Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 81

Văn bản gốc(Tây Tạng)

Trang 14 / 15 (50.000 ký tự/trang)
འི་འདུན་པ་དང་བྲལ་བ་དང་མ་བྲལ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདོད་པ་ལ་འདུན་པ་དང་ཞེས་པ་ལ་སོགས་པས་བསྟན། སུམ་ཅུ་ལྔ་པ་ངན་སོང་གི་འགྲོ་བ་ལས་ཕྱིར་ཕྱོགས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་བསྒོམ་པའི་བར་དུ་བྱེད་པ་ན་ལ་ལ་ཞིག་དེར་འོངས་ཏེ། སེམས་ཅན་དམྱལ་བ་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་རྩ་དྲུག་པ་བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་
ཡང་མདོ་ལས། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་བསྒོམ་པའི་བར་དུ་བྱེད་པ་ན། དེར་ལ་ལ་ཞིག་དེར་འོངས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བསྔགས་པ་རྗོད་པར་བྱེད་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། སུམ་
ཅུ་རྩ་བདུན་པ་འཆད་པ་པོ་དང་། ཉན་པ་པོ་གང་ཡང་རུང་བ་གཅིག་པུ་དང་འཁོར་ལ་དགའ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་གཉིས་སུ་མེད་ཅིང་རང་གི་བྱེད་པ་ཡིན་ལ་ཞེས་པ་ལ་སོགས་པས་བསྟན། སུམ་ཅུ་རྩ་བརྒྱད་པ་གོ་སྐབས་མི་བྱེད་པ་

ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བའི་ཕྱི་བཞིན་འབྲེང་བར་འདོད་ལ་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་དགུ་པ་ཟང་ཟིང་གི་སྦྱིན་པར་འདོད་པ་དང་མི་འདོད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྦྱིན་པ་དང་ཞེས་པ་ལ་སོགས་པས་བསྟན། བཞི་བཅུ་པ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཡུལ་གང་དུ་སྲོག་གི་བར་ཆད་འབྱུང་བར་འགྱུར་བའི་ཡུལ་
དེར་འགྲོ་འདོད་པར་གྱུར་ལ་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་རྩ་གཅིག་པ་མུ་གེ་འབྱུང་བའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་ན་ཟས་དཀོན་པ་དང་ཆུ་དཀོན་པའི་ཕྱོགས་དེར་འགྲོ་བར་འདོད་ལ་ཞེས་པ་མན་ཆད་
ཀྱིས་བསྟན། བཞི་བཅུ་རྩ་གཉིས་པ་ཆོམ་རྐུན་ལ་སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་གང་ན་ཆོམ་རྐུན་གྱི་འཇིགས་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་རྩ་གསུམ་པ་
ཁྱིམ་ལ་ལྟ་བའི་ཡིད་མི་བདེ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་སློང་མོ་སྟེར་བའི་ཁྱིམ་ལ་གདུ་བར་གྱུར་ནས་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་རྩ་བཞི་པ་བདུད་ཀྱིས་འབྱེད་པའི་སྦྱོར་བ་ཡང་མདོ་ལས། རབ་འབྱོར་གཞན་
ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དང་། དེ་བཞིན་གཤེགས་པའི་ཆ་བྱད་དུ་བསྒྱུར་ཞིང་ཅི་ནས་ཀྱང་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་ལྔ་པ་བཅོས་མ་ཉེ་བར་བསྒྲུབ་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཞིང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་འདི་སྐད་དུ་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་རྩ་དྲུག་པ་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་དགའ་བ་བསྐྱེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ལུས་

གསེར་གྱི་མདོག་ལྟ་བུ་འོད་འདོམ་གང་དང་ལྡན་པར་བསྒྱུར་ཏེ་འོངས་ནས་ཞེས་པ་མན་ཆད་ཀྱིས་བསྟན་ཏེ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་དོན་བཅུ་གཅིག་གིས་བསྟན་པའི་ལྔ་པ་མཚན་ཉིད་བསྟན་པ་ལ་ཡང་བཞི་སྟེ། ཤེས་པའི་
མཚན་ཉིད་དང་། ཁྱད་པར་གྱི་མཚན་ཉིད་དང་། བྱེད་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །དེ་ལ་ཤེས་པའི་མཚན་ཉིད་ལ་ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་བཅུ་དྲུག་བཅུ་དྲུག་སྟེ་བཞི་བཅུ་རྩ་བརྒྱད་དང་། ཉན་ཐོས་ལ་སོགས་པ་ལས་ཤེས་
པ་ཁྱད་པར་དུ་བྱ་དགོས་པ་ལས་ཤེས་པའི་ཁྱད་པར་གྱི་མཚན་ཉིད་བདེན་པ་བཞི་ལ་ཤེས་པ་དང་རྗེས་སུ་ཤེས་པ་བཅུ་དྲུག་དང་། ཐམས་ཅད་ཤེས་པ་ཉིད་ཀྱི་བྱེད་པ་གསུམ་ལམ་ཤེས་པའི་བྱེད་པ་བདུན། རྣམ་པ་ཐམས་ཅད་མཁྱེན་པའི་མཛད་པ་གཅིག་དང་། བྱེད་པའི་
མཚན་ཉིད་ཀྱིས་ཤེས་པར་བྱ་བའི་ངོ་བོ་ཉིད་ལ་ཐམས་ཅད་ཤེས་པའི་ངོ་བོ་ཉིད་བཞི། ལམ་ཤེས་པའི་ངོ་བོ་ཉིད་ལྔ། རྣམ་པ་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་བདུན་ཏེ། སྤྱིར་མཚན་ཉིད་ལ་དབྱེ་ན་དགུ་བཅུ་རྩ་གཅིག་ཏུ་འགྱུར་བ་ལས། དང་པོ་དེ་བཞིན་གཤེགས་
པ་འབྱུང་བ་ཡང་མདོ་ལས། ལེའུ་བཞི་བཅུ་རྩ་གཉིས་པའི་ཀླད་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་བུད་མེད་ལ་ལ་ཞིག་ལ་བུ་ལྔའམ་བཅུའམ་ཞེས་པ་ལ་སོགས་པས་བསྟན། གཉིས་པ་འཇིག་རྟེན་སྟོན་པ་ཡང་མདོ་ལས། རབ་འབྱོར་
གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འཇིག་རྟེན་དུ་གསུངས་པ་ཡང་གང་ལགས་ཞེས་པ་མན་ཆད་ཀྱིས་བསྟན། གསུམ་པ་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་མཁྱེན་པ་ཡང་མདོ་ལས། རབ་འབྱོར་སེམས་ཅན་ཚད་མེད་པ་དེ་དག་གི་
སེམས་ཀྱི་སྤྱོད་པ་དཔག་ཏུ་མེད་པ་གང་ཡིན་པ་དེ་དག་ཅེས་པ་མན་ཆད་ཀྱིས་བསྟན། བཞི་པ་སེམས་བསྡུས་པ་དང་། ལྔ་པ་སེམས་རྣམ་པར་གཡེངས་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་སེམས་ཅན་ཇི་སྙེད་སེམས་ཅན་དུ་གདགས་པས་བཏགས་པ་

གཟུགས་ཅན་ནམ་ཞེས་པ་ལ་སོགས་པས་བསྟན། དྲུག་པ་སེམས་མི་ཟད་པའི་རྣམ་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། རྣམ་པར་
གཡེངས་པ་རྣམས་མི་ཟད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ་ཞེས་པ་ལ་སོགས་པས་བསྟན། བདུན་པ་སེམས་འདོད་ཆགས་དང་བཅས་པ་དང་། སེམས་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་
གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་སེམས་འདོད་ཆགས་དང་བཅས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ་ཞེས་པ་ལ་སོགས་པས་བསྟན། བརྒྱད་པ་སེམས་རྒྱ་ཆེ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་
པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དག་དང་གང་ཟག་གཞན་དག་གི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ་ཞེས་པ་མན་ཆད་ཀྱིས་བསྟན། དགུ་པ་སེམས་ཆེན་པོར་གྱུར་པ་འམ་ཡངས་པར་གྱུར་པ་
ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དང་གང་ཟག་གཞན་དག་གི་སེམས་ཆེན་པོར་གྱུར་པ་ལ་སེམས་ཆེན་པོར་གྱུར་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་པ་མན་ཆད་
ཀྱིས་བསྟན། བཅུ་པ་སེམས་ཚད་མེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དག་དང་གང་ཟག་གཞན་གྱི་སེམས་ཚད་མེད་པ་ལ་སེམས་ཚད་མེད་པར་ཡང་དག་པར་ཇི་ལྟ་བ་
བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ལ་སོགས་པས་བསྟན། བཅུ་གཅིག་པ་སེམས་བསྟན་དུ་མེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དང་གང་ཟག་གཞན་དག་གི་

སེམས་བསྟན་དུ་མེད་པ་ལ་སེམས་བསྟན་དུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་པ་ལ་སོགས་པས་བསྟན། བཅུ་གཉིས་པ་སེམས་བལྟར་མེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དག་དང་གང་ཟག་གཞན་དག་གི་སེམས་མི་སྣང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་པ་ལ་སོགས་པས་བསྟན། བཅུ་གསུམ་པ་སེམས་གཡོ་བ་ལ་སོགས་པ་ཡང་མདོ་ལས། རབ་འབྱོར་
གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་དེ་དག་གི་སེམས་ལྷག་པར་གཡོ་བ་དང་། བྲལ་བར་གཡོ་བ་རྣམས་དང་ཞེས་པ་ལ་སོགས་པས་བསྟན། བཅུ་བཞི་པ་གཡོ་བ་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་པ་ཅན་
ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་གཟུགས་མཁྱེན་ཏེ། གཟུགས་ཇི་ལྟར་མཁྱེན་ཞེ་ན། ཇི་ལྟར་དེ་བཞིན་ཉིད་དུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཞེས་པ་ལ་སོགས་པས་བསྟན།
བཅོ་ལྔ་པ་དེ་བཞིན་གཤེགས་པ་དེ་བཞིན་ཉིད་དུ་རྟོགས་པ་ཡང་མདོ་ལས། རབ་འབྱོར་དེ་ལྟར་ན་ལྷག་པར་གཡོ་བ་དང་། བྲལ་བར་གཡོ་བ་དང་། བསྡུས་པར་གཡོ་བ་དང་། རྒྱས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་དྲུག་པ་གཙོར་བསྟན་ཅིང་བརྟགས་
པ་ཡང་མདོ་ལས། བཅོམ་ལྡན་འདས་དེ་བཞིན་ཉིད་འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྣང་བར་བགྱིས་སོ་ཞེས་བྱ་བ་ལ་སོགས་པས་བསྟན། དེའི་འོག་ཏུ་ལམ་གྱི་རྣམ་པ་ཤེས་པའི་དབང་དུ་བྱས་པ་བཅུ་དྲུག་འབྱུང་སྟེ། གྲངས་སྔ་མ་དང་བསྡེབས་ན་བཅུ་བདུན་པ་
སྟོང་པ་ཉིད་དང་བཅོ་བརྒྱད་པ་མཚན་མ་མེད་པ་དང་། བཅུ་དགུ་པ་སྨོན་པ་མེད་པ་དང་། ཉི་ཤུ་པ་སྐྱེ་བ་མེད་པ་དང་། ཉི་ཤུ་རྩ་གཅིག་པ་འགག་པ་མེད་པ་དང་། ཉི་ཤུ་རྩ་གཉིས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། ཉི་ཤུ་རྩ་གསུམ་པ་རྣམ་པར་བྱང་བ་མེད་པ་དང་།

ཉི་ཤུ་རྩ་བཞི་པ་དངོས་པོ་མེད་པའི་ངོ་བོ་ཉིད་མེད་པ་དང་། ཉི་ཤུ་རྩ་ལྔ་པ་རྟེན་པ་མེད་པའི་མཚན་ཉིད་རྣམས་ནི་མདོ་ལས། ལེའུ་བཞི་བཅུ་རྩ་གསུམ་པའི་ཀླད་ནས། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འདོད་པ་ན་སྤྱོད་པ་དང་ཞེས་པ་ལ་སོགས་
པས་མགོ་དྲངས་ཏེ་འོག་ཁོ་ན་ནས། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་ཡིན་པའི་ཕྱིར་ཟབ་པའོ་ཞེས་པ་ནས། མི་གནས་པའི་མཚན་ཉིད་དང་ཞེས་པའི་བར་གྱི་ཚིག་དེས་རིམ་པ་བཞིན་བསྟན། ཉི་ཤུ་རྩ་དྲུག་པ་ནམ་མཁའ་དང་། ཉི་ཤུ་རྩ་བདུན་པ་
ཞི་བ་ནི་མདོ་ལས། གོ་རིམས་འགྲེལ་པ་ལས་འབྱུང་བ་ལས་བསྣོར་ཏེ་ཞི་བ་ནི་ཚད་མེད་པའི་མཚན་ཉིད་དང་། རྟག་པ་མེད་པའི་མཚན་ཉིད་དང་ཞེས་པ་ལ་སོགས་པས་བསྟན། ནམ་མཁའ་ནི་འོག་ནས། ནམ་མཁའི་མཚན་ཉིད་ཡིན་པའི་ཕྱིར་ཟབ་པོ་ཞེས་པས་བསྟན།
ཉི་ཤུ་རྩ་བརྒྱད་པ་ཆོས་ཉིད་རྣམ་པར་འཁྲུག་པ་མེད་པ་ཡང་མདོ་ལས། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དེ་ལྟ་བུ་ཡིན་པས་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་བརྡར་བཀའ་སྩལ་ཏེ། ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་རྩ་དགུ་པ་འདུ་མི་བྱེད་
པ་ནི་མདོ་ལས། ལྷའི་བུ་དག་མཚན་ཉིད་དེ་དག་ནི་གཟུགས་ཀྱིས་མངོན་པར་འདུ་བྱས་པ་མ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་པ་རྣམ་པར་མི་རྟོག་པ་ཡང་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་བཞིན་གཤེགས་པ་
རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ་ཞེས་པ་ལ་སོགས་པས་བསྟན། སུམ་ཅུ་རྩ་གཅིག་པ་རབ་ཏུ་འབྱེད་པ་ཡང་མདོ་ལས། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་གང་ལ་སྤྱད་པས་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ་ཞེས་པ་ལ་སོགས་པས་བསྟན། སུམ་ཅུ་རྩ་གཉིས་པ་མཚན་ཉིད་མེད་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་

བཀའ་སྩལ་ཏོ། །ལྷའི་བུ་དག་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་དང་། ཞེས་པ་ལ་སོགས་པས་བསྟན་ཏོ། །དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་བཅུ་དྲུག་འབྱུང་བ་གོང་མའི་གྲངས་དང་བསྡེབས་ཏེ་སུམ་ཅུ་རྩ་
གསུམ་པ་ཉིད་ཀྱི་ཆོས་ལ་བརྟེན་ནས་གནས་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེད་པ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན།
སུམ་ཅུ་རྩ་བཞི་པ་གུས་པར་བྱ་བ་ནི་མདོ་ལས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ལ་བསྟི་སྟང་དུ་མཛད་ཅེས་པས་བསྟན། སུམ་ཅུ་རྩ་ལྔ་པ་བླ་མར་བྱ་བར་ཡང་མདོ་ལས། བླ་མར་མཛད་ཅེས་པ་དང་། སུམ་ཅུ་རྩ་དྲུག་པ་མཉེས་པར་བྱ་བ་དང་།
སུམ་ཅུ་རྩ་བདུན་པ་མཆོད་པ་ཡང་མདོ་ལས། རི་མོར་མཛད། མཆོད་པར་མཛད་དེ་ཞེས་པ་ལ་སོགས་པ་དང་རིམ་བཞིན་སྦྱར་བས་བསྟན། སུམ་ཅུ་རྩ་བརྒྱད་པ་བྱེད་པ་མེད་པ་ཉིད་ཀྱང་མདོ་ལས། རབ་འབྱོར་གཞན་ཡང་བྱེད་པ་པོ་མེད་པའི་ཕྱིར་དེ་བཞིན་གཤེགས་པས་
ཆོས་ཐམས་ཅད་མ་བྱས་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་རྩ་དགུ་པ་ཐམས་ཅད་དུ་འགྲོ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། དོན་དམ་པར་འབྱུང་བ་མེད་པའི་ཕྱིར་ཡེ་ཤེས་
བྱས་པ་མེད་པ་ཆོས་ཐམས་ཅད་ལ་འཇུག་པའི་བརྡས་ཞུགས་ཏེ་ཞེས་པ་ལ་སོགས་པས་བསྟན། བཞི་བཅུ་པ་མ་མཐོང་བའི་དོན་སྟོན་པ་ཡང་མདོ་ལས། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་བསྐྱེད་པ་དང་། འཇིག་རྟེན་སྟོན་པ་
ཡིན་དེ་ཡང་གཟུགས་མ་མཐོང་བའི་ཕྱིར་སྟོན་པ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། བཞི་བཅུ་རྩ་གཅིག་པ་འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་ནི་མདོ་ལས་བྱུང་སྟེ་དོན་གྱིས་བསྟན། བཞི་བཅུ་གཉིས་པ་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པ་ནི་མདོ་ལས། རབ་འབྱོར་གཞན་

ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་དེ་བཞིན་གཤེགས་པ་བསྐྱེད་པ་དང་། འཇིག་རྟེན་སྟོང་པ་ཡིན་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཇིག་རྟེན་སྟོང་ངོ་ཞེས་རྗོད་པར་བྱེད་དོ་ཞེས་པ་ལ་སོགས་པས་བསྟན། བཞི་བཅུ་གསུམ་པ་འཇིག་རྟེན་སྟོང་པ་
ཉིད་དུ་ཤེས་པར་མཛད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ནི་འཇིག་རྟེན་སྟོང་པར་རིག་གོ་ཞེས་པ་ལ་སོགས་པས་བསྟན། བཞི་བཅུ་བཞི་པ་འཇིག་རྟེན་སྟོང་པ་ཉིད་དུ་སྟོན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ངོ་ཞེས་སྟོན་ཏེ་ཞེས་པ་ལ་སོགས་པས་བསྟན། བཞི་བཅུ་ལྔ་པ་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་
རྟེན་བསམ་གྱིས་མི་ཁྱབ་པར་སྟོན་ཏེ་ཞེས་པ་ལ་སོགས་པས་བསྟན། བཞི་བཅུ་དྲུག་པ་ཞི་བ་ཉིད་དུ་སྟོན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏེ་ཞེས་པ་ལ་སོགས་པས་བསྟན།
བཞི་བཅུ་བདུན་པ་འཇིག་རྟེན་འགོག་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་པ་ཉིད་ཁོ་ནར་སྟོན་ཏེ་ཞེས་པ་ལ་སོགས་པས་བསྟན། བཞི་བཅུ་བརྒྱད་པ་འདུ་ཤེས་འགོག་པ་ཡང་མདོ་ལས། རབ་
འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཅི་ནས་འཇིག་རྟེན་འདིའི་འདུ་ཤེས་མེད་པ་དང་ཞེས་པ་ལ་སོགས་པས་བསྟན། ཤེས་པའི་མཚན་ཉིད་ཀྱི་འོག་ཏུ་བདེན་པ་བཞི་ལ་ཉན་ཐོས་ལ་སོགས་པའི་ལམ་ཤེས་པ་བས་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཁྱད་པར་དུ་བསྟན་
པའི་ཁྱད་པར་གྱི་མཚན་ཉིད་རྣམ་པ་བཅུ་དྲུག་འབྱུང་བ་ལ་གོང་མ་བཞིན་དུ་གྲངས་དང་བསྡེབས་ཏེ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བཅོམ་ལྡན་འདས་ཀྱི་མཛད་པ་ཆེན་པོས་ཉེ་བར་གནས་པ་ལགས་སོ་ཞེས་པ་ནས།

མཛད་པ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་པ་ཡིན་ནོ་ཞེས་པའི་བར་གྱིས་མདོར་བསྟན་ནས། བཞི་བཅུ་དགུ་པ་བསམ་གྱིས་མི་ཁྱབ་པ་དང་། ལྔ་བཅུ་པ་གཞལ་བ་ལས་ཡང་དག་པར་འདས་པ་དང་། ལྔ་བཅུ་གཅིག་པ་བགྲང་བ་ལས་ཡང་དག་
པར་འདས་པ་དང་། ལྔ་བཅུ་གཉིས་པ་མི་མཉམ་པ་དང་མཉམ་པ་ཉིད་རྣམས་ནི་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་སངས་རྒྱས་ཉིད་དང་དེ་བཞིན་གཤེགས་པ་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མི་ཁྱབ་པ་དང་ཞེས་
པ་ནས། མི་མཉམ་པ་དང་མཉམ་པ་ལགས་སམ་ཞེས་པའི་བར་དུ་གོ་རིམས་བཞིན་དུ་སྦྱར་ཏེ། དེ་མན་ཆད་དབྱེ་བ་དང་བཅས་ཏེ་བསྟན། ལྔ་བཅུ་གསུམ་པ་འཕགས་པའི་གང་ཟག་ཐམས་ཅད་སྡུད་པ་མདོ་ལས། ལེའུ་བཞི་བཅུ་བཞི་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་
ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། ལྔ་བཅུ་བཞི་པ་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་དངོས་པོ་ཤེས་པ་ཡང་མདོ་ལས། དེ་ཅིའི་ཕྱིར་
ཞེ་ན། རབ་འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་གཟུགས་ལ་ཡོངས་སུ་འཛིན་པ་མེད་ཅིང་ཞེས་པ་ལ་སོགས་པས་བསྟན། ལྔ་བཅུ་ལྔ་པ་སྐྱེས་བུ་མཁས་པས་རིག་པར་བྱ་བ་ཉིད་ཀྱང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་འདོད་པ་ན་སྤྱོད་
པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་ཅིང་མཐོང་བར་དཀའ་ལ་རྟོགས་པར་དཀའ་སྟེ་ཞེས་པ་ལ་སོགས་པས་བསྟན། ལྔ་བཅུ་དྲུག་པ་རང་གི་ལུགས་ལ་ལྟོས་པའི་མངོན་
པར་ཤེས་པ་མྱུར་བའི་ཤེས་པ་ཡང་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པར་གྱུར་པ་དེ་དག་ནི་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བགྱི་བ་བགྱིས་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། འདིར་འགྲེལ་

པ་ལས་མང་ཉུང་མེད་པ་དང་འཁོར་གསུམ་དག་པ་གཉིས་ཀྱི་འོག་ཏུ་ཡང་དག་པར་འགྲུབ་པ་འབྱུང་། མདོ་ལས་ཡང་དག་པར་འགྲུབ་པ་སྔར་འབྱུང་བས་མདོ་བཙན་པར་བྱ་སྟེ། ལྔ་བཅུ་བདུན་པའི་སྦྱོར་བས་ཡང་དག་པར་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཡང་དག་
པར་འགྲུབ་པ་ཡང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དད་པས་རྗེས་སུ་འབྲང་བ་རྣམས་དང་ཞེས་པ་མན་ཆད་ཀྱིས་བསྟན། ལྔ་བཅུ་བརྒྱད་པ་ཀུན་རྫོབ་དང་དོན་དམ་པ་ལ་བརྟེན་པའི་ཆོས་ཐམས་ཅད་ཉུང་བ་མེད་པ་དང་མང་བ་མེད་པའི་ངོ་བོ་ཡང་མདོ་ལས། བཅོམ་ལྡན་འདས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དད་པའི་རྗེས་སུ་འབྲང་བ་རྣམས་དང་ཞེས་པ་ལ་སོགས་པས་བསྟན། ལྔ་བཅུ་དགུ་པ་འཁོར་གསུམ་རྣམ་པར་དག་པ་ལས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡང་མདོ་ལས། དེ་ནས་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་
ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། དྲུག་ཅུ་པ་ཐམས་ཅད་ལ་དམིགས་པ་ཚད་མེད་པ་ཡང་མདོ་ལས། ལེའུ་བཞི་བཅུ་ལྔ་པའི་
ཀླད་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་གང་གི་ཚེ་རྒྱ་མཚོའི་གྲུ་ཞིག་པར་གྱུར་ལ་ཞེས་པ་ལ་སོགས་པས་བསྟན། དྲུག་ཅུ་གཅིག་པ་ཆོས་ཀྱི་དབྱིངས་ངོ་བོ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་རྟེན་དུ་བསྟན་པ་ཡང་མདོ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་པ་འམ་བུད་མེད་
གཅིག་གིས་བུམ་པ་སོ་མ་བཏང་། མ་བསྲེགས་པས་ཆུ་བཅུ་པར་བསམས་ན་ཞེས་པ་ལ་སོགས་པས་བསྟན། དྲུག་ཅུ་གཉིས་པ་སྨོན་ལམ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུ་ཚོགས་པ་ཡང་མདོ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་
གྲུ་ལེགས་པར་མ་བཅོས་ཤིང་ཟག་ལྷན་མ་བྱས་པར་རྫས་ཀྱིས་ལྕི་བར་བྱས་ཏེ་ཆུ་ལ་བཏང་ན་ཞེས་པ་མན་ཆད་ཀྱིས་བསྟན། དྲུག་ཅུ་གསུམ་པ་དགེ་བའི་བཤེས་གཉེན་གྱི་ཐབས་ཀྱིས་ཡོངས་སུ་བཟུང་བ་ཡང་མདོ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་སྐྱེས་ནས་ལོ་བརྒྱ་ཉི་ཤུ་

ལོན་པ་རྒས་ཤིང་འཁོགས་པ་གཏུགས་པ་ཞིག་ཡོད་དེ། ཞེས་པ་ལ་སོགས་པས་བསྟན། དྲུག་ཅུ་བཞི་པ་མངོན་པར་ཞེན་པའི་རོ་མྱང་བ་མེད་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་
བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་དག་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་ཞེས་པ་ནས་ལེའུ་བཞི་བཅུ་དྲུག་པའི་སྟོད་ནས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་ཤེས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་བཞི་བཅུ་རྩ་དགུ་ནས་དྲུག་ཅུ་རྩ་བཞིའི་བར་དུ་དོན་བཅུ་དྲུག་གིས་ཉན་ཐོས་ལས་བྱང་ཆུབ་སེམས་དཔའི་ལམ་ཁྱད་པར་དུ་འཕགས་པར་བསྟན་ནས་བྱེད་པའི་མཚན་ཉིད་སྟོན་ཏེ། ཐམས་ཅད་ཤེས་
པའི་མཚན་ཉིད་གསུམ་དང་། ལམ་གྱི་རྣམ་པ་ཤེས་པའི་བྱེད་པའི་མཚན་ཉིད་བདུན་དང་། རྣམ་པ་ཐམས་ཅད་མཁྱེན་པའི་མཛད་པའི་མཚན་ཉིད་གཅིག་སྟེ། སྤྱིར་བྱེད་པའི་མཚན་ཉིད་བཅུ་གཅིག་གིས་སྟོན་པ་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམས་ནི་འཇིག་རྟེན་ལ་ཕན་པ་དང་བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཏེ་ཞེས་པ་ནས། འཇིག་རྟེན་གྱི་རྟེན་དུ་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་པའི་བར་གྱིས་མདོར་བསྟན་པ་ཅི་རིགས་པར་སྦྱར་ནས་གོང་
མའི་གྲངས་དང་བསྡེབས་ཏེ་དྲུག་ཅུ་ལྔ་པ་མ་འོངས་པའི་ཕན་པ་ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་ན་འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ་ཞེ་ན་ཞེས་པ་ལ་སོགས་པས་བསྟན། དྲུག་ཅུ་དྲུག་པ་ཚེ་
འདིའི་བདེ་བ་ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་འཇིག་རྟེན་ལ་བདེ་བའི་ཕྱིར་ཞུགས་པ་ཡིན་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། དྲུག་ཅུ་བདུན་པ་སྡུག་བསྔལ་མེད་པའི་རྣམ་པར་སྨིན་པའི་ཆོས་ཉིད་དུ་ཉེ་བར་བསྒྲུབ་པ་

ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཇི་ལྟར་ན་འཇིག་རྟེན་གྱི་སྐྱོབ་པ་ཡིན་ཞེ་ན་ཞེས་པ་ལ་སོགས་པས་བསྟན། དེ་གསུམ་
ནི་ཐམས་ཅད་ཤེས་པ་དང་སྦྱར་རོ། །དྲུག་ཅུ་བརྒྱད་པ་གཏན་དུ་ཕན་པ་ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཇི་ལྟར་ན་
འཇིག་རྟེན་གྱི་སྐྱབས་ཡིན་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། དྲུག་ཅུ་དགུ་པ་སྡུག་བསྔལ་གྱི་རྒྱུ་བཟློག་པ་ཡང་། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་འཇིག་རྟེན་གྱི་གནས་ཡིན་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། བདུན་ཅུ་པ་འཁོར་བ་དང་
མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པ་ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཇི་ལྟར་འཇིག་རྟེན་གྱི་དཔུང་གཉེན་ཡིན་ཞེ་ན་ཞེས་པ་མན་
ཆད་ཀྱིས་བསྟན། བདུན་ཅུ་གཅིག་པ་རང་དང་གཞན་གྱི་དོན་དུ་རྟོགས་པའི་རྟེན་གྱི་ངོ་བོ་ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཇི་ལྟར་
འཇིག་རྟེན་གྱི་གླིང་དུ་འགྱུར་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། བདུན་ཅུ་གཉིས་པ་གཞན་གྱི་དོན་བསྒྲུབ་པ་ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་
ཇི་ལྟར་འཇིག་རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། དེ་ལྟར་ལྔ་དང་བདུན་ཅུ་གསུམ་པའི་སྐབས་འདི་ཆོས་ཐམས་ཅད་དུ་སྟོན་པ་ཉེ་བར་བསྒྲུབས་པའི་དོན་གྱི་རྣམ་པ་ཐམས་ཅད་མཁྱེན་པའི་མཛད་པ་གཅིག་དང་སྦྱར་ཏེ་མདོ་ལས། རབ་འབྱོར་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཇི་ལྟར་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། འབུམ་པ་ལས་ནི་རྟེན་ལ་ལམ་
ཞེས་འབྱུང་། བདུན་ཅུ་བཞི་པ་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་འཇུག་པ་དང་། བདུན་ཅུ་ལྔ་པ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ཡང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ་དེ་དག་
ནི་ངང་ཚུལ་དེ་ལས་མི་འདའ་བའི་ཕྱིར་རོ་ཞེས་པ་མན་ཆད་ཀྱིས་བསྟན། གོང་གི་ལྔ་དང་ཐ་མའི་གཉིས་ཏེ་བདུན་ནི་ལམ་གྱི་རྣམ་པ་ཤེས་པ་དང་སྦྱར་རོ། །བྱེད་པའི་མཚན་ཉིད་ཀྱིས་ཤེས་པར་བྱ་བའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཐམས་ཅད་ཤེས་པའི་ངོ་བོ་ཉིད་བཞི་དང་། ལམ་ཤེས་
པའི་ངོ་བོ་ཉིད་ལྔ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་བདུན་རྣམས་གོང་མའི་གྲངས་ཀྱི་སྟེང་དུ་གོ་རིམས་བཞིན་བསྣན་ཏེ། བདུན་ཅུ་དྲུག་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པས་དབེན་པའི་ངོ་བོ་ཡང་མདོ་ལས། ལེའུ་བཞི་བཅུ་བདུན་པའི་ཀླད་ནས། རབ་འབྱོར་
གྱིས་གསོལ་པ་ཞེས་པ་ནས། གཏི་མུག་བསལ་བས་དབེན་པའི་རང་བཞིན་ཅན་དུ་འགྱུར་རོ་ཞེས་པའི་བར་གྱིས་བསྟན། བདུན་ཅུ་བདུན་པ་དེའི་རྟགས་ལུས་ཀྱི་གནས་ངན་ལེན་གྱི་དབེན་པ་ཡང་མདོ་ལས། རབ་འབྱོར་དེ་དག་ནི་འདོད་ཆགས་ཀྱི་རྟགས་ཀྱིས་དབེན་པའི་རང་
བཞིན་ཅན་དུ་འགྱུར་རོ་ཞེས་པ་ལ་སོགས་པས་བསྟན། བདུན་ཅུ་བརྒྱད་པ་དེའི་མཚན་མ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་དབེན་པ་ཡང་མདོ་ལས། རབ་འབྱོར་དེ་དག་ནི་འདོད་ཆགས་ཀྱི་མཚན་མས་དབེན་པའི་རང་བཞིན་ཅན་དུ་འགྱུར་རོ་ཞེས་པ་ལ་སོགས་པས་བསྟན།
བདུན་ཅུ་དགུ་པ་འདོད་ཆགས་དང་འདོད་ཆགས་མེད་པ་ལ་སོགས་པ་མི་མཐུན་པ་དང་། གཉེན་པོ་སྟོང་པར་རྟོགས་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྟོགས་

པར་འགྱུར་བ་དེ་དག་ཇི་ལྟ་བུའི་ཚུལ་ཅན་དུ་འགྱུར་བ་ལགས་ཞེས་པ་ལ་སོགས་པས་བསྟན། བརྒྱད་ཅུ་པ་དོན་དམ་པར་མེད་པར་སེམས་ཅན་མྱ་ངན་ལས་འདའ་བར་དཀའ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ཅན་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་ལགས་སོ་ཞེས་པ་ལ་སོགས་པས་བསྟན། བརྒྱད་ཅུ་གཅིག་པ་ཐེག་པ་གཞན་དུ་མི་ལྟུང་བ་ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའི་གོ་ཆ་དེ་ནི་གཟུགས་དང་འབྲེལ་བ་མ་ཡིན་ནོ་ཞེས་པ་ལ་སོགས་
པས་བསྟན། བརྒྱད་ཅུ་གཉིས་པ་ཡུན་རིང་པོ་ནས་བསྒྲུབ་པར་བྱ་བའི་མཆོག་ཉིད་ཀྱི་ཆེད་དུ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ནི་ཟབ་པ་ལགས་ཏེ། དེ་ནི་སུས་ཀྱང་བསྒོམ་པར་བགྱི་བ་མ་ལགས་ཞེས་པ་ལ་སོགས་པས་བསྟན།
བརྒྱད་ཅུ་གསུམ་པ་དངོས་པོ་དང་དངོས་པོ་མེད་པའི་ཆོས་མི་དམིགས་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་མི་སྐྲག་མི་དངང་། དངང་བར་མི་འགྱུར་ཞིང་ཞེས་པ་མན་ཆད་ཀྱིས་
བསྟན། བརྒྱད་ཅུ་བཞི་པ་དངོས་པོར་ཞེན་པ་མཐའ་དག་བཀག་པ་ཡང་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་ཀྱི་རྒྱུད་སྟོང་པ་ཉིད་ལ་གཞོལ་བ་དང་ཞེས་པ་ལ་སོགས་པས་བསྟན། བརྒྱད་
ཅུ་ལྔ་པ་ཐམས་ཅད་ཤེས་པ་དང་། ལམ་ཤེས་པས་བསྡུས་པའི་དངོས་པོ་ཁྱད་པར་ལ་དམིགས་པ་ཡང་མདོ་ལས། ལེའུ་བཞི་བཅུ་རྩ་བརྒྱད་པའི་ཀླད་ནས། དེ་ནས་འདོད་པ་ན་སྤྱོད་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། བརྒྱད་ཅུ་དྲུག་པ་འཇིག་རྟེན་གྱི་སྒྲུབ་པ་འཛིན་
པ་ལ་སོགས་པ་ལས་བཟློག་པ་བསྟན་པ་མི་མཐུན་པ་ཡང་མདོ་ལས། ལྷའི་བུ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཆོས་འདི་བསྟན་པ་ལགས་སོ་ཞེས་པ་ལ་སོགས་པས་བསྟན། བརྒྱད་ཅུ་བདུན་པ་གཟུགས་ལ་སོགས་པ་ཐོགས་པ་མེད་

པར་ཤེས་པ་ཡང་མདོ་ལས། ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་ལགས་ཏེ། ཅི་ལ་ཐོགས་པ་མ་མཆིས་པ་ལགས་ཤེ་ན། གཟུགས་ལ་ཐོགས་པ་མ་མཆིས་པ་ལགས་སོ་ཞེས་པ་ལ་སོགས་པས་བསྟན། བརྒྱད་ཅུ་བརྒྱད་པ་ཤེས་བྱ་དང་།
ཤེས་པ་མི་དམིགས་པས་གཞི་མེད་པ་ཡང་མདོ་ལས། ཆོས་འདི་ནི་གཟུགས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། ཞེས་པ་ལ་སོགས་པས་བསྟན། བརྒྱད་ཅུ་དགུ་པ་དེ་བཞིན་ཉིད་ཀྱིས་འགྲོ་བ་མེད་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་འདོད་པ་ན་
སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རབ་འབྱོར་འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། དགུ་བཅུ་པ་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པས་སྐྱེ་བ་མེད་པ་ཡང་མདོ་ལས།
དེ་ནས་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་དང་གནས་བརྟན་རབ་འབྱོར་ལ་ལྷའི་ཙནྡན་གྱི་ཕྱེ་མ་དག་གིས་གཏོར་ཞེས་པ་ལ་སོགས་པས་བསྟན། དགུ་བཅུ་གཅིག་པ་དངོས་པོ་ལ་སོགས་པ་གསུམ་གྱི་ངོ་བོ་ཉིད་མི་དམིགས་པ་ཡང་མདོ་ལས།
དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་ཉིད་དང་ཞེས་པ་མན་ཆད་ནས། དེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །སྤྱི་དོན་བརྒྱད་ཀྱིས་བསྟན་པའི་བཞི་པ་རྣམ་པ་ཀུན་
མངོན་པར་རྫོགས་པར་རྟོགས་པ་ལ་དོན་བཅུ་གཅིག་གིས་བསྟན་པའི་དྲུག་པ་ཐར་པའི་ཆ་དང་མཐུན་པ་ཡང་མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་
བྲལ་བར་སྦྱིན་པ་སྦྱིན་པར་བྱེད་ཅེས་པ་ལ་སོགས་པས་བསྟན། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་དོན་བཅུ་གཅིག་གིས་བསྟན་པའི་བདུན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་

ཏོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་གནས་པར་བགྱི་ཞེས་པ་མན་ཆད་ཀྱིས་བསྟན་པ་ལ། དྲོ་བའི་དམིགས་པ་ལྔ་ཚན་གཉིས་ཀྱིས་བསྟན་པ་ལས་མཉམ་པ་ཡང་
མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ལ་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་བསྟན། བྱམས་པ་ཡང་མདོ་ལས། སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་བསྐྱེད་
པར་བྱའོ་ཞེས་པ་ལ་སོགས་པས་བསྟན། ཕན་པ་ཡང་མདོ་ལས། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད་པར་བྱ་སྟེ། གནོད་པའི་སེམས་བསྐྱེད་པར་མི་བྱའོ་ཞེས་པ་ལ་སོགས་པས་བསྟན། ཁོང་ཁྲོ་མེད་པ་ཡང་མདོ་ལས། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་
པ་མེད་པའི་སེམས་བསྐྱེད་པར་བྱ་སྟེ། ཞེ་འགྲས་པའི་སེམས་བསྐྱེད་པར་མི་བྱའོ་ཞེས་པས་བསྟན། རྣམ་པར་འཚེ་བ་མེད་པ་ཡང་མདོ་ལས། སེམས་ཅན་ཐམས་ཅད་ལ་རྣམ་པར་འཚེ་བ་མེད་པའི་སེམས་བསྐྱེད་པར་བྱ་སྟེ་ཞེས་པ་ལ་སོགས་པས་བསྟན། དེ་ལྟར་ལྔ་དང་།
ཕ་མའི་སེམས་དང་། སྤུན་དང་། སྲིང་མོའི་སེམས་དང་། བུ་དང་། བུ་མོའི་སེམས་དང་། བཤེས་དང་། གྲོགས་པོའི་སེམས་དང་། གཉེན་དང་། སྣག་གི་གཉེན་མཚམས་ཀྱི་སེམས་དང་ལྔ་ནི་མདོ་ལས། སེམས་ཅན་ཐམས་ཅད་ལ་མའི་སེམས་བསྐྱེད་པར་བྱའོ་ཞེས་
པ་ལ་སོགས་པས་བསྟན་ཏེ། ཅི་རིགས་པ་དང་། རྩེ་མོའི་དམིགས་པ་ནི་བཞི་སྟེ། བདག་དང་གཞན་དགེ་བ་ལ་འཇུག་པ་དང་། མི་དགེ་བ་ལས་ལྡོག་པ་དང་། ཞུགས་པ་དང་ལྡོག་པའི་བསྔགས་པ་བརྗོད་པ་སྟེ། དེ་ཡང་མདོ་ལས། བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱ་
ཞེས་པ་ལ་སོགས་པས་བསྟན། བཟོད་པ་ཡང་མདོ་ལས། དེ་ལྟར་སློབ་ཅིང་དེ་ལྟར་གནས་པ་དེ་ནི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ་ཞེས་པ་ལ་སོགས་པས་བསྟན། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཀྱང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེས་སྔོན་གྱི་མཐའ་ནས་ཀྱང་གཟུགས་ཡོངས་སུ་མ་བཟུང་ཞེས་པ་ལ་སོགས་པས་བསྟན། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་དོན་བཅུ་གཅིག་གིས་བསྟན་པའི་བརྒྱད་པ་སློབ་པའི་ཕྱིར་མི་ལྡོག་པའི་ཚོགས་ལ་ཡང་གསུམ་སྟེ།
སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་ལས་ཕྱིར་མི་ལྡོག་པ་ལས་སྦྱོར་བའི་ལམ་ལས་ཕྱིར་མི་ལྡོག་པའི་རྟགས་ཀྱང་ཉི་ཤུ་སྟེ། མདོ་ལས། ལེའུ་བཞི་བཅུ་རྩ་དགུ་པའི་ཀླད་ནས། ད་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་
རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་ལགས་ཞེས་པ་ལ་སོགས་པས་མགོ་དྲངས་ནས་རྟགས་དང་པོ་གཟུགས་ལ་སོགས་པ་ལས་ལྡོག་པ་ཡང་མདོ་ལས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་ལས་ཕྱིར་མི་ལྡོག་པ་དང་ཞེས་པ་ལ་སོགས་པས་བསྟན། གཉིས་པ་ཤེས་ནས་དད་པ་ཐོབ་པས་ཐེ་ཚོམ་ཟད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དགེ་སྦྱོང་དང་བྲམ་ཟེ་འདི་དག་ནི་ཤེས་པར་བྱ་བ་ཤེས་པའོ་ཞེས་པ་ལ་སོགས་པས་བསྟན། གསུམ་པ་སྨོན་ལམ་གྲུབ་པས་ལོག་པར་ལྟ་བ་དང་བྲལ་བ་དང་། མི་ཁོམ་པ་བརྒྱད་སྤངས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་
ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བར་མི་སྐྱེ་ཞེས་པ་ལ་སོགས་པས་བསྟན། བཞི་པ་སྙིང་རྗེ་རང་གཞན་དགེ་བ་ལ་སྦྱོར་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་གནས་ཏེ་ཞེས་པ་ལ་སོགས་པས་བསྟན། ལྔ་པ་བདག་དང་གཞན་དུ་བརྗེ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་གི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་

ལ་གནས་པ་ན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཞེས་པ་མན་ཆད་ཀྱིས་བསྟན། དྲུག་པ་ཆོས་ཡང་དག་པར་རྟོགས་པས་ཟབ་མོ་ལ་སོམ་ཉི་མེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཟབ་མོ་རྣམས་ལ་སོམ་
ཉི་མི་ཟ་ཞིང་ཞེས་པ་མན་ཆད་ཀྱིས་བསྟན། བདུན་པ་གཞན་ལ་ཕན་པར་ཞུགས་པས་བྱམས་པའི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་ཀྱི་ལས་འཇམ་པ་དང་
ལྡན་པ་ཡིན་ཞེས་པ་ལ་སོགས་པས་བསྟན། བརྒྱད་པ་སྦྱོར་བ་ཕུན་སུམ་ཚོགས་པས་སྒྲིབ་པ་ལྔ་པོ་དང་མི་འགྲོགས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྒྲིབ་པ་ལྔ་པོ་འདི་ལྟ་སྟེ། འདོད་པ་ལ་འདུན་
པ་དང་། ཞེས་པ་ལ་སོགས་པས་བསྟན། དགུ་པ་གཉེན་པོ་བསྒོམས་པས་མ་རིག་པ་ལ་སོགས་པའི་བག་ལ་ཉལ་བ་འཇོམས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་བག་ལ་ཉལ་ཐམས་ཅད་ཀྱིས་ཐམས་
དུ་མེད་དོ་ཞེས་པ་ལ་སོགས་པས་བསྟན། བཅུ་པ་རྟག་ཏུ་མཉམ་པར་གཞག་པས་དྲན་པ་དང་ཤེས་བཞིན་དུ་ལྡན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོ་བ་འམ་ལྡོག་ཀྱང་རུང་སྟེ། འཁྲུལ་པའི་
སེམས་ཀྱིས་མི་འགྲོ་ཞེས་པ་ལ་སོགས་པས་བསྟན། བཅུ་གཅིག་པ་གཙང་སྦྲ་སྤྱོད་པས་གོས་ལ་སོགས་པ་ཡོངས་སུ་སྤྱོད་པ་གཙང་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོས་སྤྱོད་པ་ནི་སྨད་དུ་མེད་
པ་ཡིན་ཞེས་པ་ལ་སོགས་པས་བསྟན། བཅུ་གཅིག་པོ་དེ་ནི་དྲོད་དང་སྦྱར། བཅུ་གཉིས་པ་དགེ་བའི་རྩ་བ་འཇིག་རྟེན་ལས་འཕགས་པས་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་མིར་གྱུར་པ་རྣམས་ཀྱི་ལུས་ལ་སྲིན་བུའི་རིགས་

བརྒྱད་ཁྲི་གང་དག་ཡོད་ཅིང་ལུས་དེ་ཉིད་ལ་ཟ་བ་དེ་དག་ནི་ཞེས་པ་ལ་སོགས་པས་བསྟན། བཅུ་གསུམ་པ་དགེ་བའི་རྩ་བ་རྣམ་པར་དག་པས་སེམས་གྱ་གྱུ་མེད་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་
འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་ཞེས་པ་ལ་སོགས་པས་བསྟན། བཅུ་བཞི་པ་རྙེད་པ་ལ་སོགས་པ་ལ་མི་ལྟ་
བས་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྙེད་པ་དང་བཀུར་སྟི་ལ་གདུ་བ་མ་ཡིན་ཞེས་པ་ལ་སོགས་པས་བསྟན། བཅོ་ལྔ་པ་སྦྱིན་པ་ལ་སོགས་པ་བསྒྲུབས་པས་དེ་དང་
འགལ་བ་སེར་སྣ་ལ་སོགས་པ་མེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེར་སྣའི་སེམས་མི་སྐྱེད་ཅེས་པ་ལ་སོགས་པས་བསྟན། བཅུ་དྲུག་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པས་ཆོས་ཉིད་དང་
མི་འགལ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བློ་བརྟན་པའི་ཞེས་པ་ལ་སོགས་པས་བསྟན། བཅུ་བདུན་པ་འགྲོ་བ་བདག་གིར་བྱས་པས་གཞན་གྱི་དོན་དུ་དམྱལ་བ་འདོད་པ་ཡང་མདོ་ལས། རབ་
འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བདུད་སྡིག་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མངོན་པར་སྤྲུལ་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་དྲུག་རྩེ་མོ་དང་སྦྱར། བཅོ་བརྒྱད་པ་རྟོགས་པ་ལ་ཡིད་ཆེས་
པས་གཞན་གྱིས་མི་བཀྲི་བ་ཡང་མདོ་ལས། རབ་འབྱོར་གལ་ཏེ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱད་ཀྱིས་འོངས་ཏེ། ཞེས་པ་ལ་སོགས་པས་བསྟན། བཅུ་དགུ་པ་སངས་རྒྱས་ཀྱི་ཐབས་ཤེས་པས་

ལམ་ལྟར་བཅོས་པ་བསྟན་པའི་བདུད་ལ་བདུད་ཉིད་དུ་ཤེས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་ཀྱིས་འོངས་ཏེ། འདི་སྐད་དུ་འདི་ནི་འཁོར་བའི་སྤྱོད་པ་ཡིན་ཏེ་ཞེས་པ་ལ་སོགས་
པས་བསྟན་ཏེ། དེ་གཉིས་བཟོད་པ་དང་སྦྱར། ཉི་ཤུ་པ་འཁོར་གསུམ་རྣམ་པར་དག་པས་སྤྱོད་པ་ཐམས་ཅད་ལ་སངས་རྒྱས་དགྱེས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་འདི་སྙམ་དུ་གལ་ཏེ་དེ་བཞིན་གཤེགས་པས། ཇི་སྐད་བསྟན་པ་དེ་བཞིན་དུ་བསླབས་ལ་སྤྱོད་པ་དེ་དང་མ་བྲལ་ཞིང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནི་འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་སྦྱར་ཏེ། ཉི་ཤུ་པོ་དེ་དག་ནི་སྦྱོར་བའི་ལམ་ལ་གནས་པ་བླ་ན་མེད་པའི་བྱང་ཆུབ་
ལས་ཕྱིར་མི་ལྡོག་པའི་རྟགས་བསྟན་པ་ཡིན་ནོ། །མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ནི་བདེན་པ་བཞི་པོ་རེ་རེ་ལ་ཡང་རྣམ་པ་བཞི་བཞིའི་དབྱེ་བས་རྣམ་པ་བཅུ་དྲུག་སྟེ། རང་གི་མཚན་ཉིད་སྟོང་པས་གཟུགས་ལ་སོགས་པའི་ཆོས་སུ་རྟོག་པ་ལས་ལྡོག་པ་
ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལས་སླར་ལྡོག་པའི་སླད་དུ་དེས་ན་
ཕྱིར་མི་ལྡོག་པ་ཞེས་བགྱི་བར་འཚལ་བར་བགྱི་བ་ལགས་ཞེས་པ་མན་ཆད་ཀྱིས་བསྟན། གཉིས་པ་སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྟན་པ་ཡང་མདོ་ལས། ལེའུ་ལྔ་བཅུ་པའི་ཀླད་ནས། རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་འོངས་ནས་མོས་པ་བཟློག་ཅིང་ཞེས་པ་ལ་སོགས་པས་བསྟན། གསུམ་པ་ཐེག་པ་ཆེན་པོའི་དྲུང་དུ་ཆོས་བསྒྲུབས་པས་ཐེག་པ་དམན་པ་ལས་ལྡོག་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་

འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཕྱིར་མི་ལྡོག་པ་ཞེས་བགྱིའམ་ཞེས་པ་ལ་སོགས་པས་བསྟན། བཞི་པ་རྣམ་པར་འབྱེད་པའི་མཐུས་བསམ་གཏན་
ལ་སོགས་པར་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་བཞི་ནི་སྡུག་བསྔལ་གྱི་རྣམ་པ་དང་
སྦྱར། ལྔ་པ་མི་དགེ་བ་དང་བྲལ་བས་ལུས་སེམས་ཡང་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས་ཞེས་པ་ལ་
སོགས་པས་བསྟན། དྲུག་པ་སེམས་ཅན་གདུལ་བའི་ཐབས་ལ་མཁས་པས་ཞེན་པ་མེད་པར་འདོད་པ་ལ་སྤྱོད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁྱིམ་གྱི་ནང་ན་གནས་ཤིང་ཐབས་ལ་མཁས་པས་
སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་སྟོན་ཏེ་ཞེས་པ་ལ་སོགས་པས་བསྟན། བདུན་པ་ཡུལ་གྱི་ཉེས་དམིགས་མཐོང་བས་རྟག་ཏུ་ཚངས་པར་སྤྱོད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ཁྱིམ་གྱི་ནང་ན་གནས་ཤིང་འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པར་བྱེད་དོ་ཞེས་པ་ལ་སོགས་པས་བསྟན། བརྒྱད་པ་སྐྱེས་བུ་དམ་པའི་ཆོས་ཉིད་ཀྱིས་ཡོ་བྱད་རྣམ་པར་དག་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ཙམ་གྱིས་ན་སྐྱེས་བུ་དམ་པ་ལགས་ཀྱི་སྐྱེས་བུ་དམ་པ་མ་ལགས་པར་མི་འགྱུར་ལགས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་བཞི་ནི་ཀུན་འབྱུང་བའི་རྣམ་པ་དང་སྦྱར། དགུ་པ་སྟོང་པ་ཉིད་ལ་གནས་པས་

ཕུང་པོ་ལ་སོགས་པ་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་བྱ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་དང་། རྟགས་དང་། མཚན་མ་གང་དག་དང་ལྡན་ན་ཞེས་པ་ལ་སོགས་པས་བསྟན། བཅུ་པ་མི་མཐུན་
པའི་ཕྱོགས་བསལ་བས་བར་ཆད་བྱེད་པའི་ཆོས་རྣམས་ལ་སྦྱོར་བ་དང་། རྗེས་སུ་སྦྱོར་བ་བཀག་པ་ཡང་མདོ་ལས། ཆོམ་རྐུན་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ་ཞེས་པ་ལ་སོགས་པས་བསྟན། བཅུ་གཅིག་པ་རྣམ་པར་རྟོག་པའི་སྐྱོན་ཤེས་པ་མ་སྦྱིན་པ་ལ་
སོགས་པ་ལ་སྦྱོར་བ་དང་། རྗེས་སུ་སྦྱོར་བའི་གཏམ་ལ་གནས་པ་བཀག་པ་ཡང་མདོ་ལས། དེ་དམག་གི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ་ཞེས་པ་ལ་སོགས་པས་བསྟན། བཅུ་གཉིས་པ་གཟུང་འཛིན་སྤང་བར་བྱ་བ་ཡིན་པ་ཉིད་ཀྱིས་དབང་པོ་ལ་བརྟེན་པའི་
བདུད་ལ་སོགས་པའི་གཡུལ་འགྱེད་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་བཀག་པ་ཡང་མདོ་ལས། དེ་གཡུལ་འགྱེད་པའི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་བཞི་ནི་འགོག་པའི་རྣམ་པ་དང་སྦྱར། བཅུ་གསུམ་པ་སྦྱིན་པ་ལ་
སོགས་པའི་ཁྱད་པར་རྟོགས་པས་སེར་སྣ་ལ་སོགས་པའི་སྦྱོར་བ་དང་རྗེས་སུ་སྦྱོར་བ་སོ་སོར་བཀག་པ་ཡང་མདོ་ལས། དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་གནས་ཤིང་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། སེར་སྣའི་སྦྱོར་བ་ལ་བརྩོན་པར་མི་གནས་སོ་ཞེས་པ་ལ་སོགས་
པས་བསྟན། བཅུ་བཞི་པ་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་ཡིན་པས་རྟོག་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པ་ནི་ནང་སྟོང་པ་ཉིད་ལ་གནས་པ་དང་ཞེས་པ་ལ་སོགས་པས་བསྟན། བཅོ་ལྔ་པ་ཡིད་ཆེས་པ་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་ས་གསུམ་ལ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་གྱིས་གནས་པ་ཡང་མདོ་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན། རྒྱུན་ཏུ་

ཞུགས་པའི་གང་ཟག་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ས་ལ་གནས་པ་ནི་རང་གི་ས་ལ་སོམ་ཉི་མེད་ཅིང་ཐེ་ཚོམ་མི་ཟའོ་ཞེས་པ་ལ་སོགས་པས་བསྟན། བཅུ་དྲུག་པ་གཅིག་ཏུ་གཞོལ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་དུ་
སྲོག་གཏོང་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཆེད་དུ་བདག་ཀྱང་ཡོངས་སུ་གཏོང་བར་བྱེད་ལ་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་དོ་ཞེས་པ་
ལ་སོགས་པས་བསྟན་ཏེ། དེ་བཞི་ནི་ལམ་གྱི་རྣམ་པ་དང་སྦྱར་རོ། །བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པ་ནི་མདོ་ལས། མཚན་ཉིད་ཀྱི་ཁྱད་པར་དང་། ཁྱད་པར་གྱི་གཞི་དང་། རྣམ་པ་དང་། དོན་དམ་པར་བསོད་ནམས་གྲངས་མེད་པ་ལ་སོགས་པ་མི་དམིགས་ཀྱང་ཀུན་
རྫོབ་ཏུ་ཐུགས་བརྩེ་བའི་རྒྱུ་མཐུན་པར་གྱུར་པ་བསོད་ནམས་གྲངས་མེད་པ་ལ་སོགས་པ་སྐྱེད་པར་གསུངས་པ་དང་། བརྗོད་དུ་མེད་པ་ལ་ཉམས་པ་དང་། འཕེལ་བ་མེད་པར་རྒོལ་བ་དང་། དེའི་ལན་བྱང་ཆུབ་ཇི་ལྟ་བ་བཞིན་དུ་བསྔོ་བས་ཀུན་རྫོབ་ཏུ་འདོད་པའི་དོན་སྒྲུབ་པར་བྱེད་ལ་དོན་དམ་པར་
འཕེལ་འགྲིབ་མེད་པས་ཉེས་པ་མེད་པར་བསྟན་པ་དང་། དེ་ལྟ་ཡིན་ཡང་ཀུན་རྫོབ་ཏུ་ཡང་དོན་བྱེད་པར་མི་རུང་བར་བསྒོམ་པ་དང་། དེའི་ལན་མར་ངོའི་དཔེས་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཁོང་དུ་ཆུད་པར་བསྟན་པ་དང་། ཟབ་མོ་བརྒྱད་ཡུལ་གང་ལ་ཡིན་པ་དངོས་སུ་བསྟན་པ་
རྣམས་དང་དོན་དགུས་བསྟན་ཏེ། དེ་ལ་ཁྱད་པར་ནི་སྟོང་པ་ཉིད་ལ་གཟུགས་མེད་པས་སྒྲོ་འདོགས་པ་དང་བྲལ་བ་དང་། གཟུགས་ལ་སོགས་པ་ཉིད་གཞན་མ་ཡིན་པས་སྐུར་པའི་མཐའ་དང་བྲལ་བས་བསྒོམ་པའི་ལམ་ཟབ་པ་སྟེ། དེ་ཡང་མདོ་ལས། ལེའུ་ལྔ་བཅུ་གཅིག་
པའི་ཀླད་ནས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་ལགས་སོ་ཞེས་པ་ལ་སོགས་

པས་བསྟན། ཁྱད་པར་གྱི་བཞི་ནི་སྦྱོར་བའི་ལམ་དང་མཐོང་བའི་ལམ་དང་། བསྒོམ་པའི་ལམ་ལ་ཡང་ནས་ཡང་དུ་སེམས་པ་དང་འཇལ་བར་བྱེད་པ་ལ་སོགས་པས་བསྟན་ཏེ། དེ་ཡང་མདོ་ལས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་
རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་གིས་འདི་ལྟར་གནས་པར་བྱའོ་ཞེས་པ་ནས། དེ་སྙེད་ཀྱི་བསྐལ་པར་འཁོར་བ་སྤོང་བར་འགྱུར་བ། བསྙིལ་
བར་འགྱུར་རོ་ཞེས་པའི་བར་གྱིས་ཁྱད་པར་གྱི་གཞི་བསོད་ནམས་མང་བའི་དཔེ་དང་བཅས་པར་བསྟན། རྣམ་པ་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བ་ཡང་དགུ་སྟེ། དེ་ལ་ཆུང་ངུའི་ཆུང་ངུ་ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཇི་སྐད་
བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱ་བ་ལ་བརྩོན་ཞིང་ཞེས་པ་མན་ཆད་ཀྱིས་བསྟན། ཆུང་ངུའི་འབྲིང་ཡང་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་བསྐལ་པ་གངྒཱའི་ཀླུང་གི་
བྱེ་མ་སྙེད་དུ་དཀོན་མཆོག་གསུམ་པོ་ཞེས་པ་ལ་སོགས་པས་བསྟན། ཆུང་ངུའི་ཆེན་པོ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཤིང་རྒྱུན་ཏུ་
ཞུགས་པ་རྣམས་ལ་སྦྱིན་པ་སྦྱིན་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། འབྲིང་གི་ཆུང་ངུ་ཡང་མདོ་ལས། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་
གནས་ཤིང་སྦྱིན་པ་སྦྱིན་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། འབྲིང་གི་འབྲིང་ཡང་མདོ་ལས། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་

ཤིང་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ན་ཞེས་པ་ལ་སོགས་པས་བསྟན། འབྲིང་གི་ཆེན་པོ་ཡང་མདོ་ལས། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཞིག་གིས་བསྐལ་པ་
གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྩོན་པར་བྱས་པ་དང་ཞེས་པ་ལ་སོགས་པས་བསྟན། ཆེན་པོའི་ཆུང་ངུ་ཡང་མདོ་ལས། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཞིག་གིས་
བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཤིང་ཟང་ཟིང་གི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་དང་ཞེས་པ་ལ་སོགས་པས་བསྟན། ཆེན་པོའི་འབྲིང་ཡང་མདོ་ལས། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ལ་
ལ་ཞིག་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་བསྟན། ཆེན་པོའི་ཆེན་པོ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་
འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་མངོན་པར་འདུ་བགྱིས་པ་ཐམས་ཅད་ནི་ཀུན་བརྟགས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན་ཞེས་པ་ལ་སོགས་པས་བསྟན། དོན་དམ་པར་བསོད་ནམས་གྲངས་མེད་པ་ལ་སོགས་པ་མི་དམིགས་ཀྱང་ཀུན་
རྫོབ་ཏུ་ཐུགས་བརྩེ་བའི་རྒྱུ་མཐུན་པར་གྱུར་པ་བསོད་ནམས་གྲངས་མེད་པ་ལ་སོགས་པ་སྐྱེ་བ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང་དཔག་ཏུ་མ་མཆིས་པ་དང་ཚད་མ་མཆིས་པ་ལ་ནི་བྱེ་བྲག་ཅི་མཆིས། ཐ་དད་དུ་བགྱི་བ་ནི་ཅི་མཆིས་ཞེས་
པ་ལ་སོགས་པས་བསྟན། བརྗོད་དུ་མེད་པ་ལ་ཉམས་པ་མེད་པ་དང་འཕེལ་བ་མེད་པར་རྒོལ་བ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་

པས་ཆོས་རྣམས་ཀྱི་ཆོས་ཉིད་འདི་བཀའ་སྩལ་ལ་ཆོས་ཉིད་དེ་ཡང་བརྗོད་དུ་མ་མཆིས་པ་དེ་ནི་ངོ་མཚར་ལགས་སོ་ཞེས་པ་ལ་སོགས་པས་བསྟན། དེའི་ལན་དུ་བྱང་ཆུབ་ཇི་ལྟ་བ་བཞིན་བསྔོ་བས་ཀུན་རྫོབ་ཏུ་འདོད་པའི་དོན་སྒྲུབ་པར་བྱེད་ལ། དོན་དམ་པར་འཕེལ་འགྲིབ་མེད་པས་ཉེས་པ་མེད་
པར་བསྟན་པ་ཡང་མདོ་ལས། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བ་དང་ཡོངས་སུ་འགྲིབ་པ་མེད་དོ་ཞེས་པ་མན་ཆད་ཀྱིས་བསྟན། དེ་ལྟ་ཡིན་ན་ཡང་ཀུན་རྫོབ་ཏུ་ཡང་དོན་བྱེད་པར་མི་ནུས་པར་རྒོལ་བ་ཡང་མདོ་ལས། རབ་འབྱོར་གྱིས་
གསོལ་པ། བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དང་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལགས་སམ་ཞེས་པ་ལ་སོགས་པས་བསྟན། དེའི་ལན་མར་མེའི་དཔེས་ཟབ་མོའི་ཆོས་
ཉིད་རྣམ་པ་བརྒྱད་ཁོང་དུ་ཆུད་པར་འགྱུར་བར་བསྟན་པ་ཡང་དཔེ་ནི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་སྐྱེས་བུ་མཁས་པ་ལ་ལ་དག་ནི་དཔེས་བཤད་པའི་དོན་ཤེས་པར་འགྱུར་བས་ན་དེའི་ཕྱིར་འདི་ལྟ་སྟེ། བཤད་པའི་དོན་ཤེས་པར་
བྱ་བའི་ཕྱིར་ཁྱོད་ལ་དཔེས་བསྟན་པར་བྱའོ་ཞེས་པ་ལ་སོགས་པས་བསྟན། ཟབ་མོའི་ཆོས་ཉིད་དང་པོ་ནི་སྐད་ཅིག་མ་སྔ་ཕྱིས་ཀྱང་མ་ཡིན་ལ་ངོ་བོ་ཉིད་མེད་པས་ཀྱང་མ་ཡིན་པར་རབ་ཏུ་རྟོགས་ནས་དོན་ཁྱད་པར་དུ་འཕགས་པ་བསྐྱེད་དོ་ཞེས་བྱ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པ་ཡང་
མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་སེམས་བསྐྱེད་པ་དང་པོས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ལ་ཞེས་པ་ལ་སོགས་པས་བསྟན།
དངོས་པོ་འབྱུང་བ་སྔོན་ཉིད་ནས་ངོ་བོ་ཉིད་མེད་ལ་ཀུན་རྫོབ་ཏུ་ཡང་འགག་གོ་ཞེས་བྱ་བར་བསྟན་པ་ནི་གཉིས་པ་སྟེ། དེ་ཡང་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་སྙམ་དུ་སེམས། སེམས་གང་འགགས་པ་དེ་ཕྱིར་སྐྱེ་བར་འགྱུར་སྙམ་མམ་ཞེས་པ་ལ་སོགས་

པས་བསྟན། དུས་ཀུན་དུ་དེ་བཞིན་ཉིད་གོམས་ཀྱང་དེ་མངོན་དུ་མི་བྱེད་པ་ནི་གསུམ་པ་སྟེ། མདོ་ལས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་གནས་པར་འགྱུར་སྙམ་མམ་ཞེས་པ་ལ་སོགས་པས་བསྟན།
བཞི་པ་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཆོས་ཐམས་ཅད་སྦྱིན་པ་ལ་སོགས་པས་རྣམ་པ་དུ་མ་བསྡུས་པ་ཡང་མདོ་ལས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱོད་སྙམ་མམ་ཞེས་པ་ལ་སོགས་པས་བསྟན། ལྔ་
པ་དང་། དྲུག་པ་དག་མདོ་དང་ལྟག་འོག་མི་མཐུན་ཏེ། དྲུག་པ་ཆོས་ཉིད་ཀྱི་ཐམས་ཅད་ལ་སྤྱོད་པ་མེད་པ་ཉིད་སྤྱོད་པ་ཡིན་པ་ཡང་མདོ་ལས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་ཅི་ཞིག་ལ་སྤྱོད་སྙམ་ཞེས་པ་ལ་སོགས་པས་བསྟན། ལྔ་
པ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མཐོང་བ་མེད་པ་མཐོང་བ་ཡིན་པ་ཡང་མདོ་ལས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་རྒྱུ་བ་དེ་དག་ཀྱང་མི་འབྱུང་ཞིང་
ཀུན་དུ་སྤྱོད་པའི་སླད་དུའོ་ཞེས་པ་ལ་སོགས་པས་བསྟན། བདུན་པ་གཉིས་སུ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྒྲུབ་པ་ཡང་མདོ་ལས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ཡིན་ཞེས་པ་ལ་སོགས་པས་བསྟན། བརྒྱད་པ་ཚོགས་ཐམས་ཅད་ཡོངས་སུ་རྫོགས་ལ་འབྲས་བུ་སངས་རྒྱས་ཉིད་མི་ཐོབ་པ་ཐབས་ལ་མཁས་པ་ཡང་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་

ཡོངས་སུ་མ་རྫོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ཞེས་པ་ལ་སོགས་པས་བསྟན། སྤྱི་དོན་བརྒྱད་ཀྱིས་བསྟན་པའི་བཞི་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་དོན་བཅུ་གཅིག་གིས་བསྟན་པའི་དགུ་པ་འཁོར་བ་དང་
མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱང་ལེའུ་ལྔ་བཅུ་རྩ་གཉིས་པའི་ཀླད་ནས། མདོའི་ཚིག་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་རྨི་ལམ་ན་སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན་ཞེས་པ་མན་ཆད་ཀྱིས་བསྟན། དོན་བཅུ་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་མདོའི་ཚིག །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པས་སེམས་ཅན་བཀྲེས་པ་རྣམས་མཐོང་ངམ་ཞེས་པ་ལ་སོགས་པས་བསྟན། དོན་བཅུ་གཅིག་པ་ཐབས་ལ་མཁས་པ་ཡང་ཡུལ་དང་སྦྱོར་བ་དང་དབྱེ་བའི་བྱེ་བྲག་གིས་གསུམ་ཏེ་དེ་ལ་ཡུལ་ཡང་ལེའུ་ལྔ་བཅུ་རྩ་བཞི་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་
གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་མགོ་དྲངས་ནས། འོག་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་སྟོང་ཞེས་བྱ་བར་སོ་སོར་བརྟག་པར་བྱའོ་ཞེས་པ་ལ་སོགས་པས་བསྟན། སྦྱོར་བ་ཡང་མདོའི་
ཚིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཉམ་པར་མ་བཞག་པ་ཉིད་དུ་སེམས་དམིགས་པ་ལ་འདོགས་ཏེ་ཞེས་པ་མན་ཆད་ཀྱིས་བསྟན། ཐབས་ཀྱི་དབྱེ་བ་ནི་བཅུ་སྟེ་བར་ཆད་མེད་པ་ལས་ཡང་དག་པར་འདའ་བའི་ཐབས་ནི་མདོའི་ཚིག །རབ་འབྱོར་འདི་
ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་དཔའ་བརྟུལ་ཕོད་པ་ཞེས་པ་ལ་སོགས་པས་བསྟན། མི་གནས་པར་གནས་པའི་ཐབས་ཀྱང་མདོའི་ཚིག །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདབ་ཆགས་བྱ་ནི་བར་སྣང་ལ་རྒྱུ་ཡང་ས་ལ་མི་ལྟུང་ངོ་ཞེས་པ་མན་ཆད་ཀྱིས་བསྟན། སྨོན་

ལམ་གྲུབ་པས་གཞན་གྱི་དོན་སྔོན་གྱི་ཤུགས་ཀྱིས་འཕངས་པར་བྱེད་པའི་ཐབས་ཀྱང་མདོའི་ཚིག །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མཐུ་དང་ལྡན་པ་འཕོང་གི་སློབ་དཔོན་དུ་གྱུར་པ་ཞེས་པ་མན་ཆད་ཀྱིས་བསྟན། དཀའ་བ་སྤྱད་པ་ཤིན་ཏུ་གོམས་པས་ཐུན་
མོང་མ་ཡིན་པའི་ཐབས་ཀྱང་མདོའི་ཚིག །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཉིད་འདི་ལ་སློབ་པ་དང་ཞེས་པ་མན་ཆད་ཀྱིས་བསྟན།
ཆོས་ཐམས་ཅད་ལ་འཛིན་པ་མེད་པའི་ཐབས་ཀྱང་མདོའི་ཚིག །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འདི་ཟབ་མོའི་གནས་འདི་ལྟ་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་མི་དམིགས་པའི་
ཐབས་ཀྱང་མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་བདག་ཅེས་བྱ་བའམ་ཞེས་པ་མན་ཆད་ཀྱིས་བསྟན། མཚན་མ་མེད་པ་ཉིད་ཀྱིས་མཚན་མ་མེད་པའི་ཐབས་ཀྱང་མདོའི་ཚིག །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་བུད་མེད་ཀྱི་མཚན་མ་འམ་ཞེས་པ་མན་ཆད་ཀྱིས་བསྟན། སྨོན་པ་མེད་པ་ཉིད་ཀྱིས་སྨོན་པ་མེད་པའི་ཐབས་ཀྱང་མདོའི་ཚིག །
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་སྤྱོད་པ་དག་སྟེ། འདི་བརྒྱ་བྱིན་དང་ཞེས་པ་མན་ཆད་ཀྱིས་བསྟན། ཡུལ་ཚད་མེད་པ་ལ་མཁས་པ་ཡང་
མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། ཞེས་པ་མན་ཆད་ཀྱིས་བསྟན། དྲི་བ་སྔོན་དུ་བཏང་བའི་ཕྱིར་མི་ལྡོག་པའི་ཆོས་བརྗོད་པས་ཕྱིར་མི་ལྡོག་པའི་རྟགས་ཀྱང་མདོའི་ཚིག །རབ་འབྱོར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ཅིང་བྱང་ཆུབ་ཀྱི་ཕྱོགས་དེ་དག་ལ་ཡོངས་སུ་འདྲིས་པར་བྱེད་པ་ལ་ཞེས་པ་མན་ཆད་ཀྱིས་བསྟན་ཏོ། །སྤྱི་དོན་བརྒྱད་ཀྱིས་བསྟན་པའི་ལྔ་པ་རྩེ་མོར་ཕྱིན་པ་ལ་ཡང་དོན་བརྒྱད་ཀྱིས་བསྟན་ཏེ། རྟགས་དང་། རྣམ་པར་འཕེལ་བ་དང་། བརྟན་པ་
དང་། སེམས་གནས་པ་དང་། མཐོང་བའི་ལམ་ལ་རྣམ་པར་རྟོག་པ་བཞིའི་གཉེན་པོ་དང་། བསྒོམ་པའི་ལམ་ལ་རྣམ་པར་རྟོག་པ་བཞིའི་གཉེན་པོ་དང་། བར་ཆད་མེད་པའི་ཏིང་ངེ་འཛིན་དང་། ལོག་པར་བསྒྲུབ་པའོ། །དེ་ལ་རྟགས་ལ་ཡང་བཅུ་གཉིས་ཏེ། རྨི་ལམ་ན་ཡང་ཉན་
ཐོས་ལ་སོགས་པའི་ས་ལ་དགའ་བའི་སེམས་མི་བསྐྱེད་པ་ནི་ལེའུ་ལྔ་བཅུ་རྩ་ལྔ་པའི་ཀླད་ནས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་ཉན་ཐོས་ཀྱི་ས་འམ་ཞེས་པ་ལ་སོགས་པས་བསྟན། རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་
བུར་ལྟ་བ་ནི་མདོ་ལས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཉིད་དུ་ལྟ་ཞིང་ཞེས་པ་མན་ཆད་ཀྱིས་བསྟན། དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བ་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་དེ་བཞིན་གཤེགས་པ་
འཁོར་བརྒྱ་ཕྲག་དུ་མ་དང་ཞེས་པ་མན་ཆད་ཀྱིས་བསྟན། སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་དམིགས་པ་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་
རྩ་གཉིས་དང་ཞེས་པ་མན་ཆད་ཀྱིས་བསྟན། ཆོས་སྟོན་པའི་སེམས་སྐྱེ་བ་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་གྲོང་འཇོམས་པ་འབྱུང་བ་འམ་ཞེས་པ་མན་ཆད་ཀྱིས་བསྟན། རང་གི་སངས་རྒྱས་ཀྱི་ཞིང་ངན་སོང་སྤངས་
པ་རྗེས་སུ་དྲན་པ་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ངན་སོང་གསུམ་པོ་དེ་དག་ཅེས་པ་མན་ཆད་

ཀྱིས་བསྟན། བདེན་པའི་བྱིན་རླབས་གྲུབ་པ་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་མམ་སད་པ་ན་གྲོང་ཁྱེར་ཚིག་པ་མཐོང་བ་ན་ཞེས་པ་མན་ཆད་ཀྱིས་བསྟན། མི་མ་ཡིན་པ་མེད་པར་བྱ་
བའི་ཚིག་གྲུབ་པ་ནི་མདོའི་ཚིག །རབ་འབྱོར་སྐྱེས་པ་འམ་བུད་མེད་གང་ཡང་རུང་བ་ཞིག་མི་མ་ཡིན་པས་བྱིན་གྱིས་བརླབས་པར་གྱུར་ན་ཞེས་པ་མན་ཆད་ཀྱིས་བསྟན། རང་གི་མངོན་པར་ཤེས་པས་ཕ་རོལ་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་ཡང་མདོ་ལས།
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་བཤེས་གཉེན་ལ་བསྙེན་པར་བྱ། བསྙེན་བཀུར་བྱའོ་ཞེས་པ་མན་ཆད་ཀྱིས་བསྟན།
རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡང་མདོ་ལས། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྟོན་པར་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་དུ་རིག་པར་བྱའོ་ཞེས་པ་ལ་སོགས་པས་བསྟན། ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ཡང་མདོ་ལས།
དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་པ་མན་ཆད་ཀྱིས་བསྟན། སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཡང་མདོ་
ལས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ལ་མི་སྤྱོད་དོ་ཞེས་པ་ལ་སོགས་པས་བསྟན་ཏོ། །སྤྱི་དོན་
བརྒྱད་ཀྱིས་བསྟན་པའི་ལྔ་པ་རྩེ་མོར་ཕྱིན་པ་ལ་དོན་བརྒྱད་ཀྱིས་བསྟན་པའི་གཉིས་པ་རྣམ་པར་འཕེལ་བ་ཡང་དོན་བཅུ་དྲུག་ཏུ་ཕྱེ་བའི་དང་པོ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་མ་ལུས་པ་དེ་བཞིན་གཤེགས་པར་གྱུར་པ་ལ་མཆོད་པ་བས་འཕེལ་བ་ཡང་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་མིའི་ལུས་ཐོབ་པར་གྱུར་ལ་ཞེས་པ་ལ་སོགས་པས་བསྟན། གཉིས་པ་ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པས་འཕེལ་བ་ཡང་མདོ་ལས།
རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྔོན་ཆད་ནོར་བུ་རིན་པོ་ཆེ་རྙེད་མ་མྱོང་བ་ཞིག་ཡོད་ལ་དེས་དུས་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རྙེད་པར་གྱུར་ཏེ་ཞེས་པ་ལ་སོགས་པས་བསྟན། གསུམ་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་འཕེལ་བ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་
པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡིད་ལ་བགྱིད་པ་ཐམས་ཅད་ནི་རང་བཞིན་དང་བྲལ་བ་ལགས་ལ་ཡིད་ཆེས་བགྱིད་པ་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ལགས་ན་ཞེས་པ་མན་ཆད་ཀྱིས་བསྟན།
བཞི་པ་བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་ཆོས་མི་དམིགས་པས་འཕེལ་བ་ཡང་། མདོ་ལས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་
ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་ཡང་དག་པར་རྗེས་སུ་མཐོང་སྙམ་མམ་ཞེས་པ་ལ་སོགས་པས་བསྟན། ལྔ་པ་དགེ་བ་བཅུ་ལ་སོགས་པ་དང་གཟུགས་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་ཐོབ་པ་བས་འཕེལ་བ་ཡང་
མདོ་ལས། ལེའུ་ལྔ་བཅུ་རྩ་དྲུག་པའི་ཀླད་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་མཐོང་བར་དཀའ་བ་ཞེས་པ་མན་ཆད་ཀྱིས་བསྟན། དྲུག་པ་
ལྷའི་རིས་ཐམས་ཅད་ཉེ་བར་འོང་བ་དང་། བདུན་པ་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ལྟག་འོག་གི་མི་མཐུན་པ་མདོ་བཙན་པར་བྱས་ནས། བདུན་པ་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་ཡང་མདོ་ལས། དེ་ནས་དགེ་སློང་ཞིག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་

སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གཡེང་བ་མེད་པའི་སེམས་ཀྱིས་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། ལྷའི་རིགས་ཐམས་ཅད་ཉེ་བར་འོང་བ་ཡང་མདོ་ལས།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འཇུག་པ་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། བརྒྱད་པ་སྟོན་པ་དང་འདྲ་བར་སྐྱེ་བོ་ཐམས་ཅད་ལ་
མཚུངས་པ་ཞེས་བྱ་བ་བསོད་ནམས་བརྒྱད་ཀྱིས་འཕེལ་བ་ཡང་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་རབ་ཏུ་དགོངས་
པར་འགྱུར་རོ་ཞེས་པ་མན་ཆད་ཀྱིས་བསྟན། དགུ་པ་རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པས་བསླབ་པ་ཡོངས་སུ་དག་པར་འཕེལ་བ་ཡང་མདོ་ལས། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ་ཅི་སྟེ་ལྷའི་དབང་པོ་བརྒྱ་བྱིན་འདི་བདག་རང་གི་སྤོབས་པས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏམ། འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་སྙམ་མོ་ཞེས་པ་ལ་སོགས་པས་བསྟན། བཅུ་པ་སངས་རྒྱས་ཀྱི་རིགས་ཅན་དུ་གྱུར་པས་འཕེལ་བ་ཡང་མདོ་ལས། ལེའུ་ལྔ་བཅུ་རྩ་བདུན་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་
ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཉམ་པ་ཉིད་གང་ལ་བསླབ་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དེ་གང་ལགས་ཞེས་པ་ལ་སོགས་པས་བསྟན།
བཅུ་གཅིག་པ་འབྲས་བུ་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མཚན་གྱིས་འཕེལ་བ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་

ཡོངས་སུ་དག་པ་ལགས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ཞིག་ཡོངས་སུ་དག་པ་རྟོགས་པར་འགྱུར་བ་ལགས་ཞེས་པ་ལ་སོགས་པས་བསྟན། བཅུ་གཉིས་པ་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཀྱི་སེམས་མི་སྐྱེ་བས་འཕེལ་བ་ཡང་མདོ་
ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེར་སྣ་དང་ལྡན་པའི་སེམས་མི་བསྐྱེད་དོ་ཞེས་པ་ལ་སོགས་པས་བསྟན། བཅུ་གསུམ་པ་གཟུགས་ལ་སོགས་པ་དང་ལྡན་པར་རྟོགས་པའི་སེམས་མི་
སྐྱེ་བས་འཕེལ་བ་ཡང་མདོ་ལས། གཟུགས་དང་ལྡན་པའི་སེམས་མི་སྐྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་སྐྱེད་དོ་ཞེས་པ་ལ་སོགས་པས་བསྟན། བཅུ་བཞི་པ་ཕ་རོལ་ཏུ་ཕྱིན་པ་ཀུན་བསྡུས་པས་འཕེལ་བ་ཡང་
མདོ་ལས། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡང་དག་པར་བཟུང་བ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། བཅོ་ལྔ་པ་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་
པས་འཕེལ་བ་ཡང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕུན་སུམ་ཚོགས་པ་གང་འཐོབ་པར་བྱ་བ་དེ་དག་ལས་མི་འཐོབ་པ་གང་ཡང་མེད་དོ་ཞེས་པ་ལ་སོགས་པས་བསྟན།
བཅུ་དྲུག་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པས་འཕེལ་བ་ཡང་མདོ་ལས། རབ་འབྱོར་འདི་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ཏེ་ཞེས་པ་ལ་སོགས་པས་བསྟན། རྩེ་
མོར་ཕྱིན་པ་ལ་དོན་བརྒྱད་ཀྱིས་བསྟན་པའི་གསུམ་པ་བསྟན་པ་ཡང་མདོ་ལས། ལེའུ་ལྔ་བཅུ་རྩ་བརྒྱད་པའི་ཀླད་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་པ་ལ་

སོགས་པས་བསྟན། རྩེ་མོ་ལ་དོན་བརྒྱད་ཀྱིས་བསྟན་པའི་བཞི་པ་སེམས་ཀུན་དུ་གནས་པ་ཡང་མདོ་ལས། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་ད