Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 81

Văn bản gốc(Tây Tạng)

Trang 2 / 15 (50.000 ký tự/trang)
་པར་ཉེ་བར་བཟུང་བ་དང་། དེ་བཞིན་དུ་འཁྲུག་པ་མེད་པ་ཉིད་ཉེ་བར་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་
ནོ། །སྦྱིན་པ་ལ་སོགས་པའི་གཉེན་པོའི་ཕྱོགས་མི་མཐུན་པའི་ཕྱོགས་ཉེ་བར་བཏགས་པ་སྟེ་ཞེས་བྱ་བ་ནི་གང་ཡང་ཇི་སྐད་དུ། སྦྱིན་པ་རྣམས་ལ་ཡོངས་སུ་འཛིན་པར་ཉེ་བར་གདགས་ཤིང་། ཚུལ་ཁྲིམས་ལ་ཚུལ་ཁྲིམས་འཆལ་པ་ཉེ་བར་འཛིན་པ་ལ་གདགས་སོ་ཞེས་བྱ་བ་ལ་སོགས་པ་
གསུངས་པ་ཡིན་ནོ། །མངོན་པར་ཤེས་པ་ལྷག་མའི་དོན་ནི་རྟོགས་པར་སླ་བས་རྣམ་པར་མ་ཕྱེའོ། །མངོན་པར་ཤེས་པ་དྲུག་ལ་གདམས་པ་བསྟན་ནས། མཐོང་བའི་ལམ་ལ་གདམས་པ་བརྗོད་པར་བྱ་སྟེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་བྱིན་གྱིས་བརླབས་པས་བསྟན་ཞེས་གསུངས་

ཏེ། གནས་བརྟན་རབ་འབྱོར་གྱི་ཁ་ནས་ཐབས་ལ་མཁས་པས་རང་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡིན་པས་ཞེས་བྱ་སྟེ། གང་ཇི་སྐད་དུ། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱིས་སྟོན་པ་ཡིན་ཏེ། འདི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཅིའི་ཕྱིར་གཞན་གྱི་ཁ་ནས་སྟོན་པར་མཛད་ཅེ་ན། གཞན་དག་ཀྱང་དོན་དེ་ཐོབ་པར་མཛད་ཅིང་སྤྱོད་པ་ཉིད་
ཀྱིས་ན་བདག་ཉིད་ལ་གཟུང་བར་འོས་པ་མ་ཡིན་པ་ཉིད་ཀྱིས་ཉེས་པ་སྤང་བར་བྱ་བའི་དོན་དུའོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཁ་ནས་སྟོན་པར་མཛད་ཅེ་ན། བྱིན་གྱིས་བརླབས་པ་ལ་མངའ་བརྙེས་པ་ཤེས་པར་བྱ་བའི་དོན་དུའོ། །ཅིའི་ཕྱིར་གནས་བརྟན་རབ་འབྱོར་གྱི་ཁ་ཉིད་ནས་སྟོན་པར་མཛད་ཅེ་ན།
དེ་ནི་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གྱུར་པ་ཉིད་ཀྱིས་ཉོན་མོངས་པ་དང་བྲལ་བའི་སྐལ་བ་མཉམ་པས་ལྷག་པའི་ཕྱིར་མཐོང་ལམ་དང་རྗེས་སུ་མཐུན་པའི་སྟོན་པ་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །ཇི་ལྟར་ཉན་ཐོས་ཉོན་མོངས་
པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་དེ་བཞིན་གཤེགས་པས་གསུངས་ཏེ་བསྟན་པ་འདི་ཡང་དེའི་ཚུལ་དང་འདྲའོ་ཞེས་འོག་ནས་གསུངས་པ་ཡིན་ནོ། །དེ་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ལས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་དབང་དུ་བྱས་ནས་གསུངས་པ་ནི། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་མིང་དང་། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་དེ་དག་རེ་རེ་ཡང་བཏགས་པ་ཙམ་ཡིན་ཏེ་ཞེས་བྱ་བ་སྟེ། མདོ་ནི་ཇི་སྐད་དུ། རབ་འབྱོར་འདི་ལྟ་སྟེ། སེམས་ཅན་སེམས་ཅན་ཞེས་བརྗོད་ཀྱང་སེམས་ཅན་ཅུང་ཟད་ཀྱང་མི་
དམིགས་སོ། །གང་ཡང་མིང་དུ་བཏགས་པའི་ཆོས་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་དབང་དུ་མཛད་ནས་བསྟན་པ་ནི། དེ་དག་ཀྱང་བརྟགས་པ་ཡིན་པའི་ཕྱིར་སྐྱེ་བ་དང་འགག་པ་བཀག་པ་ཡིན་ཏེ། གང་ཇི་སྐད་དུ། བཏགས་པའི་

ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་དུ་ཐ་སྙད་གདགས་པ་མ་གཏོགས་པར་སྐྱེ་བའམ། འགག་པ་མེད་དོ། །གཞན་དུ་ན་མིང་དུ་བཏགས་པ་ཡིན་ཏེ་ཞེས་གང་གསུངས་པ་ཡིན་ནོ། །གང་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་བསྟན་པ་ནི། ཕུང་པོ་ལ་སོགས་པ་རྣམས་
དང་། ཚོར་བ་དྲུག་ཤེས་པ་དྲུག་པོ་རེ་རེ་ནས་ཕྱེ་བ་ཡིན་ཏེ། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་
དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། སྐྱེ་བ་དང་། འགག་པ་དང་། དབེན་པ་དང་། མི་དབེན་པ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་
བཅས་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་མཐོང་བ་བཀག་པ་
ཡིན་ཏེ་ཞེས་བྱ་བ་ནི། གང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་
དག་པར་རྗེས་སུ་མི་མཐོང་ངོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །གང་སྡུག་བསྔལ་ལ་རྗེས་སུ་ཤེས་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་རྒྱུས་ཡིན་པས་ཞེས་བྱ་སྟེ། ཇི་སྐད་དུ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཆོས་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གང་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་བསྟན་པ་ནི། ཀུན་ནས་ཉོན་མོངས་པ་ཅན་དང་། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་མཚན་

ཉིད་མེད་པར་བཀག་པ་ཡིན་པས་ཞེས་བྱ་བ་སྟེ། ཇི་སྐད་དུ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་ཡིན་ཏེ། ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རྣམ་པར་བྱང་བར་མི་
འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །གང་ཀུན་འབྱུང་ལ་ཆོས་ཤེས་པ་བསྟན་པ་ནི། ཕུང་པོ་ལ་སོགས་པ་རྣམས་དང་། ཤེས་པ་དྲུག་ལ་མངོན་པར་ཞེན་པ་བཀག་པ་ཡིན་པས་ཞེས་བྱ་བ་སྟེ། མདོ་ནི་གང་ཇི་སྐད་དུ། དེས་མིང་དང་བརྡར་བྱས་པའི་ཆོས་སུ་བཏགས་པར་ཁོང་
དུ་ཆུད་པས་གཟུགས་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ། །ཚོར་བ་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ། །འདུ་ཤེས་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་བསྟན་པ་ནི།
ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང་། ཐབས་ལ་མཁས་པ་དང་། ཆོས་རྣམས་མི་དམིགས་པ་ཉེ་བར་བཟུང་ནས་མངོན་པར་ཞེན་པ་བཀག་པ་ཡིན་
པས་ཞེས་བྱ་བ་སྟེ། མདོ་ནི་ཇི་སྐད་དུ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལའང་མངོན་པར་ཞེན་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཞེས་བྱ་བ་ལ་སོགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་མངོན་པར་ཞེན་པར་བྱེད་པ་པོའམ། གང་གིས་
མངོན་པར་ཞེན་པར་བྱེད་པའམ། གང་ལ་མངོན་པར་ཞེན་པར་བྱ་བའི་ཆོས་དེ་དག་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །གང་ཀུན་འབྱུང་ལ་རྗེས་སུ་ཤེས་པ་བསྟན་པ་ནི། དེ་ལྟར་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་
པ་ལ་འཇུག་པ་ཡིན་པས་ཞེས་བྱ་བ་སྟེ། མདོ་ནི་ཇི་སྐད་དུ། མངོན་པར་ཞེན་པ་མེད་པར་དེ་ལྟར་སྤྱོད་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཐམས་ཅད་རྣམ་པར་འཕེལ་ཏེ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་བར་དུ་འགྱུར་རོ་ཞེས་གང་

གསུངས་པ་ཡིན་ནོ། །གང་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་བསྟན་པ་ནི། ཕྱིར་མི་ལྡོག་པའི་ས་གནོན་པ་ཡིན་པས་ཞེས་བྱ་བ་སྟེ། འདིའི་མདོ་ནི་ཕྱིར་མི་ལྡོག་པའི་ས་གནོན་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ནི་མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་ལ་
གནས་པའི་མཚན་ཉིད་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡིན་པར་རིག་པར་བྱའོ། །དེ་ཡང་འགོག་པའི་བཟོད་པའི་དབང་དུ་མཛད་ནས་དེ་ཉིད་བསྟན་པ་ནི། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །འདི་ནི་དོན་དམ་པ་དེ་ལ་བཟོད་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་
འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །གང་འགོག་པ་ལ་ཆོས་ཤེས་པ་བསྟན་པ་ནི། མངོན་པར་ཤེས་པ་ཡོངས་སུ་རྫོགས་ནས་སངས་རྒྱས་ཐམས་ཅད་མཆོད་ཅིང་དེར་སྐྱེས་ནས་དེས་བསྟན་པའི་ཆོས་ཉན་པ་ཡིན་ཏེ། འདིའི་མདོ་ནི། དེ་མངོན་པར་ཤེས་པ་ཡོངས་སུ་རྫོགས་
ནས་སངས་རྒྱས་ཀྱི་ཞིང་ནས་ཀྱང་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་བསྟན་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་
དང་། ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་སོ་སོའི་ཡན་ལག་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་པ་འདུས་པའང་མ་ཡིན། དེ་དག་མ་ཡིན་པ་གཞན་ཞིག་ལའང་མ་ཡིན། བྱང་ཆུབ་སེམས་དཔའ་ལ་དེ་དག་ཡོད་པ་མ་ཡིན། དེ་དག་ལ་བྱང་ཆུབ་སེམས་དཔའ་
ཡོད་པ་མ་ཡིན་ནོ། །དེ་དག་གི་བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་བྱ་བ་ནི་དེ་དག་བྱང་ཆུབ་སེམས་དཔའི་ངོ་བོ་ཡིན་པ་བཀག་ནས་རྣམ་གྲངས་གཞན་གྱིས་དགག་པར་བཞེད་པ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་
གང་བརྗོད་པ་ཡིན་ཏེ། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། གཟུགས་

མེད་པ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གང་འགོག་པ་ལ་རྗེས་སུ་ཤེས་པ་བསྟན་པ་ནི། འདི་ལྟར་ཕུང་པོ་ལ་སོགས་པ་རྣམས་སོ་སོ་ཡང་མ་ཡིན། འདུས་པ་ཡང་མ་ཡིན་ཏེ། དེ་དག་གི་དེ་བཞིན་ཉིད་བྱང་
ཆུབ་སེམས་དཔའ་མ་ཡིན། དེ་དག་མ་གཏོགས་པའང་བྱང་ཆུབ་སེམས་དཔའ་མ་ཡིན་ལ། དེ་དག་ལ་ཡང་མ་ཡིན་ནོ། །དེ་དག་གི་བདག་ཉིད་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། སེམས་ཅན་ཤིན་ཏུ་མི་དམིགས་པ་ཉེ་བར་བཟུང་ནས་དེ་དག་གི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའི་
ངོ་བོ་ཡིན་པ་བཀག་ནས་རྣམ་གྲངས་གཞན་གྱིས་དགག་པ་ཡིན་པར་དགོངས་སོ། །འདིའི་མདོ་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་པ་ཞིག་བྱང་ཆུབ་
སེམས་དཔའ་ཡིན་སྙམ་མམ། གཟུགས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་དེ་བཞིན་ཉིད་ཡོད་སྙམ་མམ། གཟུགས་མེད་པའི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གང་གསུངས་
པ་ཡིན་ནོ། །གང་ལམ་ལ་ཆོས་ཤེས་པའི་བཟོད་པ་བསྟན་པ་ནི། གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ་སོར་རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་གྱི་ཚིག་བླ་དགས་ཞེས་བྱ་བ་ནས། ཇི་སྲིད་སྨོན་པ་དང་། སྨོན་པ་མེད་པའི་ཚིག་བླ་དགས་ཤིན་
ཏུ་མི་དམིགས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ངོ་བོ་བཀག་པ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། གཟུགས་རྟག་པ་ཉིད་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། དེ་བཞིན་དུ་གཟུགས་མི་རྟག་པ་ཉིད་དང་། གཟུགས་བདེ་བ་ཉིད་
དང་། གཟུགས་སྡུག་བསྔལ་བ་ཉིད་དང་། གཟུགས་བདག་དང་བཅས་པ་ཉིད་དང་། གཟུགས་བདག་མེད་པ་ཉིད་དང་། གཟུགས་ཞི་བ་ཉིད་དང་། གཟུགས་མ་ཞི་བ་ཉིད་ཅེས་བྱ་བ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་

ལམ་ལ་ཆོས་ཤེས་པ་བསྟན་པ་ནི། ཆོས་ཀྱི་དབྱིངས་གཅིག་ལ་གཅིག་མཐོང་བ་བཀག་པ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ཡིན་ནོ། །གང་
ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་བསྟན་པ་ནི། འདི་ལྟར་གཟུགས་ཀྱི་དབྱིངས་དང་། ཆོས་ཀྱི་དབྱིངས་དང་། ཚོར་བའི་དབྱིངས་དང་། ཆོས་ཀྱི་དབྱིངས་དང་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་དབྱིངས་དང་། ཆོས་ཀྱི་དབྱིངས་དང་ཞེས་བྱ་བ་ནས་ཡིད་ཀྱི་དབྱིངས་དང་། ཆོས་ཀྱི་
དབྱིངས་ཞེས་བྱ་བའི་བར་དུ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་གཟུགས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་གཟུགས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་ལམ་ལ་རྗེས་
སུ་ཤེས་པ་བསྟན་པ་ནི། འདུས་བྱས་ཀྱི་དབྱིངས་དང་། འདུས་མ་བྱས་ཀྱི་དབྱིངས་ཕན་ཚུན་མཐོང་བ་གཅིག་ལ་གཅིག་བཀག་པ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་འདུས་བྱས་ཀྱི་དབྱིངས་ཀྱིས་འདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་མ་བྱས་ཀྱི་
དབྱིངས་ཀྱིས་ཀྱང་འདུས་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་འདིས་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་གསལ་བར་བསྟན་ཏོ། །བསྒོམ་པའི་ལམ་གྱི་དབང་དུ་མཛད་ནས་བསྟན་པ་ནི། འདུས་བྱས་དང་འདུས་མ་
བྱས་ཉིད་གཅིག་ལ་གཅིག་ཐ་དད་པར་གདགས་པར་མི་ནུས་ཏེ། ཆོས་ཐམས་ཅད་མི་དམིགས་པས་སྐྲག་པ་མེད་པ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་འདུས་བྱས་ལས་ཐ་དད་པར་འདུས་མ་བྱས་གདགས་པར་མི་ནུས་སོ། །འདུས་མ་བྱས་ལས་ཀྱང་ཐ་དད་པར་འདུས་བྱས་གདགས་པར་
མི་ནུས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཡང་དག་པར་མི་དམིགས་པས་མི་སྐྲག །ཀུན་ཏུ་མི་སྐྲག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་འདུས་བྱས་ནི་ལམ་མོ། །འདུས་མ་བྱས་ནི་སྤངས་པ་སྟེ། དེ་གཉིས་གཅིག་ལ་གཅིག་ཐ་དད་པར་བྱས་ཤིང་

གདགས་པར་མི་ནུས་པའི་ཕྱིར་དེས་ན་བསྒོམ་པའི་ལམ་གྱི་རྣམ་པར་གཞག་པ་ནི་བཏགས་པ་ཡིན་གྱི་ཇི་ལྟར་མཐོང་བའི་མངོན་སུམ་དུ་ཕྱོགས་པར་བྱེད་པའི་མཚན་ཉིད་པ་ནི་མ་ཡིན་ཏེ། དངོས་པོ་ལས་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་སྟོན་པ་ཡིན་ནོ་ཞེས་སྟོན་པར་བྱེད་
དོ། །དེ་ལྟར་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་གང་ཡིན་པ་མི་དམིགས་པའི་རྣམ་པ་དང་། དེའི་དམིགས་པ་གང་ཡིན་པ་འཕགས་པའི་བདེན་པ་བཞི་དང་། རྟེན་གང་ཡིན་པ་སྐྱབས་གསུམ་དང་། ཁྱད་པར་དུ་འགྲོ་བའི་རྒྱུ་གང་ཡིན་པ་མ་ཆགས་པ་དང་། མི་ལྡོག་པར་འགྲོ་
བའི་རྒྱུ་གང་ཡིན་པ་ཡོངས་སུ་མི་ངལ་བ་དང་། ཐེག་པ་གཞན་གྱིས་མི་འགྲོ་བའི་རྒྱུ་གང་ཡིན་པ་ལམ་ཡོངས་སུ་འཛིན་པ་དང་། གཞན་གྱི་དྲིང་མི་འཇོག་པར་འགྲོ་བ་ཉིད་ཀྱི་རྒྱུ་གང་ཡིན་པ་སྤྱན་ལྔ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་རྒྱུ་གང་ཡིན་པ་མངོན་པར་
ཤེས་པ་དྲུག་དང་། སྒྲུབ་པ་མཐར་ཐུག་པའི་རྒྱུ་གང་ཡིན་པ་མཐོང་བ་དང་བསྒོམ་པའི་ལམ་དག་སྟེ། དེ་དག་ཐམས་ཅད་གདམས་ངག་གི་གནས་སྐབས་སུ་བསྟན་པར་རིག་པར་བྱའོ། །དེས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་
གདམས་པ་སྟེ། འདི་ནི་རྗེས་སུ་བསྟན་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་གདམས་ངག་དང་རྗེས་སུ་བསྟན་པའི་རྣམ་པར་འགྲེལ་པའོ།། །།ངེས་པར་འབྱེད་པའི་ཆ་དང་མཐུན་པ་
རྣམས་བརྗོད་པར་བྱའོ། །ཡང་འདི་དག་ལ་བརྗོད་པར་བྱ་བ་ཅི་ཡོད་ཅེ་ན། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པ་བཞི་བརྗོད་པར་བྱ་བ་ཡིན་ཏེ། དམིགས་པའི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། ཡོངས་སུ་འཛིན་པའི་ཁྱད་པར་རོ། །རྣམ་པར་
རྟོག་པ་དང་ལྡན་པའི་སྦྱོར་བ་ཡང་བརྗོད་པར་བྱ་སྟེ། འོག་ནས་བཤད་པའི་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་ལ་རྣམ་པར་རྟོག་པ་དུ་ཞིག་ཏུ་རྣམ་པར་གཞག་པར་བྱ་ཞེ་ན། འདི་ལ་ནི་རེ་རེ་ཞིང་ཆུང་ངུ་

དང་། འབྲིང་དང་། ཆེན་པོའི་དབྱེ་བ་བརྗོད་པར་བྱ་བ་ཡིན་པས། དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །དྲོད་སོགས་བདག་ཉིད་ཅི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཆུང་དང་འབྲིང་དང་ཆེན་
པོ་དང་། །ཉན་ཐོས་བསེ་རུ་ལྟ་བུ་དང་། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་གཉིས་པོ་འདི་དག་ཉེ་བར་དགོད་པར་མཛད་པ་ཡིན་ཏེ། དེ་དག་གིས་ནི་སེམས་བསྐྱེད་པ་དང་། གདམས་ངག་དང་། རྗེས་སུ་བསྟན་པའི་སྦྱོར་བ་དང་ལྡན་པ་དང་།
ཐོས་པ་དང་། བསམས་པ་དེ་དག་ཁྱད་པར་དུ་འགྲོ་བ་ཐོབ་པ་ལས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྒོམ་པའི་རང་བཞིན་དྲོ་བ་ཞེས་བྱ་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེའོ། །དྲོ་བ་དང་འདྲ་བས་དྲོ་བ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་འབྱུང་
བའི་སྔོན་དུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཁྱད་པར་རྣམ་པ་བཞིས་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་སྟེ། དམིགས་པའི་ཁྱད་པར་ནི་འཕགས་པའི་བདེན་པ་བཞི་པོ་མི་རྟག་པ་ལ་སོགས་པའི་རྣམ་པ་ལ་དམིགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་སྡུག་
བསྔལ་དང་ཀུན་འབྱུང་གི་བདེན་པའི་རྣམ་པ་ལ་མངོན་པར་མ་ཞེན་པ་ལ་སོགས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །གང་གཟུགས་ལ་སོགས་པའི་ཕུང་པོ་ཐ་དད་པ་རྣམས་སྡུག་བསྔལ་དང་། ཀུན་འབྱུང་གི་རྣམ་པ་བསྒོམ་པ་ལ་མངོན་པར་མ་ཞེན་པ་སྟེ། རྗེས་སུ་མཐུན་པའི་ཆོས་ལ་སྲེད་པ་ནི་
སྐྱོན་ནོ། །དེ་དག་ཉིད་ལ་སྟོང་པ་ཉིད་དང་། སྨོན་པ་མེད་པར་མངོན་པར་མ་ཞེན་པ་ནི་སྐྱོན་མེད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདིའི་མདོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང་། ལྷག་
པར་གནས་པ་དང་། ཀུན་ཤེས་པ་དང་། གཟུགས་སྡུག་བསྔལ་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། གཟུགས་བདག་མེད་ཅེས་བྱ་བར་མངོན་པར་ཞེན་ཅིང་ལྷག་པར་གནས་པ་དང་། ཀུན་ཤེས་པ་དང་། དེ་བཞིན་དུ་གཟུགས་སྟོང་ཞེས་བྱ་བ་དང་། སྨོན་པ་མེད་ཅེས་

བྱ་བར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། ཀུན་ཤེས་པ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་རྗེས་སུ་མཐུན་པའི་ཆོས་ལ་སྲེད་པ་ནི་སྐྱོན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་ནི་རེ་ཞིག་སྡུག་བསྔལ་གྱི་
བདེན་པར་རྟོགས་པའི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །ཀུན་འབྱུང་གི་བདེན་པར་རྟོགས་པའི་དམིགས་པ་དང་རྣམ་པའི་ཁྱད་པར་ནི། མདོ་ལས་ཇི་སྐད་དུ། དེ་བཞིན་དུ་གཟུགས་འདི་སྤང་བར་བྱའོ་ཞེས་མངོན་པར་ཞེན་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་
སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པ་ལ་མི་རྟག་པ་ལ་སོགས་པར་དམིགས་ཤིང་། མངོན་པར་ཞེན་པ་མེད་པ་ལ་སོགས་པ་རྣམས་ཀྱིས་རྣམ་པར་བྱེད་དོ། །ཅི་ཞིག་བརྗོད་པར་འགྱུར་ཞེ་ན། ཉན་ཐོས་རྣམས་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་དེ་ལ་མངོན་པར་ཞེན་པར་
བྱེད་དེ། དེ་མི་རྟག་པ་ལ་སོགས་པའི་རྣམ་པར་འགྱུར་ཏེ། བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཡང་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་ལ་དམིགས་ཤིང་དེའི་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་འགྱུར་ཏེ། ཆོས་
སུ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །འདིར་ཡང་མཚན་མ་མེད་པ་ཞེས་བྱ་བ་མ་སྨོས་པ་ནི་བདེན་པ་གཉིས་སྟོན་པར་བཞེད་པས་འཇུག་པའི་ཕྱོགས་ཀྱི་དབང་དུ་མཛད་པ་ཡིན་ཏེ། མཚན་མ་མེད་པ་ལ་ཐེག་པ་ཆེན་པོ་འགོག་པ་དང་། ལམ་གྱི་བདེན་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་
བྱས་ན་གང་ལ་མཚན་མ་མེད་པ་དང་། གང་གི་རྣམ་པར་རྟོག་པའི་མཚན་མ་སེལ་བ་ནི། ཞི་བའི་རྣམ་པ་ཡིན་ནོ་ཞེས་གང་གསུངས་པ་དེ་ནི་དངོས་པོ་དང་། མཚན་མ་དང་འབྲེལ་པའི་ཉན་ཐོས་ཀྱི་ལམ་གྱི་དབང་དུ་མཛད་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །མངོན་པར་ཞེན་པ་
མེད་པ་ལ་སོགས་པ་གང་གསུངས་པ་འདིར་དཔྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་མངོན་པར་ཞེན་པ་མེད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ནི་མེད་པ་ཡིན་པའི་ཕྱིར་གཉེན་པོར་མི་རིགས་སོ། །འོན་ཏེ་མངོན་པར་ཞེན་པ་མ་ཡིན་པ་ཡིན་ན་ནི་མིག་ལ་སོགས་པ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན།

ཇི་ལྟར་མི་མཐུན་པ་ཡིན་པ་དེ་ལྟར་ནི་མངོན་པར་ཞེན་པ་ཡིན་ལ། ཇི་ལྟར་གཉེན་པོ་ཡིན་པ་དེ་ལྟར་ནི་མངོན་པར་མ་ཞེན་པ་ཡིན་ནོ། །ཡང་ཇི་ལྟར་ན་མི་མཐུན་པ་ཡིན་ཞེ་ན། མི་བདེན་པའི་ཀུན་ཏུ་རྟོག་པས་ཀུན་ནས་བསླང་བའི་ཡོད་པ་དང་མེད་པར་འཛིན་པའོ། །ཇི་ལྟར་གཉེན་པོ་
ཡིན་ཞེ་ན། ཅི་ནས་ཀྱང་དེ་དག་མེད་པའོ། །ཡང་ཇི་ལྟར་དེ་དག་མེད་པ་ཡིན་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་སེམས་མ་ཡིན་པ་དེ་ལ་ཡོད་པའམ། མེད་པ་དམིགས་པར་འགྱུར་ཞེས་དྲིས་པ་ལ་སེམས་གང་ལ་སེམས་མེད་པ་ཞེས་བྱ་བ་ཡོད་དམ་ཞེས་ཕྱིར་དྲིས་པ་འདི་ནི་གནས་
མེད་པ་དང་། ཤེས་པ་མེད་དོ་ཞེས་བྱ་བས་ལན་བཏབ་པ་ཡིན་ནོ། །འགོག་པ་དང་ལམ་གྱི་བདེན་པའི་དམིགས་པ་དང་། རྣམ་པའི་ཁྱད་པར་དག་གི་དབང་དུ་བྱས་ནས་བསྟན་པ་ནི་འགོག་པ་དང་། ལམ་དག་མངོན་དུ་བྱ་བ་དང་། བསྒོམ་པར་བྱ་བར་མངོན་པར་ཞེན་པ་ནི་སྐྱོན་ཡིན་ནོ། །
འདིའི་མདོ་ནི། འགོག་པ་འདི་ནི་མངོན་དུ་བྱའོ། །འདིས་འགོག་པ་མངོན་དུ་བྱའོ། །ལམ་འདི་བསྒོམ་པར་བྱའོ། །འདིས་ནི་ལམ་བསྒོམ་པར་བྱ་ཞིང་མངོན་པར་ཞེན་པ་མེད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ལ་འདི་ལྟར་ཞེས་བྱ་བ་ནི་ཀུན་འབྱུང་ལ་སོགས་པའི་
བདེན་པ་རེ་རེ་ཞིང་རྣམ་པ་བཞི་བཞིར་གསུངས་པ་ཡིན་ལ། འདིས་ཞེས་བྱ་བ་ནི་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་ཕྱོགས་གསུངས་པ་ཡིན་ནོ། །འདིས་ནི་འགོག་པ་དང་ལམ་དག་ནི་མཚན་མ་མེད་པ་རྣམ་པར་ཐར་པའི་སྒོར་བཤད་པ་ལ་མཚན་མ་ཡང་རྣམ་པ་གསུམ་སྟེ། ཀུན་ནས་ཉོན་མོངས་པ་
དང་། རྣམ་པར་བྱང་བའི་ཆོས་རྣམས་བསྟེན་པར་བྱ་བ་དང་། བསྟེན་པར་མི་བྱ་བའི་མངོན་པར་ཞེན་པའི་མཚན་མ་དང་། སྤྱད་པར་བྱ་བ་དང་། སྤྱད་པར་བྱ་བ་མ་ཡིན་པ་རྣམས་ལ་བསླབ་པར་གནས་པའི་མཚན་མ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། དེའི་ཕ་རོལ་ཏུ་ཕྱིན་
པ་མ་ཡིན་པ་ལ་སོགས་པ་རྣམས་ལ་ཐབས་ལ་མཁས་པ་དང་། ཐབས་ལ་མཁས་པ་མ་ཡིན་པ་ཞེས་བྱ་བའི་མཚན་མའོ། །དེ་དག་ལས་གོ་བཟློག་པའི་ཚུལ་གྱིས་མཚན་མ་མེད་པ་གསལ་བར་བསྟན་ཏོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ལ་བསྟེན་པར་བྱ་བ་

དང་། བསྟེན་པར་བྱ་བ་མ་ཡིན་པ་དང་། སྤྱད་པར་བྱ་བ་དང་། སྤྱད་པར་བྱ་བ་མ་ཡིན་པ་དང་། བསླབ་པར་བྱ་བ་དང་། བསླབ་པར་བྱ་བ་མ་ཡིན་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་
རྣམས་ལ་མཁས་པ་དང་། ཐབས་ལ་མཁས་པ་མ་ཡིན་པ་དང་། མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། འདུ་ཤེས་པ་ནི་རྗེས་སུ་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ཞེས་བྱའོ། །འདིའི་མདོ་ནི། འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ། །ཆོས་
འདི་དག་ནི་བསྟེན་པར་བྱའོ། །ཆོས་འདི་དག་ནི་བསྟེན་པར་བྱ་བ་མ་ཡིན་པའོ། །འདི་ནི་སྤྱད་པར་བྱ་བའོ། །འདི་ནི་སྤྱད་པར་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ནས་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྗེས་སུ་མཐུན་པའི་རྟོག་པའི་ཆོས་འདི་ལ་སྲེད་པ་ཡིན་ནོ། །རྗེས་
སུ་མཐུན་པ་ཞེས་བྱ་བ་ནི་ལུགས་སུ་འཇུག་པའི་ཆོས་ལ་སྲེད་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་འདིའི་སྐྱོན་ཞེས་བྱ་བར་རྟོགས་པར་འགྱུར་བ་གང་ཡིན་སྙམ་ནའང་སྐྱོན་མེད་པ་དེ་ལས་བཟློག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ནང་སྟོང་པ་ཉིད་ལ་ཕྱི་
སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། སྟོང་པ་ཉིད་ཐམས་ཅད་ཀྱིས་སོ་སོར་གཅིག་ལ་གཅིག་མཐོང་བ་དགག་པ་ཡིན་ཏེ་ཞེས་བསྟན་པའོ། །འདིའི་མདོ་ནི། དེ་ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱི་སྟོང་པ་ཉིད་ལ་
ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རློམ་པའི་མཚན་མ་ཐམས་ཅད་ཀུན་ཏུ་བཅད་པའི་མཚན་ཉིད་ལམ་གྱི་དབང་དུ་མཛད་ནས་བསྟན་པ་ནི། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་
ཕྱོགས་དང་། སོ་སོ་ཡང་དག་པར་རིག་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། བྱང་ཆུབ་ཀྱི་སེམས་དང་དེའི་མིང་དུ་ཡང་ཤེས་པའི་རློམ་སེམས་བཀག་པ་ཡིན་ནོ། །འདིའི་མདོ་ནི། འདི་ལྟར་བསླབ་པར་བྱ་སྟེ། གཟུགས་

ཤེས་པར་བྱ་སྟེ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཤེས་པར་བྱ་སྟེ་ཞེས་བྱ་བའི་བར་དང་། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཤེས་པར་བྱ་སྟེ་དེས་ཀྱང་རློམ་སེམས་སུ་མི་བྱའོ་ཞེས་བྱ་བ་ཡིན་ནོ། །འདིས་ནི་ལམ་གྱི་བདེན་པའི་དམིགས་པ་ཁྱད་པར་དུ་གསལ་བར་བསྟན་ཏོ། །དེ་ལ་
བྱང་ཆུབ་ཀྱི་སེམས་ཀྱི་མིང་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་འདི་དག་ནི་མིང་ཙམ་སྟེ། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ནི་རྫས་དང་། དེ་ཡོངས་སུ་གྲུབ་པ་ཡོད་པ་མ་ཡིན་པར་བལྟ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་ནི་སེམས་མ་ཡིན་ཏེ། རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་
པའི་ཕྱིར་ཏེ། ཇི་སྐད་དུ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཡང་སེམས་རང་བཞིན་གྱིས་འོད་གསལ་བ་དེ་གང་ཡིན་ཞེ་ན། ཉོན་མོངས་པ་དང་ཡང་དག་པར་
ལྡན་པ་དང་། ཡང་དག་པར་མི་ལྡན་པ་མ་ཡིན་པ་ནི་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཡིན་ཏེ། ཇི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་གང་འདོད་ཆགས་དང་ལྡན་པ་མ་ཡིན། བྲལ་བ་མ་ཡིན་ཞེས་བྱ་བ་ནས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དང་ལྡན་པ་མ་
ཡིན། བྲལ་བ་མ་ཡིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡོད་པ་ཙམ་དུ་རློམ་སེམས་དང་རྗེས་སུ་འབྲེལ་པ་ལ་བརྩམས་ནས་སྨྲས་པ་ནི་ཡང་ཅི་ཚེ་དང་ལྡན་པ་རབ་འབྱོར་སེམས་ཡོད་པ་གང་ཡིན་པ་དེ་སེམས་མ་ཡིན་ནམ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་བསྟན་པ་ནི་དེ་སེམས་
དང་སེམས་མ་ཡིན་པ་ཡོད་པ་དང་མེད་པ་ཉིད་དུ་དྲིས་པ་མི་རིགས་སོ་ཞེས་བྱ་བ་ཡིན་ཏེ། འདིའི་མདོ་ནི། ཡང་ཅི་ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་གང་མེད་པ་དེ་ལ་ཡོད་པའམ། མེད་པའམ། ཡོད་པ་མ་ཡིན་པའམ། དམིགས་པའམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་
འདི་ལྟར་ཅིའི་ཕྱིར་འདི་ལ་སེམས་མེད་པ་ཞེས་བྱ་ཞེ་ན། རྣམ་པར་རྟོག་པ་མེད་པ། འགྱུར་བ་མེད་པ། སེམས་མེད་པའི་མཚན་ཉིད་ཡིན་ཏེ། ཇི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་རྟོག་པ་མེད་པ་འགྱུར་བ་མེད་པ་ནི་སེམས་མེད་པ་ཞེས་བྱ་བ་ཡིན་ནོ། །སེམས་ནི་རྣམ་པར་རྟོག་པ་མེད་

ཅིང་འགྱུར་བ་མེད་པ་དེས་ཀྱང་ཕུང་པོ་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །ཇི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་ཕུང་
པོ་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཞེས་གསུངས་པ་ཡིན་ནོ། །སེམས་དང་སེམས་མ་ཡིན་པ་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་འདིའི་བར་གྱིས་ལམ་གྱི་བདེན་པའི་དབང་དུ་མཛད་ནས་ཁྱད་པར་བསྟན་པ་ཡིན་
པར་རིག་པར་བྱའོ། །རྒྱུའི་ཁྱད་པར་གྱི་དབང་དུ་མཛད་ནས་དེ་ཅིའི་ཕྱིར་ཞེ་ན། གང་འདི་ལྟར་ཐུན་མོང་བའི་མཚན་ཉིད་ཅན་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐེག་པ་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ཏེ། ཇི་སྐད་དུ། འདི་ལྟར་
འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་བསླབ་པར་བྱ་བའི་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་འཛིན་པའི་ཁྱད་པར་ནི་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡིན་ཏེ་ཕྱིས་འཆད་པར་
འགྱུར་རོ། །འདི་ནི་རེ་ཞིག་དྲོ་བར་གྱུར་པ་ཆུང་ངུ་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་ཉོན་མོངས་པ་དང་བྲལ་བ་ནས་རྣམ་པར་དབེན་པའོ་ཞེས་བྱ་བའི་བར་གྱིས་སོ། །དངོས་པོ་འགགས་པས་ན་
ཞི་བའོ། །རང་ཉིད་མ་སྐྱེས་པ་ཉིད་ཀྱིས་ན་སྐྱེ་བ་མེད་པའོ། །ཕ་རོལ་གྱི་མུ་མེད་པ་ཉིད་ཀྱིས་ན་རྟོགས་པར་དཀའ་བའི་ཕྱིར་འབྱུང་བ་མེད་པའོ། །འཕགས་པའི་གང་ཟག་ཐམས་ཅད་ཀྱི་སྔོན་ཐོབ་པ་དང་ལྡན་པར་གྱུར་པའི་རྒྱུ་དང་བྲལ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་དོ། །སེམས་ཅན་
དམིགས་སུ་མེད་པས་ན་རྣམ་པར་བྱང་བ་མེད་པའོ། །འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བས་ན་ཆོས་ཀྱི་དབྱིངས་སོ། །གཞན་དུ་འགྱུར་བ་མེད་པས་དེ་བཞིན་ཉིད་དོ། །ཕྱིན་ཅི་ལོག་པའི་མཐར་ཐུག་པ་ཉིད་ཀྱིས་ན་ཡང་དག་པའི་མཐའོ། །འཕགས་པ་ཐམས་ཅད་ཀྱིས་མ་མཛད་པས་ན་

ཆོས་གནས་པ་ཉིད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཞེས་བྱ་བ་ནས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ་ཞེས་བྱ་བ་དང་འདུ་བ་དང་འགོད་པ་དང་མི་དམིགས་ཤིང་མ་མཐོང་བ་ཉིད་ཀྱི་ཕྱིར་དང་། མིང་ཐམས་ཅད་ཡོད་པ་མ་ཡིན་པའི་ཕྱིར་གནས་པ་དང་། གནས་པ་དང་བྲལ་བ་མེད་པ་ཞེས་བྱ་བ་
ནི་འབྲིང་ཡིན་ནོ། །དེ་ལ་འདུ་བ་ནི་སྐྱེ་བ་སྟེ། དེ་མི་དམིགས་པའོ། །འགོད་པ་ནི་འགག་པ་སྟེ། དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་དོན་གཞན་ཡིན་ཏེ། མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་ཚིག་གཉིས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་མི་དམིགས་
པའི་རྣམ་པ་སྒོམ་པ་ལྷག་པར་མོས་པ་ཡིད་ལ་བྱེད་པ་དང་། དེ་ཁོ་ན་ཉིད་མཐོང་བའི་དབང་དུ་བྱས་ཏེ་བསྟན་པའོ། །རིམ་པ་ཇི་ལྟ་བ་བཞིན་དུ་མི་དམིགས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་ཚིག་གཉིས་བརྗོད་པས་དེ་ལ་གནས་པ་ནི་རྒྱུན་འདྲ་བའོ། །གནས་པ་དང་བྲལ་བ་ནི་རྒྱུན་
མི་འདྲ་བའོ། །ཕུང་པོ་ལ་སོགས་པ་ཆོས་ཀྱི་བརྡར་བཏགས་པ་དང་། རྨི་ལམ་དང་། སྒྲ་བརྙན་དང་། གཟུགས་བརྙན་དང་། སྤྲུལ་པ་བཞིན་དུ་དགེ་བ་ལ་སོགས་པ་གང་གིས་ཀྱང་བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བ་ནས་སེམས་པར་མི་འགྱུར། སྐྲག་པར་མི་འགྱུར་བ་ལ་སོགས་པས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བས་ནི་ཆེན་པོ་བསྟན་པ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པ་ལས་འདི་ཁྱད་ཅི་ཡོད་ཅེ་ན། དྲོ་བར་གྱུར་པ་ཞེས་བྱ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རིགས་ཞེས་བྱ་བའི་དོན་ནམ། ཡང་དབང་པོ་རྟུལ་པོ་
ལ་སོགས་པའི་གང་ཟག་གི་དབྱེ་བ་ལའང་འདིའི་དམིགས་པའི་གནས་ལ་སོགས་པའི་ཁྱད་པར་ཤེས་པར་བྱ་བའི་དོན་ནོ། །རྩེ་མོ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། ཉེས་པ་མེད་དེ་འདོད་པ་ཡིན་ནོ། །གང་དྲོ་བར་གཏོགས་པ་བདེན་པ་བཞིའི་རྣམ་པ་བཅུ་དྲུག་ཏུ་གང་བཤད་པ་དྲོ་
བར་གྱུར་པ་ནི་བདེན་པ་བཞི་ལ་དམིགས་པ་རྣམ་པ་བཅུ་དྲུག་དང་ལྡན་པ་ཡིན་ལ། དྲོད་ལས་ནི་རྩེ་མོ་ཡིན་ཞིང་དེ་དག་ཀྱང་དེ་འདྲ་བར་གྱུར་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དེ་ཅི་ལྟར་ཡིན་ཞེ་ན། ཅི་བྲེ་དང་ཁང་བཟངས་མཚན་ཉིད་འདྲ་བའམ། ཅི་འདི་ནི་འཇུག་པ་ཁོ་ན་ཡིན་ནོ། །དྲོ་བར་

གྱུར་པ་བཤད་ཟིན་ཏོ། །དེ་བཞིན་དུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་སོགས་པའི་རིམ་གྱིས་མངོན་པར་འཕེལ་བའི་དྲོ་བར་གྱུར་པ་ལས་རྩེ་མོ་རྣམས་སྐྱེ་སྟེ། གཡོ་བའི་དགེ་བ་རྣམས་ཀྱི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོ་ཉིད་དོ། །དེ་རྣམས་ཀྱི་ཡོངས་སུ་
འཛིན་པ་དང་། རྒྱུ་ཉིད་ཁྱད་པར་སྔ་མ་བཞིན་དུ་ཤེས་པར་བྱའོ། །རྩེ་མོ་རྣམས་ཇི་ལྟ་བ་བཞིན་དུ་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ལའང་དམིགས་པ་དང་རྣམ་པས་ཁྱད་པར་བརྗོད་པར་བྱ་སྟེ། དེ་ལ་རྩེ་མོའི་ཁྱད་པར་ནི་རེ་ཞིག་དམིགས་པའི་ཁྱད་པར་ནི་ཆོས་
ཐམས་ཅད་ལ་མི་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་གནས་པར་མི་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་དང་། སའི་
ཁམས་ལ་སོགས་པ་རྣམས་ལ་ཆགས་པའི་གནས་བཀག་པ་ཞེས་བྱ་སྟེ། དེ་ལ་གནས་པ་ནི་དངོས་པོ་ལ་དམིགས་པའི་རབ་ཏུ་གནས་པའི་སེམས་ལས་བྱུང་བའོ། །འདི་ལས་བཟློག་པ་ནི་མི་གནས་པ་ཡིན་པར་ཤེས་པར་བྱའོ། །འདི་ནི་དཔྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་གནས་པ་མེད་པ་
གནས་པར་མི་བྱ་བ་ཡིན་ན་ནི་མེད་པ་ཡིན་པའི་ཕྱིར་གཉེན་པོར་མི་རིགས་སོ། །འོན་ཏེ་གནས་པ་མ་ཡིན་པ་ཡིན་ན་ཐལ་ཆེས་པ་ཡིན་ནོ་ཞེ་ན། མངོན་པར་ཞེན་པ་མེད་པ་ལ་ཚུལ་ཇི་ལྟར་བཤད་པ་དེ་ལྟར་འདི་ལ་ཡང་བལྟ་བར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་རྣམ་པའི་ཁྱད་པར་
ཅན་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དེའི་ངོ་བོས་སྟོང་ཞེས་སོ། །མདོ་ནི་ཇི་སྐད་དུ། གང་གི་ཕྱིར་གཟུགས་ནི་གཟུགས་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་འདིས་ནི་རྟག་པར་དམིགས་པའི་གནས་སྤངས་པ་ཡིན་ཏེ། ཆོས་རྣམས་དང་དེའི་སྟོང་པ་ཉིད་
རྣམ་པའི་ཁྱད་པར་ཅན་དང་། གང་དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དང་དེའི་སྟོང་པ་ཉིད་ཕན་ཚུན་དེའི་རང་བཞིན་གཅིག་པར་འདོད་པས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས་བཅོམ་ལྡན་འདས་གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་

ཡིན་ནོ། །དེའི་ཕྱིར་འདིས་ནི་ཆད་པར་འཛིན་པའི་དམིགས་པའི་གནས་སྤངས་པ་ཡིན་ནོ། །སྡུག་བསྔལ་ལ་སོགས་པའི་བདེན་པའི་རྣམ་པ་དག་ལ་གནས་པ་མེད་པར་དམིགས་པའི་ཁྱད་པར་ནི་གང་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ལ་སོ་སོ་ནས་སྡུག་བསྔལ་ལོ་ཞེས་བྱ་བ་ནས་ཞི་བའོ་
ཞེས་བྱ་བར་གནས་པ་བཀག་པའོ་ཞེས་བསྟན་པ་ཡིན་ནོ། །སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་ནི་སྟོང་པ་ཉིད་ནི་རྣམ་པའི་ཁྱད་པར་ཡིན་ཏེ། གང་དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་སྡུག་བསྔལ་ལ་སོགས་པ་དེའི་རྣམ་པ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་
ཡིན་ཏེ། སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་དང་། དེའི་སྟོང་པ་ཉིད་ཕན་ཚུན་དེའི་བདག་ཉིད་གཅིག་པ་ནི་རྣམ་པའི་ཁྱད་པར་ཡིན་ཏེ། གང་དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་ལ་སོགས་པ་དང་། དེའི་སྟོང་པ་ཉིད་དག་ཕན་ཚུན་རང་བཞིན་གཅིག་པར་འདོད་པའོ་ཞེས་གསུངས་
པ་ཡིན་ནོ། །འདིར་ཡང་སྡུག་བསྔལ་ཉིད་ལ་སྟོང་པ་ཉིད་ཀྱིས་ཁྱབ་པས་ཕན་ཚུན་དེའི་རང་བཞིན་གཅིག་པ་ཡིན་ཏེ། ཡང་སྡུག་བསྔལ་གྱིས་ནི་སྟོང་པ་ཉིད་ལ་མ་ཡིན་ཏེ། དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་རེ་ཞིག་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་
པའི་དབང་དུ་བྱས་པའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །འགོག་པའི་བདེན་པའི་དབང་དུ་བྱས་པ་ནི་དེ་བཞིན་ཉིད་ལ་སོགས་པ་གནས་མེད་པ་ལ་དམིགས་པའི་ཁྱད་པར་ནི་གང་འདི་ལྟར་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་
མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་སྦྱར་རོ་ཞེས་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་ཉིད་ལ་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་
བཞིན་ཉིད་ལ་སོགས་པ་རྣམས་རང་བཞིན་གྱིས་སྟོང་པ་ནི་རྣམ་པའི་ཁྱད་པར་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་ལ་སོགས་པ་དང་། དེའི་སྟོང་པ་ཉིད་ཕན་ཚུན་དེའི་བདག་ཉིད་

གཅིག་པ་ནི་རྣམ་པའི་ཁྱད་པར་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་གང་དེ་བཞིན་ཉིད་སྟོང་པ་ཉིད་དེ། དེ་དེ་བཞིན་ཉིད་ལས་གཞན་མ་ལགས། དེ་དེ་བཞིན་ཉིད་ཀྱང་སྟོང་པ་ཉིད་ལ་གཞན་མ་ལགས་ཏེ། སྟོང་པ་ཉིད་ཀྱང་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་
ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་ཡང་གཉིས་ཀས་གཉིས་ཀ་ལ་ཁྱབ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་དོན་ལ་ཁྱད་པར་མེད་དོ་ཞེ་ན། དོན་གཞན་མ་ཡིན་པ་དེ་ནི་དེ་བཞིན་ཉིད་ཡིན་ལ། ལྟ་བར་གྱུར་པའི་གཉེན་པོ་ནི་སྟོང་པ་ཉིད་ཡིན་ནོ། །འདི་ལྟར་ཀུན་ལ་
དོན་ལ་བྱེ་བྲག་མེད་པ་ནི་ཆོས་ཉིད་ཡིན་ལ། འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །གཅིག་ཏུ་ངེས་པར་འབྱུང་བའི་ཕྱིར་ཆོས་སྐྱོན་མེད་པའོ། །ཕྱིན་ཅི་མ་ལོག་པས་ན་ཡང་དག་པའོ། །རབ་ཀྱི་མཐར་འགྲོ་བས་ན་མཐའ་ཞེས་བྱའོ། །ལམ་གྱི་དབང་དུ་བྱས་
པ་ནི་གནས་མེད་པ་དང་མངོན་པར་འདུས་མ་བྱས་པ་ལ་དམིགས་པས་ཁྱད་པར་དུ་འཕགས་པ་ཡིན་ཏེ། གང་གཞན་ཡང་ཐབས་མི་མཁས་པས་བདག་དང་བདག་གིར་འཛིན་པའི་སེམས་ཀྱིས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཞེས་བྱ་བ་ནས་གཟུངས་ཀྱི་སྒོ་རྣམས་དང་། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དང་རྗེས་སུ་མཐུན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། འགལ་བར་གནས་པ་དང་། མངོན་པར་འདུ་བྱེད་པར་དམིགས་པ་བཀག་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །འདིའི་མདོ་ནི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པ་ན་ཐབས་ལ་མི་མཁས་པས་བདག་དང་བདག་གིར་འཛིན་པའི་སེམས་ཀྱིས་གཟུགས་ལ་གནས་ཤིང་། ད་ཡང་གཟུགས་མངོན་པར་འདུ་བྱ་བ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། མངོན་དུ་མི་བྱེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡོངས་སུ་འཛིན་པ་མ་ཡིན། དེ་རྣལ་འབྱོར་དུ་བྱེད་པ་མ་ཡིན་ཏེ། ཡོངས་སུ་མ་རྫོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་མི་འབྱུང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པ་ཡོངས་སུ་འཛིན་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་པས་ཁྱད་པར་དུ་འཕགས་པ་

ཡིན་ཏེ། གང་དེ་རྣམས་ཉིད་ལ་ཡོངས་སུ་འཛིན་པའི་ངོ་བོ་བཀག་པ་ཡིན་ནོ་ཞེས་བསྟན་ཏོ། །འདིའི་མདོ་ནི། བཅོམ་ལྡན་འདས་གང་གཟུགས་ཡོངས་སུ་མ་བཟུང་བ་དེ་ནི་གཟུགས་མ་ལགས་ཏེ། རང་བཞིན་གྱིས་སྟོང་པ་ཉིད་ཉེ་བར་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་
ཡིན་ནོ། །དེ་ལ་སྤངས་པ་ནི་ཆོས་ཀྱི་དབྱིངས་རྒྱ་ཆེ་བའི་ཕྱིར་རོ། །བདུན་དུ་མ་བྱས་པ་ནི་དམིགས་པ་དང་རྣམ་པ་དག་གིས་སྔར་འཇུག་པའི་ཕྱིར་རོ། །ཚད་མེད་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ངེས་པ་ནི་རབ་ཏུ་ངེས་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་ཐམས་ཅད་དང་
ཐུན་མོང་མ་ཡིན་པ་ནི་ཇི་སྐད་དུ། དམིགས་པ་དང་། རྣམ་པ་དང་། རྒྱུ་དང་། ཡོངས་སུ་འཛིན་པས་ཁྱད་པར་དུ་འཕགས་སོ་ཞེས་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཇི་ལྟ་བ་རྗེས་ཐོགས་སུ་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཆོས་ཐམས་ཅད་སྟོང་
པ་ཉིད་ཉེ་བར་བཟུང་ནས་ཡོངས་སུ་མི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། འདིའི་མདོ་ནི། བཅོམ་ལྡན་འདས་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མི་འཛིན་ཏེ། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་བཟུང་ནས་ཞེས་བྱ་བ་དང་། དེ་མཚན་མ་
མེད་པར་བརྗོད་དོ་ཞེས་བྱ་བ་ཡིན་ནོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ། དེ་ཡང་དཀྱིལ་འཁོར་ཡིན་ཏེ། ཏིང་ངེ་འཛིན་གཞན་དང་གཞན་བསྡུས་པ་ཡིན་པའི་ཕྱིར་རོ། །དེས་ནི་རེ་ཞིག་རྩེ་མོར་གྱུར་པ་ཆུང་ངུ་བསྟན་ནོ། །ཇི་སྐད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མཚན་མ་མེད་པར་བརྗོད་དེ།
འདི་ལྟར་མཚན་མ་ནི་ཉོན་མོངས་པའོ་ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་མཚན་མ་ལ་ཉོན་མོངས་པ་ཞེས་བྱ་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་བར་གྱི་མཚན་མ་ཉོན་མོངས་པ་ཉིད་ཡིན་
ནོ། །འདིའི་མདོ་ནི། གཟུགས་ནི་མཚན་མ་མེད་པའོ། །ཚོར་བ་ནི་མཚན་མ་མེད་པའོ་ཞེས་བྱ་བ་ནས་གཟུངས་ཀྱི་སྒོ་རྣམས་ནི་མཚན་མར་བརྗོད་དེ། ཉོན་མོངས་པ་ཡིན་ནོ། །དེའི་མཚན་ཉིད་ནི་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །ཇི་ལྟར་མཚན་

མ་འདི་དག་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ཡིན་པར་ངེས་ཤེ་ན། ཀུན་དུ་རྒྱུ་སྡེ་ཅན་གྱི་མཚན་མ་ཉོན་མོངས་པའི་གཉེན་པོར་རྟོགས་པས་ཞེས་གསུངས་པ་དང་དཔང་པོ་ཡིན་ཏེ། ཇི་སྐད་དུ་མདོ་ལས་གལ་ཏེ་དེས་མཚན་མར་བཟུང་བར་འགྱུར་ན་ནི་ཀུན་དུ་རྒྱུ་སྡེ་
ཅན་བསྟན་པ་འདི་ལ་དད་པ་ཐོབ་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྡེ་ཅན་དཔེར་བྱས་པ་ནི་དེ་མུ་སྟེགས་པ་དང་འབྲེལ་པ་ཡིན་ཡང་དེ་ལངས་ནས་རྟོགས་པ་འབའ་ཞིག་གིས་སྟོབས་ཉིད་ཀྱིས་དོན་དེ་མངོན་སུམ་དུ་བྱས་པ་ནི་ཤེས་པར་བྱེད་པ་ཡིན་ནོ། །རྟོགས་པའི་ཡེ་ཤེས་ཀྱི་མཚན་མར་
རེ་ཞིག་གདོན་མི་ཟ་བར་འགྱུར་རོ་ཞེ་ན། སྨྲས་པ། ནང་ལ་སོགས་པ་རྣམས་ཡེ་ཤེས་ཀྱི་མཐོང་བ་བཀག་ནས་བཟློག་པ་གསུམ་པ་ཡིན་ཏེ། འདིའི་མདོ་ནི། ཡེ་ཤེས་དེ་ནང་དུ་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་རོལ་དང་། ཕྱི་དང་ནང་ལ་སོགས་པ་ལས་གཞན་དུ་ཡེ་ཤེས་དེ་ཡང་དག་
པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་དེ་ཆོས་ཅུང་ཟད་ཀྱང་ཡོངས་སུ་མི་འཛིན་ཏེ། མཚན་མ་མེད་པ་ཡིད་ལ་བྱེད་པ་ཉེ་བར་བཟུང་ནས་ཞེས་གསུངས་པ་ཡིན་ནོ། །ཡང་ཅིའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་པ་ཡིན་ཞེ་ན། ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་ཏོ། །ཇི་སྐད་དུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་པ་ཉེ་བར་བཟུང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེས་ནི་འབྲིང་བསྟན་ཏོ། །གང་གིས། གང་ལས། གང་གིས་ནི།
འདྲི་བའི་ཚིག་གོ། །ཆོས་གང་ཅི་ཡང་མེད་ཅིང་མི་དམིགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་རྟོག་སྟེ། གོ་རིམས་བཟློག་པས་ཕ་རོལ་ཏུ་ཕྱིན་པ་རྣམས་མེད་ཅིང་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་ཀུན་མཁྱེན་གསུམ་དང་། སྟོང་
པ་ཉིད་དང་། བླང་བར་བྱ་བ་མེད་ཅིང་མི་དམིགས་པའི་ཕྱིར་དེ་བཞིན་དུ་ཉེ་བར་བརྟགས་ནས་སེམས་མི་ཞུམ། མི་སྐྲག་ཅེས་བྱ་བ་ལ་སོགས་པས་མི་སྤོང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་དེ་དག་གིས་ནི་ཆེན་པོ་བསྟན་ཏོ། །

འདིའི་མདོ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཉེ་བར་བརྟགས་པར་མི་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་གང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
སུའི་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ལས་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཡིན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྩེ་མོར་རྟོགས་པ་བསྟན་ནས་བཟོད་པ་བརྗོད་པར་བྱ་སྟེ། རྟག་ཏུ་སྦྱོར་བའི་རྒྱུ་སྟོན་པ་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་
སོགས་པའི་ཕུང་པོ་རྣམས་རེ་རེ་ནས་གཟུགས་ལ་སོགས་པའི་ཕུང་པོའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་ལ་སོགས་པ་ནས་མ་འདྲེས་པ་རྣམས་ཀྱི་བར་དུ་སྟེ། དེ་ཉིད་ལ་སོགས་པའི་རང་བཞིན་དང་བྲལ་བ་ནི། དེ་བཞིན་ཉིད་ལ་སོགས་པའི་རང་བཞིན་
ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་རེ་ཞིག་བཟོད་པ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱིས་དམིགས་པ་ཁྱད་པར་ཅན་དུ་འཕགས་སོ་ཞེས་བསྟན་ཏེ། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་སྟེ་ཞེས་བྱ་བ་ལ་
སོགས་པ་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་དང་། དེ་བཞིན་ཉིད་ལ་སོགས་པ་རྣམས་རེ་རེ་ནས་རང་བཞིན་མེད་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱིས་རྣམ་པ་ཁྱད་པར་འཕགས་པ་ཡིན་ནོ་ཞེས་བསྟན་ཏེ། ཇི་
སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེ་ཉིད་ཀྱི་ཕྱིར་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་རྣམས་རེ་རེ་ནས་མཚན་ཉིད་ཀྱི་རང་བཞིན་
དང་བྲལ་བའོ། །རང་བཞིན་ཡང་རང་བཞིན་དང་བྲལ་བའོ། །འདིས་ནི་མཚན་ཉིད་ཀྱི་རང་བཞིན་དང་། རང་བཞིན་གྱི་མཚན་ཉིད་དག་ཕན་ཚུན་ངོ་བོ་མེད་པ་ཉིད་ཀྱིས་རྣམ་པ་དང་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་ཉིད་ཀྱི་རང་བཞིན་ཡང་

མཚན་ཉིད་དང་བྲལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རང་བཞིན་གྱི་མཚན་ཉིད་ཀྱང་རང་བཞིན་དང་བྲལ་བ་ཡིན་ནོ། །དེ་ལྟར་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་བཟོད་པ་ཆུང་ངུ་དང་མཐུན་
པ་ཐོབ་པ་ནི་བཟོད་པ་ཆུང་ངུ་ཡིན་ནོ་ཞེས་བྱའོ། །འབྲིང་བསྟན་པའི་ཕྱིར་ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ཞེས་ཡོངས་སུ་དྲིས་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་མ་སྐྱེས་མ་བྱུང་བའི་ཕྱིར་རོ་ཞེས་པ་ནས་བརྩམས་ཏེ། ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་སྐྱེ་བ་དང་འགག་པ་མི་དམིགས་ཏེ། དེ་དག་རིམ་པ་བཞིན་དུ་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་ཀྱིས་དམིགས་པ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེའི་ཕྱིར་འབྱུང་བ་མེད་པས་རྣམ་པ་ཁྱད་པར་དུ་འཕགས་པ་
ཡིན་པར་རིག་པར་བྱའོ། །རྗེས་སུ་མཐུན་པའི་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ངན་སོང་དང་དབྱེ་བ་རྣམ་པ་གསུམ་ལས་འདས་པ་ཐོབ་པ་ཡིན་ཏེ། རྣམ་པར་སྨིན་པ་ལས་ཡང་དག་པར་འདས་པ་ནི་གང་ལུས་ལ་སོགས་པ་ཡོངས་སུ་དག་པ་ཐོབ་པོ་ཞེས་བསྟན་ཏེ། ཇི་སྐད་དུ་མདོ་ལས།
ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་པོ་ཞེས་གསུངས་པ་ཡིན་ནོ། །ངན་འགྲོའི་རྒྱུ་ལས་ཡང་དག་པར་འདས་པ་ནི་འདོད་ཆགས་ཀྱི་སེམས་མི་སྐྱེད་དོ་ཞེས་བསྟན་ཏེ།
ཇི་སྐད་དུ་འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེད་དོ། །ཞེ་སྡང་དང་ལྡན་པའི་སེམས་མི་སྐྱེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡོངས་སུ་ཉམས་པ་ལས་ཡང་དག་པར་འདས་པ་ཐོབ་པ་ནི་གང་བརྫུས་ཏེ་སྐྱེ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་ཞིང་ཞིང་ཡོངས་སུ་སྦྱོང་བར་
བྱེད། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་། ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཡིན་པ་དང་བྲལ་བའི་ཕྱིར་རོ་ཞེས་བསྟན་ཏེ། ཇི་སྐད་དུ་མདོ་ལས། འདོད་ཆགས་ཀྱི་སེམས་མི་སྐྱེད་ཅེས་བྱ་བ་ནས་ལྟ་བ་དང་ལྡན་པའི་སེམས་མི་སྐྱེད། ནམ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར།

དེ་རྟག་པར་རྒྱུན་དུ་རྫུས་ཏེ་སྐྱེ་བར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་དག་གིས་འབྲིང་བསྟན་ནས་ཆེན་པོ་བརྗོད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་
དཔའ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ལ་སྤྱོད་ན་མཚན་མ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པ་བཀག་ནས། དེ་དག་རེ་རེ་ནས་རྟག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདེ་བ་དང་། བདག་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་ཞེས་བྱ་བ་དང་། དབེན་པ་དང་། མི་དབེན་པ་ཞེས་བྱ་བ་དང་། དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་
ལ་སོགས་པ་རྣམས་ཞེས་བྱ་བ་ནས་མཚན་མ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བཀག་ནས། བདག་ལ་སོགས་པ་ལ་སྤྱོད་ན་ཐབས་ལ་མི་མཁས་པས་ཞེས་བྱ་བ་དེ་དག་གིས་བཟོད་པ་ཆེན་པོ་ཡིན་ཏེ། ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་ནི་དམིགས་པས་ཁྱད་པར་
དུ་འཕགས་པ་ཡིན་ནོ། །དེ་ལྟར་བྱས་ན་གང་རྒྱུན་ཏུ་ཞུགས་པའི་ཞེས་བྱ་བ་ནས་དགྲ་བཅོམ་པའི་ཡེ་ཤེས་དང་། སྤངས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ཞེས་གསུངས་སོ། །དེ་ལྟར་ཡང་མཚན་མ་མེད་པ་ལ་གནས་པའི་བཟོད་པའི་དབང་དུ་བྱས་ནས་ས་བརྒྱད་པ་ཡིན་པར་
བསྟན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དོན་དམ་པ་ལ་བཟོད་པ་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པ་ཞེས་བྱ་བ་དེ་ནི་འདི་ཡིན་ནོ། །བཟོད་པ་ནི་ཡང་སྐད་ཅིག་མ་ཡིན་པར་བསྟན་ཏེ། ཆེན་པོ་དེ་ཡང་སྐད་ཅིག་ཅེས་བསྟན་ཏོ། །ཕུང་པོ་ལ་སོགས་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པའི་
བར་དང་། གནས་པ་དང་། མོས་པ་དང་། འདུ་ཤེས་བཀག་པ་ཞེས་བྱ་བས་ནི་ཆོས་ཐམས་ཅད་གནས་པ་དང་། མོས་པ་དང་། འདུ་ཤེས་མེད་པས་ནི་རྣམ་པ་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཇི་ལྟར་བཟོད་པ་དེ་ལ་གནས་པ་ཡིན་ཞེ་ན། ཐབས་ལ་མཁས་པས་དེ་ལ་མི་གནས་པའི་

དབང་དུ་བྱས་ནས་གཟུགས་ལ་སོགས་པ་ནས་མ་འདྲེས་པའི་བར་དུ་བཟློག་པ་ལ་སྤྱོད་པ་བསྟན་ཏེ། ཐབས་ལ་མཁས་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ཀྱི་སྟོང་པ་ཉིད་གཟུགས་མ་ཡིན། སྟོང་པ་ཉིད་ཀྱང་གཟུགས་ལས་གཞན་མ་ཡིན་ཏེ།
གཟུགས་ལ་སོགས་པ་དང་སྟོང་པ་ཉིད་གཉིས་ཕན་ཚུན་ངོ་བོ་ཉིད་གཅིག་པར་བསྟན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐར་ལྷུང་བ་ལས་ངེས་པར་གྲོལ་བ་ནི་ཐབས་ལ་མཁས་པ་ཡིན་པར་གསལ་བར་བསྟན་ཏོ། །ཡང་ཅིའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པར་མི་ལྟུང་ཞེ་
ན། གལ་ཏེ་ཆོས་འགའ་ཞིག་ལ་སྤྱོད་ན་སྤྱོད་པ་ཉེ་བར་བཀག་པ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་ནི་བཟོད་པ་ཆེན་པོ་ཐོབ་པ་ཡིན་ཏེ། བཟོད་པ་ཆེན་པོ་བསྟན་ཏོ། །ཆོས་ཆེན་པོ་ལ་བཟོད་པས་ནི་བཟོད་པ་ཞེས་བྱའོ། །བཟོད་པ་བསྟན་ནས་ཆོས་ཀྱི་མཆོག་
བསྟན་པའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཏིང་ངེ་འཛིན་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས་བརྩམས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་རྒྱུ་ཏིང་ངེ་འཛིན་བརྒྱ་ལས་ལྷག་པ་ལ་སོགས་པ་དཔག་ཏུ་མེད་པ་ཐོབ་པ་ཡིན་ནོ་ཞེས་
བསྟན་ཏེ། ཇི་སྐད་དུ་མདོ་ལས། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་ཆོས་ཀྱི་མཆོག་གི་དམིགས་པ་ཁྱད་པར་དུ་འཕགས་པ་གསལ་
བར་བསྟན་ཏོ། །དེ་ལ་ཅིའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་གྱུར་པ་ཡིན་ནོ། །དེ་བས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བརྗོད་དོ། །དེ་ལ་ཅིའི་ཕྱིར་རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། ཏིང་ངེ་
འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ལ་རྒྱས་བཏབ་པ་ཡིན་ནོ། །ཡང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ནས་ཏིང་ངེ་འཛིན་ཐམས་ཅད་ལ་རྣམ་པར་རོལ་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་བྱེད་པའི་བྱེ་བྲག་རྒྱ་ཆེ་བའི་ཕྱིར་ཆོས་ཀྱི་མཆོག་གོ། །

ཏིང་ངེ་འཛིན་གྱི་བྱེད་པ་ནི་རྣམ་པ་ཁྱད་པར་དུ་འཕགས་པ་གསལ་བར་བསྟན་ཏོ། །དེས་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཆུང་ངུ་བསྟན་ཏོ། །སངས་རྒྱས་རྣམས་ཀྱིས་ལུང་སྟོན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཏིང་ངེ་འཛིན་དེ་རྣམས་ལ་གནས་པ་ནི་སྔོན་གྱི་དེ་བཞིན་གཤེགས་པས་ཀྱང་ལུང་བསྟན་ཅིང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེ་དག་གིས་ཀྱང་དེ་ལུང་སྟོན་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཏིང་ངེ་འཛིན་དེ་ལ་མཉམ་པར་
གཞག་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་ཅིང་མི་དམིགས་པ་ཡིན་ཏེ། ཇི་སྐད་དུ། ཏིང་ངེ་འཛིན་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། བདག་སྙོམས་པར་ཞུགས་པར་རློམ་སེམས་མེད་དོ། །བདག་སྙོམས་པར་འཇུག་པར་འགྱུར་རོ། །བདག་སྙོམས་པར་འཇུག་གོ་ཞེས་བྱ་
བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱི་རྣམ་པར་རྟོག་པ་མེད་ཅིང་མི་དམིགས་པ་འདི་ནི་ཆོས་ཀྱི་མཆོག་གི་འབྲིང་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའ་རྣམས་ཕན་ཚུན་ངོ་བོ་གཅིག་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་
ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཏིང་ངེ་འཛིན་ཀྱང་གཞན། བྱང་ཆུབ་སེམས་དཔའ་འང་གཞན་ཞེས་བྱ་བ་ནི་མེད་ཀྱི་བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན། ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡིན་ནོ། །ཏིང་ངེ་འཛིན་དེ་དག་
མེད་པ་ཉིད་ཀྱི་ཕྱིར་ངེས་པར་ཤེས་པ་ལ་སོགས་པ་བཀག་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ནི་ཏིང་ངེ་འཛིན་དུ་འདུ་ཤེས་པ་མེད་དོ། །སྨྲས་པ། ཇི་ལྟར་འདུ་ཤེས་པར་མི་འགྱུར། དེ་ལྟར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །སྨྲས་པ། ཇི་ལྟར་
ན་རྣམ་པར་རྟོག་པ་མེད་པ་ཡིན། སྨྲས་པ། ཆོས་ཐམས་ཅད་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་དག་གིས་ཆོས་ཀྱི་མཆོག་ཆེན་པོ་བསྟན་ཏེ། དམིགས་པ་དང་། རྣམ་པ་དང་། རྒྱུས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ངེས་པ་ཆུང་ངུ་དང་། འབྲིང་དང་།

ཆེན་པོའི་བྱེ་བྲག་ཁྱད་པར་དུ་འཕགས་པ་བསྟན་ནས། ད་ནི་རྣམ་པར་རྟོག་པའི་སྦྱོར་བ་རྣམས་བརྗོད་པར་བྱའོ། །མཐོང་བའི་ལམ་གྱིས་སྤང་བར་བྱ་བ་བཞི་པོ་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པའི་བྱེ་བྲག་ལས་འདིར་ངེས་པར་འབྱེད་པའི་ཆ་གང་ཡིན་པའི་རྣམ་
པར་རྟོག་པ་གང་ཡིན་པ་རྣམ་པར་གཞག་པར་བྱའོ། །དེ་ལ་རྣམ་པར་རྟོག་པ་དེ་དག་ནི་རྣམ་པ་བཞི་ལས་གཟུང་བའི་རྣམ་པར་རྟོག་པ་གཉིས་ཏེ། དངོས་པོའི་རྟེན་ཅན་དང་། གཉེན་པོའི་རྟེན་ཅན་ནོ། །འཛིན་པའི་རྣམ་པར་རྟོག་པ་ཡང་དབྱེ་བ་རྣམ་པ་གཉིས་ཏེ། གང་ཟག་རྫས་སུ་ཡོད་
པའི་རྟེན་ཅན་དང་། བཏགས་པའི་རྟེན་ཅན་ནོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་ན་རིམ་པ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པར་གྱུར་པ་གཉིས་དང་ངོ་། །གསུམ་པ་དང་བཞི་པ་གང་ཡིན་པ་ནི་ཡང་འཛིན་པའི་རྣམ་པར་རྟོག་པ་གཉིས་དང་ཡིན་ནོ། །གནས་
བརྟན་རབ་འབྱོར་ཉོན་མོངས་པ་མེད་པར་གནས་པའི་ཡོན་ཏན་བརྗོད་པའི་ཕྱིར་རྣམ་པར་རྟོག་པའི་མཚན་ཉིད་སྟོན་པ་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཡིན་ཏེ། དེས་བདག་དང་གཞན་གྱི་རྟེན་ཅན་གྱི་རྣམ་པར་རྟོག་པ་འགེགས་པ་ལ་མཁས་པ་སྟོན་པའི་དབང་དུ་མཛད་པར་ཤེས་པར་བྱ་
བའི་ཕྱིར་རོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པའི་དབྱེ་བ་ནི་རྣམ་པ་དགུར་རིག་པར་བྱའོ། །རྣམ་པར་བྱང་བ་ལ་དམིགས་པའི་རྣམ་པར་རྟོག་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་མི་དམིགས་
པའི་རྣལ་འབྱོར་ལ་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་པར་སྟོན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་དམིགས་པའི་རྣལ་འབྱོར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའོ་ཞེས་བྱ་བ་ལ་སོགས་པ་
གསུངས་པ་ཡིན་ནོ། །སེམས་ཅན་ལ་དམིགས་པའི་རྣམ་པར་རྟོག་པ་ནི་གང་བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་རྣམས་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་

རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་དང་། སངས་རྒྱས་ཀྱི་ཆོས་
ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ནས་དམིགས་པར་བསྟན་པ་ཡིན་ཏེ། དེའི་མདོ་ནི་ཤཱ་རིའི་བུ་བདག་མི་དམིགས། སེམས་ཅན་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པ་གང་མ་སྐྱེས་པ་དང་། མ་
བྱུང་བ་དང་། མི་དམིགས་པ་མངོན་པར་འདུ་བྱེད་པ་མེད་པ་ནི་རྣམ་པར་དག་པ་ཡིན་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཤཱ་རིའི་བུ་མ་སྐྱེས་པ་མི་དམིགས་ཤིང་མངོན་པར་འདུ་བྱེད་པ་མེད་པ་ནི་རྣམ་པར་དག་པ་ཞེས་བརྗོད་དོ་ཞེས་གསུངས་པ་ཡིན་ནོ། །མ་རིག་པའི་རྣམ་པར་རྟོག་
པ་ནི་ཆོས་འགའ་ཞིག་ལ་ཇི་ལྟ་བ་བཞིན་མ་ཡིན་པར་མངོན་པར་ཞེན་པ་ནི་མ་རིག་པ་ཡིན་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཅུང་ཟད་ཀྱང་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་ཆོས་འདི་དག་བྱིས་པ་སོ་སོའི་
སྐྱེ་བོས་ཇི་ལྟར་མངོན་པར་ཞེན་པར་བྱ་བ་དེ་ལྟ་བུའི་རྣམ་པ་ཡོད་པ་མ་ཡིན་ཏེ། ཇི་ལྟར་མེད་པ་དེ་ལྟར་ཡོད་དོ། །དེ་ལྟར་མེད་པས་ན་མ་རིག་པ་ཞེས་བརྗོད་དོ་ཞེས་གསུངས་པ་ཡིན་ནོ། །ཕུང་པོ་ལ་སོགས་པ་དམིགས་པའི་རྣམ་པར་རྟོག་པ་གང་དེ་གྲུབ་པའི་ཆེད་དུ་ཕུང་པོ་ལ་སོགས་པ་
རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། མི་འཇིགས་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་ཉེ་བར་བཟུང་ནས་ཡང་དག་པར་མེད་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་ཤཱ་རིའི་བུ་གཟུགས་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ་ནང་སྟོང་པ་ཉིད་ཉེ་བར་བཟུང་ནས་ཞེས་བྱ་བ་ལ་སོགས་
པ་གསུངས་པ་ཡིན་ནོ། །མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་། མཐའ་གཉིས་ལ་ཆགས་པའི་རྣམ་པར་རྟོག་པ་ཡང་གཉིས་པོ་དེའི་དབང་དུ་བྱས་ནས་མ་རིག་པ་དང་། སྲེད་པ་ཉིད་ཀྱིས་མིང་དང་གཟུགས་ལ་མངོན་པར་ཞེན་ཅིང་མཐའ་གཉིས་ལ་ཆགས་པ་

ཡིན་ཏེ། དེ་ལ་བྱིས་པ་རྣམས་མ་རིག་པ་དང་། སྲེད་པས་མིང་དང་གཟུགས་སུ་མངོན་པར་ཞེན་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་སུ་མངོན་པར་ཞེན་ཅིང་མངོན་པར་ཞེན་པས་མཐའ་གཉིས་ལ་ཆགས་པས་ནི་ཡང་དག་པར་མེད་པའི་ཕྱིར་ཆོས་སུ་བཏགས་
པ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་དེ་དག་ལ་ཡིད་ཆེས་པས་གཟུགས་རྣམས་དང་། ཀུན་ནས་ཉོན་མོངས་པ་རྣམས་དང་། རྣམ་པར་བྱང་བ་མི་ཤེས་པས་འདོད་པའི་ཁམས་ལ་སོགས་པ་ལས་ངེས་པར་མི་འབྱུང་
བར་བཤད་པ་ཡིན་ཏེ། དེའི་མདོ་ནི། དེས་གཟུགས་མི་ཤེས་མི་མཐོང་། ཚོར་བ་དང་། འདུ་ཤེས་ཞེས་བྱ་བ་ནས་བྱིས་པའི་གྲངས་སུ་འགྲོ་བ་སྟེ། འདོད་པའི་ཁམས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་ནི་གང་གཟུགས་ལ་
སོགས་པ་སྟོང་པ་ཉིད་ལ་མངོན་པར་མི་དད་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་ལ་མི་གནས་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། གཟུགས་གཟུགས་ཀྱིས་སྟོང་པར་མི་དད་ཅིང་ཞེས་བྱ་བ་ནས་བྱང་ཆུབ་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་
བར་མི་དད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་དང་པོའོ། །དེ་ཐབས་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་རྣམས་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་ཞེས་བྱ་བ་ནས་མ་འདྲེས་པའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྟོག་ཅིང་མངོན་པར་ཞེན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། མི་དམིགས་པའི་སྦྱོར་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་
གཉིས་པའོ། །དེའི་མདོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་ཅིང་མངོན་པར་ཞེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དངོས་པོ་ཐམས་ཅད་ཀྱི་གཞི་ཅན་ནི་དང་པོ་ཡིན་ལ། རྣམ་པར་བྱང་བའི་དངོས་པོའི་གཞི་ཅན་ཉིད་

ཀྱིས་གཉིས་པ་དེ་ལྟ་བུ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་ཀྱི་ཁྱད་པར་ཡིན་ནོ། །དེ་ལྟར་བྱས་ན་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་དེ་གཉིས་པ་ཡང་དེ་ཉིད་ཡིན་ནོ་ཞེས་བཤད་པ་སྔ་མས་སྟོན་པར་བྱེད་པ་ཡིན་པས་རེ་ཞིག་དང་པོ་གང་ཡིན་པ་དེ་གཉིས་པ་ཡིན་ཏེ། འདི་ལྟ་སྟེ།
གཞིའི་དངོས་པོ་ཐམས་ཅད་པའི་རྣམ་པར་རྟོག་པ་དང་པོ་ནི་གཉིས་པར་འགྱུར་བ་ཉིད་ཡིན་ནོ། །གཉིས་པ་ནི་དང་པོ་མ་ཡིན་ཏེ། འདི་ལྟ་སྟེ། རྣམ་པར་བྱང་བ་ཙམ་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ནི་དང་པོ་མ་ཡིན་ནོ། །གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པའི་
རྣམ་པར་རྟོག་པའི་དབང་དུ་མཛད་ནས་དེ་ཡང་མི་དམིགས་པའི་སྦྱོར་བ་ཞེས་བྱ་བ་ནས་བརྩམས་ཏེ། ཕུང་པོ་རྣམས་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་མི་དམིགས་པའི་རྣལ་འབྱོར་གྱིས་ཅི་སྒྱུ་མའི་སྐྱེས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངམ་ཞེས་བྱ་
བ་ནས་བརྩམས་ཏེ་ཕུང་པོ་རྣམས་ཀྱི་བར་དང་། མི་འཇིགས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། སྒྱུ་མ་ཕན་ཚུན་ངོ་བོ་གཅིག་པར་བསྟན་པས་སྒྱུ་མ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སྐྱེ་བ་དང་། འགག་པ་བཀག་པར་གྱུར་པས་དེ་ཕ་རོལ་ཏུ་ཕྱིན་
པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ཡིན་ནམ་ཞེས་བྱ་བས་ནི་ངེས་པར་འབྱུང་བ་བཀག་པ་གསུངས་པ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་དང་པོའོ། །གཉིས་པ་འཛིན་
པའི་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་དབང་དུ་མཛད་ནས་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བྱང་ཆུབ་སེམས་དཔའ་བཏགས་པ་བསྟན་པ་ཡིན་ཏེ། དེའི་མདོ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་འདི་ལ་འདུ་ཤེས་པ་དང་། ཀུན་ཤེས་པ་དང་། བཏགས་པ་དང་།
ཐ་སྙད་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གང་། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བུ་གཞན་དུ་ཡང་མདོ་ཟུར་གཉིས་དང་ཡང་བསྟན་བཅོས་སྦྱར་བར་བྱ་སྟེ།

བདག་གིས་ནི་གཞུང་མངས་པའི་ཉེས་པ་སྤང་བའི་ཕྱིར་གང་དུ་ཡང་མཚོན་པར་མ་བྱས་སོ། །ཕུང་པོ་ལ་སོགས་པའི་བཏགས་པའི་སྐྱེ་བ་དང་འགག་པའི་སྒོ་ནས་གང་ཡང་རུང་བ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ལ་དམིགས་པར་སྦྱོར་བས་ངེས་པར་
འབྱུང་བ་དེའི་རྗེས་སུ་འཇུག་པས་སྒྱུ་མའི་སྐྱེས་བུ་ཉིད་དེ་ལྟར་བསླབ་པར་བྱའོ་ཞེས་ངེས་པར་གཟུང་བ་ཤེས་པར་བྱ་བ་ཉིད་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ཕུང་པོ་ལྔ་པོ་དེ་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱིའོ་ཞེས་བྱ་བ་དང་། གཟུགས་ལ་སོགས་པའི་ཕུང་པོ་རྣམས་རྨི་ལམ་དང་། སྒྲ་
བརྙན་དང་། མིག་ཡོར་དང་། ཆུ་ཟླ་དང་། སྨིག་རྒྱུ་དང་། སྤྲུལ་པ་ལྟ་བུ་ཞེས་བྱ་བའི་དཔེས་དངོས་པོ་མེད་པའི་ངོ་བོ་ཉིད་མི་དམིགས་པས་དཔེ་དོན་དང་འགལ་བ་ཅན་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་གཟུགས་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ནས་བརྩམས་ཏེ། ནང་སྟོང་པ་ཉིད་ལ་
སོགས་པས་ཕུང་པོ་ལ་སོགས་པ་དམིགས་སུ་མེད་པས་དཔེ་དོན་མི་འཐད་པའི་ཕྱིར་སེམས་ཞུམ་པ་མེད་པ་ཉིད་དང་། སྐྲག་པ་མེད་པ་ལ་སོགས་པ་དང་། མི་ཞུམ། མི་འགོང་། འགྱོད་པར་མི་འགྱུར་ཞེས་བྱ་བའི་ཚིག་གསུམ་དང་། མི་འཇིགས། མི་དངང་། སྐྲག་པར་མི་འགྱུར་ཞེས་བྱ་
བའི་ཚིག་གསུམ་གོ་རིམས་བཞིན་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་གནས་མ་ཡིན་པ་ལ་འཇིགས་པ་ནི་འཇིགས་པ་སྟེ། ལམ་ལོག་པ་དང་འདྲའོ། །དེ་མེད་པས་མི་ཞུམ་པའོ། །རྟག་ཏུ་སྐྲག་པ་ནི་ཀུན་ཏུ་དངང་བ་སྟེ། འཇིགས་པ་སྐྱེས་པ་ལས་མ་བཟློག་པའོ། །དེ་མེད་
པས་ན་མི་འགོང་བའོ། །ཀུན་ཏུ་དངང་བའི་ངེས་པར་གྱུར་པ་ནི་སྐྲག་པ་སྟེ། དེ་མེད་པས་ན་འགྱོད་པར་མི་འགྱུར་བའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པའོ། །དེ་དང་དེ་ནས་བརྩམས་ཏེ་འདི་དང་འདིར་སྦྱར་རོ། །འདི་ལྟར་མེད་པས་ན་མ་རིག་པ་ཞེས་བརྗོད་དོ་ཞེས་བྱ་བས་མ་རིག་པ་སྟེ་དང་
པོའོ། །ཐབས་ལ་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་ཅིང་མངོན་པར་ཞེན་པ་ཞེས་བྱ་བ་ནི་གཉིས་པའོ། །ལམ་ཤེས་པས་ངེས་པར་མི་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་མི་འཐོབ་ཅེས་བྱ་བས་ནི་གཟུགས་བརྙན་ལྟ་བུའི་ཕུང་པོ་རང་བཞིན་མེད་དོ་ཞེས་བྱ་བའི་

བར་གྱིས་ནི་བཞི་པའོ། །དེ་རྣམས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞི་དང་། མཚུངས་པར་ལྡན་པ་ཡིན་ཏེ། མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པ་གཟུང་བ་དང་འཛིན་པས་ཕྱེ་བས་རིམ་པ་བཞིན་དུ་བསྟན་ཏོ། །རྣམ་པར་བཤད་པ་བྱེད་པས་གཞུང་གི་
དོན་གཏན་ལ་ཕབ་པ་ཇི་སྐད་བསྟན་པ་དང་། རབ་ཏུ་བྱེད་པས་འབྲེལ་པར་སྦྱར་རོ། །ཡང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པའང་ཡོད་དོ། །རྗེས་ཐོགས་ལ་བསྒྲུབ་པ་དང་དགག་པར་ནུས་པ་ཡིན་ཏེ། མཐོང་བའི་ལམ་དུ་ཉེ་བར་བཀོད་པ་ལས་གཞན་པ་འདི་ལྟར་
བསྒོམ་པའི་ལམ་གྱི་ཡིན་པར་ངེས་པར་གཟུང་སྟེ། གཞན་དུ་ས་གཉིས་པ་ལ་སོགས་པ་དོན་མེད་པ་ཐོབ་པར་འགྱུར་བའི་ཕྱིར་རོ། །མཚུངས་པར་ལྡན་པས་ཁྱད་པར་དུ་འཕགས་པ་བསྟན་ན། ཇི་སྐད་དུ་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བས་
ཁྱད་པར་དུ་འཕགས་སོ་ཞེས་བསྟན་པ་དེ་ལས་ཐབས་ལ་མཁས་པའི་དབང་དུ་བྱས་ནས་གསུངས་པ་ནི་སེམས་ཞུམ་པ་མེད་པ་ཉིད་དང་། མི་སྐྲག་པ་ལ་སོགས་པའི་རྒྱུ་ནས་བཟུང་སྟེ། ཐབས་ལ་མཁས་པའི་ཡོངས་སུ་བཟུང་བ་ནས་བརྩམས་ཏེ། གཟུགས་ཀྱི་ཕུང་པོ་རྣམས་རེ་རེ་ནས་མི་
རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པ་དང་། ཞི་བ་དང་། དབེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་སེམས་ཀྱིས་སོ་སོར་ཕྱེ་ནས་མི་དམིགས་པས། དེ་
རྣམས་ཉིད་མི་རྟག་པ་ལ་སོགས་པར་ཆོས་སྟོན་པ་ན་དམིགས་སུ་མེད་པར་སྦྱོང་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱེད་པ་དང་རབ་ཏུ་ལྡན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། མི་རྟག་པ་ལ་སོགས་པ་དེ་རྣམས་ཉིད་ཡིད་ལ་བྱེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་
ཏུ་འཛིན་པ་མེད་པ་ཉིད་དང་། དེ་བཞིན་དུ་ས་ལ་སོགས་པའི་ཁམས་དྲུག་པོ་མི་རྟག་པ་ལ་སོགས་པར་བཟོད་པ་དང་། སྨོན་པ་དང་། སོ་སོར་རྟོག་པར་བྱེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། འདིར་ཡང་བུ་ག་ནམ་མཁའི་ཁམས་ཞེས་བྱ་བ་དེས་མི་རྟག་པར་བྱའོ། །ཕུང་པོ་ལ་སོགས་པ་

ལ་མི་རྟག་པ་ལ་སོགས་པར་སོ་སོར་རྟོག་ཅིང་མི་དམིགས་པ་དང་ལྡན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པ་མི་གཏོང་ཞིང་མི་འདོར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐེག་པ་དམན་པའི་སེམས་དང་ལྡན་པའི་ཡིད་ལ་བྱེད་པའི་སྐབས་
མི་འབྱེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱིས་སྟོང་པ་ཉིད་དེ་སྟོང་པ་ཉིད་དུ་རྟོགས་ཤིང་དེ་རྣམས་དང་སྟོང་པ་ཉིད་ཀྱང་གཅིག་ལ་གཅིག་དེའི་ངོ་བོར་རྗེས་སུ་འབྲེལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ཕུང་
པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་དང་མ་བྲལ་བས་ཞེས་བྱ་བ་ཡིན་ཏེ། འདིའི་མདོ་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འདི་ལྟར་སོ་སོར་རྟོག་སྟེ། གཟུགས་མི་སྟོང་པ་གཟུགས་ཉིད་མ་ཡིན། གཟུགས་ཉིད་སྟོང་པ་ཉིད། སྟོང་
པ་ཉིད་ཀྱང་གཟུགས་སོ། །ཚོར་བ་མི་སྟོང་པ་ཚོར་བ་ཉིད་མ་ཡིན། ཚོར་བ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐབས་ལ་མཁས་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་འཛིན་པ་བསྟན་པ་ནི། ཕུང་པོ་ལ་སོགས་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་
རྣམས་ཀྱི་བར་དུ་མི་རྟག་པ་ལ་སོགས་པར་བསྟན་པ་དང་། དགེ་བའི་རྩ་བ་དེ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་ནི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་བསྟན་ཏེ། དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་ཡང་ཐབས་ལ་མི་མཁས་པ་གང་ཞེ་ན། གང་
ཇི་སྐད་དུ་བསྟན་པའི་ཐབས་ལ་མཁས་པ་ལས་བཟློག་པ་ཡིན་པར་རྟོགས་པར་བྱ་བ་སྟེ། གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་དང་བྲལ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པས་སྒོམ་ཞིང་དེ་དམིགས་པའི་ཡིད་ཀྱིས་སྐྲག་པ་ལ་སོགས་པ་
ཐབས་ལ་མི་མཁས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མི་དགེ་བའི་བཤེས་གཉེན་གང་ཡིན་ཞེ་ན། དེ་གང་ཇི་སྐད་བཤད་པའི་མོས་པ་བཟློག་པ་ནི་སྡིག་པའི་གྲོགས་པོ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་རང་བཟོར་བྱས་པ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་ཅིང་། སངས་

རྒྱས་ཀྱི་ཆ་ལུགས་ཀྱིས་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་དང་། རང་གི་ལས་ཉན་ཐོས་ཀྱི་ཐེག་པ་དང་རབ་ཏུ་ལྡན་པའི་མདོ་སྡེ་ལ་སོགས་པ་སྟོན་ཅིང་། ཁྱེད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་
པ་སླུ་བའི་ཚིག་སྟོན་པར་བྱེད་པ་དང་། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་བདག་གམ་བདག་གིས་སྟོང་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཁྱེད་ལ་ཅི་ཞིག་བྱ་ཞེས་འདིར་སླུ་བའི་
ཆོས་སྟོན་པའི་སྨྲ་བ་པོ་ནི་བདུད་ཡིན་ནོ། །དེ་བཞིན་དུ་རང་སངས་རྒྱས་དང་། ཉན་ཐོས་དང་། མཁན་པོ་དང་། སློབ་དཔོན་དང་། ཚངས་པར་སྤྱོད་པའི་ཆ་ལུགས་ཀྱིས་སྨྲ་བར་བྱེད་པའི་བར་དུ་ས