོམས་པ་དང་། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང་། །ཞི་གནས་ངེས་པར་སེམས་པ་དང་། །ལྷག་མཐོང་ ལ་ནི་མཁས་པ་དང་། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང་། །ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང་། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །ཞེས་བྱ་བ་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ ལས། སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། མཚན་མ་མེད་པ་མངོན་སུམ་དུ་བྱས་པ་དང་། སྨོན་པ་མེད་པའི་ཡེ་ཤེས་དང་། བརྩེ་བ་ནི་སྙིང་རྗེ་བའོ། །དེ་དག་དང་རློམ་པ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་སྙིང་རྗེ་ནི་སྐལ་བ་དམན་པ་རྣམས་ལའོ། །ཕན་གདགས་ པའི་དུས་ལ་རྟོག་པའི་བསམ་པས་སྙིང་རྗེ་བྱ་བ་དང་ལྡན་པའི་སྐལ་བ་དང་ལྡན་པ་རྣམས་ལ་ཕན་གདགས་པས་བསྡུ་བར་སྦྱོར་བ་ཡིན་ནོ། །དབྱེ་བ་རྣམ་པ་བཞིས་ས་བརྒྱད་པ་ཡོངས་སུ་སྦྱོང་ངོ་། །ཡང་རྣམ་པ་བཞི་ནི་འདི་དག་ཡིན་ཏེ། སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་རྩེ་ བ་དང་། །སངས་རྒྱས་ཞིང་བཟངས་བསྒྲུབ་པ་དང་། །སངས་རྒྱས་བསྟེན་དང་དབང་པོ་ཤེས། །ཞིང་གི་སྦྱོང་བ་སྒྱུ་མ་ཡི། །ཏིང་ངེ་འཛིན་ནི་ཐོབ་པ་དང་། །བསམས་བཞིན་སྲིད་པ་ལེན་པ་དང་། །ལས་ནི་རྣམ་པ་བརྒྱད་དུ་འདོད། །ཅེས་བསྟན་པ་ཡིན་ནོ། །ཞིང་སྦྱོང་ཞེས་བྱ་བ་ནི་སེམས་ ཅན་གྱི་འཇིག་རྟེན་ནི་སེམས་ཅན་གྱི་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་ལྟ་བུའོ། །ཆོས་རྣམ་པ་བཅུ་གཉིས་བསྒྲུབས་པས་ས་དགུ་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། སྨོན་ལམ་དག་ནི་མཐའ་ཡས་དང་། །ལྷ་ལ་སོགས་པའི་སྐད་ཤེས་དང་། །སྤོབས་པ་ཆུ་བོ་ལྟ་བུ་ དང་། །མངལ་དུ་འཇུག་པའི་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་གནས་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱིས། །ཡོན་ཏན་ཕུན་ཚོགས་རྫོགས་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །ས་བཅུ་པ་ཉིད་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་ དོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་མཛད་པ་ཉེ་བར་གནས་པས་དེ་ལ་དེ་བཞིན་གཤེགས་པར་བརྗོད་ཀྱི་དེ་བཞིན་གཤེགས་པའི་ཐུགས་སུ་ཆུད་པ་ལས་དགོངས་པ་མ་ཡིན་ནོ། །ས་དང་པོ་ལ་སོགས་པ་དེ་དག་གི་ཡང་ཡོངས་སུ་སྦྱོང་བའི་ཆོས་བསྟན་ཏེ། དེ་ལ་བཤད་ པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་ཞེས་བྱ་བའི་བར་དུ་སྟེ། རང་གི་མཚན་ཉིད་རེ་རེ་ནས་མི་དམིགས་པའི་རྣམ་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའི་ས་བཅུ་པ་ ཇི་ལྟ་བུ་ཞེ་ན། ས་དགུ་ལས་ཤིན་ཏུ་འདས་ནས་སངས་རྒྱས་ཀྱི་ས་ལ་འཇུག་པ་ཡིན་ཏེ། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་ས་དགུ་ནི་འདི་ལྟ་སྟེ། དཀར་པོ་རྣམ་པར་མཐོང་བའི་ས་ནི་དད་པ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། མོས་པས་སྤྱོད་པའི་ས་ཡིན་ནོ། །དེ་ལ་རིགས་ཀྱི་ས་ནི་ཉན་ཐོས་ལ་སོགས་པའི་རིགས་ཀྱི་མཚན་ཉིད་ཡིན་ནོ། །དེ་ལ་ཡང་བརྒྱད་པའི་ས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་པོ་ཡིན་ནོ། །དེ་ལ་ཡང་མཐོང་བའི་ས་ནི་རྒྱུན་ དུ་ཞུགས་པའི་ས་ཡིན་ནོ། །དེ་ལ་ཡང་བསྲབས་པའི་ས་ནི་ལན་ཅིག་ཕྱིར་འོང་བའི་ས་ཡིན་ནོ། །འདོད་ཆགས་དང་བྲལ་བའི་ས་ནི་དེ་ཡང་ཕྱིར་མི་འོང་བའི་ས་ཡིན་ནོ། །བྱས་པ་རྟོགས་པའི་ས་ནི་དེ་ཡང་དགྲ་བཅོམ་པའི་ས་ཡིན་ནོ། །རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་རྣམ་པ་ དགུ་ཡིན་ནོ། །སའི་ཚོགས་བསྟན་ནས་གཉེན་པོའི་ཚོགས་བརྗོད་པར་བྱ་སྟེ། མཐོང་དང་གོམས་པའི་ས་དག་ལ། །གཟུང་དང་འཛིན་པའི་དབྱེ་བ་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་ཡང་རྣམ་པར་རྟོག་པ་བརྒྱད་དོ། ། འདི་དག་ནི་རེ་ཞིག་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་ཡིན་ནོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། དངོས་པོའི་རྟེན་ཅན་དང་། གཉེན་པོའི་རྟེན་ཅན་ནོ། །འཛིན་པའི་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། གང་ཟག་ རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ། །བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱང་བཞི་པོ་ཁོ་ན་ཡིན་ནོ། །དངོས་པོའི་རྣམ་པ་ཙམ་གྱི་རྟེན་ཅན་དང་། གཉེན་པོའི་རྣམ་པའི་རྟེན་ཅན་ཏེ། རྣམ་པ་གཉིས་སོ། །འཛིན་པའི་རྣམ་པར་རྟོག་པ་ཡང་ འཕགས་པའི་གང་ཟག་ཐམས་ཅད་བཏགས་པའི་རྟེན་ཅན་དང་། བཏགས་པ་དེའི་མཚན་མའི་རྟེན་ཅན་ཏེ། རྣམ་པ་གཉིས་སོ། །རྣམ་པར་རྟོག་པ་དེ་དག་ནི་ཁམས་གསུམ་ཀའི་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རབ་འབྱོར་ཁྱོད་ཀྱིས་གང་འདི་སྐད་དུ་དེ་གང་ལས་ངེས་པར་འབྱུང་བར་འགྱུར་ ཞེས་སྨྲས་པ་ནི་ཁམས་གསུམ་ལས་ངེས་པར་འབྱུང་བར་འགྱུར་རོ། །གང་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་ནི་གཉིས་སུ་མེད་པའི་རྣལ་འབྱོར་རོ། །ཇི་ལྟར་གནས་པར་འགྱུར་བ་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་གཉིས་མཐོང་བ་དང་། སྒོམ་པ་གཉིས་ཀྱི་མི་དམིགས་ པའི་རྣལ་འབྱོར་གྱིས་རྣམ་པར་མི་རྟོག་པ་ལ་སྦྱོར་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉི་ག་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་ཞེས་བྱ་བ་ལ་ སོགས་པས་ནི་དེ་ལ་མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དང་པོའི་གཉེན་པོའི་དབང་དུ་མཛད་ནས་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ནམ་མཁའ་དང་། སྤངས་པ་དང་། འདོད་ཆགས་དང་བྲལ་བའི་དབྱིངས་རྣམས་དང་། སྐྱེ་བ་མེད་པ་དང་། འགོག་པ་དང་། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ལ་སོགས་པ་ངེས་པར་འབྱུང་བ་མི་འཐད་པ་ཉིད་ཀྱི་ཕྱིར་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་སོགས་པ་ངེས་པར་འབྱུང་བ་ མི་འཐད་པས་མཚན་མ་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་ནི་གཟུགས་ལ་སོགས་པས་སྟོང་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་དང་། ཁམས་གསུམ་ ལས་ངེས་པར་འབྱུང་བ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་བཀག་པས་རྨི་ལམ་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྤྲུལ་པ་རྣམས་ངེས་པར་འབྱུང་བ་མི་འཐད་པས་མཚན་ཉིད་མེད་ པའི་ཆོས་རྣམས་འབྱུང་བར་འདོད་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན་ཁམས་གསུམ་ལས་ངེས་པར་འབྱུང་བ་བཀག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ཡིན་པ་བཀག་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན་དེ་དག་སྟོང་པ་ ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །མཐོང་བའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ངེས་པར་འབྱུང་བ་མི་འཐད་པས་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་དང་། ཁམས་གསུམ་ལས་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཀག་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །མཐོང་བའི་ལམ་གྱི་འཛིན་པའི་དབང་དུ་མཛད་ནས་ དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ངེས་པར་འབྱུང་བར་མི་འཐད་པས་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བ་ལ་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དེ་དག་གིས་སྟོང་པའི་ ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་དང་། ཁམས་གསུམ་ལས་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་གིས་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་ འབྲས་བུ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྟོན་པ་ཡིན་ནོ། །མཐོང་བའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་མིང་དང་། མཚན་མ་དང་། བརྡ་ དང་། ཐ་སྙད་དང་། གདགས་པ་རྣམས་ངེས་པར་འབྱུང་བ་མི་འཐད་པས་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བ་ལ་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་དེ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་དང་། ཁམས་ གསུམ་ལས་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་མིང་དུ་བཏགས་པ་ནི་འདུ་ཤེས་དང་། གཟུགས་དང་། ཚོར་བ་དང་ཞེས་བྱ་བ་ལ་སོགས་པའོ། ། མཚན་མར་བཏགས་པ་ནི་དངོས་པོ་འདི་ནི་གཟུགས་སུ་རུང་བའི་མཚན་ཉིད་ཡིན་པས་གཟུགས་སོ་ཞེས་བྱ་བ་ལ་སོགས་པའོ། །ཚོར་བ་ནི་ཉམས་སུ་མྱོང་བའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བརྡར་བཏགས་པ་ནི་ཁམས་དང་། འགྲོ་བ་དང་། སྐྱེ་གནས་ལས་སྐྱེས་པའི་དབྱེ་བས་སེམས་ཅན་ རྣམས་རང་གི་སྐད་དང་བརྡར་ཇི་ལྟར་གྲགས་པའོ། །འདི་དག་ཐམས་ཅད་ཀྱི་དབྱེ་བ་ཡང་རྣམ་པ་གསུམ་སྟེ། ཐ་སྙད་དང་། བཏགས་པ་དང་། ཐ་སྙད་ཇི་ལྟ་ཇི་ལྟ་བའི་རྗེས་སུ་འཇུག་པ་ཙམ་ཉིད་ཡིན་གྱི་དོན་དམ་པ་སྟོང་པ་ཉིད་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། མངོན་པར་འདུས་མ་བྱས་པ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པའི་གཉེན་པོའི་དབང་དུ་མཛད་ནས་རབ་འབྱོར་ཁྱོད་ཀྱིས་གང་འདི་སྐད་དུ་དེ་གང་དུ་ གནས་པར་འགྱུར་ཞེས་སྨྲས་པ་ནི་ཐེག་པ་དེ་གང་དུ་ཡང་གནས་པར་འགྱུར་བ་མེད་དེ། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་མི་གནས་པ་སྟེ། ཡང་རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་མི་གནས་པར་གནས་པའི་རྣལ་འབྱོར་གྱིས་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཀྱི་དབྱིངས་དང་། སྐྱེ་བ་ མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ཉིད་ཐེག་པ་ཆེན་པོ་ལ་གནས་པ་དང་། མི་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དེ་དག་གིས་སྟོང་པའི་ཕྱིར་རོ། །དེ་ཅིའི་ ཕྱིར་ཞེ་ན། སྟོང་པ་ཉིད་ལ་གནས་པ་དང་། མི་གནས་པ་ལ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་ རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེས་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་ཐེག་པ་དེས་གང་ཡང་ངེས་པར་འབྱུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་། གང་ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ ཅིང་མི་དམིགས་ན་ཆོས་རྣམས་ལས་ཆོས་གང་གིས་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་རྣམས་ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་བའི་ཕྱིར་དམིགས་སུ་མེད་དོ། །ཆོས་ཀྱི་དབྱིངས་ལ་ སོགས་པ་རྣམས་དང་། ཕུང་པོ་རྣམས་ནས་མ་འདྲེས་པའི་བར་རྣམས་ཀྱང་། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་བའི་ཕྱིར་མི་དམིགས་ཏེ། སོ་སོར་རང་གི་ངོ་བོར་དམིགས་པ་ཉེ་བར་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་དམིགས་སུ་མེད་དོ་ཞེས་བྱ་ བ་ནས་མ་འདྲེས་པ་རྣམས་ཀྱི་བར་དུ་དམིགས་པ་མི་དམིགས་སོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །འདིར་ཤིན་ཏུ་རྣམ་པར་དག་པ་སྨོས་པ་ནི་བསྒོམ་པའི་ལམ་གྱི་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཚན་ཤེས་པ་ཡིན་པའི་ཕྱིར་རོ། །བསྒོམ་པའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོའི་དབང་དུ་མཛད་ ནས་རྒྱུན་ཏུ་ཞུགས་པ་ལ་སོགས་པ་རྣམས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་བའི་ཕྱིར་དམིགས་སུ་མེད་དོ། །གང་དག་དམིགས་སུ་མེད་ཅེ་ན། རང་གི་ངོ་བོ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པ་དམིགས་ སུ་མེད་དོ་ཞེས་བྱ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་མི་དམིགས་སོ་ཞེས་བསྟན་པ་ཡིན་ནོ། སྒོམ་པའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་རྒྱུན་ཏུ་ཞུགས་པ་ལ་སོགས་ པའི་འབྲས་བུ་རྣམས་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རྣམས་དང་། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་ས་རྣམས་ལམ་གྱི་འབྲས་བུར་གྱུར་པ་འཕགས་པའི་གང་ཟག་ཐམས་ཅད་གདགས་པའི་རྒྱུ་མཚན་མི་དམིགས་སོ་ཞེས་བསྟན་པ་ཡིན་ནོ། །ཡང་གང་རྣམ་པར་རྟོག་པ་བཞི་པོ་སྔར་བསྟན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་འབྲེལ་པ་ཡིན་ནོ། ། དེ་ལྟར་འདིར་ནི་ཡང་གཉེན་པོའི་དབང་དུ་མཛད་པའི་རྣམ་པར་རྟོག་པ་བརྒྱད་བསྟན་པ་ཡིན་ནོ། །སྙིང་རྗེ་ལ་སོགས་པ་འདི་དག་ནི་བྱང་ཆུབ་ཀྱི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་ཚོགས་ཞེས་བྱའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་ཚོགས་ཀྱི་བསྒྲུབ་པའི་ རྣམ་པར་འགྲེལ་པའོ།། །།ཚོགས་ཀྱི་བསྒྲུབ་པ་བཤད་ནས་ངེས་པར་འབྱུང་བའི་བསྒྲུབ་པ་བཤད་པར་བྱ་སྟེ། ཆེད་དུ་བྱ་དང་མཉམ་ཉིད་དང་། །སེམས་ཅན་དོན་ལ་འབད་མེད་དང་། །ཤིན་ཏུ་ངེས་པར་འབྱུང་བ་དང་། །ཐོབ་པའི་ངེས་པར་འབྱུང་ཉིད་དང་། །རྣམ་པ་ཐམས་ཅད་ མཁྱེན་ཉིད་དུ། །ངེས་པར་འབྱུང་བའི་ལམ་ཉིད་དང་། །རྣམ་པ་བརྒྱད་ཀྱི་བདག་ཉིད་ནི། །ངེས་འབྱུང་བསྒྲུབ་པ་ཡིན་ཞེས་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་ངེས་པར་འབྱུང་བའི་བསྒྲུབ་པ་ནི་རྣམ་པ་བརྒྱད་དུ་འགྱུར་ཏེ། འདི་ལྟ་སྟེ། ཆེད་དུ་བྱ་བའི་ངེས་པར་འབྱུང་བ་དང་། མཉམ་པ་ ཉིད་ཀྱི་ངེས་པར་འབྱུང་བ་དང་། སེམས་ཅན་གྱི་དོན་གྱི་ངེས་པར་འབྱུང་བ་དང་། ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་དང་། ཤིན་ཏུ་ངེས་པར་འབྱུང་བ་དང་། ཐོབ་པའི་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་དང་། ལམ་གྱི་ངེས་པར་འབྱུང་བའོ། །དེ་ལ་ ཆེད་དུ་བྱ་བའི་ངེས་པར་འབྱུང་བ་ནི་རྣམ་པ་གསུམ་སྟེ། མཆོག་ཏུ་ངེས་པར་འབྱུང་བ་དང་། སྤངས་པའི་ངེས་པར་འབྱུང་བ་དང་། རྟོགས་པའི་ངེས་པར་འབྱུང་བའོ། །གང་དུ་མཆོག་ཉིད་ངེས་པར་འབྱུང་བའི་དབང་དུ་མཛད་ནས། ཇི་ལྟར་འདི་ལྟར་དེ་དང་དེ། །ཞེས་བྱ་བ་ནས་བརྩམས་ཏེ། གོ་ཆ་ ཆེན་པོ་བགོས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གོ་ཆའི་བསྒྲུབ་པ་ཆེན་པོ་ཉིད་དང་། ཐེག་པ་ཆེན་པོ་ལ་ཡང་ཞོན་པ་ཞེས་བྱ་བ་འཇུག་པའི་ཆེ་བ་ཉིད་དང་། ཅིའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བའི་ཚོགས་ཀྱི་བསྒྲུབ་པའི་ཆེ་བ་ཉིད་ཀྱིས་འདིའི་ཆེན་པོ་རྣམ་པ་གསུམ་པོ་ངེས་པར་འབྱུང་བའི་བསྒྲུབ་ པ་ནས་བརྩམས་ཏེ། དེ་ནི་འཆད་པར་འགྱུར་བ་ཡིན་ནོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བས་ཞེས་གནས་བརྟན་རབ་འབྱོར་གྱིས་ངེས་པར་འབྱུང་བའི་བསྒྲུབ་པ་བསྟན་ནས། དེ་ཉིད་ བསྟན་པ་ནི་རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། མ་ འདྲེས་པའི་བར་དུ་ཇི་སྐད་བསྟན་པ་རྣམས་ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་ནས་བརྩམས་ཏེ། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་ནི་རབ་འབྱོར་གལ་ཏེ་འདོད་པའི་ ཁམས་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ཏེ། དེ་ཁོ་ན་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་ པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་རབ་འབྱོར་འདོད་པའི་ཁམས་དེ་རྣམ་པར་རྟག་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟག་པའི་མ་རིག་པས་རྣམ་པར་གཞག་ཅིང་དེ་ནི་རྐྱེན་གྱི་འདུ་བྱེད་ཀྱིས་རྣམ་པར་བསྒྲུབས་པ་སྲེད་པ་དང་། ལེན་པ་དང་། སྲིད་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ། །དེ་བས་ན་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་གྲགས་པ་ཙམ་གྱི་དོན་ཇི་ལྟ་བ་ཉིད་མ་ཡིན་ པས་མངོན་པར་རྟོགས་པའི་འབྲས་བུའི་ཐེག་པ་ཆེན་པོ་ནི་དེ་ལ་མངོན་པར་ཞེན་པའི་བཅིངས་པ་ཉིད་ཡིན་ཞེས་བསྟན་པའི་ཕྱིར་རོ། །གཞན་དུ་ན་ཐེག་པ་ཆེན་པོ་གཉེན་པོ་ཉིད་ནི་དོན་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལ་དམིགས་པ་དང་། དམིགས་པ་པོ་དང་། གཉི་གའི་དབང་དུ་མཛད་ནས་ཚིག་ དང་པོ་དང་། བཞི་པ་དང་། བདུན་པའོ། །གཉིས་པ་གཉིས་ནི་སྔ་མ་དག་གིས་བཤད་པ་དག་གི་ཚིག་ཡིན་ལ། དེ་ནས་དེ་ལ་གཞན་གསུམ་གྱི་དབང་དུ་བྱས་ནས་ནི་ཚིག་གསུམ་ཡིན་ནོ། །དེ་བཞིན་དུ་དམིགས་པ་ལ་སོགས་པ་དེ་རྣམས་ཀྱིས་མཉམ་པའི་ངེས་པར་འབྱུང་བར་འགྱུར་བས་གཞན་ དུ་འགྱུར་བའི་ཆོས་ཅན་ནི་ཚིག་བཅུ་གཅིག་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་གཟུགས་དང་། གཟུགས་མེད་པའི་ཁམས་དང་། ཕུང་པོ་ལ་སོགས་པ་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་མ་འདྲེས་པའི་བར་དུ་དངོས་པོ་དང་ དངོས་པོ་མེད་པ་བཀག་པར་གསུངས་པ་ནི་ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་ཡིན་པར་འདོད་པའི་འོག་མ་རྣམས་ལ་ཡང་ཁས་བླང་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྤངས་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་སའི་ཆོས་དང་། རྒྱུན་ཏུ་ཞུགས་པ་ལ་ སོགས་པའི་ཆོས་རྣམས་དང་། རིགས་ཀྱི་སའི་གང་ཟག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དང་། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ དངོས་པོ་དང་། དངོས་པོ་མེད་པ་བཀག་པས་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་བསྟན་པ་ཡིན་ནོ། །རྟོགས་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེམས་བསྐྱེད་པ་རྣམས་དངོས་པོ་དང་། དངོས་པོ་མེད་ པ་བཀག་པས་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་བསྟན་པ་ཡིན་ནོ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་པོ་དང་དངོས་པོ་མེད་པ་བཀག་པས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པ་དང་། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་དང་དངོས་པོ་མེད་པ་བཀག་པས་བསྟན་ཏོ། །སངས་རྒྱས་ཀྱིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གཟི་བརྗིད་དང་དཔལ་གྱིས་མནན་ཅིང་། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དངོས་པོ་དང་དངོས་པོ་མེད་པ་བཀག་པ་བསྟན་ཏོ། །སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རང་གི་སྐུའི་འོད་ཀྱིས་རྒྱས་པར་འགེངས་པར་མཛད་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་ དངོས་པོ་དང་དངོས་པོ་མེད་པ་བཀག་པ་བསྟན་ཏོ། །སངས་རྒྱས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཚད་མེད་ཅིང་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་གསུང་གིས་གོ་བར་མཛད་པ་སྔ་མ་བཞིན་ནོ། །དེ་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་ལས་དེ་ལས་ཀྱང་མཉེན་པ་གང་ཞེ་ན། འདི་ལྟར་སངས་རྒྱས་ཀྱིས་དགེ་བའི་རྩ་བ་ཉེ་བར་སྟོན་པར་མཛད་པའི་ཕྱིར་མཉེན་པའོ། །མཐོང་བའི་ཆོས་ཉིད་ལ་བདེ་བར་ངེས་པར་མཛད་པའི་ཕྱིར་འཇམ་པའོ། །དོན་བཟང་བའི་ཕྱིར་ཡིད་དུ་འོང་བའོ། །ཡི་གེ་བཟང་བའི་ཕྱིར་ཡིད་དུ་འཐད་པའོ། །འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་ རྗེས་ལ་ཐོབ་པའི་ཕྱིར་དག་པའོ། །ཉོན་མོངས་པའི་བག་ལ་ཉལ་གྱི་བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །ཚིག་དང་ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རབ་ཏུ་གསལ་བའོ། །མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་རྣམ་པར་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་ སྙན་ཅིང་འཇེབས་པའོ། །བསྒྲུབས་པ་ངེས་པར་འབྱུང་བ་དང་ལྡན་པའི་ཕྱིར་མཉན་པར་འོས་པའོ། །ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྩོལ་བའི་ཕྱིར་མི་ཚུགས་པའོ། །ཐམས་ཅད་དགའ་བར་བྱེད་པའི་ཕྱིར་སྙན་པའོ། །འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པའི་ཕྱིར་དུལ་བའོ། ། བསླབ་པ་བཅས་པའི་ཐབས་བདེ་བ་མངའ་བའི་ཕྱིར་མི་རྩུབ་པའོ། །དེ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་མི་བརླང་བའོ། །ཐེག་པ་གསུམ་གྱིས་འདུལ་བ་སྟོན་པའི་ཕྱིར་རབ་ཏུ་དུལ་བའོ། །རྣམ་པར་གཡེང་བའི་གཉེན་པོ་ཡིན་ པའི་ཕྱིར་རྣར་སྙན་པའོ། །ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་ལུས་སིམ་པར་བྱེད་པའོ། །ལྷག་མཐོང་གིས་རབ་ཏུ་དགའ་བ་སྐྱེད་པར་མཛད་པའི་ཕྱིར་སེམས་ཚིམ་པར་བྱེད་པའོ། །ཐེ་ཚོམ་གཅོད་པར་མཛད་པའི་ཕྱིར་སྙིང་དགའ་བར་བྱེད་པའོ། །ལོག་པར་ངེས་པ་དང་མ་ངེས་པ་སེལ་བས་ན་དགའ་ བ་དང་བདེ་བ་སྐྱེད་པའོ། །བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའོ། །ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་ཀུན་ཤེས་པར་བྱ་བའོ། །བསམས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རྣམ་པར་རིག་ པར་བྱ་བའོ། །སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་བར་ཆོས་སྟོན་པར་མཛད་པའི་ཕྱིར་རྣམ་པར་གསལ་བའོ། །རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་དགའ་བར་བྱེད་པའོ། །རང་གི་དོན་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པའི་ཕྱིར་མངོན་པར་དགའ་བར་བྱེད་པའོ། ། བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་ཀུན་ཤེས་པར་བྱེད་པའོ། །བསམ་དུ་རུང་བའི་ཆོས་རྣམས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་རྣམ་པར་རིག་པར་བྱེད་པའོ། །ཚད་མ་དང་མི་འགལ་བའི་ཕྱིར་རིགས་པའོ། །གདུལ་བྱ་རྣམས་ལ་ཇི་ལྟར་རིགས་པར་སྟོན་པར་ མཛད་པའི་ཕྱིར་འབྲེལ་པའོ། །དོན་མེད་པ་མི་གསུང་བའི་ཕྱིར་ཟློས་པའི་སྐྱོན་མེད་པའོ། །མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའི་ཕྱིར་སེང་གེའི་ཤུགས་སོ། །གསུང་རྒྱ་ཆེ་བའི་ཕྱིར་གླང་པོ་ཆེའི་སྒྲ་སྐད་དོ། །ཟབ་པའི་ཕྱིར་འབྲུག་གི་སྒྲ་དབྱངས་སོ། །གཟུང་བར་འོས་པའི་ ཕྱིར་ཀླུའི་དབང་པོའི་སྒྲའོ། །སྙན་པའི་ཕྱིར་དྲི་ཟའི་གླུ་དབྱངས་སོ། །རྣོ་བ་དང་འཇིགས་པའི་ཕྱིར་ཀ་ལ་པིཾ་ཀའི་སྒྲ་དབྱངས་སོ། །ཐག་རིང་པོར་གྲག་པའི་ཕྱིར་ཚངས་པའི་སྒྲ་དབྱངས་སུ་བསྒྲགས་པའོ། །གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་ཤེས་པ་ཡིན་པའི་ཕྱིར་ཤང་ཤང་ཏེའུའི་སྒྲ་དབྱངས་ སུ་གྲག་པའོ། །དེ་ལ་སྒྲ་སྨོས་པས་ནི་དོན་སྟོན་པའི་མཚན་ཉིད་སྒྲ་ཡིན་པར་གོ་བར་བྱ་བའི་དོན་ཏོ། །དབྱངས་སྨོས་པ་ནི་དེའི་བརྡ་གོ་བར་བྱེད་པའི་དོན་ཏོ། །གྲག་པ་སྨོས་པས་ནི་བརྡ་དེ་དང་རྗེས་སུ་སྒྲོགས་པ་གོ་བར་བྱེད་པའི་དོན་ཡིན་ནོ། །འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ལྷའི་དབང་པོའི་དབྱངས་ ལྟར་སྙན་པའོ། །བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བའི་ཕྱིར་རྔའི་སྒྲའོ། །བསྟོད་པས་ཀུན་ནས་ཉོན་མོངས་པ་མི་མངའ་བའི་ཕྱིར་མ་ཁེངས་པའོ། །སྨད་པས་ཞུམ་པ་མི་མངའ་བའི་ཕྱིར་མི་དམའ་བའོ། །སྒྲའི་བསྟན་བཅོས་ཐམས་ཅད་ལ་རྣམ་པ་ཐམས་ ཅད་ཀྱི་མཚན་ཉིད་རྗེས་སུ་ཞུགས་པ་ཉིད་ཡིན་པའི་ཕྱིར་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའོ། །བསྙེལ་ཏེ་གསུང་བ་མི་མངའ་བའི་ཕྱིར་ཚིག་ཟུར་ཆག་པ་མེད་པའོ། །གདུལ་བྱ་རྣམས་ཀྱི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པར་མཛད་པའི་ཕྱིར་མ་ཚང་བ་མེད་པའོ། །རྙེད་པ་དང་ བཀུར་སྟི་ལ་མི་རྟོན་པའི་ཕྱིར་མ་ཞུམ་པའོ། །བསྙེངས་པ་དང་བྲལ་བའི་ཕྱིར་མི་ཞན་པའོ། །སྐྱོ་བ་མེད་པ་ལ་མངའ་བརྙེས་པའི་ཕྱིར་རབ་ཏུ་དགའ་བའོ། །རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་ཁྱབ་པའོ། །སེམས་ཅན་གྱི་དོན་དེ་དག་ཐམས་ཅད་རྫོགས་པར་མཛད་ པའི་ཕྱིར་ཆུབ་པའོ། །རྒྱུན་ཆད་པ་མེད་པའི་ཕྱིར་རྒྱུན་ཆགས་པའོ། །རྣམ་པ་སྣ་ཚོགས་པའི་རྣམ་པར་རབ་ཏུ་གནས་པའི་ཕྱིར་འབྲེལ་པའོ། །གསུང་གཅིག་ལས་སྒྲའི་རྣམ་པ་དུ་མར་གནས་པའི་ཕྱིར་སྒྲ་ཐམས་ཅད་རྫོགས་པར་བྱེད་པའོ། །གཅིག་ལས་དོན་དུ་མའི་རྣམ་པར་རིག་པར་ཉེ་ བར་གནས་པའི་ཕྱིར་དབང་པོ་ཐམས་ཅད་ཚིམ་པར་བྱེད་པའོ། །ཇི་ལྟར་བཅས་པ་བཞིན་མཛད་པའི་ཕྱིར་མ་སྨད་པའོ། །ཕྱིས་དུས་ལ་བབ་པར་རབ་ཏུ་སྦྱོར་བའི་ཕྱིར་མི་འགྱུར་བའོ། །རྟབ་རྟབ་པོར་མི་གསུང་བའི་ཕྱིར་མ་རྟབས་པའོ། །འཁོར་ཐག་རིང་བ་དང་ཉེ་བར་མཚུངས་པར་ཐོས་པའི་ཕྱིར་ ཀུན་ཏུ་གྲག་པའོ། །འཇིག་རྟེན་པ་ཐམས་ཅད་ཀྱི་དོན་དང་། འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་དཔེ་ཆོས་སུ་བསྒྱུར་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ་ཞེས་འཕགས་པ་ཐོགས་མེད་ཀྱིས་གསུངས་སོ། །ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་བ་རྣམ་པ་བཅུ་གཉིས་ཀྱི་ ཆོས་ཀྱི་འཁོར་ལོ་དངོས་པོ་དང་དངོས་པོ་མེད་པས་བསྟན་པ་ཡིན་ནོ། །སྔར་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་བ་འདི་ཡིན་ཏེ། སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་བྱའོ། །ཡོངས་སུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་འདི་ལ་རེ་རེ་ཞིང་ མིག་དང་། ཤེས་པ་དང་། རིག་པ་དང་། བློ་སྐྱེས་པའི་ཕྱིར་འདི་ལྟར་རྣམ་པ་བཅུ་གཉིས་སོ། །དེ་བཞིན་དུ་བདེན་པ་རེ་རེ་ཞིང་ཡང་གསུམ་དང་། བཅུ་གཉིས་སུ་ཆོས་མཐུན་པས་ལན་གསུམ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཞེས་གསུངས་པ་ཡིན་ནོ། །སེམས་ཅན་གང་དག་ལ་ བསྐོར་བ་དེ་རྣམས་ཀྱི་དངོས་པོ་དང་དངོས་པོ་མེད་པ་བཀག་པར་བསྟན་པས་དུས་གསུམ་པའི་སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་དངོས་པོ་ནི་གང་ཞིག་ལགས། དངོས་པོ་ མེད་པ་ནི་གང་ཞིག་ལགས། བཀའ་སྩལ་པ། རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་སུ་མེད་པ་ནི་དངོས་པོ་མེད་པའོ་ཞེས་གསུངས་པ་ཡིན་ནོ། །ངེས་པར་འབྱུང་བ་གསུམ་ནི་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་ཡིན་པར་རིག་པར་བྱའོ། །མཉམ་པ་ཉིད་ཀྱི་ངེས་པར་འབྱུང་བའི་དབང་ དུ་མཛད་ནས་རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་བྱ་བ་ལ་སོགས་པ་དང་། ནམ་མཁའ་དཔེར་བྱས་པས་ནི་ཐེག་པ་ཆེན་པོ་ལ་ཕྱོགས་ཡོད་པར་ཤེས་པར་བཀག་པ་ཡིན་པས་རིང་པོ་དང་། ཐུང་ངུ་དང་། སྔོན་པོ་དང་སེར་པོ་ལ་སོགས་པ་དང་། དབྱིབས་དང་། ཁ་དོག་གི་གཟུགས་བཀག་པ་དང་། དུས་གསུམ་བཀག་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སྐྱེ་བ་དང་། འགག་པ་དང་། གནས་པ་དང་། མཐར་ཐུག་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །དེ་ལ་མེད་པ་ལ་འབྱུང་བ་ ནི་སྐྱེ་བའོ། །ཡོད་པ་ལས་ལོག་པ་ནི་བཀག་པའོ། །རྒྱུན་འདྲ་བ་ནི་གནས་པའོ། །རྒྱུན་རྣམ་པར་འགྱུར་བ་ནི་མཐར་ཐུག་པའོ། །ཉེ་བར་ཞིག་ཅིང་རྒྱུན་གཞན་དུ་འགྱུར་བ་ནི་གནས་པ་ལས་གཞན་དུ་འགྱུར་བའོ། །དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་མ་ཡིན་པ་རྣམས་དང་། མཐོང་ བ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་རྣམས་དང་། ཤེས་པར་བྱ་བ་དང་། རྣམ་པར་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་། མངོན་དུ་བྱ་བ་དང་། སྤང་བར་བྱ་བ་དང་། བསྒོམ་པར་བྱ་བའོ། །དེ་ལ་ཤེས་པར་བྱ་བ་ནི་ཐམས་ཅད་ཤེས་པ་ཉིད་དེ། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མཐོང་ཞིང་། ཡེ་ཤེས་ཀྱིས་བལྟས་ནས་བྱང་ཆུབ་སེམས་དཔའ་འདའ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཀུན་ཤེས་པ་ཉིད་ནི་ལམ་ཤེས་པ་ཉིད་དེ། དེས་སངས་རྒྱས་ཉིད་ཀྱི་བར་དུ་ཤེས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པར་བྱ་བ་ནི་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དེ། དེས་ནི་མ་ལུས་པ་ཡུལ་དུ་མཛད་པའི་ཕྱིར་རོ། །རྣམ་པར་སྨིན་པ་དང་། དེ་དང་འབྲེལ་པའི་ཆོས་དང་། འདོད་པའི་ཁམས་ལ་སོགས་པར་གཏོགས་པ་ཉིད་བཀག་པས་ནམ་མཁའ་དང་། ཐེག་པ་ཆེན་པོ་མཚུངས་པས་སེམས་བསྐྱེད་པ་དང་པོ་ནས་ཉེ་བར་ བཟུང་སྟེ། དེ་བཞིན་དུ་ས་བཅུ་པ་དང་། དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་རྣམས་དང་། བྱས་པ་རྟོགས་པའི་ས་ནས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱིས་བཀག་པས་ཐེག་པ་ཆེན་པོ་ནི་གཟུགས་དང་། བསྟན་དུ་ཡོད་པ་དང་། ཐོགས་པ་དང་བཅས་པ་དང་། མཚུངས་པར་ལྡན་པ་རྣམས་ལས་གོ་བཟློག་པ་རྣམས་བཀག་པ་དང་། དེ་བཞིན་དུ་བདེ་བ་དང་། རྟག་པ་དང་། ཞི་བ་རྣམས་ལས་གོ་བཟློག་པ་དང་། མི་སྟོང་པ་དང་། མཚན་མ་དང་། སྨོན་པ་ཡོད་པ་དེ་རྣམས་གོ་བཟློག་པ་དང་། དབེན་པ་དང་། སྣང་བ་ལས་གོ་བཟློག་པ་རྣམས་དང་། ཐོབ་པ་དང་། ཉེ་བར་ཐོབ་པ་དང་། བརྗོད་དུ་ཡོད་པ་དང་། རབ་ཏུ་བརྗོད་དུ་ཡོད་པ་གཉིས་བཀག་པས་ནི་ཐེག་པ་ཆེན་པོ་ནི་ནམ་མཁའ་དང་མཉམ་པ་ཉིད་དུ་བསྟན་པ་ཡིན་ནོ། །སེམས་ཅན་གྱི་དོན་གྱི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རབ་ འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ་ཇི་ལྟར་ནམ་མཁའ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དེ་བཞིན་ནོ། །སེམས་ཅན་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དེ་ཡང་མེད་པའི་ཕྱིར་ཐེག་པ་ཆེན་པོ་ནི་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་པ་ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་མི་དམིགས་པའི་ཕྱིར་རོ། །ཡང་སེམས་ཅན་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་ཚད་མེད་པའི་ཕྱིར་སྔར་བསྟན་པ་ལྟར་ཐེག་པ་ཆེན་པོ་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་སོགས་པ་དམིགས་སུ་མེད་པའི་ཕྱིར་རོ། །ཡང་སེམས་ཅན་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་གྲངས་མེད་པའི་ཕྱིར་དེ་ཉིད་ཀྱིས་སེམས་ཅན་གྲངས་མེད་པའི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཐམས་ཅད་དམིགས་སུ་མེད་ པའི་ཕྱིར་རོ། །ཡང་སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་རྣམས་ཚད་མེད་པ་དང་། གྲངས་མེད་པ་ཉིད་ཀྱི་ཕྱིར་དེ་ལྟ་བས་ན་སྔར་བཤད་པ་ལྟར་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཐམས་ཅད་དམིགས་སུ་མེད་པའི་ ཕྱིར་རོ། །ཡང་སེམས་ཅན་དང་། དེ་བཞིན་གཤེགས་པ་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། འདུས་མ་བྱས་དང་། མི་འཇལ་བ་དང་། མི་འགྲངས་པ་དང་། མི་དཔོགས་པ་མེད་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མེད་པ་དེ་ཉིད་ཀྱིས་སྔར་བསྟན་པ་དེ་ལྟར་སེམས་ཅན་གྱི་གོ་འབྱེད་པ་ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་མི་དམིགས་པའི་ཕྱིར་རོ། །གཞན་ཡང་བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་དང་། ཡང་དག་པའི་མཐའ་དང་། གྲངས་མེད་པ་རྣམས་དང་། ཆོས་ཐམས་ཅད་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱིས་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ། །དེ་ ཅིའི་ཕྱིར་ཞེ་ན། དེ་ལྟར་དམིགས་སུ་མེད་པའི་ཕྱིར་རོ། །ཡང་བདག་ལ་སོགས་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་དང་། ཁམས་དང་། ཐེག་པ་ཆེན་པོ་དང་། མི་འཇལ་བ་དང་། མི་འགྲངས་པ་དང་། མི་དཔོགས་པ་ མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱིས་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དམིགས་སུ་མེད་པའི་ཕྱིར་རོ། །ཡང་བདག་ལ་སོགས་པ་དང་། མིག་ལ་སོགས་པ་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། མི་འཇལ་བ་དང་། མི་འགྲངས་པ་དང་། མི་དཔོགས་པ་མེད་པ་ཉིད་ ཀྱི་ཕྱིར་དེ་ཉིད་ཀྱིས་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་བདག་ལ་སོགས་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། ཚད་མེད་པ་དང་། གྲངས་མེད་པ་དང་། དཔག་ཏུ་མེད་པ་ཉིད་དང་། ཆོས་ཐམས་ཅད་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་བདག་ལ་སོགས་པ་དང་། སེམས་ཅན་སྟོང་པ་ཉིད་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ ལ་སོགས་པ་རྣམས་ནས་མ་འདྲེས་པ་དང་། རིགས་ཀྱི་ས་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་གང་ཡིན་པ་དང་། དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། ཆོས་ ཐམས་ཅད་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱིས་ན་སེམས་ཅན་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །མྱ་ངན་ལས་འདས་པ་དང་། ནམ་མཁའ་དང་། དཔེར་བརྗོད་པ་དང་། ཐེག་པ་ཆེན་པོ་སྔར་བསྟན་པ་ལྟར་སེམས་ཅན་རྣམས་ཀྱི་གོ་འབྱེད་པ་ ཡིན་ནོ། །ཇི་སྐད་དུ་མདོ་ལས། རབ་འབྱོར་ཡང་འདི་ལྟ་སྟེ། མྱ་ངན་ལས་འདས་པའི་དབྱིངས་དང་། ཚད་མེད་པ་དང་། གྲངས་མེད་པ་དང་། དཔག་ཏུ་མེད་པའི་སེམས་ཅན་གྱི་གོ་འབྱེད་པའོ། །དེ་ལྟ་ཡིན་ན་ཐེག་པ་ཆེན་པོ་འདིས་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་མང་དུ་དཔེ་གཞན་བརྒྱུད་པ་ ཟློས་པའི་ཉེས་པའི་སྐབས་མེད་དོ། །དེ་དང་དེ་རྟོགས་པའི་བྱེ་བྲག་གི་གནས་སྐབས་ཀྱིས་གོང་ནས་གོང་དུ་སེམས་ཅན་གྱི་དོན་མང་བས་རིམ་གྱིས་འཇུག་པ་ཤེས་པའི་དོན་དུ་དེ་བཞིན་དུ་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་གཞན་དག་ལས། ཞི་བའི་བློ་གྲོས་རྣམ་གྲངས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟ་ཇི་ ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་ཚད་མེད་པ་དང་། གྲངས་མེད་པ་དང་། དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རབ་འབྱོར་ གང་ཡང་ཁྱོད་ཀྱིས་འདི་སྐད་དུ། ནམ་མཁའ་དང་། ཐེག་པ་ཆེན་པོ་དེ་ལ་འོང་བའམ། འགྲོ་བ་ཞེས་བྱ་བ་མཐོང་བ་ཡང་མེད། གནས་པ་ཡང་མེད། འགྲོ་བ་དང་། འོང་བ་དང་། གནས་པ་མེད་པ་ནི་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་ཡིན་པར་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། མིག་ལ་སོགས་པ་རྣམས་དང་། ས་ལ་སོགས་པའི་ཁམས་དྲུག་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། སྟོབས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། འདུས་བྱས་དང་། རང་བཞིན་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་རྣམ་པར་འོང་བ་དང་། འགྲོ་བ་དང་། གནས་ པ་བཀག་པ་ནི་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་ཤེས་པར་བྱེད་པའི་ཆེད་ཡིན་ནོ། །མཐའ་ལས་འདས་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་སྔོན་གྱི་མཐའ་ཡང་མི་དམིགས་སོ། །ཕྱི་མ་དང་། དབུས་ཀྱང་མི་དམིགས་ཏེ། དུས་གསུམ་མཉམ་པ་ཉིད་ཅེས་བྱ་བའི་ཐེག་པ་ཆེན་པོ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ཡིན་ཏེ། དུས་གསུམ་མཉམ་པ་ཉིད་ནི་མཐའ་ལས་འདས་པའི་ངེས་པར་འབྱུང་བ་ཡིན་པར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་ནི་དེའི་མཉམ་པ་ཉིད་ཡིན་པ་དང་། ཐེག་པ་ཆེན་པོ་ དང་། བྱང་ཆུབ་སེམས་དཔའ་ནི་དེ་དང་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱིས་ནི་གཅིག་ནས་བཅུའི་བར་གྱི་གྲངས་བཀག་པས་ཐེག་པ་ཆེན་པོ་ལ་མཉམ་པ་དང་། མི་མཉམ་པ་དང་། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་། གཏི་མུག་དང་བྲལ་བ་དང་། མིང་དང་། མིང་མེད་པ་ནས། མི་དགེ་བ་དང་། དགེ་བ་དག་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་ཟད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་། རྟག་པ་དང་། བདེ་བ་དང་། བདག་དང་། ཞི་བ་དང་། དེ་དག་ལས་གོ་བཟློག་པ་དང་། འདོད་པ་ལ་སོགས་པའི་ཁམས་རྣམས་དང་། དེ་ལས་འདས་པ་ཡང་མི་དམིགས་ པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་མི་དམིགས་པའི་ཕྱིར་རོ། །འདས་པ་ལ་སོགས་པའི་གཟུགས་ལ་སོགས་པ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནི་སྟོང་པ་ཉིད་ཀྱིས་དམིགས་སུ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འདས་པ་ལ་སོགས་ པའི་གཟུགས་ལ་སོགས་པ་དམིགས་སུ་མེད་པའི་ཕྱིར་དུས་གསུམ་མཉམ་པ་ཉིད་ཀྱིས་ན་སྔོན་གྱི་མཐའ་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ལ་མཉམ་པ་ཉིད་མི་དམིགས་པའི་ཕྱིར་རོ། །འདས་པ་ལ་སོགས་པ་དང་། ཕ་ རོལ་ཏུ་ཕྱིན་པ་དམིགས་པ་མི་སྲིད་པ་ཉིད་ཀྱི་ཕྱིར་དྲན་པ་ཉེ་བར་གཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་སྔོན་གྱི་མཐའ་ལ་སོགས་པ་དང་། སོ་སོའི་སྐྱེ་བོ་ནས་དེ་བཞིན་གཤེགས་པའི་བར་དུ་མི་དམིགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ནི་དུས་གསུམ་མཉམ་པ་ཉིད་ཅེས་བྱ་སྟེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་ མནན་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །ཐོབ་པའི་མཚན་ཉིད་ངེས་པར་འབྱུང་བའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཐེག་པ་ཆེན་པོ་འདི་ལ་བསླབས་ཤིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཏོ། །ཐོབ་པོ་འཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། ངེས་པར་འབྱུང་བ་ཐོབ་པའི་ཉེ་བར་དགོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པ་ཐོབ་པའི་རྒྱུ་ཉིད་དང་རྗེས་སུ་མཐུན་པ་ཡིན་ཞིང་། ཐེག་པ་ཆེན་པོ་ བསྟན་པ་ཐོབ་པས་ཁྱད་པར་ཤེས་པར་བྱ་བའི་དོན་ཡིན་པའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་བསྡུས་པ་དང་། མཉམ་པར་འཇུག་པ་ཐོབ་པ་བསྟན་པས་མ་ལུས་པ་ཐོབ་པ་ཡིན་པར་ཤེས་པར་བྱ་བའི་དོན་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་། གཟུགས་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། མྱ་ངན་ལས་འདས་པའི་དབྱིངས་ཞེས་གསུངས་པའི་བར་གྱི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ་ཞེས་བྱ་བ་ནི་རྟོག་པ་ཐོབ་ཅིང་། ངེས་པར་འབྱུང་བའི་རྣམ་གྲངས་ཀྱིས་ཇི་སྐད་དུ་བཤད་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐེག་པ་ཆེན་པོ་བསྟན་ པ་དང་རྗེས་སུ་མཐུན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་ཆོས་ཐམས་ཅད་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཐོབ་པའི་རྣམ་གྲངས་ཀྱིས་ཐེག་པ་ཆེན་པོ་དང་རྗེས་སུ་མཐུན་པར་བསྟན་པ་ཡིན་ནོ། །དེ་ལ་ཐོབ་པ་ནི་ངེས་པར་འབྱུང་བའི་ དོན་རྣམ་པ་གསུམ་བཀག་པའི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ། །ཡང་དགག་པ་རྣམ་པ་གསུམ་ནི་འདི་ལྟར་ཐོབ་པར་བྱ་བ་དགག་པ་དང་། ཐོབ་པ་པོ་དགག་པ་དང་། དེ་གཉིས་ཀྱི་འབྲེལ་པ་དགག་པའོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ སྔོན་གྱི་མཐའ་དམིགས་སུ་མེད་པ་ཡིན་ཞེས་བྱ་བ་དང་། ཅིའི་ཕྱིར་ན་གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་མཐའ་ཡས་པར་རིག་པར་བྱ་བ་ཡིན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན་ཏེ། དེ་སྐད་དུ་དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་རྗེས་སུ་མ་མཐོང་ན་བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་སྨྲས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ ཙམ་དུ་བས་སོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཟུགས་མངོན་པར་གྲུབ་པ་ལྟ་གང་ཞིག་མཆིས། གང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ལགས་སོ། །མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའམ་ཞེས་སྨྲ། དེ་སྐད་དུ་ མངོན་པར་མ་གྲུབ་པ་ལས་གུད་ན་ཡང་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དམིགས་སུ་མ་མཆིས་སོ་ཞེས་སྨྲ། གལ་ཏེ་དེ་ལྟར་བསྟན་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་ལ་དྲིས་པ་དང་པོ་བསྟན་པ་ནས་བརྩམས་ཏེ། ཐོབ་པར་བྱ་བ་དགག་པའི་དབང་དུ་མཛད་ནས་སེམས་ཅན་མེད་པའི་ ཕྱིར་དང་། སྟོང་པ་དང་། དབེན་པ་དང་། རང་བཞིན་མེད་པ་དང་། སྔོན་དང་། ཕྱི་མ་དང་། དབུས་ཀྱི་མཐའ་རྣམས་སུ་བྱང་ཆུབ་སེམས་དཔའ་ཁས་བླངས་པའི་ཐོབ་པ་བཀག་པས་དུས་གསུམ་དུ་ཐོབ་པར་བྱ་བའི་དོན་མེད་པར་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པ་ དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མེད་པའི་ཕྱིར་དང་། སྟོང་པ་ཉིད་དང་། དབེན་པ་དང་། རང་བཞིན་མེད་པ་རྣམས་ཀྱིས་སྔོན་གྱི་མཐའ་ལ་སོགས་པར་བྱང་ཆུབ་སེམས་དཔའ་ཁས་བླངས་པའི་ཐོབ་པ་བཀག་པ་ཡིན་ པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མེད་པ་ཉིད་ལ་སོགས་པར་སྔོན་གྱི་མཐའ་ལ་སོགས་པ་མི་དམིགས་པ་ཉིད་ཀྱིས་ན་མེད་པ་ཉིད་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་གྲངས་གཞན་དུ་གསུངས་པས། མདོ་ལས་སྟོང་པ་ཉིད་གཞན་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཞན་མ་ཡིན་ཞེས་བྱ་ བ་ལ་སོགས་པ་དང་། དེ་བཞིན་དུ་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་རྣམས་ལ་ཡང་བརྗོད་པར་བྱའོ། །ཉན་ཐོས་ལ་སོགས་པ་འཕགས་པའི་གང་ཟག་རྣམས་མེད་པ་ལ་སོགས་པས་སྔོན་གྱི་མཐའ་ལ་སོགས་པར་བྱང་ཆུབ་ སེམས་དཔར་ཁས་བླངས་པའི་ཐོབ་པ་བཀག་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མེད་པ་ཉིད་ལས་བརྩམས་ཏེ། སངས་རྒྱས་ཞེས་བྱ་བའི་བར་དུ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །ཐོབ་པ་པོ་དགག་པའི་དབང་དུ་མཛད་ནས་གཟུགས་ཀུན་ ཏུ་མཐའ་ཡས་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་སྔོན་གྱི་མཐའ་ལ་སོགས་པ་མི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་ཕྱིར་གཟུགས་བྱང་ཆུབ་ སེམས་དཔའ་ཞེས་བྱ་བ་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་ནས་དེ་བཞིན་གཤེགས་པའི་བར་དེ་དག་གིས་སྟོང་པ་ཉིད་དེ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ ཀྱི་ཐམས་ཅད་དུ་མི་དམིགས་པ་ནི་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། སངས་རྒྱས་སངས་རྒྱས་ཉིད་དུ་མི་དམིགས་པ་ཉིད་ཡིན་པའི་བར་དུའོ། །དེ་ལ་ཐམས་ཅད་དུ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་དངོས་པོའི་ མཚན་ཉིད་ཐམས་ཅད་དུའོ། །ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་སོགས་པའི་རང་བཞིན་མཐའ་དག་དང་བསྡུས་པ་རྣམས་སོ། །རྣམ་པ་ཐམས་ཅད་ནི་ནང་སྟོང་པ་ཉིད་ལ་སོགས་པའི་རྣམ་པའི་ཁྱད་པར་རོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་མདོར་བསྡུས་པ་དང་རྒྱས་པའི་ མཚན་ཉིད་དོ། །ཐམས་ཅད་གཉིས་སྨོས་པ་ནི་དངོས་པོ་ཐམས་ཅད་ཉིད་དང་། རྣམ་པ་ཐམས་ཅད་ཉིད་དོ། །ཐོབ་པར་བྱ་བ་དང་། འཐོབ་པར་བྱེད་པ་དང་། ཐོབ་པ་པོ་འབྲེལ་པ་བཀག་པའི་དབང་དུ་མཛད་ནས་གང་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། ཆོས་ཐམས་ཅད་ མིང་ཙམ་ཡིན་པ་ཉིད་ཀྱིས་ན་མེད་ཅིང་མི་དམིགས་པ་ཡིན་པའི་ཕྱིར་མངོན་པར་གྲུབ་པ་བཀག་ཅིང་ཐ་སྙད་ཙམ་དུ་གསུངས་པ་དང་། ཤིན་ཏུ་མངོན་པར་མ་གྲུབ་པ་དག་གིས་བཀག་པ་ཡིན་ནོ། །དེ་ལ་ངོ་བོ་ཉིད་མ་ཡིན་པའི་དོན་ནི་གློ་བུར་དུ་ཞེས་བྱ་བའི་དོན་ཏོ། །སྒྲོ་བཏགས་པའི་དོན་ནི་མིང་དུ་བཏགས་པ་སྟེ། བདག་བདག་ཅེས་བྱ་བ་སྟེ། བདག་ཤིན་ཏུ་མ་གྲུབ་པའོ། །བདག་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་ཇི་སྐད་གསུངས་པ་དང་། ཡང་ཆོས་ཐམས་ཅད་ཀྱི་འདུས་པའི་ངོ་བོ་ཉིད་བཀག་པས་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཉིད་དེ་གང་དང་ཡང་བྲལ་ བས་མ་ཡིན་ནོ། །དེ་བཞིན་དུ་དེ་རྣམས་ཉིད་གང་དང་ཡང་བྲལ་བས་མ་ཡིན་པས་དགེ་བ་དང་། ཁ་ན་མ་ཐོ་བ་མེད་པ་ཉིད་ནས་དངོས་པོ་མེད་པའི་བར་ཉིད་ཡིན་པའི་ཕྱིར་དང་། རྟག་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་ནོ། ། ཡང་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་ཉིད་ཀྱིས་མངོན་པར་གྲུབ་པ་བཀག་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མངོན་པར་འདུ་བྱེད་པ་དམིགས་སུ་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བ་དང་། འགག་པ་དང་། གནས་པ་ལས་གཞན་དུ་འགྱུར་ བ་བཀག་པས་མངོན་པར་མ་གྲུབ་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་མངོན་པར་མ་གྲུབ་པ་སྟེ། དེ་མངོན་པར་མ་གྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཆོས་ཐམས་ཅད་བྱེད་པ་མེད་པ་དང་། སྒྱུ་མ་ལ་སོགས་པ་དང་ འདྲ་བར་མཐོང་བས་བྱང་ཆུབ་སེམས་དཔའི་སེམས་མི་འཇིགས། མི་དངང་། སྐྲག་པར་མི་འགྱུར་རོ། །ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོགས་པ་དེའི་ཚེ་ཉེ་བར་མི་ལེན། མི་གནས། མངོན་པར་ཞེན་པར་མི་བྱེད། ཐ་སྙད་དུ་འདོགས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མ་སྐྱེས་པ་ དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ན་དམིགས་སུ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་དང་། དེའི་སྟོང་པ་ཉིད་ལ་སོགས་པ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་ཆོས་རྣམས་ཀྱི་འགྲིབ་པ་དེ་ཡང་ཆོས་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ དང་འགྲིབ་པ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་པའི་སླད་དུའོ། །གང་ཡང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་འདི་ནི་གཉིས་སུ་མ་མཆིས་ཤིང་། ཉམས་པ་མ་མཆིས་པའི་ཆོས་ཀྱི་རྣམ་གྲངས་སུ་བགྱིས་པའོ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང་། ཐོབ་པ་པོ་གཉིས་ཀ་ བཀག་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གསུམ་པ་རྣམས་བཀག་པ་ནི་ཐོབ་པའི་ངེས་པར་འབྱུང་བ་ཡིན་པར་རིག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་དབང་དུ་མཛད་ནས། བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལ་ སོགས་པ་རྣམས་དང་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་ཀྱི་བར་དུ་རྣམ་པ་ཤེས་ཏེ། མངོན་པར་ཞེན་པ་བཀག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་རྣམ་པ་དང་། རྟགས་དང་། མཚན་མའི་རྣམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མཆོག་ ཏུ་སོང་བས་ན་མཆོག་ཏུ་ཕྱིན་པ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒྱུ་མ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །གཟུགས་ནས་ཆོས་ཐམས་ཅད་ཀྱི་བར་དུ་རེ་རེ་ཞིག་ཅེས་བྱ་བ་དང་། རྟག་པ་དང་། མི་རྟག་ཅེས་བྱ་བ་ནས། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། མི་ དབེན་ཞེས་བྱ་བའི་བར་དུ་ཆོས་ཡོངས་སུ་བརྟགས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་བསྡུས་པར་ཤེས་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་ནི་མ་སྐྱེས་པ་ཉིད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེའི་ངོ་བོ་ཉིད་ཡོད་པ་བཀག་པའི་ཕྱིར་རོ། །དེ་ལྟར་འགྲིབ་པ་གང་ཡིན་པ་དང་། གཉིས་སུ་ བྱར་མེད་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བལྟར་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་བྱ་བའི་མངོན་པར་རྟོགས་པས་ཆོས་སྐྱེ་བ་མེད་པ་དང་། ཆོས་རྣམས་ནི་གཅིག་ལ་ གཅིག་ཐ་མི་དད་པའི་རྣམ་གྲངས་སུ་བྱས་པས་ཆོས་ཐམས་ཅད་ནས་སངས་རྒྱས་ཀྱི་བར་དུ་རྣམ་པར་དག་པའི་སླད་དུ་མ་སྐྱེས་པ་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བཏགས་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དང་། འགྲོ་བ་ལྔ་རྣམས་ཀྱང་ཐ་མི་དད་པར་འགྱུར་ལ། རྒྱུན་དུ་ཞུགས་ པ་ལ་སོགས་པ་དང་། བྱང་ཆུབ་ཐོབ་པའི་ལམ་དེ་བསྒོམ་པ་མེད་པས་དཀའ་བ་སྤྱོད་པ་ཡང་མི་འཐད་ལ། དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མེད་པར་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་ཆོས་མ་སྐྱེས་པ་ལ་ཐོབ་པ་ཡོད་པ་དང་། ཁོང་དུ་ཆུད་པ་ཡོད་པར་མི་འདོད་དོ། །མ་སྐྱེས་པ་ལ་རྒྱུན་དུ་ཞུགས་པ་ཡོད་པར་མི་འདོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་ཁས་ལེན་པ་མི་འཐད་པར་བསྟན་པ་ དང་། མ་སྐྱེས་པ་དང་། སྐྱེས་པའི་ཆོས་དེ་དག་ལ་སྐྱེས་པ་དང་། མ་སྐྱེས་པ་ཐོབ་པའམ། ཐོབ་པར་བྱ་བ་མེད་པར་དྲིས་པས་དེ་གཉི་ག་ཡང་དངོས་པོར་མི་འདོད་པར་སྟོན་པའི་ཕྱིར་མ་སྐྱེས་པ་དང་། སྐྱེས་པའི་ཆོས་དག་ཐོབ་པའི་དྲི་བས་དེ་གཉི་ག་དངོས་པོར་འདོད་པ་བཀག་པ་ཡིན་ནོ། །ཐོབ་པར་ བྱ་བ་དང་། མངོན་པར་རྟོགས་པ་མེད་པར་དྲིས་པས་ན་དེ་གཉི་ག་ཡང་བདེན་པ་གཉིས་སུ་གསུངས་པས་མངོན་པར་རྟོགས་པར་བརྗོད་པ་བཞིན་དུ་དེ་གཉི་ག་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པར་གསུངས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་མ་སྐྱེས་པའི་སྐྱེ་བ་བཀག་པའི་ཕྱིར། མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་ཡང་ བདག་གིས་བརྗོད་པར་སྤོབས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་དང་། སྤོབས་པ་དང་། བརྗོད་པ་གང་ཡིན་པ་ནི་མཚན་ཉིད་མེད་པའི་ཕྱིར་སྐྱེ་བའི་མངོན་པར་རྟོགས་པ་དང་ལྡན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་སྤོབས་པ་བརྗོད་པའི་ ཚིག་གོ། །བརྗོད་པ་ནི་བརྗོད་པར་བྱ་བ་ཡིན་པས་ན་བརྗོད་པ་སྟེ། དོན་ནོ། །ཐོབ་པ་དང་མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔའི་དབྱེ་བ་ཡང་དེ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ནི་ལས་དང་། རྣམ་པར་སྨིན་པ་དང་། སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་ མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །མ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་རམ། འོན་ཏེ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་ཞེས་དྲིས་པས་ནི། དེ་གཉི་ག་སྐྱེ་བར་འདོད་པ་བཀག་པ་ཡིན་ཏེ། ཡོད་པ་ཞེས་བྱ་བ་དེ་ཞེས་བྱ་བར་དགོངས་སོ། །མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་ པ་གང་ཡིན་ཞེས་དྲིས་པ་ནི་གཟུགས་ནས་བརྩམས་ཏེ། ཆོས་ཐམས་ཅད་ཀྱི་བར་དུ་མ་སྐྱེས་པ་ཡང་མི་སྐྱེ་བ་དང་། མ་སྐྱེས་པའི་ཆོས་ཞེས་བརྗོད་པས་དྲིས་པ་ཐམས་ཅད་ཀྱི་ལན་ལ་ཐོགས་པ་མེད་པས་གནས་བརྟན་རབ་འབྱོར་ནི་ཆོས་སྟོན་པའི་ནང་ན་མཆོག་ཏུ་བྱ་བར་འོས་པ་ཡིན་ཏེ། ཆོས་ཐམས་ཅད་ལ་མི་གནས་ པས་མཆོག་ཏུ་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་འོས་ཡིན་པས་དབང་བར་ཤེས་པར་བྱ་བའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནས་ཆོས་ཐམས་ཅད་ཀྱི་བར་དུ་རང་བཞིན་སྟོང་པ་ཉིད་ཉེ་བར་བཟུང་ནས་ནང་ལ་སོགས་པ་ལ་མི་གནས་པའི་ཕྱིར་མི་དམིགས་པ་སྟོན་པ་ལ་གནས་པར་དབང་ བར་ཤེས་པར་བྱའོ། །འདིའི་མདོ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ན་དེ་ཉིད་ཀྱི་ཕྱིར་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལམ་གྱི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་པ་ཡང་ཡོད་དོ། །འཇིག་རྟེན་ལས་འདས་པ་ཡང་ཡོད་ཅེས་བྱ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ལམ་སྟོན་པ་ན་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་དམིགས་པས་འཇིག་རྟེན་ལས་མི་གཡོ། །མི་འཕགས། མི་འདའ་བས་ན་དེའི་ཕྱིར་འཇིག་ རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་དེས་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་ལ་འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་ཡང་བརྗོད་པར་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱི་ངེས་པ་བརྙེས་པས་ན་འཇིག་རྟེན་ལས་གཡོ་བའོ། །དེའི་ཐབས་ཉེ་བར་མཚོན་པས་ན་འཕགས་པའོ། །དེའི་བར་ཆད་ཀྱི་ཆོས་ཡོངས་སུ་སྤངས་པ་ན་འདའ་བའོ། །ཡང་ན་གཡོ་བ་ནི་སེམས་བསྐྱེད་པའི་དུས་སུའོ། །འཕགས་པ་ནི་ངེས་པར་འབྱེད་པའི་ཆའི་དུས་ སུའོ། །འདའ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་དུས་སུའོ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ནོ། །འདི་ལ་གོ་བཟློག་པ་མི་གཡོ། །མི་འཕགས། མི་འདའ་བ་ཡིན་པར་ཤེས་པར་བྱའོ། །གང་གིས་འཇིག་རྟེན་མངོན་པར་གྲུབ་པའམ། གང་ཞིག་འཇིག་རྟེན་དང་མཉམ་པའམ། འཇིག་རྟེན་གྱི་ཕྱིར་གང་ཞིག་སྦྱིན་པར་བྱེད་པའམ། གང་གིས་འཇིག་རྟེན་མི་འབྱུང་བའམ། གང་ཞིག་འཇིག་རྟེན་ལ་སྲིད་པའམ། འཇིག་རྟེན་དུ་སྐྱེ་བར་བྱེད་པས་དེ་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ། །གང་གིས་འཇིག་རྟེན་འདའ་བའམ། གང་གིས་འཇིག་རྟེན་སྒྲོལ་བའམ། གང་གིས་འཇིག་རྟེན་ལ་བརྒལ་བའམ། གང་གིས་འཇིག་རྟེན་ན་མི་སྲིད་པའམ། གང་ གིས་འཇིག་རྟེན་ལས་ངེས་པར་འབྱུང་བའམ། གང་ཞིག་འཇིག་རྟེན་པ་རྣམས་འདོན་པའི་ཕྱིར་ཡིན་པའམ། གང་འཇིག་རྟེན་གྱིས་བླ་མར་གྱུར་པ་དེ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་བྱང་ཆུབ་ཀྱི་ལམ་ཉིད་ཡིན་པའི་ཕྱིར་དང་། འདས་པ་ལ་སོགས་ པའི་འཕགས་པའི་གང་ཟག་ཐམས་ཅད་རྟོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེད་པ་ཉིད་ཡིན་པའི་ཕྱིར་དང་། འཕགས་པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ལམ་གྱི་ངེས་པར་འབྱུང་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་དང་། སེམས་ཞུམ་པ་ཉིད་ཀྱིས་མི་སྐྲག་པ་ལ་སོགས་པ་དང་མ་ བྲལ་བའི་ཡིད་ལ་བྱེད་པ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་ན་ཤིན་ཏུ་སྤྲོས་ནས་བཀོད་པའི་ཡང་དག་པའི་ཚིག་དེ་རྣམས་ཀྱིས་བརྗོད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པ་ཉིད་དང་། རང་བཞིན་མེད་པ་ཉིད་དང་། སྟོང་པ་ཉིད་དང་། དབེན་པ་དང་། མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་ པ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་དང་མ་བྲལ་བ་ཉིད་དུ་བརྗོད་པར་བྱའོ། །དེ་ལྟར་ངེས་པར་འབྱུང་བ་བརྒྱད་པོ་འདི་དག་ངེས་པར་འབྱུང་བའི་བསྒྲུབ་ པ་ཡིན་པར་ཤེས་པར་བྱའོ། །གོ་ཆའི་བསྒྲུབ་པ་ལ་སོགས་པ་འདི་དག་ཀྱང་རིགས་པའི་ཚུལ་ཉིད་ཡིན་ཏེ། གོ་ཆ་བགོས་ནས་འཇུག་པ་ཡིན་ལ་ཞུགས་པ་ནི་དཔུང་གི་ཚོགས་སོགས་པ་ཡིན་ནོ། །དཔུང་གི་ཚོགས་བསགས་པ་ནི་ཕམ་པ་མེད་པར་རྒྱལ་བ་ཐོབ་པ་ནི་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན། སེམས་བསྐྱེད་ པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །བསྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆའི་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་བསྟན་པ་ཡིན་ནོ། །དེ་ནི་རིམ་ གྱིས་འབྱུང་བའི་གོ་རིམས་ཀྱིས་འབྲེལ་པ་ཡིན་པར་བལྟ་བར་བྱའོ། །འདིས་ནི་སེམས་བསྐྱེད་པ་ལ་སོགས་པའི་ཚིག་གི་དོན་གྱི་གོ་རིམས་ཀྱང་རིགས་པའི་ཚུལ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་གདམས་ངག་ཚོལ་བ་དོན་དུ་གཉེར་བ་ཡིན་ནོ། །གདམས་ངག་ཕྱིན་ཅི་མ་ལོག་པ་ལ་གནས་པ་ལ་ནི་ངེས་པར་འབྱེད་པའི་ ཆ་སྐྱེའོ། །དེ་ནས་ནི་བསྒྲུབ་པའི་རྟེན་ཏེ། རྟེན་གྱི་ཆོས་གང་དང་གང་ལ་དམིགས་པ་དང་། གང་གི་ཆེད་དུ་བྱ་བ་དང་། སྒྲུབ་པ་རྣམ་པ་བཞི་གང་ཡིན་པའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་རྟོགས་པའི་རྣམ་པར་འགྲེལ་པའོ།། །། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ནས་ལམ་ཤེས་པ་ཉིད་བརྗོད་པར་བྱའོ། །དེ་ལ་རེ་ཞིག །ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང་། །ཡུལ་ངེས་པ་དང་ཁྱབ་པ་དང་། །རང་བཞིན་དང་ནི་དེ་ཡི་ལས། ། ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ལ་འོད་ཀྱིས་མོག་མོག་པོར་བྱས་པ་ནི་གང་ལྷའི་ཚོགས་ཐམས་ཅད་ཀྱི་འོད་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་མོག་མོག་པོར་མཛད་ནས་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ཀྱི་བསམ་གཏན་ལ་ སོགས་པ་མངོན་པའི་ང་རྒྱལ་བསལ་བར་བྱ་བའི་དོན་དུའོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །བསལ་བ་ནི་དེ་རྣམས་སྣོད་དུ་རུང་བར་བྱ་བའི་མཛད་པ་སྟེ། དེ་རྣམས་ཉིད་ལ་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་ཞེས་གང་གསུངས་ པ་ཡིན་ཏེ། དེ་ལ་ལམ་ཤེས་པ་ཉིད་ཀྱི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་གནས་པར་བྱ་ཞེས་གནས་བརྟན་རབ་འབྱོར་གྱིས་བསྟན་པ་ཉན་པར་འདོད་པའི་དོན་གྱི་ཕྱིར་རོ། །དེ་ལ་རང་བཞིན་གྱི་འོད་ནི་རྣམ་པར་སྨིན་པ་ལས་བྱུང་བའི་འོད་དོ། །ཡུལ་སོ་སོར་ ངེས་པ་ནི་གང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བསྟན་པའི་སྐལ་བ་མེད་པ་ཉིད་ཀྱིས་ན་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་ནོ་ཞེས་བསྟན་ཏེ་ཡུལ་སོ་སོར་ངེས་པའི་དོན་གྱི་ཕྱིར་ར