Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 81

Văn bản gốc(Tây Tạng)

Trang 5 / 15 (50.000 ký tự/trang)
ོ། །དེའི་
མདོ་ནི་འདི་ཡིན་ཏེ། ཀཽ་ཤི་ཀ་ལྷའི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བསྐྱེད་པར་བྱའོ། །གང་ཡང་ངེས་པར་ཞུགས་པ་འཁོར་བའི་རྒྱུན་གྱི་མཚམས་བཅད་པ་དེ་དག་སྐལ་བ་མེད་མོད་ཀྱི་ཞེས་གསུངས་པ་ཡིན་ནོ། །
ཁྱབ་པ་ནི་གང་སེམས་བསྐྱེད་པ་ནས་བརྩམས་ཏེ། ལམ་ཤེས་པ་ཉིད་ཀྱི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱོགས་གཅིག་པ་མ་ཡིན་ནོ་ཞེས་ཁྱབ་པའི་དོན་དང་། གང་ཟག་མཐར་གྱིས་པའི་ཁྱད་པར་གྱི་དོན་གྱིས་ཏེ། །དེ་ལྟར་བྱས་ནས་འདོད་ཆགས་དང་བྲལ་བ་སྔོན་

དུ་འགྲོ་བའི་དབང་དུ་མཛད་ན་འདི་འཐད་པར་གྱུར་པ་ཡིན་ཏེ། འོན་ཀྱང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་། །ཁྱད་པར་དུ་འཕགས་པ་ནི་ཆོས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་ལ་དམིགས་པར་
བྱེད་པས་དེ་དག་གི་དགེ་བའི་ཕྱོགས་གང་ལ་ཡང་ཁོ་བོ་བར་ཆད་མི་བྱེད་དོ། །དེས་ནི་ཐེག་པ་གསུམ་དུ་རྣམ་པར་གཞག་པ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རང་བཞིན་ནི་གང་ཇི་ལྟར་ཉན་ཐོས་ལ་སོགས་པའི་ལམ་སོ་སོར་ངེས་པའི་ལམ་ཡིན་
ཞིང་རྟོགས་པས་ནི་འབྲས་བུའི་ལམ་ཡིན་པ་དེ་ལྟར་ནི་ལམ་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མ་ཡིན་ཏེ། ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤོང་བ་མ་ཡིན་པས་རང་གི་ངོ་བོ་ཁྱད་པར་དུ་འཕགས་པའི་དོན་གྱིས་ཇི་སྐད་དུ་བསྟན་པ་ཡིན་ནོ། །བྱེད་པ་ནི་གང་ཇི་ལྟར་ཉན་ཐོས་ལ་
སོགས་པའི་ལམ་ཡང་དག་པའི་མཐའ་མངོན་སུམ་དུ་བྱ་བའི་ཕྱིར་སྤོང་བ་སྒོམ་པར་བྱེད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་རྟོགས་པ་ནི་དེ་ལྟ་མ་ཡིན་ཏེ། གཞན་དུ་ན་འདིའི་ལམ་ཤེས་པ་ཉིད་ནི་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པའི་བྱེད་པ་སྒོམ་པ་ཡིན་ཏེ། དེའི་བྱེད་པའི་འབྲས་བུ་
ཉིད་ཁྱད་པར་དུ་འཕགས་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །ལམ་ཤེས་པ་ཉིད་ཀྱི་རུང་བར་བྱེད་པའི་ཡུལ་སོ་སོར་ངེས་པ་དང་། ཁྱབ་པ་དང་། རང་གི་ངོ་བོ་དང་བྱེད་པ་རྣམས་བསྟན་ནས། ད་ནི་ཉན་ཐོས་ཀྱི་ལམ་བརྗོད་པར་བྱ་བ་ཡིན་པས་དེའི་ཕྱིར། ལམ་ཤེས་ཉིད་ཀྱི་ཚུལ་
ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱིས་ས་ལ་སོགས་པའི་ཁམས་དྲུག །བུ་ག་ནམ་མཁའི་ཁམས་
ཞེས་བཤད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཉན་ཐོས་ལ་སོགས་པའི་ཐེག་པ་འདོད་པ་དང་། མ་འདྲེས་པའི་དོན་གྱི་ཕྱིར་རོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་

པ་དང་། ཞི་བ་དང་། ནད་དང་། ཤུ་བ་དང་། ཟུག་རྔུ་དང་། སྡིག་པ་དང་། ཕ་རོལ་ཉིད་དང་། འཇིག་པའི་ཆོས་ཅན་དང་། གཡོ་བ་དང་། རབ་ཏུ་འཇིག་པ་དང་། འཇིགས་པ་དང་། འགོ་བའི་ནད་དང་། འཚེ་བ་རྣམས་ནི་ཉན་ཐོས་ཀྱི་ལམ་
རྣམ་པ་རྣམས་ཡིད་ལ་བྱེད་པ་མི་དམིགས་པའི་ཕྱིར་སྦྱོར་བས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་མི་རྟག་པ་ཞེས་བྱ་བ་ནས་ཞི་བ་ཞེས་བྱ་བའི་བར་དུ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཡིན་ནོ། །ནད་ཅེས་བྱ་བ་ནས་སྡིག་པ་ཞེས་བྱ་བའི་བར་དུ་ནི་ཀུན་འབྱུང་གི་བདེན་པའི་རྣམ་པའོ། །ཕ་
རོལ་དང་། འཇིག་པའི་ཆོས་ཅན་ཞེས་བྱ་བ་ནི་དེ་དག་རེ་རེ་ལ་ཡིད་འབྱུང་བའི་རྣམ་པའོ། །གཡོ་བ་དང་། རབ་ཏུ་འཇིག་པ་ཞེས་བྱ་བ་ནི་དེ་དག་རེ་རེ་ཉིད་ལ་འདོད་ཆགས་དང་བྲལ་བའི་རྣམ་པའོ། །འཇིགས་པ་དང་། འགོ་བའི་ནད་དང་། འཚེ་བ་ཞེས་བྱ་བ་ནི་དེ་དག་རེ་རེ་ལ་འགོག་
པའི་རྣམ་པའོ། །དེ་ལྟར་བྱས་ན་འཕགས་པ་ཉན་ཐོས་རྣམས་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང་། འགོག་པའི་སྙོམས་པར་འཇུག་པར་འགྱུར་རོ་ཞེས་བྱ་བའི་ལུང་ཡིན་ནོ། །དེ་ལ་མི་རྟག་པ་ཞེས་བྱ་བ་ནི་སྐྱེ་བ་དང་། འཇིག་པའི་ཆོས་ཅན་ཉིད་ཡིན་པའི་
ཕྱིར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོ་རྣམས་ཏེ། རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་མི་རྟག་པ་ཡང་འཕགས་པའི་ལམ་ཡིན་ཏེ། ཟག་པ་མེད་པ་ཉིད་ཀྱི་ཕྱིར་འཕགས་པ་རྣམས་དང་མི་མཐུན་པ་མ་ཡིན་པས་འདི་སྡུག་
བསྔལ་བ་ཉིད་དུ་ཐལ་བར་མི་འགྱུར་རོ། །བདག་མེད་པ་ཞེས་བྱ་བ་ནི་གཞན་གྱིས་བཏགས་པའི་བདག་གིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་རང་ཉིད་བདག་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ནད་ཅེས་བྱ་བ་ནི་འབྲས་བུའི་ས་བོན་དང་འདྲ་བར་རྒྱུའི་རྩ་བར་གྱུར་
པ་ཉིད་ཡིན་པའི་ཕྱིར་རོ། །ཤུ་བ་ཞེས་བྱ་བ་ནི་སྡུག་བསྔལ་ཀུན་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །ཟུག་རྔུ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྐྱེན་ཉིད་ཡིན་པའི་ཕྱིར་རོ། །སྡིག་པ་ཞེས་བྱ་བ་ནི་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་དེ། རབ་ཏུ་འབྱུང་བ་ཉིད་ཀྱིས་ཤིན་ཏུ་འཇོམས་པ་

ཉིད་ཡིན་པའི་ཕྱིར་རོ། །ཕ་རོལ་ཞེས་བྱ་བ་ནི་ཕྱིར་རྒོལ་བར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །འཇིག་པའི་ཆོས་ཅན་ཞེས་བྱ་བ་ནི་ཕྱིར་རྒོལ་བའི་དངོས་པོས་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་ཏེ། ཡིད་འབྱུང་བའི་དམིགས་པར་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཡོ་བ་ཞེས་
བྱ་བ་ནི་རང་གི་ངོ་བོར་གནས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་འཇིག་པ་ཞེས་བྱ་བ་ནི་རྒྱུ་ཉིད་ལ་ལྟོས་པ་མེད་པར་རང་བཞིན་གྱིས་འཇིག་པ་ཉིད་ཡིན་པའི་ཕྱིར་ཏེ། འདོད་ཆགས་དང་བྲལ་བའི་དམིགས་པར་ཡང་འགྱུར་རོ། །འཇིགས་པ་ཞེས་བྱ་བ་ནི་འདི་དང་གཞན་གྱི་གནོད་པའི་
གནས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །འགོ་བའི་ནད་ཅེས་བྱ་བ་ནི་སྲིན་པོ་ལ་སོགས་པ་རྩོལ་བ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །འཚེ་བ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་འཁྲུགས་པ་དང་། ཐོག་འབབ་པ་ལ་སོགས་པ་འབྱུང་བའི་གནས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཏེ། འགོག་པའི་དམིགས་
པར་འགྱུར་རོ་ཞེས་འཐད་པ་ཡིན་ནོ། །ཡིད་ལ་བྱེད་པ་དེ་ཉིད་ཀྱིས་མ་རིག་པ་འགོག་པ་ནི་བདག་མེད་པ་དང་། ཞི་བ་དང་། དབེན་པ་ཞེས་བྱ་བ་གསུམ་ནི་འགོག་པའི་བདེན་པའི་རྣམ་པའོ། །ངེས་པར་འབྱུང་བ་རྣམ་པ་བཞི་ནི་གང་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་།
སྨོན་པ་མེད་པ་ཉིད་དང་། མངོན་པར་འདུ་བྱེད་པ་མེད་པ་ཉིད་ཀྱི་ཡིད་ལ་བྱེད་པ་མི་དམིགས་པའི་ཚུལ་གྱིས་ཤེས་པར་བསྟན་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པས་ཇི་ལྟར་ངེས་པར་འབྱུང་བ་དང་། གང་ངེས་པར་འབྱུང་བ་དང་། མངོན་པར་འདུ་བྱེད་པ་མེད་
པའོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་ངོ་བོ་མི་དམིགས་པའི་རྣལ་འབྱོར་ནི་ལམ་གྱི་རྣམ་པ་སྟེ། དེ་རྣམས་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཐོབ་པར་བྱེད་པའི་དོན་གྱིས་ན་ལམ་གྱི་རྣམ་པའོ། །དེ་ཉིད་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་མི་
དམིགས་པའི་སྦྱོར་བ་ཞེས་བྱ་བས་ནི་རྟོགས་པ་མ་ལུས་པའི་རིགས་པ་ཡིན་པའི་ཕྱིར་རིགས་པའི་རྣམ་པའོ། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་བདག་དང་། བདག་གི་དང་འབྲེལ་བའི་ཆོས་ལ་སོ་སོར་རྟོགས་པས་ན་བདག་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་

བའི་རྩ་བའི་སེམས་དང་། བྱང་ཆུབ་ཀྱི་སེམས་འགྲོགས་པ་མ་ཡིན་པ་ཉིད་ཀྱིས་ན་ཡོངས་སུ་བསྔོ་བའི་སེམས་ཀྱང་བྱང་ཆུབ་ཀྱི་སེམས་དང་། དགེ་བའི་རྩ་བ་གཉིས་ནི་འགྲོགས་པ་མ་ཡིན་པས་བྱང་ཆུབ་ཀྱི་སེམས་དང་། ཡོངས་སུ་བསྔོ་བའི་སེམས་
འགྲོགས་པ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་ཡོངས་སུ་བསྔོ་བའི་སེམས་གཉིས་ནི་གཅིག་ལ་གཅིག་ཡོད་པ་མ་ཡིན་ཞིང་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྒྲུབ་པའི་རྣམ་པ་སྟེ། རྟོགས་པའི་ཕྱིར་བསྒྲུབ་པ་ཡིན་པས་ན་བསྒྲུབ་པའོ། །
དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་། ཡོངས་སུ་བསྔོ་བའི་སེམས་དག་ནི་སེམས་མ་ཡིན་པ་ཉིད་ཀྱིས་ན་སེམས་མ་ཡིན་པས་སེམས་མ་ཡིན་པ་ཡོངས་སུ་བསྔོ་བ་ནི་མི་འཐད་པ་ཡིན་པའི་ཕྱིར་སེམས་མ་ཡིན་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་
ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་སྟེ། དེ་ལྟར་ཆོས་སོ་སོར་བརྟགས་པ་ལ་མངོན་པར་ཞེན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པས་ངེས་པར་འབྱུང་བའི་རྣམ་པ་སྟེ། མངོན་པར་ཞེན་པ་མེད་པར་འགྲོ་བ་ནི་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །ཉན་ཐོས་ཀྱི་ལམ་ལ་
འཕགས་པའི་བདེན་པ་བཞི་ལ་དམིགས་པ་རྣམ་པ་བཅུ་དྲུག་ཏུ་བཞག་པ་བཤད་ཟིན་ནས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བརྗོད་པར་བྱ་སྟེ། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ་
ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །དེ་བཞིན་དུ་ཚོར་བ་ལ་སོགས་པ་དང་། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་ཚོར་བ་ལ་སོགས་པ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་
ཡིན་ནོ། །དེ་དག་མི་དམིགས་པས། རྩེ་མོར་གྱུར་པ་དག་ཏུ་འདོད། །ཅེས་བསྟན་པའི་མདོ་ནི་ཇི་སྐད་དུ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་དམིགས་པའི་ཚུལ་གྱིས་གཟུགས་ལ་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་

གནས་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ཞེས་བསྟན་ཏེ། ཇི་སྐད་དུ་མདོ་ལས། གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །བདེ་ཞེས་བྱ་བ་དང་།
སྡུག་བསྔལ་ཞེས་བྱ་བ་དང་། བདག་ཡོད་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་
དང་། སྨོན་པ་མེད་ཅེས་བྱ་བར་མི་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཞེས་བསྟན་པ་ནི་འཕགས་པ་ཉན་
ཐོས་ཀྱི་ལམ་ཡིན་ཏེ། ཇི་སྐད་དུ་མདོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོས་ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས་བདག་གི་སངས་རྒྱས་ཀྱི་ཞིང་དེར་སངས་རྒྱས་ཀྱི་སྒྲ་ཡང་ཡོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་དུ་དམིགས་པའི་ཚུལ་གྱིས་གནས་
པར་མི་བྱའོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་བསྟན་པའི་མདོ་ནི་ཇི་སྐད་དུ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དེ་དག་ནས་བརྩམས་ཏེ། འདི་ཞེས་བྱ་བ་རབ་ཏུ་བྱེད་པ་དང་འབྲེལ་པར་བྱས་པས་ཉན་ཐོས་ཀྱི་ལམ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་
དུ་མི་དམིགས་པའི་ཚུལ་ཡིན་ནོ། །ལམ་ཤེས་པའི་དབང་དུ་མཛད་ནས། ཤེས་བྱ་ཉན་ཐོས་ཀྱི་ལམ་གྱི་རྣམ་པར་འགྲེལ་པའོ། །ཉན་ཐོས་ཀྱི་ལམ་བཤད་ནས། རང་སངས་རྒྱས་ཀྱི་ལམ་བརྗོད་པར་བྱའོ། །དེ་ལ་རེ་ཞིག །རང་འབྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་

བསྟན་ཀྱང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་བྱ་བ་ནི་རང་སངས་རྒྱས་ཀྱི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་བསྟན་ཀྱང་མི་དགོས་པའི་དོན་ནི་གང་རང་སངས་རྒྱས་ཀྱི་ལམ་གྱི་དབང་དུ་མཛད་ནས་
གང་གནོད་སྦྱིན་གྱི་སྐད་ལ་སོགས་པ་ནི་ཤེས་པར་རུང་གི །གནས་བརྟན་རབ་འབྱོར་གྱིས་བཤད་པ་ནི་དོན་ཤེས་པར་མི་རུང་ཞེས་བསྟན་ཏེ། དེ་ལ་གནོད་སྦྱིན་རྣམས་རང་གི་བརྡ་གོ་བར་བྱེད་དེ། གནོད་སྦྱིན་གྱི་སྒྲའོ། །སྤྱི་ནི་ཚིག་སྟེ་ཇི་སྙེད་ཀྱིས་བརྗོད་པར་འདོད་པའི་དོན་
རྫོགས་པ་ནི་སྐད་དེ། ངག་ཅེས་བྱ་བའི་དོན་ཏོ། །གང་དང་གང་གི་གཏམ་གྱི་སྒོ་གཞན་གྱིས་དྲིས་པ་དེ་དང་དེའི་ལན་སྨྲ་བ་ནི་བརྗོད་པའོ། །དེ་ལྟ་བུ་ནི་ཤེས་པར་རུང་གི་འཕགས་པ་གནས་བརྟན་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་དང་། བརྗོད་པ་དང་། སྟོན་པ་དང་།
རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། གཏན་ལ་ཕབ་པར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ་། །དེ་ལ་གསོལ་བ་བཏབ་ནས་སྟོན་པ་དེ་ནི་འཆད་པའོ། །དྲིས་ན་ལན་སྨྲ་བ་ནི་བརྗོད་པའོ། །དེ་གཉིས་གདུལ་བྱ་རྨོངས་པའི་དབང་དུ་མཛད་ནས་འཆད་པ་ནི་སྟོན་པའོ། །བག་
མེད་པ་རྣམས་ཀྱི་དབང་དུ་མཛད་ནས་ཆེད་དུ་སྟོན་པ་མཛད་པ་ནི་རྣམ་པར་འབྱེད་པ་ཞེས་བྱ་སྟེ། དེ་ཡང་ལྷའི་བུ་དག་ཡི་གེ་གཅིག་ཀྱང་བརྗོད་པ་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། སྟོན་པ་དང་། ཉན་པ་བཀག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པར་རྫོགས་པའི་
བྱང་ཆུབ་ནི་ཡི་གེ་མེད་པ་ཡིན་ཏེ། སྤྲུལ་པ་དང་། རྨི་ལམ་དང་། སྒྲ་བརྙན་དང་། སྒྱུ་མ་ལྟ་བུའི་དཔེས་ཡི་གེ་མེད་པར་སྟོན་པ་དང་། ཉན་པ་དང་། ཤེས་པར་བྱེད་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཆོས་སྟོན་པ་དང་། ཚིག་ཏུ་བརྗོད་པ་ཇི་ལྟར་མེད་པ་ཡིན་ཞེ་ན། ཆོས་
སྟོན་པའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ཆོས་སྟོན་པའི་ཚིག་ཏུ་སྨྲ་བས་ཀྱང་རྣམ་པར་གཡེང་བ་ཆེན་པོར་འགྱུར་བ་ཡིན་ལ། རྣམ་པར་གཡེང་བས་ཀྱང་རྒྱུད་ཤས་ཆེར་འཁྲུགས་པ་སྐྱེད་པར་བྱེད་པ་ཡིན་པར་དགོངས་པས་ན་སངས་རྒྱས་བཅོམ་ལྡན་འདས་སྔོན་བྱང་ཆུབ་

སེམས་དཔར་གྱུར་པ་ན་འདི་ལྟར་བདག་གིས་སངས་རྒྱས་ཉིད་ཐོབ་ནས་ཡིད་བཞིན་གྱི་ནོར་བུ་ལྟར་ཚིག་ཏུ་སྨྲ་བ་མེད་པར་ཡང་ཆོས་སྟོན་ཅིང་སེམས་ཅན་གྱི་དོན་གྱི་བྱ་བ་རྫོགས་པར་བྱེད་པར་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ཡིན་ནོ། །ཚིག་ཏུ་སྨྲ་བ་མེད་པར་ཡང་དོན་སྟོན་པ་རུང་བ་
ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་དང་གང་དོན་གང་གང་ལ། །ཇི་ལྟ་ཇི་ལྟར་དེ་ལ་ཉན། །དེ་ལ་སྒྲ་མེད་ཀྱང་དོན་ཏེ། །དེ་ནི་དེ་ལྟ་དེ་ལྟར་སྣང་། །ཞེས་བསྟན་པ་ཡིན་ནོ། །དེ་ལ་ཡེ་ཤེས་ཟབ་མོ་འདི་ཡིན་ཏེ། དེ་སྐད་དུ་མདོ་ལས། ཀྱེ་མ་གནས་བརྟན་རབ་འབྱོར་
འདི་ནི་གསལ་བར་བྱེད་པ་སྟེ། ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན་པ་ལ། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བར་འཇུག་གོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་གནས་བརྟན་རབ་འབྱོར་གྱིས་ཉེ་བར་བསྟན་པའི་དོན་ཤེས་པར་མི་ནུས་ཤིང་ཟབ་པ་ཡིན་ལ། ཡི་གེ་གཅིག་ཙམ་ཡང་མ་བརྗོད་
པར་ཐོབ་པས་ཤིན་ཏུ་ཟབ་པ་ཡིན་ནོ། །དེ་ཉིད་མདོ་སྡེ་གཞན་དག་ལས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་རང་ཉིད་ཀྱིས་མངོན་པར་རྟོགས་པ་དང་། རྐྱེན་ཟབ་མོ་ཁོང་དུ་ཆུད་པས་རང་སངས་རྒྱས་ཀྱི་ཐེག་པ་རྫོགས་པར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །བདག་ཉིད་གཅིག་
པུའི་དོན་དུ་དམིགས་ནས་རང་ཉིད་སངས་རྒྱས་པས་ན་རང་སངས་རྒྱས་སོ། །ཉན་ཐོས་སུ་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། དེ་ནི་གཞན་གྱི་ལུང་ལ་ལྟོས་པ་མ་ཡིན་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་ནི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱིས་སེམས་ཅན་གྱི་དོན་མཛད་པས་དེ་རྣམས་ལས་ཁྱད་པར་དུ་འཕགས་པ་ཉིད་ཡིན་པའི་ཕྱིར་རོ། །རང་སངས་རྒྱས་རྣམས་ནི་གང་གིས་ཇི་ཙམ་ཞིག་རྟོགས་པ་ཙམ་དེ་ལ་རང་ཉིད་མངོན་དུ་སངས་རྒྱས་པ་ཡིན་ནོ། །ཡང་དེ་རྣམས་ཀྱིས་རྟོགས་པ་ནི་གང་ཇི་ཙམ་ཞིག་རྟོགས་
ཤེ་ན། གཟུང་བར་རྟོགས་པ་ཉམས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་སྟོན་པ་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱིས་གཟུང་བའི་རྣམ་པར་རྟོག་པའི་དབང་དུ་མཛད་ནས་ཕུང་པོ་དང་། ཁམས་དང་།

སྐྱེ་མཆེད་རྣམས་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྒྱ་ཆེར་རང་བཞིན་ཟབ་པ་དང་། ཕྲ་བ་བཀག་པའི་ཕྱིར་སངས་རྒྱས་ཀྱིས་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་སྤངས་པ་ཡིན་པར་བསྟན་པས་ནི་དེ་རྣམས་ཉན་ཐོས་རྣམས་ལས་ཁྱད་པར་དུ་
འཕགས་པ་ཤུགས་ཀྱིས་བསྟན་པ་ཡིན་ནོ། །འདི་ནི་ངག་གི་ཆོས་བསྟན་པ་མ་ཡིན་ནོ་ཞེས་རང་སངས་རྒྱས་ཀྱི་དབང་དུ་མཛད་ནས་བྱང་ཆུབ་ཏུ་བཏགས་པ་མེད་དོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ཏེ། དེ་རྣམས་ཀྱིས་གཟུང་བའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་རོ། །ཡི་གེར་བཏགས་པ་
མེད་དོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་རང་གི་མངོན་པར་རྟོགས་པ་ཡིན་པའི་ཕྱིར་རོ། །ལ་ལ་ཞིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་ཅིང་ཞེས་བྱ་བ་ནས། ལ་ལ་ཞིག་རང་བྱང་ཆུབ་ཐོབ་པར་འདོད་ན་ཡང་བཟོད་པ་འདི་ལ་མ་བརྟེན་པར་མི་འགྲུབ་པོ་ཞེས་བྱ་བའི་བར་ནི་ལམ་ཤེས་པ་ཉིད་
ལ་ལམ་ཐམས་ཅད་ཡུལ་དུ་བྱ་དགོས་ནས་གསུངས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ལམ་ལ་དེ་རྣམས་ཀྱིས་གཟུང་བའི་རྣམ་པར་རྟོག་པ་ནི་སྤངས་པ་ཡིན་ལ། འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའི་དབང་དུ་མཛད་ནས་གསུངས་པ་ནི་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ། ཆོས་
བསྟན་པ་དེ་དག་ཀྱང་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ཡིན་ཏེ། རང་སངས་རྒྱས་རྣམས་ནི་འཛིན་པའི་དངོས་པོ་མེད་པར་རྟོགས་པ་མ་ཡིན་པའི་ཕྱིར་རོ། །སྔར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་མཛད་ནས་སྒྱུ་མའི་སྐྱེས་བུ་ལྟར་བསླབ་པར་བྱའོ་ཞེས་གསུངས་པ་དེ་དང་འདི་ལ་འགལ་བ་
ཡོད་པ་མ་ཡིན་པར་བསྟན་པ་ལས་བརྩམས་ཏེ། ཕུང་པོ་ལ་སོགས་པ་ནས་མྱ་ངན་ལས་འདས་པའི་བར་དུ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུར་བཤད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་དེ་ལས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །
རང་སངས་རྒྱས་ཀྱི་ལམ་ལ་འཛིན་པའི་རྣམ་པ་མ་སྤངས་པ་ཡིན་ནོ། །རྟོགས་པའི་རྟེན་རིགས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་བ་བསྟན་ནས་རང་སངས་རྒྱས་དགག་

པའི་དོན་ཏེ། དེ་རྣམས་ཉིད་གཟུགས་ལ་སོགས་པ་དང་། དེའི་སྟོང་པ་ཉིད་ལ་སོགས་པ་གཉིས་ཕན་ཚུན་རྟོག་པ་བཀག་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དེ། དེ་བཞིན་དུ་འདི་ལ་སེམས་ཅན་གང་ཡང་ཡིད་ཆེས་པར་བྱེད་པ་མེད་
དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པས་རང་སངས་རྒྱས་ཀྱི་དབང་དུ་མཛད་ནས་སེམས་ཅན་གང་ཡང་ཡིད་ཆེས་པར་བྱེད་པ་མེད་དོ། །ཞེས་བྱ་བ་དང་། རྟེན་གྱི་སྦྱོར་བའི་གནས་སུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བས་ནི་དེ་གསལ་བར་
བྱས་པ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་རྒྱས་པར་བསྟན་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་མང་པོ་ཞིག་གི་མཐའ་རྫོགས་པར་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་
ཆུབ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་པར་དུ་ཞུགས་པའི་སྤོབས་པ་དང་ལྡན་པའི་བར་དུ་ཡང་འགྱུར་ཞེས་བྱ་བའོ། །དེ་ཡང་མི་དམིགས་པའི་ཚུལ་ཞེས་བྱ་བའི་བར་གྱིས་མངོན་པར་འདོད་པའི་དོན་ཡང་དག་པར་གྲུབ་པས་དངོས་པོར་གྱུར་
པའི་རྟེན་མེད་པར་ཡང་རྟོགས་པའི་ཆོས་ཐོབ་པར་བསྟན་པའི་ཆེད་དུ་སྤྲུལ་པའི་མེ་ཏོག་གཏོར་བ་ཡིན་ལ། མེ་ཏོག་དེ་དག་ཀྱང་མ་སྐྱེས་པའི་མེ་ཏོག་ཡིན་པ་དང་འདྲ་བར་གཟུགས་ནས་བརྩམས་ཏེ། ཆོས་ཐམས་ཅད་ཀྱི་བར་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་
མ་བྱུང་བ་ཉིད་ཀྱིས་དེ་ནས་བརྩམས་ཏེ། འདི་ཞེས་བྱ་བའི་བར་དུ་བྱེད་པ་དང་འབྲེལ་པར་བསྒྲུབས་པས་རང་སངས་རྒྱས་ཀྱི་ལམ་རྟོགས་པའི་རྟེན་བསྟན་པ་ཡིན་ནོ། །རང་སངས་རྒྱས་དེ་དག་གིས་གཟུང་བའི་རྣམ་པར་རྟོག་པ་སྤངས་པས་རང་སངས་རྒྱས་ཀྱི་རྟོགས་པ་ཉན་ཐོས་རྣམས་
ལས་ཁྱད་པར་དུ་འཕགས་པ་ཡིན་ལ། འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པས་ནི་རང་སངས་རྒྱས་རྣམས་ལས་སངས་རྒྱས་ཀྱི་རྟོགས་པ་ཁྱད་པར་དུ་འཕགས་པ་ཡིན་ནོ། །རིགས་ཀྱིས་ནི་རྟོགས་པའི་རྒྱུ་ཁྱད་ཞུགས་པར་བསྟན་པ་ནི་རང་སངས་རྒྱས་ཀྱི་ལམ་ཡིན་ནོ། །དེ་ནི་

སངས་རྒྱས་ཀྱི་ལམ་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དབང་དུ་མཛད་ནས། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་དེ་ལྟར་བཏགས་
པ་དང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་པོ་ཞེས་བྱ་བ་དང་། གཟུགས་ནི་བཏགས་པ་ཙམ་མོ། །དེ་ཡང་ཆོས་ཉིད་དེ། གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །རྩེ་མོར་གྱུར་པ་གཟུགས་ལ་
སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ཞེས་བསྟན་ཏེ། གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པོ། །ཡོངས་སུ་གཟུང་བར་བྱ་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ་པོ་ཞེས་
བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །བཟོད་པ་ནི། ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །ཞེས་བསྟན་པ་ཡིན་ཏེ། གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་
བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཡོངས་སུ་གཟུང་བ་མེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་གཟུགས་ཀྱི་སྐྱེ་བ་མི་མཐོང་། འགག་པ་དང་། བླང་བ་དང་། དོར་བ་དང་།
ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སོགས་པ་དང་། འབྲི་བ་དང་། འགྲིབ་པ་དང་། འཕེལ་བ་མི་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ལམ་བཤད་ནས་མཐོང་བའི་ལམ་ཕན་ཡོན་དང་བཅས་པའི་དབང་དུ་མཛད་
ནས། བདེན་དང་བདེན་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་དེ་བཞིན་གཤེགས་པ་དག་ནི་གཅིག་

ལས་གཅིག་གུད་ན་མེད་པར་དགག་པའི་རྣམ་གྲངས་གཞན་གྱིས་སྟོན་ཏེ། ཇི་སྐད་དུ་མདོ་ལས། ཀཽ་ཤི་ཀ་གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་
པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་ཀཽ་ཤི་ཀ་གཟུགས་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་
སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་ཀཽ་ཤི་ཀ་གཟུགས་གཞལ་དུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞལ་དུ་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་
ནི་འདི་ལྟར་གཟུགས་གཞལ་དུ་མེད་པའི་ཕྱིར་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །གཞལ་དུ་མེད་པ་ཞེས་བྱ་བ་ནི་གང་གི་གཟུགས་འགྱུར་བའི་མཚན་ཉིད་དུ་གཞལ་དུ་མེད་པའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་གང་ཀཽ་ཤི་ཀ་གཟུགས་ཚད་མེད་
པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མེད་དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཚད་ཅེས་བྱ་བ་ནི་དབྱིངས་རྣམས་ཕྲ་རབ་ཀྱི་བར་དུ་གཞིག་ཏུ་རུང་བར་བཤད་པ་ཡིན་པས་ཚད་རྣམས་ནི་གཟུགས་ཅན་མ་
ཡིན་པའི་མཚན་ཉིད་དོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ཀཽ་ཤི་ཀ་གཟུགས་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་མཐའ་དང་དབུས་མི་དམིགས་སོ་
ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་ནི་རྒྱུ་བཀག་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ན་ཀུན་འབྱུང་བཀག་པ་ཡིན་ནོ། །ཆོས་ཀྱི་དབྱིངས་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་

པ་ཉིད་ཀྱིས་ནི་རབ་ཏུ་སྐྱེ་བ་བཀག་པ་ཡིན་ནོ། །དེ་བཞིན་ཉིད་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ནི་སྐྱེ་བ་བཀག་པ་ཡིན་ནོ། །སེམས་ཅན་མཐའ་ཡས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ནི་ཀུན་འབྱུང་ལ་ཆོས་
ཤེས་པའི་བཟོད་པ་སེམས་ཅན་གྱི་ཁམས་ལ་དམིགས་པར་བྱེད་པར་བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བ་འདི་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ་ཞེས་བསྟན་པ་ཡིན་ནོ། །དེའི་མདོ་ནི་
ལྷའི་བུ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་དམིགས་པའི་རྣལ་འབྱོར་དང་མ་བྲལ་བར་གྱུར་ན་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་པའི་ཕྱིར་རོ་ཞེས་གསུངས་
པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་འདོར་བའི་ཚུལ་གྱིས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་
མཐུན་པ་ཡོངས་སུ་འཛིན་པ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །བར་ཆད་བྱེད་པ་ཐམས་ཅད་ཀྱིས་གླགས་རྙེད་པར་མི་འགྱུར་བར་ཡོངས་སུ་གཟུང་བའི་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་
པ་དང་། སྒོམ་པ་དང་། གཞན་དག་ལ་རྒྱ་ཆེར་འཆད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མི་འབྲལ་བ་དེ་དག་ནི་བདུད་སྡིག་ཅན་ལ་སོགས་པ་ཐམས་ཅད་ཀྱིས་གླགས་རྙེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཕན་ཡོན་བསྟན་
པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་སྟོང་པ་ཉིད་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པ་ཉིད་དེ། དེ་ལྟར་དེ་རྣམས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་

མི་རྙེད་དེ། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་གང་དུ་གླགས་རྙེད་པར་འགྱུར་བ་དེ་དག་ཉིད་མེད་དོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་སེམས་ཅན་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་
བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་ཤིན་ཏུ་བསྒོམ་པའི་ཕྱིར་དེ་རྣམས་ལ་མི་དང་མི་མ་ཡིན་པ་ལ་སོགས་པ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་ཏེ། མཐོང་བའི་ལམ་གྱི་སྐད་ཅིག་མ་བརྒྱད་པ་ལ་བྱང་ཆུབ་སེམས་དཔའི་དགོངས་པ་མཐའ་ཡས་
པ་མཛད་པ་ཡིན་གྱི། གཞན་དུ་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པར་འགོག་པར་ལྟུང་བར་འགྱུར་རོ། །དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ལ་ཡང་དག་པའི་སྤྱོད་པས་རིམ་གྲོ་དང་། བསྙེན་བཀུར་བྱས་པའི་ཕྱིར་དེ་རྣམས་ཡ་ང་བ་མ་
སྤངས་པས་འཆི་བའི་དུས་བྱེད་པར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ཡང་སྟོང་པ་ཉིད་ཐམས་ཅད་ཤིན་ཏུ་བསྒོམས་པ་ཉིད་ཡིན་པའི་ཕྱིར་འཇིགས་པ་འམ། དངངས་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །འགོག་
པ་ལ་ཆོས་ཤེས་པ་ནི་གང་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། ཐེག་པ་གསུམ་ལ་འདུལ་བ་ནི་ངོ་མཚར་ཆེའོ་ཞེས་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པས་
ནི་འཚང་རྒྱ་བ་ཉིད་ཀྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་བཟུང་
བར་གྱུར་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་བསྡུས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི་གང་ཡང་རྩི་མ་གིའི་དཔེས་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉེ་བར་འཚེ་བ་ཐམས་ཅད་

ཞི་བའི་མདངས་དང་སྟོབས་ཡོད་པ་ཉིད་དུ་བསྟན་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ངེས་པ་
ནས། མྱ་ངན་ལས་འདས་པར་འཛིན་པའི་བར་དུ་ཉེ་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པ་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དེ་དག་གིས་ལྷ་རྣམས་ཀྱིས་བྱས་པ་དང་། འབྱུང་བ་ལས་
གྱུར་པ་དང་། ནང་གི་བར་ཆད་ཀྱི་དབང་དུ་མཛད་ནས་གོ་རིམས་བཞིན་དུ་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བར་མཛད་པ་དང་། འདི་ལྟར་མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དགེ་བའི་ཆོས་
རྣམས་རྣམ་པར་འཕེལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་སྲོག་གཅོད་པ་ཡོད་པར་འགྱུར་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། གཞན་ཡང་དེ་ལ་འཇོག་
པ་དང་། དེ་ཉིད་ཀྱི་ལེགས་པ་བརྗོད་པར་འགྱུར་བ་ལ་སོགས་པ་རྗེས་སུ་གནང་བ་ཉིད་དུ་བསྟན་པ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པ་ནི་གང་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མི་དམིགས་པའི་ཚུལ་གྱིས་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེའི་མདོར་གཏོགས་པར་གྱུར་པའི་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་པ་མེད་པའི་ཕྱིར། །རྣམ་གྲངས་
ཁས་མི་ལེན་པ་དང་། །ཆེན་པོ་ཚད་མེད་ཉིད་བཅས་དང་། །དཔག་མེད་མཐའ་ཉིད་མེད་པ་དང་། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང་། །བླང་མེད་དོར་བ་མེད་སོགས་དང་། །བྱམས་ལ་སོགས་པ་སྟོང་ཉིད་དང་། །སངས་རྒྱས་ཉིད་

ནི་ཐོབ་པ་དང་། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང་། །ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང་། །སངས་རྒྱས་རྣམས་ཀྱིས་གསུངས་ལ་སོགས། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་
སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ལ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བསྟན་པ་ཡིན་ཏེ། ལམ་ཤེས་པ་ཉིད་ལ་མཐོང་བའི་ལམ་གྱི་རྣམ་པར་འགྲེལ་པའོ།། །།མཐོང་བའི་ལམ་བཤད་ནས། ད་ནི་བསྒོམ་པའི་ལམ་བརྗོད་པར་བྱ་སྟེ། དེ་ལ་རེ་
ཞིག་འདིའི་བྱེད་པ་བརྗོད་པར་བྱ་བ་ཡིན་ལ་ཕྱིས་ནི་དེ་སྟོན་པར་འགྱུར་རོ། །འདིའི་བྱེད་པ་དེ་ཡང་རྣམ་པ་དྲུག་ཏུ་ཤེས་པར་བྱ་སྟེ། གང་ཞེ་ན། ཀུན་ནས་དུལ་དང་ཐམས་ཅད་ནས། །བདུད་དང་ཉོན་མོངས་ལས་རྒྱལ་དང་། །གནོད་པས་བརྫི་བ་མེད་ཉིད་དང་། །བྱང་ཆུབ་དང་ནི་རྟེན་
མཆོད་ཉིད། །ཅེས་བྱ་བ་བསྟན་ཏེ། རྣམ་པ་ཐམས་ཅད་དུ་དུལ་བའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། རྣམ་པ་ཐམས་ཅད་དུ་དུལ་བ་དོན་དུ་གཉེར་བ་དང་། ཡོངས་
སུ་དུལ་བར་བགྱིད་པ་ཉེ་བར་གནས་པ་ནི་ངོ་མཚར་ཆེའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་འདུད་པའི་བྱེད་པ་ནི་གང་རྣམ་པ་ཐམས་ཅད་ཀྱང་རྟོགས་པས་ངར་འཛིན་པ་མེད་པར་ཐམས་ཅད་ལ་འདུད་པའི་དོན་གྱིས་ན་ཡོངས་སུ་འདུད་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ལ་
སོགས་པ་བསྟན་པ་ཡིན་ནོ། །ཉོན་མོངས་པ་ལས་ངེས་པར་རྒྱལ་བའི་བྱེད་པ་ནི་གང་གཡུལ་གྱི་ནང་དུ་ཞུགས་པའི་སྐྱེས་བུའི་དཔེས་འདོད་ཆགས་ལ་སོགས་པའི་ཚོགས་མ་ལུས་པ་ལས་རྒྱལ་ཞིང་བརྫི་བ་མེད་པ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱི་བར་ལས་ངེས་པར་རྒྱལ་བའི་བསྒོམ་
པའི་ལམ་ཡང་ནས་ཡང་དུ་བྱ་བ་ཉིད་དུ་ཤེས་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །ཡུལ་གྱི་གནོད་པས་ཟིལ་གྱིས་མི་ནོན་པའི་བྱེད་པ་ནི་གང་དེ་ལ་ལ་ཞིག་གིས་མེ་མདག་གིས་གཏོར་ཏམ། བྱད་བྱས་སམ། མཚོན་དང་། ཆུ་དང་། དུག་ལ་སོགས་པའི་གནོད་པས་དེ་ལ་གནོད་

པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །བྱང་ནི་བྱང་ཕྱོགས་ཀྱི་མི་མ་ཡིན་པའི་རིགས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བྱེད་པ་ནི་གང་ཆོས་ཐམས་ཅད་མི་དམིགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང་
སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་གྱི་ཡུལ་མཆོད་པ་ཉིད་ཀྱི་བྱེད་པ་ནི་གང་ཡང་སྙིང་པོ་བྱང་ཆུབ་ཀྱི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གྱི་རྟེན་གྱི་ཡུལ་བར་ཆད་
མེད་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་རིགས་ཐམས་ཅད་ཀྱིས་སྲུང་བ་དང་། སྐྱོབ་པ་ལ་སོགས་པ་ཡིན་པར་བསྟན་པ་ཡིན་ནོ། །བྱེད་པ་བཤད་ནས་ཡང་བསྒོམ་པའི་ལམ་ནི་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །དེ་ལ་ཟག་པ་
དང་བཅས་པ་ནི་མོས་པ་དང་། བསྔོ་བ་དང་། རྗེས་སུ་ཡི་རང་བའི་བྱེད་པ་ཞེས་བྱའོ། །ཟག་པ་མེད་པ་ཡང་མངོན་པར་བསྒྲུབ་པའི་མཚན་ཉིད་དང་། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་དོ། །གང་གི་ཕྱིར་མོས་པ་ཡིད་ལ་བྱེད་པའི་དབང་དུ་མཛད་ནས། མོས་པ་རང་གི་དོན་
དང་ནི། །རང་གཞན་དོན་དང་གཞན་དོན་དང་། །རྣམ་པ་གསུམ་དུ་ཤེས་པར་བྱ། །ཞེས་བསྟན་པ་ཡིན་ཏེ། གང་ཞིག་གིས་རང་གི་དོན་དུ་མོས་པའི་རང་གི་དོན་ཉིད་རྫོགས་པར་འགྱུར་ལ། བསྔོ་བའི་ཚུལ་གྱིས་ནི་གཞན་གྱི་དོན་དུ་ཡང་འགྱུར་རོ། །རང་དང་གཞན་གྱི་དོན་དུ་
བྱ་བ་གང་ཡིན་པས་ནི་གཉི་གའི་དོན་རྫོགས་པར་བྱེད་དོ། །གང་ཞིག་གང་གིས་གཞན་གྱི་དོན་དུ་བྱ་བ་ནི་གཞན་གྱི་དོན་དུ་འགྱུར་མོད་ཀྱི་རང་གི་དོན་ཡང་དག་པར་རྫོགས་པར་བྱེད་དེ། འདི་ལ་རང་གི་དོན་དགག་པ་མེད་པའི་ཕྱིར་ཏེ། གཞན་གྱི་དོན་དང་མི་འགལ་བ་ཉིད་ཀྱིས་དེ་རྫོགས་
པ་ཡིན་ནོ། །དེ་དག་རེ་རེ་ཡང་། ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཅེས་བསྟན་ཏེ། རང་གི་དོན་གྱི་མོས་པ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ། རྣམ་པ་གསུམ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །དེ་ལ་

རང་གི་དོན་ལ་མོས་པ་ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོ་ནི་གང་ཡིན་པ་དེ་བཞིན་དུ་གཞན་གྱི་དོན་ལ་མོས་པའི་བར་གང་ཡང་གང་ཞིག་ཡིན་ཞེ་ན། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་བསྟན་ཏེ།
སོ་སོར་ཞེས་བྱ་བ་ནི་རང་བཞིན་ཡིན་པར་སྦྱོར་བའོ། །རང་གི་དོན་ལ་སོགས་པ་ལ་མོས་པ་ཆུང་ངུ་ལ་སོགས་པ་རྣམ་པ་གསུམ་དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་གི་དོན་ལ་མོས་པ་འདི་ནི་རྣམ་པ་དགུར་འགྱུར་ཏེ། འདི་ལྟར་ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་
དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོའོ། །དེ་བཞིན་དུ་རང་དང་གཞན་གྱི་དོན་ལ་མོས་པ་དང་། གཞན་གྱི་དོན་ལ་མོས་པའི་རྣམ་པའི་དབྱེ་
བ་ལ་ཡང་བརྗོད་པར་བྱའོ། །དེ་བས་ན། དེ་ལྟར་ན། རྣམ་པ་ཉི་ཤུ་བདུན་དུ་འདོད་དོ་ཞེས་བསྟན་ཏེ། མོས་པ་ཞེས་བྱ་བ་ནི་དཀྱུས་མ་ཉིད་ཡིན་ནོ། །དེ་ལ་རང་གི་དོན་ལ་མོས་པ་ཆུང་ངུའི་ཆུང་ངུའི་རྣམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བགྱིས་པ་
བཅངས་ལ་མཆོད་པ་བགྱིས་པ་དང་། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་བཅུག་སྟེ་མཆོད་པར་བྱས་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུར་གྱུར་པ་ཡིན་པའི་
ཕྱིར་དང་། དེ་ལ་བརྟེན་པར་གྱུར་པས་སངས་རྒྱས་ཀྱི་སྐུར་གྱུར་པའི་ཕྱིར། མཆོད་པ་བརྙེས་པས་ན། དང་པོའི་མཆོད་པའི་ལས་འདི་ཉིད་དེ་བས་བསོད་ནམས་མང་དུ་འཕེལ་ལོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཆུང་ངུའི་འབྲིང་ནི་ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་
བུའི་གླིང་གི་མི་དེ་དག་ལས་གང་སངས་རྒྱས་ལ་མོས་པ་མི་བྱེད་པ་དང་། དེ་བཞིན་དུ་ཆོས་དང་། དགེ་འདུན་ལ་ཤིན་ཏུ་བརྟེན་པ་དེ་ལྟ་བུ་ནི་ཉུང་ངུ་ཞེས་བྱ་བ་ནས་བརྩམས་ཏེ། ཚིག་རེ་རེ་ཞིང་ཕྲ་བ་རྒྱ་ཆེར་བསྟན་པ་ནས། ཀཽ་ཤི་ཀ་འདི་ནས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་

ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཚད་མེད་གྲངས་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བྱང་ཆུབ་ཏུ་སྤྱོད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མི་ལྡན་པས། དེ་ལ་གཅིག་
གམ་གཉིས་ཤིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་ཅན་ལ་སོགས་པས་མངོན་པར་རྫོགས་པར་བྱང་ཆུབ་པར་བསྒྲུབ་པ་ནི་དཀའ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་གང་བསྟན་པ་ཡིན་ནོ། །གང་ཆུང་ངུའི་ཆེན་པོ་ནི་དེ་བཞིན་དུ་མྱུར་ཞིང་བདེ་བར་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། མྱ་ངན་ལས་འདས་ཀྱང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གི་སྟོན་པའོ་ཞེས་བསྟན་པ་ཡིན་ནོ། །
སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་དང་། མོས་པ་གསུམ་པའི་རྣམ་པ་ཡོངས་སུ་གསལ་བར་བྱས་པའི་དོན་གྱིས་སོ། །འབྲིང་གི་ཆུང་ངུ་ནི་དེ་བཞིན་དུ་གང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ། དེ་ལ་མཆོད་པའི་བསོད་ནམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་
བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པ་ཡིན་ནོ། །འབྲིང་གི་འབྲིང་ནི་དེ་བཞིན་དུ་གང་འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་དཔེས་བསྟན་པ་ཡིན་ནོ། །འབྲིང་གི་ཆེན་པོ་ནི་དེ་བཞིན་དུ་གང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་
པའི་མཆོད་རྟེན་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཆེན་པོའི་ཆུང་ངུ་ནི་དེ་བཞིན་དུ་གང་སྟོང་གི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཆེན་པོའི་འབྲིང་ནི་དེ་བཞིན་དུ་གང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བ་ལ་སོགས་པ་
བསྟན་པ་ཡིན་ནོ། །ཆེན་པོའི་ཆེན་པོ་ནི་དེ་བཞིན་དུ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །རང་གི་དོན་ལ་མོས་པ་རྣམ་པ་དགུ་བསྟན་ནས། རང་དང་གཞན་གྱི་དོན་ལ་མོས་པ་རྣམ་པ་དགུ་བརྗོད་པར་བྱའོ། །དེ་ལ་

རེ་ཞིག་ཆུང་ངུའི་ཆུང་ངུའི་རྣམ་པ་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ལས་སེམས་ཅན་རེ་རེས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་བྱས་ཏེ། མཆོད་པའི་བསོད་ནམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་ལ་བརྩོན་པ་བསོད་ནམས་ཆེས་ཤིན་ཏུ་མང་དུ་བསྐྱེད་པ་ཉིད་ལ་སོགས་པ་བསྟན་པ་ཡིན་ནོ། །ཆུང་ངུའི་འབྲིང་ནི་གང་ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག་ཅེས་བྱ་བ་ནས་བརྩམས་ཏེ། མཐོང་བའི་ཆོས་ཀྱི་ཕན་ཡོན་ལ་སོགས་པ་རྒྱ་ཆེར་བསྟན་པ་ཡིན་ནོ། །
ཆུང་ངུའི་ཆེན་པོ་ནི་གང་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་དེ་རྣམས་ཀྱི་སྟོང་པ་ཉིད་ཡིན་པའི་ཕྱིར། གཉིས་སུ་མེད་པ་ཉིད་ཡིན་
པས་གཉིས་སུ་མེད་པར་ཡོངས་སུ་བསྔོ་བའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྔོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲོ་བ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་རབ་ཏུ་ཤེས་པའི་རྒྱུ་ཡིན་པའི་ཕྱིར་དང་། རང་གཞན་གྱི་དོན་གྱི་
མོས་པ་རྣམ་པ་གསུམ་ཡོངས་སུ་གསལ་བར་བྱ་བའི་ཕྱིར་རོ། །ཞེས་བསྟན་པ་ཡིན་ནོ། །འབྲིང་གི་ཆུང་ངུ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པ་དང་རབ་ཏུ་ལྡན་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་རྣམས་ལས་ཚུལ་
ཁྲིམས་ལ་སོགས་པའི་ཕུང་པོ་ཚད་མེད་པ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །འབྲིང་གི་འབྲིང་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་པ་དེ་ལ་ནི་ལྷའི་བུ་དག་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །འབྲིང་གི་ཆེན་
པོ་ནི་གང་ཡང་ཕ་དང་མ་ལ་སོགས་པ་ནས་མི་སློབ་པའི་བར་ཐམས་ཅད་ཀྱིས་ཀྱང་དབེན་ཞིང་ཡིད་དུ་འོང་བར་བྱ་བ་ཡིན་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། ཆེན་པོའི་ཆུང་ངུ་ནི་གང་སྟོབས་པ་མི་འཕྲོགས་པར་འགྱུར་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་

མི་འཕྲོགས་པར་འགྱུར་བ་དང་མ་བྲལ་བར་བྱེད་པ་ཉིད་ཀྱིས་རྣམ་པ་བདུན་པའི་སྐབས་སུ་བསྒོམ་པའི་ལམ་གྱི་མི་འཕྲོགས་པར་འགྱུར་བ་དངོས་པོ་མེད་པར་ཤེས་པར་བྱ་བའི་དོན་གྱིས་ཡིན་ནོ་ཞེས་བསྟན་ནོ། །ཆེན་པོའི་འབྲིང་ནི་གང་ཕྱོགས་བཅུའི་འཇིག་རྟེན་
གྱི་ཁམས་ཀྱི་ལྷའི་རིས་ཐམས་ཅད་ཀྱང་དེར་དོང་ཞིང་གླེགས་བམ་དུ་ཆུད་པ་འདི་ཀློག་པ་དང་། གཟུང་བ་དང་། འཆང་བ་དང་། ཀུན་ཆུབ་པར་བྱ་བ་ལ་སོགས་པ་དང་། དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་བྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་
བསྟན་པ་ཡིན་ནོ། །ཆེན་པོའི་ཆེན་པོ་ནི་གང་ལྷའི་ཚོགས་འོངས་པས་མོས་པ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པ་དང་། ལུས་དང་། སེམས་ལས་སུ་རུང་བ་ཐོབ་ནས་ཆོས་གོས་ལ་སོགས་པ་ལ་ཤས་ཆེར་ཆགས་པ་བཀག་པ་དང་། མོས་པ་རྣམ་པ་དགུའི་དོན་གསལ་བར་བྱ་བའི་ཕྱིར་
བསྟན་པ་ཡིན་ནོ། །རང་དང་གཞན་གྱི་དོན་ལ་མོས་པ་རྣམ་པ་དགུ་བསྟན་ནས་གཞན་གྱི་དོན་ལ་མོས་པ་རྣམ་པ་དགུ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་ཆུང་ངུའི་ཆུང་ངུ་ནི་གང་ཡང་གླེགས་བམ་དུ་བྲིས་པ་འདི་གཟུང་བ་དང་། མཆོད་པ་འབའ་ཞིག་ཙམ་བྱེད་ཀྱི་མ་བཟུང་བ་ནས་གཞན་
དག་ལ་རྒྱ་ཆེར་མི་སྟོན་ན་མ་ཚང་བའི་བྱེད་པས། ལས་ཡོངས་སུ་རྫོགས་པར་བྱེད་པ་ནི་བསོད་ནམས་ཆེས་མང་དུ་སྐྱེད་པར་བསྟན་པ་ཡིན་ནོ། །ཆུང་ངུའི་འབྲིང་ནི་གང་ཡང་ཀཽ་ཤི་ཀ་ཁྱོད་ཀྱིས་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བཀང་བ་ཞིག་ཀྱང་རྙེད་
ཅེས་བྱ་བ་ནས་བརྩམས་ཏེ། ཆ་གཉིས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླང་བར་བགྱི་བ་ཉིད་ལ་སོགས་པ་བསྟན་པ་ཡིན་ནོ། །ཆུང་ངུའི་ཆེན་པོ་ནི་གང་སྦྱོར་བ་འདི་དང་ལྡན་པ་དེ་ནི་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་
ཉན་ཐོས་ལ་སོགས་པའི་སའི་དོགས་པ་མེད་པ་ཉིད་ཀྱིས་གཞན་གྱི་དོན་ལ་མོས་པ་རྣམ་པ་གསུམ་གསལ་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །འབྲིང་གི་ཆུང་ངུ་ནི་གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གཏམས་

པ་ཞིག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཉིས་ལས་གང་ཡང་རུང་བ་ཞིག་འདོམ་དུ་སྩལ་ན། འདི་ཉིད་མཆོག་ཡིན་པ་ཉིད་ལ་སོགས་པ་བསྟན་པ་ཡིན་ནོ། །འབྲིང་གི་འབྲིང་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་མདོ་ལ་སོགས་པ་གསུང་
རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྟོན་པར་མཛད་པ་དང་། ཆོས་སྨྲ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ནི་འདི་ལས་བྱུང་བ་ཡིན་པའི་ཕྱིར་དེ་གཉིས་ཀྱང་མི་འདྲ་བ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །འབྲིང་གི་ཆེན་པོ་ནི་གང་མཐུ་དང་རབ་ཏུ་ལྡན་པའི་རྒྱལ་པོ་
ལ་བརྟེན་པའི་སྐྱེས་བུ་དང་འདྲ་བའི་དཔེས་གང་གིས་ཀྱང་འཇིགས་པར་མི་འགྱུར་བ་དང་། མཆོད་པ་ལ་རྙེད་པ་ལ་སོགས་པས་བསྟན་པ་ཡིན་ནོ། །ཆེན་པོའི་ཆུང་ངུ་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་དེ་བཞིན་གཤེགས་པའི་སྐུ་གདུང་གིས་
བྱུར་བུར་གཏམས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆ་གཉིས་སུ་བྱས་ཏེ། གཅིག་འདོམ་དུ་བཅུག་ན་འདི་ཉིད་ལེན་པ་མཆོག་ཡིན་པ་ལ་སོགས་པ་བསྟན་པ་ཡིན་ནོ། །ཆེན་པོའི་འབྲིང་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་
ཐུགས་སུ་ཆུད་པའི་རྒྱུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཤིང་རྣམས་ལོ་མ་དང་། མེ་ཏོག་
དང་། འབྲས་བུ་དང་། དབྱིབས་སྣ་ཚོགས་ཀྱང་གྲིབ་མ་ལ་ཁྱད་པར་དང་། བྱེ་བྲག་མི་དམིགས་པའི་དཔེས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མི་དམིགས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ་གཅིག་པ་ཉིད་དང་། གཞན་གྱི་དོན་གྱི་མོས་པ་རྣམ་པ་དགུ་གསལ་བར་བྱ་བའི་ཕྱིར་
བསྟན་པ་ཡིན་ནོ། །མོས་པའི་རྣམ་པ་ཐམས་ཅད་ལ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པ་ནས་དཔེ་གཞན་དང་། གཞན་གྱིས་ཆོས་གང་དང་གང་བསྟན་པ་དེའི་རྗེས་སུ་འབྲངས་ནས་ཆེན་པོའི་ཆེན་པོ་ལ་སོགས་པ་ལས་གོ་བཟློག་པས་མི་མཐུན་པའི་ཕྱོགས་ཤེས་པར་བྱའོ། །དེ་ལ་རང་

གི་དོན་ལ་མོས་པ་ནི་གཞན་གྱི་དོན་ལ་མོས་པར་འགྱུར་ལ། གཉིས་པ་ནི་བར་ཆད་དང་བཅས་པའི་སྦྱོར་བའོ། །གསུམ་པ་ལ་ནི་བར་ཆད་མེད་པའི་སྦྱོར་བ་ཡིན་ནོ། །མོས་པ་ཡིད་ལ་བྱེད་པ་བཤད་ནས་ད་ནི་བསྟོད་པ་ལ་སོགས་པ་བརྗོད་དགོས་པས་དེའི་ཕྱིར།
ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང་། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་བསྟན་པ་ཡིན་ནོ། །དེ་ལ་དང་པོ་འདི་ནི་བསྟོད་པ་ཙམ་ཡིན་ཏེ། གང་ཡང་སྔར་བསྟན་པ་ལས། ལ་ལ་ཞིག་
བྲིས་ཏེ། གླེགས་བམ་དུ་བགྱིས་ནས་གཞན་ལ་གསལ་བ་ཞེས་བྱ་བ་ནས་བརྩམས་ཏེ། སྦྱིན་པའི་བསོད་ནམས་མང་དུ་འཕེལ་བ་ཉིད་དུ་བསྟན་པ་ཡིན་ནོ། །གཉིས་པ་ནི་གཞན་གྱི་དྲུང་དུ་སོང་སྟེ་བཤད་ཅིང་བསྟན་ན་སྔ་མ་དག་པས་བསོད་ནམས་ཤས་ཆེར་འཕེལ་ཏེ། དེ་ནི་བསྟོད་པ་
ཡིན་པར་བསམ་མོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །གསུམ་པ་ནི་གང་སེམས་ཅན་གཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གཞག་པ་དང་། འཛམ་བུ་གླིང་གི་སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་པ་ནི་བསོད་ནམས་མང་དུ་འཕེལ་བར་འགྱུར་བ་
ནས་བརྩམས་ཏེ། དེ་ཉིད་གཞན་ལ་བྱིན་ན་བསོད་ནམས་མང་དུ་འཕེལ་བར་བསྟན་པ་ཡིན་ནོ། །བཞི་པ་ནི་གང་སེམས་ཅན་གཅིག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞེས་བསྟན་པ་ཡིན་ནོ། །ལྔ་པ་ནི་དེ་བཞིན་དུ་སེམས་ཅན་གཅིག་ལན་ཅིག་ཕྱིར་མི་འོང་བའི་འབྲས་བུ་དང་ཞེས་བསྟན་
པ་ཡིན་ནོ། །དྲུག་པ་ནི་གང་དེ་བཞིན་དུ་སེམས་ཅན་གཅིག་ཅིག་དགྲ་བཅོམ་པ་ཉིད་ལ་བཀོད་པ་ཞེས་བསྟན་པ་ཡིན་ནོ། །བདུན་པ་ནི་གང་དེ་བཞིན་དུ་སེམས་ཅན་གཅིག་ཅིག་རང་བྱང་ཆུབ་ལ་བཞག་ན་ཞེས་བསྟན་པ་ཡིན་ནོ། །བརྒྱད་པ་ནི་གང་འཛམ་བུའི་གླིང་གི་སེམས་
ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས་སེམས་ཅན་གཅིག་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་བཞུགས་པ་

ཡིན་ནོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་ཚུལ་ནི་སངས་རྒྱས་ཀྱི་རིགས་སོ། །བསྟོད་པའི་ཆ་དགུ་པ་ནི་དེ་བཞིན་དུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གཞག་པ་ནི་ཞེས་བསྟན་པ་ཡིན་ནོ། །བཀུར་བ་ཡང་ཆ་དགུར་ཤེས་པར་
བྱའོ། །དེ་ལ་བཀུར་བ་དང་པོ་ནི་འདི་ཡིན་ཏེ། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་གཞག་པ་བས་ཞེས་བསྟན་པ་ཡིན་ནོ། །གཉིས་པ་ནི་གང་དེ་བཞིན་དུ་དགྲ་བཅོམ་པ་ཉིད་ལ་གཞག་པ་བས་ཞེས་བསྟན་པ་ཡིན་ནོ། །གསུམ་པ་ནི་གང་དེ་
བཞིན་དུ་རང་བྱང་ཆུབ་ལ་གཞག་པ་བས་ཞེས་བསྟན་པ་ཡིན་ནོ། །བཞི་པ་ནི་གང་དེ་བཞིན་དུ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་པའི་བསོད་ནམས་པས་གླེགས་བམ་ལ་བྲིས་ནས་གཞན་ལ་བྱིན་པ་དང་། ཚུལ་བཞིན་དུ་ཡིད་ལ་
བྱེད་ན་བསོད་ནམས་མང་དུ་འཕེལ་བ་ཉིད་དུ་བསྟན་པ་ཡིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། བྱང་ཆུབ་ལ་གཉིས་སུ་མེད་པར་སྤྱོད་པའི་བློས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པ་ཞེས་བསྟན་པ་ཡིན་ནོ། །ལྔ་པ་ནི་གང་ཡང་གཉིས་སུ་མེད་པའི་དོན་དེ་
བསྟན་པས་བསོད་ནམས་མང་དུ་འཕེལ་བ་ཉིད་དུ་བསྟན་པ་ཡིན་ནོ། །དྲུག་པ་ནི་གང་ཡང་དོན་དང་། ཡི་གེ་དང་ལྡན་པར་བསྟན་པ་ལས་ཡོངས་སུ་རྫོགས་པར་བྱེད་པ་ནི་བསོད་ནམས་མང་དུ་འཕེལ་བར་བསྟན་པ་ཡིན་ནོ། །བདུན་པ་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་
རྒྱས་རྣམས་ལ་ནམ་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་བས་འདི་ཉིད་དོན་དང་ཡི་གེ་མ་ནོར་བར་བཤད་ཅིང་བསྟན་པ་བྱས་ན་བསོད་ནམས་དེ་ནི་ཆེས་མང་དུ་འཕེལ་བ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ནི་འདི་ལས་ངེས་པར་འཁྲུངས་པ་ཉིད་དུ་
བསྟན་པ་ཡིན་ནོ། །བརྒྱད་པ་ནི་གང་ཡང་བསྐལ་པ་ཚད་མེད་གྲངས་མེད་པར་སྦྱིན་པ་ལ་སོགས་པའི་སྤྱོད་པ་བྱང་ཆུབ་སེམས་དཔའ་བཅོས་མ་ལས་གོ་བཟློག་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ནི་བསོད་ནམས་མང་དུ་སྐྱེད་

པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །བཀུར་བའི་ཆ་དགུ་པ་ནི་གང་ཡང་འཛམ་བུའི་གླིང་གི་སེམས་ཅན་ཞེས་བྱ་བ་ནས་བརྩམས་ཏེ། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་
པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས་སེམས་ཅན་གཅིག་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་དུ་བཅུག་ཅིང་ཕྱིར་མི་ལྡོག་པའི་ས་ལ་བཞག་པ་ནི་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དུ་བསྟན་པ་ཡིན་ནོ། །བཀུར་བའི་ཆ་རྣམ་པ་དགུ་བསྟན་ནས། ད་ནི་
བསྔགས་པའི་ཆ་རྣམ་པ་དགུ་བརྗོད་པར་བྱ་སྟེ། དེ་ལ་བསྔགས་པའི་ཆ་དང་པོ་ནི་འདིར་གང་དེ་བཞིན་དུ་སེམས་ཅན་ཇི་སྙེད་ཅིག་ཁོ་ན་དགྲ་བཅོམ་པ་ཉིད་དུ་ཞེས་བསྟན་པ་ཡིན་ནོ། །གཉིས་པ་ནི་གང་ཡང་དེ་ལྟར་སེམས་ཅན་དེ་སྙེད་ཅིག་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་བས་ཞེས་
བྱ་བའོ། །གསུམ་པ་ནི་གང་དེ་བཞིན་དུ་དེ་ལྟར་རེ་ཞིག་སེམས་ཅན་དེ་སྙེད་ཅིག་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས་ཞེས་བསྟན་པ་ཡིན་ནོ། །བཞི་པ་ནི་གང་དེ་བཞིན་དུ་སེམས་ཅན་དེ་སྙེད་ཁོ་ན་རང་བྱང་ཆུབ་ལ་བཀོད་ན་ཞེས་བསྟན་པ་ཡིན་ནོ། །ལྔ་པ་ནི་གང་འཛམ་བུའི་
གླིང་གི་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་པ་བས་སེམས་ཅན་གཅིག་ཅིག་ཕྱིར་མི་འོང་བའི་ས་ལ་བཀོད་པའི་བསོད་ནམས་ཆེས་ཆེར་མང་དུ་འཕེལ་བ་ཉིད་དུ་བསྟན་པ་ཡིན་ནོ། །དྲུག་པ་ནི་གང་དེ་བཞིན་དུ་གླིང་བཞི་པའི་སེམས་
ཅན་དེ་ཉིད་དུ་བཀོད་པ་བས་ཞེས་བསྟན་པ་ཡིན་ནོ། །བདུན་པ་ནི་གང་དེ་བཞིན་དུ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་ཉིད་དུ་བཀོད་པ་བས་ཞེས་བསྟན་པ་ཡིན་ནོ། །བརྒྱད་པ་ནི་གང་དེ་བཞིན་དུ་སྟོང་གཉིས་པ་དང་། གསུམ་པ་དང་། ཕྱོགས་བཅུའི་འཇིག་རྟེན་
གྱི་ཁམས་ཀྱི་སེམས་ཅན་རྣམས་དེ་ཉིད་དུ་ཡང་དག་པར་བཀོད་པ་ན་ཞེས་བསྟན་པ་ཡིན་ནོ། །བསྔགས་པའི་ཆ་དགུ་པ་ནི་གང་ཡང་འཛམ་བུའི་གླིང་ནས་བརྩམས་ཏེ། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་

ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་བཀོད་ནས་ཕྱིར་མི་ལྡོག་པ་དེ་རྣམས་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གང་ཡང་རུང་བ་ཞིག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མངོན་པར་ཤེས་ནས། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་སྤྲོ་བ་སྐྱེད་པ་རྣམས་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་པས་བསྔགས་པའི་ཚིག་གིས་དོན་ཡོངས་སུ་གསལ་བར་བྱས་
པ་ཡིན་ནོ། །དེ་ལ་བསྟོད་པ་ནི་རང་གི་དོན་ལ་མོས་པའི་ཡུལ་ལ་ཡིན་ནོ། །བཀུར་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཡིན་ནོ། །བསྔགས་པ་ནི་གཞན་གྱི་དོན་དུ་མོས་པ་ལ་ཡིན་ནོ། །དེ་ལྟར་བསྟོད་པ་ལ་སོགས་པ་འདི་དག་ནི་ཚིག་གི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་
རྟོགས་པའི་ཆའི་མཚན་ཉིད་ཡིན་གྱི་རིག་བྱེད་སྨྲ་བ་རྣམས་ཀྱི་དོན་སྨྲ་བའི་བསྟོད་པ་ལྟར་དོན་དང་འགལ་བའི་གཅམ་གསག་ཏུ་སྨྲ་བ་ནི་མ་ཡིན་ནོ། །གང་ཡང་ཚད་ཕྱེད་དང་བཞི་ཨམ་ནི་བཀུར་བ་ཉིད་དེ་ཞེས་སྨྲས་ཏེ། དེ་རྣམས་ཀྱི་ནི་སྒྲའི་ཚངས་པ་ནི་མཆོག་ཡིན་པར་བཀུར་བའོ་ཞེས་ཁ་
ཅིག་ཟེར་མོད་ཀྱི་འདིར་ནི་ཡང་ཇི་སྐད་བཤད་པ་རྟོགས་པའི་ཆའི་མཚན་ཉིད་ཡིན་ནོ། །གང་ཡང་བསྔགས་པའི་དབང་དུ་བྱས་ནས་སྲེག་རྫས་ཀྱི་བསྔགས་པ་བདག་གིས་ཤེས་སོ་ཞེས་སྨྲས་ལ། ལན་དང་ལྡན་པའི་ཚིག་ཕྱི་ནས་བརྗོད་ནས་དེ་ནི་འདི་དག་གི་བསྔགས་པ་བརྗོད་པ་ཡིན་ནོ་
ཞེས་སྨྲ་མོད་ཀྱི་དེ་ཡང་སྒྲར་གཏོགས་པ་ཉིད་ཡིན་ནོ། །འདིར་ནི་ཡང་ཆ་དགུ་པའི་རྟོགས་པའི་མཚན་ཉིད་ནི་བསྔགས་པ་ཡིན་ནོ། །ཚད་དང་། ཆ་དང་། ཆར་བགོ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་མདོ་གཞན་དེ་དང་དེའི་གླེང་གཞི་ལས། དེ་ནས་བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བཀུར་ལ་བསྔགས་པ་དང་ལྷན་ཅིག་བཞུགས་སོ་ཞེས་གསུངས་པ་དེ་འཐད་པར་གྱུར་པ་ཉིད་ཡིན་ནོ། །མོས་པ་ཡིད་ལ་བྱེད་པའི་རྣམ་པར་འགྲེལ་པའོ།། །།མོས་པ་

ཡིད་ལ་བྱེད་པ་དང་། བསྟོད་པ་དང་། བཀུར་བ་དང་། བསྔགས་པ་བཤད་ཟིན་ནས་ད་ནི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་པས་ན། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་ཉིད་དང་ནི། །དེ་ནི་དམིགས་མེད་རྣམ་པ་ཅན། །
ཕྱིན་ཅི་ལོག་གི་མེད་ཉིད་དང་། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་མཚན་ཉིད་ཅན། །ཐབས་བཅས་མཚན་མ་མེད་པ་དང་། །སངས་རྒྱས་ཀྱིས་ནི་རྗེས་གནང་དང་། །ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཆུང་དང་འབྲིང་དང་ཆེན་པོ་
དང་། །བསྔོ་བ་གཞན་ནི་རྣམ་པ་གསུམ། །བསོད་ནམས་ཆེས་འབྱུང་བདག་ཉིད་དོ། །ཞེས་བསྟན་པ་ལ། དེ་ལ་ཡོངས་སུ་བསྔོ་བ་ཁྱད་པར་ཅན་ནི་འདི་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་བྱ་བའི་དངོས་པོ་རྣམས་
ལས་བྱང་ཆུབ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ཉིད་རབ་ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་ལ་རབ་ཅེས་བྱ་བ་ནི་རབ་རྣམ་
པ་གཉིས་ཏེ། དམ་པར་གྱུར་པའི་རབ་ཉིད་དང་། །བརྩོན་འགྲུས་འབར་བས་གཙོ་བོར་གྱུར་པ་གཉིས་པ་མེད་པ་ཉིད་ཀྱིས་སོ། །དེ་ལ་དམ་པར་གྱུར་པའི་རབ་ཉིད་ཀྱང་རྣམ་པ་གཉིས་ཏེ། མཆོག་ཉིད་ནི་ཐབས་ལ་མཁས་པས་སོ། །ཕུལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པས་སོ། །གཙོ་བོར་གྱུར་པའང་རྣམ་པ་གཉིས་ཏེ། མཉམ་པ་མེད་པས་གཙོ་བོ་ཉིད་ཡིན་པ་དང་། མི་མཉམ་པ་དང་མཉམ་པས་གཙོ་བོར་གྱུར་པ་སྟེ། ཚིག་བདུན་གྱིས་དེའི་ཁྱད་པར་གྱི་མཚན་ཉིད་བསྟན་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་བསྔོ་བའི་བྱེད་པ་ནི་གང་
ཡང་སེམས་ཅན་རྣམས་ཀྱི་ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་ལམ་སྟོན་པའི་རྒྱུར་གྱུར་པས་ན་མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པའི་སངས་རྒྱས་དང་། མཉམ་པ་ཐོབ་པའི་རྒྱུར་གྱུར་པས་ནི་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་

ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའི་ཁྱད་པར་གྱིས་ཞེས་བསྟན་པ་ཡིན་ནོ། །མི་དམིགས་པའི་རྣམ་པར་བསྔོ་བ་ནི་གང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་བརྩམས་ཏེ། དམ་པའི་ཆོས་གནས་པའི་
བར་གྱི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་རྣམས་དང་། དེས་ཡོངས་སུ་བསྡུས་པ་དང་། ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བའི་དངོས་
པོ་ནི་གང་ཡིན་ཞེས་བྱ་བ་ནས་བརྩམས་ཏེ། དངོས་པོ་དང་། དམིགས་པ་དང་། བྱང་ཆུབ་དང་། སེམས་དང་། དགེ་བའི་རྩ་བ་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ནི་གང་ཞིག་ཡིན་ཞེས་བྱ་བ་དང་། སེམས་དེ་ནི་ཟད་ཅིང་འགགས་ལ་མེད་པར་
གྱུར་པ་ཉིད་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་རྗེས་སུ་འགྲོ་བ་མི་དམིགས་པའི་རྣམ་པར་བསྔོས་པ་ལེགས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་ལ་དངོས་པོ་ནི་རིགས་སོ། །དམིགས་པ་ནི་ཆོས་ཐམས་ཅད་དོ། །བྱང་ཆུབ་ནི་ཆེད་དུ་བྱ་བའོ། །སེམས་
ནི་གཟུང་བའི་རྣམ་པར་རྟོག་པའོ། །དགེ་བའི་རྩ་བ་ནི་མ་ཆགས་པ་ལ་སོགས་པའོ། །བསོད་ནམས་བྱ་བའི་དངོས་པོ་ནི་སེམས་ལས་བྱུང་བའོ། །དེ་དག་ཟད་པ་ནི་བསྩགས་པ་རྣམ་པར་འཇིག་པས་སོ། །འགགས་པ་ནི་རྒྱུན་གྱིས་འཇིགས་པས་སོ། །མེད་པ་ནི་རང་བཞིན་
གྱིས་འཇིག་པས་སོ། །རྣམ་པར་གྱུར་པ་ནི་རྣམ་པར་འགྱུར་བའི་འཇིག་པས་སོ། །ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱི་བསྔོ་བ་ནི་གང་ཡང་སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་ཀྱང་དེ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་
ངོ་ཞེས་བསྟན་པ་ཡིན་ནོ། །དབེན་པའི་ཡོངས་སུ་བསྔོ་བ་ནི་གང་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཕུང་པོ་ལ་སོགས་པས་དབེན་པར་ཤེས་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཉིད་ཀྱི་ངོ་བོ་

ཉིད་ཀྱིས་དབེན་པར་ཤེས་ཏེ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བའི་རིགས་སུ་གཏོགས་པའི་རང་བཞིན་དྲན་པའི་ཡོངས་སུ་བསྔོས་པ་ནི་ཡང་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བའི་རིགས་སུ་གཏོགས་པ་གང་ཡིན་པ་དང་།
ངོ་བོ་ཉིད་གང་ཡིན་པ་དང་། དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །ཐབས་ལ་མཁས་པའི་ཡོངས་སུ་བསྔོ་བ་ནི་གང་ཡང་འདིར་བྱང་ཆུབ་སེམས་དཔའ་ཆེན་པོས་ཐབས་ལ་མཁས་པས་དེ་དག་ལ་བསླབ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་
བསྟན་པ་ཡིན་ནོ། །མཚན་མ་མེད་པའི་ཡོངས་སུ་བསྔོ་བ་ནི་གང་ཁ་ཟས་དུག་དང་བཅས་པའི་དཔེས་མཚན་མའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་ནི་དུག་ཅན་ཟུག་རྔུ་ཅན་ཏེ། ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བ་ནི་གང་ཇི་
ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །
ཁམས་གསུམ་དུ་གཏོགས་པ་མ་ཡིན་པའི་ཡོངས་སུ་བསྔོ་བ་ནི་གཞན་ཡང་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་ཞེས་བྱ་བ་བསྟན་པ་ཡིན་ནོ། །བསོད་ནམས་
ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་རྣམ་པ་གསུམ་མོ། །དེ་ལ་ཆུང་ངུ་ནི་གང་དགེ་བ་བཅུའི་ལས་ཀྱི་ལམ་ནས་བརྩམས་ཏེ། མངོན་པར་ཤེས་པ་ལྔ་ཞེས་བྱ་བའི་བར་དང་། འཇིག་རྟེན་པའི་རྟོགས་པའི་གནས་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དཔེས་འདི་ལྟར་ཡོངས་སུ་བསྔོ་བ་ནི་བསོད་ནམས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །འབྲིང་ནི་གང་ཡང་དེ་སྙེད་ཅིག་ཁོ་ན་རྒྱུན་ཏུ་ཞུགས་པ་ནས་དགྲ་བཅོམ་པར་གྱུར་པ་ལ་བཀུར་སྟི་དང་མཆོད་པ་ལ་སོགས་པ་བྱས་པའི་

བསོད་ནམས་ཀྱི་དཔེས་འདི་ནི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །ཆེན་པོ་ནི་གང་སེམས་ཅན་དེ་སྙེད་ཁོ་ནར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་གནས་པ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱིས་རེ་རེ་ནས་མཆོད་
པའི་བསོད་ནམས་ཀྱི་དཔེས་མི་དམིགས་པར་ཡོངས་སུ་བསྔོ་བའི་བསོད་ནམས་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་དམིགས་སུ་མེད་པ་ཅན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཡོངས་སུ་བསྔོ་བའི་འགྲེལ་པའོ།། །།ཡོངས་སུ་བསྔོ་བ་ཡིད་ལ་
བྱེད་པ་བཤད་ཟིན་ནས། རྗེས་སུ་ཡི་རང་བའི་དབང་དུ་མཛད་ནས། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་པའོ། །ཞེས་བསྟན་པ་ཡིན་ཏེ། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པར་གྱུར་པར་སྟོན་
ཏེ། གང་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་རྗེས་སུ་ཡི་རང་བའི་དམ་པར་འགྱུར་ཞེ་ན། ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པའི་ཚེ། ཐབས་ལ་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །དེ་ལ་མོས་པ་ཡིད་ལ་བྱེད་པས་ནི་འབྱུང་ཁུངས་དག་ནས་གསེར་གྱི་གར་བུ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་དོ། །ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པས་ནི་མགར་བས་གསེར་གྱི་རྒྱན་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་ནི་རང་གི་གཞན་གྱིས་བྱས་པའི་བསོད་ནམས་དང་མཉམ་པ་ཉིད་དུ་ཐོབ་བོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་རྣམ་པར་འགྲེལ་པའོ།། །།རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བསྟན་ནས། བསྒྲུབ་པ་བརྗོད་པར་
བྱ་སྟེ། །ངོ་བོ་ཉིད་ནི་མཆོག་ཉིད་དང་། །ཀུན་ལ་མངོན་དུ་མི་བྱེད་དང་། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་བསྟན་པ་ཡིན་ནོ། །འདི་ལྟར་ངོ་བོ་ཉིད་ཀྱི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣང་

བར་བགྱིད་པའོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ་ཞེས་བྱ་བ་གསུངས་པ་ཡིན་ཏེ། མཆོག་ཉིད་ནི་གང་དམུས་ལོང་ངམ་ལམ་དུ་ཞུགས་ནས་གྲོང་ཁྱེར་ཆེན་པོར་ཕྱིན་པར་མི་ནུས་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་ཕ་རོལ་ཏུ་
ཕྱིན་པ་ལྔས་ལམ་ཤེས་པ་ཉིད་དུ་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པའི་ནུས་པ་བཀག་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་ནི་གཟུགས་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་
ཅད་མངོན་པར་འདུ་བྱེད་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་དམིགས་པ་མེད་པར་གཏོགས་པ་ལ་གཏོད་པར་བྱེད་པ་ནི་གང་མི་དགེ་བའི་ཆོས་རྣམས་ཐོབ་པར་མི་བྱེད་དོ་ཞེས་བྱ་བ་ནས་བརྩམས་ཏེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོ་བས་མྱ་ངན་ལས་འདས་པའི་བར་དུ་གང་ལ་ཡང་གཏོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཆོས་ཐམས་ཅད་དམིགས་སུ་མེད་པའི་རྣམ་པར་རབ་ཏུ་གནས་པ་ཉིད་ཀྱི་མིང་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་དེ་ལྟར་གཏོད་པར་མི་བྱེད་
ཅིང་མི་དམིགས་པའི་རྣམ་པ་དེ་ཆོས་ཐམས་ཅད་ལ་གཏོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་མིང་ནི་བཏགས་པའོ། །མཚན་མ་ནི་འཇུག་པར་བྱེད་པའི་རྒྱུའོ། །གཏོད་པ་ནི་གཏོད་པ་མེད་པ་ཉིད་ཀྱིས་གཉིས་ཀྱི་འདུ་ཤེས་དེ་ལས་རིང་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་གཟུགས་
ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་པར་མི་བྱེད་དེ། དེ་ནི་ཡིད་ཆེས་པ་ཉིད་དུ་བསྟན་པ་ཡིན་ནོ། །དོན་ཆེན་པོ་ཉིད་ནི་གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆེ་བ་དང་། ཆུང་བར་བྱེད་པ་བཀག་པ་ནས་བརྩམས་ཏེ། སངས་རྒྱས་ཀྱི་
ཆོས་རྣམས་ཀྱི་བར་གྱི་སྟོབས་ཡོངས་སུ་གྲུབ་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་གྲུབ་པ་མ་མཆིས་པར་བལྟའོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་དོན་ཆེན་པོ་སངས་རྒྱས་ཉིད་དུ་སྒྲུབ་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བསྟན་པ་ཡིན་ནོ། །

མངོན་པར་བསྒྲུབ་པའི་འགྲེལ་པའོ།། །།མངོན་པར་བསྒྲུབ་པ་བཤད་ཟིན་ནས། ཤིན་ཏུ་རྣམ་པར་དག་པ་བརྗོད་པར་བྱ་སྟེ། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་
དག་ནི། །བདུད་ཀྱིས་ཐིབས་ཀྱིས་ནོན་པ་དང་། །ཟབ་མོའི་ཆོས་ལ་མ་མོས་དང་། །ཕུང་པོ་སོགས་ལ་མངོན་ཞེན་དང་། །སྡིག་པའི་གྲོགས་པོས་ཟིན་པའོ། །འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང་། །
གཅད་དུ་མེད་པས་དག་པར་བརྗོད། ཅེས་བསྟན་ཏེ། དེ་ལ་སངས་རྒྱས་ལ་བརྟེན་པ་ནི་འདི་ཡིན་ཏེ། གང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་
མེད་པ་བསྙེན་བཀུར་བྱས་ནས་འདིར་འོངས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་དུ་མ་བསྟེན་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྒྲུབ་པར་བྱེད་པ་ནི་གང་བསྐལ་པ་མང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་དོ་ཞེས་བྱ་བ་ལ་སོགས་
པ་བསྟན་པ་ཡིན་ནོ། །ཐབས་ལ་མཁས་པ་ནི་གང་རབ་འབྱོར་དེ་ནི་རྣམ་པར་ཕྱེ་ཞིང་བཤད་དགོས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ལྟ་བུ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་དོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །ཆོས་ཀྱིས་ཕོངས་པ་ལ་འཇུག་པར་གྱུར་
པའི་ལས་ནི་གང་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་ཞེས་བྱ་བ་ནས་དམིགས་པའི་ཚུལ་གྱིས་ཤེས་རབ་བསྒོམ་པ་ཡོད་དེ་ཞེས་བྱ་བ་ནས་བརྩམས་ཏེ། དྲག་པ་དང་། རྒྱུན་མི་འཆད་པ་དང་། དུས་རིང་པོར་བདག་ཉིད་ཀྱི་ལུས་ཆེན་པོ་ལ་རྣམ་པར་སྨིན་
པ་སྡུག་བསྔལ་བའི་ལས་ཀྱི་སྒྲིབ་པ་ཉེ་བར་བསྟན་པས་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་རྣམས་མི་དགེ་བའི་ལས་དེ་ལས་ལྡོག་པར་བྱ་བའི་ཕྱིར་དེ་བསྟན་པ་ཡིན་ནོ། །ཡང་ལས་ཀྱི་སྒྲིབ་པ་འདིའི་རྒྱུ་བཞིའི་དབང་དུ་མཛད་ནས་བདུད་ཀྱིས་བྱིན་གྱིས་བརླབས་པ་དང་། ཆོས་ཟབ་མོ་

ལ་མ་མོས་པ་དང་། ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཟིན་པ་སྟེ། ཆོས་བཞི་པོ་དེ་དག་ནི་ཆོས་སྤོང་བའི་རྒྱུ་ཡིན་ནོ་ཞེས་བསྟན་ཏོ། །འབྲས་བུ་རྣམ་པར་དག་པ་ནི་གང་རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་
དེ་ནི་འབྲས་བུ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རང་གི་ངོ་བོ་ཐ་དད་པ་དང་། ཆ་གཉིས་སུ་བཅད་པའི་དགག་པའི་དབང་དུ་མཛད་ནས། སོ་སོ་མ་ཡིན་ཐ་མི་དད་པ་ཉེ་བར་བཟུང་ནས་ཞེས་བྱ་བ་ནས་བརྩམས་ཏེ། འདས་པ་དང་། མ་འོངས་པ་དང་།
ད་ལྟར་བྱུང་བ་རྣམ་པར་དག་པ་འདི་ལ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །གཟུགས་སོགས་དུས་གསུམ་དུ་མེད་པ། །ཤིན་ཏུ་དག་པའི་མཐའ་མེད་པ། །འདི་དག་མཐའ་ནི་མི་མཁྱེན་པ། །ཐུབ་པའི་ཆོས་མངོན་རྟོགས་པ་ཡིན། །ཞེས་བྱ་བ་བསྟན་ཏེ། གང་
བཅོམ་ལྡན་འདས་རྣམ་པར་དག་པ་འདི་ནི་ཟབ་ལགས་སོ། །ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། གཟུགས་དང་ཚོར་བ་ཞེས་བྱ་བ་ནས་བརྩམས་ཏེ། གང་དེ་ལྟར་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལམ་ཤེས་པ་
ཤིན་ཏུ་རྣམ་པར་དག་པ་བསྟན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉེ་བར་བཟུང་ནས་རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་པ་རྫོགས་པར་བསྟན་ཏོ། །དེ་ལྟར་བསྟན་པ་ཉིད་ནི་ཇི་སྐད་དུ། མོག་མོག་པོར་བྱེད་ལ་
སོགས་དང་། །སློབ་མ་བསེ་རུའི་ལམ་གང་དང་། །འདི་དང་གཞན་པའི་ཡོན་ཏན་གྱི། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་དང་། །ཡིད་ལ