Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 81
Văn bản gốc(Tây Tạng)
Trang 12 / 15 (50.000 ký tự/trang)
་ཡིན་ནོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤང་བ་ལ་འགོད་པ་ནི་གང་ དེའི་རྗེས་ལ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པ་ནི་གང་དེའི་འོག་ཏུ་བྱང་ཆུབ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། ། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འགོད་པ་ནི་གང་དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་འཇོག་པ་ནི་གང་དེའི་འོག་ཏུ་སེམས་དང་པོ་བསྐྱེད་ པ་དང་ཕྱིར་མི་ལྡོག་པ་དང་སྲིད་པ་ཐ་མར་སོ་སོར་ངེས་པ་ལ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་གྱི་དོན་ཚད་མེད་པ་ལ་འགོད་པ་ནི་གང་དེའི་འོག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པའི་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་མཛད་ པའོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་དྲུང་དུ་ཉེ་བར་འགྲོ་བ་དང་། བསྙེན་བཀུར་བྱ་བ་ལ་སོགས་པ་ལ་དགོད་པ་ནི་གང་དེའི་རྗེས་ཐོགས་ལ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སངས་རྒྱས་ཀྱི་དྲུང་དུ་ཉེ་བར་འགྲོ་བ་དང་། བསྙེན་བཀུར་བྱ་བ་ནས་བརྩམས་ཏེ། མངོན་ པར་ཤེས་པ་བསྒྲུབས་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་རྣམ་པར་སྤོང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ངེས་པར་སྦྱོར་བར་འགོད་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་ལ་དགོད་པ་ནི་གང་དེའི་འོག་ ཏུ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་རབ་ཏུ་འཇོག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ལས་དང་འབྲས་བུ་འབྲེལ་པ་ཆུད་མི་ཟ་བ་ལ་དགོད་པ་ནི་གང་དེའི་རྗེས་ལ་ལས་དང་འབྲས་བུ་འབྲེལ་པའི་ཐ་ སྙད་འགྲོ་བ་ལྔའི་འཁོར་བ་རྣམ་པར་འཇིག་པ་ལ་རབ་ཏུ་འཇིག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །བདེན་པ་མཐོང་བ་ལ་དགོད་པ་ནི་གང་དེའི་རྗེས་ལ་འཕགས་པའི་བདེན་པ་བཞི་མཉམ་པ་ཉིད་རྗེས་སུ་རྟོགས་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་ པ་ཡིན་ནོ། །ཕྱིན་ཅི་ལོག་སྤང་བ་ལ་དགོད་པ་ནི་གང་དེའི་རྗེས་ལ་ཕྱིན་ཅི་ལོག་བཞི་སྤང་བ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །ཕྱིན་ཅི་ལོག་བཞི་མེད་པ་སྤང་བའི་ཡེ་ཤེས་ལ་དགོད་པ་ནི་གང་དེའི་རྗེས་ལ་སྐུའི་ཆ་ཤས་ཙམ་གྱིས་དངོས་པོ་ བཀག་པ་དང་རྨི་ལམ་དང་གཟུགས་བརྙན་དང་སྒྲ་བརྙན་དང་སྨིག་རྒྱུ་དང་སྒྱུ་མ་དང་སྤྲུལ་པའི་དཔེས་ཕྱིན་ཅི་ལོག་བཞི་མེད་པ་སྤོང་བའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་བྱང་བ་ལ་རབ་ཏུ་འཇོག་པ་ནི་གང་དེའི་རྗེས་སུ་ཐ་ སྙད་ལ་བརྟེན་ཏེ། རྣམ་པར་བྱང་བ་ལ་རབ་ཏུ་འགོད་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །དེའི་ཚོགས་ལ་ཉེ་བར་འགོད་པ་ནི་གང་དེའི་རྗེས་ལ་ཚོགས་ཡོངས་སུ་རྫོགས་པ་ལ་རབ་ཏུ་འཇོག་པ་ནས་བརྩམས་ཏེ། མཐའ་གཉིས་མཉམ་པ་ཉིད་དུ་རྟོགས་ པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་འགོད་པ་ནི་གང་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་དག་གཅིག་ལ་གཅིག་ཐ་དད་པ་ཉེ་བར་དམིགས་པར་སྔོན་དུ་སོང་ བའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་སུ་རྟོགས་པའི་དུས་སུ་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཉིད་དང་། དོན་དམ་པ་རྟོགས་པ་ནས་འདུས་བྱས་དག་རྣམ་གྲངས་གཞན་མེད་པས་ཞེས་གསུངས་པ་དང་། ཆོས་རྣམས་སྟོང་པ་ཉིད་ཡིན་པས་གང་ལ་ཡང་ཅི་ཡང་བྱེད་པ་ ཡང་མེད་པས་སེམས་ཅན་རྣམས་སུ་འདུ་ཤེས་པ་ཐམས་ཅད་དང་བྲལ་བར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐྱེས་བུ་བྱེད་པ་ཡིན་པར་བསྟན་པས་སོ་ཞེས་བསྟན་པ་ཡིན་ནོ། །ཉི་ཤུ་བདུན་པ་མྱ་ངན་ལས་འདས་པ་ལ་དགོད་པའི་ཕྲིན་ལས་ནི་གང་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ ཡིན་པ་ཉིད་ཀྱིས་སྐྱེ་བ་དང་འགག་པ་ལས་རྣམ་པར་གྲོལ་བ་དང་། མ་འདུས་པའི་ཆོས་མྱ་ངན་ལས་འདས་པར་སྤྲུལ་པ་ཉིད་ཡིན་པ་དང་། རང་བཞིན་གྱིས་སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཉིད་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ཇི་ལྟར་རྫོགས་པར་རྙེད་པའི་ ཚིག་གིས་ནི་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །ཕྲིན་ལས་འདི་རྣམས་ཀྱི་ནི་སོ་སོའི་རང་གི་ངོ་བོའི་ཁྱད་པར་དེ་དང་ཕྲིན་ལས་ཀྱི་མཚན་ཉིད་ཀྱི་རྗེས་སུ་འབྲང་སྟེ་དཔྱད་པར་བསྟན་ཏོ། །དོན་ཡོངས་སུ་གསལ་ བས་ཁོ་བོ་ཅག་གི་རྣམ་པར་མ་ཕྱེ་སྟེ། བཏགས་ཟིན་པ་བཏགས་པས་ཅི་ཞིག་བྱ། དེ་ལྟར་བྱས་ན། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་ནི་སྤྲུལ་པ་དང་། །སངས་རྒྱས་སྐུ་མཛད་བཅས་པ་སྟེ། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་བསྟན་པ་གང་ཡིན་པ་དེ་བཤད་ པ་ཡིན་པར་ཤེས་པར་བྱའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་ལས་ཆོས་ཀྱི་སྐུའི་རྣམ་པར་འགྲེལ་པའོ།། །།དེ་ནས་ད་ནི་གླེང་གཞིའི་ལེའུ་གང་ཡིན་པ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་རྣམས་ ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་པ་ལ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་པདྨ་སྐྱེས་སུ་བསྐུར་བ་དེ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། སེམས་བསྐྱེད་པ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཀྱི་བར་དུ་བསྟན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱིན་གྱིས་བརླབས་ པ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་སེམས་ཅན་ཐམས་ཅད་རྣམས་བསྡུ་བས་སེམས་ཅན་གྱི་བསྡུ་བས་བསྡུས་པ་སེམས་ཅན་གྱི་ཁམས་བརྗོད་དུ་མེད་པ་ལ་དམིགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཤེས་པར་བྱ་བའི་དོན་དང་། ཆོས་ཡོངས་སུ་རྫོགས་པར་མཉམ་ པའི་བྱང་ཆུབ་སེམས་དཔའ་རྣམས་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་སྲིད་པས། སངས་རྒྱས་མང་པོ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་དང་། འཇིག་རྟེན་གྱི་ ཁམས་གཅིག་ནས་གཅིག་ཏུ་སངས་རྒྱས་བལྟ་བའི་ཕྱིར་འགྲོ་བ་དང་། ཆོས་ཉན་པ་དང་། མཆོད་པ་དང་། བསྙེན་བཀུར་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་རྣམ་པར་རོལ་པ་དང་། སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་ ཕྱིར་དང་། རང་གི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཇི་ལྟར་མངོན་པར་འདོད་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡང་དག་པར་ཡོངས་སུ་གཟུང་བའི་དགོས་པ་ལ་སོགས་ཡིན་པར་བསྟན་ཏོ། །གང་གི་ཕྱིར་དང་པོ་འདི་སྐད་བདག་གིས་ཞེས་བྱ་བའི་སྐབས་ནས་བརྩམས་ ཏེ། ཉི་ཁྲི་ལྔ་སྟོང་པའི་གཞུང་འདི་ཡོངས་སུ་རྫོགས་པའི་བར་འདི་ནི་དངོས་པོ་གཅིག་ཏུ་བྱས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པས་ན། ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་བར་དུ་དངོས་པོ་བརྒྱད་དུ་གྱུར་པ་ཡིན། དེའི་ཕྱིར། ཤེས་རབ་ཕ་ རོལ་ཕྱིན་པ་ལ། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །ཐམས་ཅད་མཁྱེན་པ་ཉིད་དང་གསུམ། །རྣམ་ཀུན་རྩེ་མོར་བཅས་པ་དང་། །མཐར་གྱིས་པ་དང་སྐད་ཅིག་བདག །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བརྒྱད་དུ་བསྡུས་ པ་ཡིན། །ཞེས་བསྟན་པ་ཡིན་ནོ། །ཡང་མཚན་ཉིད་དང་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །སྦྱོར་བ་དང་ལྡན་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ། །རབ་ཀྱི་མཐར་འགྲོ་བ་ནི་རྩེ་མོའི་མངོན་པར་རྟོགས་པའོ། །གོ་རིམས་དང་ལྡན་ པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ། །མཐར་ཐུག་པ་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པའོ། །རྣམ་པར་སྨིན་པ་ནི་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ཡིན་ནོ། །དེ་ནི་བཤད་པའི་རྣམ་གྲངས་གཞན་ཡིན་ནོ། །མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་ གོ་རིམས་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དེ་བསྡུས་གཞན་དེ་རྣམ་པ་དྲུག །ཅེས་བསྟན་པ་ཡིན་ནོ། །གཞན་ཡང་དངོས་པོ་གསུམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པར་གྱུར་པ་ཡིན་ཏེ། དངོས་པོ་གསུམ་ནི་རྒྱུ་དང་། འབྲས་བུ་དང་། ལས་ཀྱིས་སོ། །ཐམས་ཅད་ མཁྱེན་པ་གསུམ་ནི་ཡུལ་ཡིན་ནོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་ལ་སྦྱོར་བ་བཞི་པོ་དག་ནི་རྒྱུ་ཡིན་ནོ། །ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གསུམ་ནི་འབྲས་བུ་ཡིན་ནོ། །ལས་ནི་འགྲོ་བ་ཞི་བ་ལ་སོགས་པ་རྣམ་པ་ཉི་ཤུ་རྩ་བདུན་ནི་ཆོས་ ཀྱི་སྐུའི་ཕྲིན་ལས་ཡིན་ཏེ། རྣམ་གྲངས་གཞན་ནོ། །དེ་བས་ན། ཡུལ་ནི་གསུམ་ཡིན་རྒྱུ་རྣམས་ཏེ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །སངས་རྒྱས་སྐུ་འབྲས་ཕྲིན་ལས་དང་། །དོན་བསྡུས་གཞན་ཡིན་རྣམ་པ་གསུམ། །དེ་ལྟར་བསྟན་པ་ཡིན་ནོ། །དེ་ལ་གང་འདིར་དེ་དང་དེར་ངེས་པར་འབྱེད་པའི་ ཆ་དང་མཐུན་པ་དུ་མ་བསྟན་པ་ལས་དེ་རྣམས་ཀྱི་སོ་སོའི་ཁྱད་པར་ཇི་ལྟ་བུ་ཞེ་ན། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་པ་དེ་ནི། ཉན་ཐོས་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་ མཐུན་པའི་ལས་ཀྱི་ཁྱད་པར་གྱི་མཚན་ཉིད་རྣམ་པ་དྲུག་གིས་ཁྱད་པར་དུ་འཕགས་ཏེ། དམིགས་པའི་ཁྱད་པར་ནི་འཕགས་པའི་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་ ཉིད་ཡིན་པའི་ཕྱིར་རོ། །རྒྱུའི་ཁྱད་པར་ནི་ཐེག་པ་གསུམ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པར་འཛིན་པའི་ཁྱད་པར་ནི་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཡང་དག་པར་སྦྱོར་བའི་ཁྱད་པར་ནི་རྣམ་པར་རྟོག་པ་རྣམ་པ་ བཞི་དང་ཡང་དག་པར་ལྡན་པ་ཡིན་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རྣམ་པ་རྣམས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཅིག་ཤོས་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས་ཇི་སྐད་དུ་དམིགས་པ་དང་ ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་འཛིན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ལམ་ཤེས་པ་ཉིད་གང་ཡིན་པའི་དབང་དུ་མཛད་ནས། ཉན་ཐོས་ཀྱི་ལམ་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པར་བསྟན་པ་དེ་རྣམས་ཀྱི་ཡང་དམིགས་ པ་དང་རྣམ་པའི་ཁྱད་པར་དག་སྔ་མ་ལས་ཁྱད་པར་དུ་འཕགས་ཏེ། དམིགས་པའི་ཁྱད་པར་ནི་གཟུགས་ལ་སོགས་པའི་ཕུང་པོ་ལ་སྟོང་པ་ཉིད་དུ་དམིགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་གཟུགས་སྟོང་པ་ཉིད་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །དེ་ལ་ ཇི་སྐད་དུ། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །གང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པ་དེ་དག་གི་ཡང་ དམིགས་པ་དང་། རྣམ་པའི་ཁྱད་པར་དག་སྔ་མ་ལས་ཁྱད་པར་དུ་འཕགས་ཏེ། དམིགས་པའི་ཁྱད་པར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་དམིགས་པ་ཡིན་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་བཏགས་པ་དང་མི་འགལ་བར་ཆོས་ཉིད་བསྟན་པ་ནི་རྣམ་པ་ཡིན་ པའི་ཕྱིར་ཏེ། དེ་ཉིད་ལས་ཇི་སྐད་དུ་བཏགས་པའི་ཆོས་ཉིད་མི་འགལ་བར། སྟོན་པའི་རྣམ་པར་དྲོ་གྱུར་པ། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །གང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པ་དེ་ནི་སེམས་ཅན་ ཐམས་ཅད་བརྟེན་པའི་སྦྱོར་བའི་ལམ་གྱིས་བསྡུས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་པའི་ཁྱད་པར་དང་། དེ་དག་ཉིད་སེམས་ཅན་མཉམ་པ་ལ་སོགས་པ་རྣམ་པའི་ཁྱད་པར་གྱིས་ཅི་རིགས་པར་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། དྲོ་བ་རྣམས་ཀྱིས་ དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་ནི་རེ་ཞིག་ངེས་པར་འབྱེད་པའི་ཆ་རྣམས་ཀྱིས་མཚན་ཉིད་ཀྱི་ཁྱད་པར་ཡིན་ནོ། །དེ་ལ་གང་ འདིར་དེ་དང་དེར་མཐོང་བའི་ལམ་རྣམ་པ་མང་པོ་ཞིག་བསྟན་པ་ལ་ཐ་དད་པའི་ཁྱད་པར་ཅི་ཞིག་ཡོད་ཅེ་ན། གང་རེ་ཞིག་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་མཐོང་བའི་ལམ་གང་ཡིན་པ་དེ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དག །གང་ཡང་རུང་བར་མི་ལྟུང་བའི་ཕྱིར་མི་གནས་པའི་ལམ་ཡིན་ ནོ། །ཡང་དེ་ཉིད་ཇི་སྐད་དུ། རབ་འབྱོར་བྱང་ཆུབ་སེམས་དཔས་ལམ་ཐམས་ཅད་བསྐྱེད་པར་བྱ་སྟེ། དེས་ཡང་དག་པའི་མཐའ་མངོན་དུ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐམས་ཅད་ཤེས་པའི་མཐོང་བའི་ལམ་གང་ཡིན་པ་དེ་ནི་ཐེག་པ་དམན་པ་ལས་ འདའ་བའི་ལམ་ཡིན་ནོ། །ཡང་དེ་ཉིད་ལས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་བྱའོ་ཞེས་གསུངས་པ་དང་། ཡང་རྒྱུན་ཏུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་། སྤངས་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ཞེས་གསུངས་སོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་དབང་དུ་མཛད་ནས། མཐོང་བའི་ལམ་བསྟན་པ་གང་ཡིན་པ་དེ་ནི་ཁྱད་པར་གྱི་ལམ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། བསམ་ གྱིས་མི་ཁྱབ་ཁྱད་སོགས་ཀྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གི །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །གང་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དབང་དུ་མཛད་ནས། སློབ་མ་དང་བཅས་པའི་ ལམ་སློབ་མའི་གནས་སྐབས་སུ་གྱུར་པ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། མཐོང་བའི་ལམ་དང་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་བསྟན་པ་ཡིན་ནོ། །སྐད་ཅིག་མ་སྨོས་པ་ཐམས་ ཅད་ཀྱང་བྱ་བ་རྫོགས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་སྟེ། ཇི་སྲིད་ཀྱིས་ཞེས་བྱ་བ་ཤེས་པ་སྐྱེ་བར་འགྱུར་བ་དེ་སྲིད་དོ། །ཡང་རྩེ་མོའི་མངོན་པར་རྟོགས་པའི་མཐོང་བའི་ལམ་བཤད་པ་དེ་ནི། གཉེན་པོའི་ཕྱོགས་ཀྱི་ལམ་ཡིན་པར་ཤེས་པར་བྱ་སྟེ། དེ་ཉིད་ལས་ཇི་སྐད་དུ། མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོའི་རྣམ་པ་བཞི་དང་ནི། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་དེ་དག་གིས་མཐོང་བའི་ལམ་གྱི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །དེ་ནི་ཕྱོགས་ཙམ་ཡིན་ཏེ། ཕྱོགས་ དེ་ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་བསྒོམ་པའི་ལམ་གྱི་སྦྱོར་བ་བསྟན་པ་དེ་དང་དེའི་རྣམ་པར་རྟོག་པའི་རབ་ཏུ་དབྱེ་བའི་ཁྱད་པར་གྱི་མཚན་ཉིད་བརྟགས་ཤིང་བཤད་པར་བྱའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ ངག་གི་བསྟན་བཅོས་ལས། ཁྱད་པར་གྱི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།ཇི་ལྟར་གྲགས་པའི་ལམ་བཟུང་ནས་ནི་འཇིག་རྟེན་པ་ཡི་ལམ་གྱི་རྗེས་སུ་འཇུག་པ་ཡིན། །སངས་རྒྱས་ལམ་ནི་གང་ཕྱིར་བློ་སྦྱོངས་ལྡན་པའི་མཁས་ལའང་འདི་ནི་མངོན་སུམ་ལས་ ལྡོག་གྱུར། །དེ་ཕྱིར་བདག་གིས་འདི་ནི་སྔོན་གྱི་མཁས་པས་ཉམས་སུ་མྱོང་བ་མེད་པ་འགྲོ་ལ་ཕན་པའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ་ནི་གང་ཡིན་ཕྱོགས་ཙམ་མཁས་ལ་གསལ་བར་བྱས་པ་ཡིན། མཆེ་ལྡན་གླང་པོའི་རྒྱལ་པོ་ཁྲོ་བ་དང་བཅས་གནོད་པ་གང་གིས་བཟློག་པར་ནུས། །སྟོབས་ ཆེན་གང་གིས་གནོད་པ་བྲག་རི་འཕེན་མེད་སྟོབས་ཀྱིས་བཟོད་པར་བྱེད་ནུས་པ། །དེ་ལྟར་བདག་དང་འགལ་བའི་སྐྱེ་བོས་རབ་ཏུ་གནོད་པ་ཕྲ་མོ་ཡང་ནི་མེད། །ས་ལས་མཁའ་ལྟར་སྐྱེ་བོ་དམ་པ་དག་ནི་ཐག་རིང་ཁྱད་པར་འཕགས། །ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་དག་གི་ངལ་སོའི་ གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་འགྲེལ་པ། མཁས་པ་ཆེན་པོ་མོས་པས་སྤྱོད་པའི་ས་བརྙེས་པ། སློབ་དཔོན་རྣམ་ པར་གྲོལ་བའི་སྡེས་མཛད་པ་རྫོགས་སོ།། །།རྗེ་བཙུན་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས། །བལ་ཡུལ་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཤཱནྟི་བྷ་དྲའི་ཞལ་སྔ་ནས་དང་། འབྲོ་སེང་དཀར་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར། འདི་ལ་ཤོ་ལོ་ཀ་ལྔ་སྟོང་བཞི་བརྒྱ་ཡོད།། །། ༄།།འབུམ་དང་ཉི་ཁྲི་ལྔ་སྟོང་པ་དང་ཁྲི་བརྒྱད་སྟོང་པ་གསུམ་དོན་མཐུན་པར་མངོན་རྟོགས་བརྒྱད་དུ་བསྟན་པ་བཞུགས་སོ། ། ༄༅༅། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་པ་འབུམ་དང་། འབྲིང་དུ་བསྟན་པ་ཉི་ཁྲི་ལྔ་སྟོང་དང་། བསྡུས་ཏེ་བསྟན་པ་ཁྲི་བརྒྱད་སྟོང་པ་རྣམས་མཐུན་པར་དོན་ བརྒྱད་ཀྱིས་བསྟན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང་། རྩེ་མོར་ཕྱིན་པ་དང་། མཐར་གྱིས་པ་དང་། སྐད་ཅིག་མ་གཅིག་ལ་མངོན་ པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་སྐུའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ལ་དོན་བཅུས་བསྟན་ཏེ། སེམས་བསྐྱེད་པ་དང་། གདམས་ངག་དང་། ངེས་པར་འབྱེད་པའི་ཡན་ལག་དང་། སྒྲུབ་པའི་རྟེན་དང་། དམིགས་པ་དང་། ཆེད་དང་། གོ་ཆ་དང་། འཇུག་པ་དང་། ཚོགས་དང་། ངེས་པར་འབྱུང་བའོ། །དེ་ལ་སེམས་བསྐྱེད་པ་ལ་ཡང་རྣམ་པ་གཉིས་ཏེ། སྨོན་པ་དང་། འཇུག་པའོ། །དེ་ལ་དབྱེ་ན་ལས་དང་པོ་ལ་སོགས་པ་ལམ་ལྔའི་བྱེ་བྲག་གིས་རྣམ་པ་ཉི་ཤུ་རྩ་གཉིས་ཏེ། ལས་དང་པོ་པ་ལ་ཆུང་ངུ་དང་། འབྲིང་ དང་། ཆེན་པོའི་དབང་གིས་འདུན་པ་ས་ལྟ་བུ་དང་། བསམ་པ་གསེར་ལྟ་བུ་དང་། ལྷག་པའི་བསམ་པ་ཟླ་བ་ལྟ་བུ་དང་། ངེས་པར་འབྱེད་པའི་ཆ་ལ་སྦྱོར་བ་མེ་ལྟ་བུ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་ལས་དང་པོ་ལ་སྦྱིན་པ་གཏེར་ལྟ་བུ་དང་། ས་གཉིས་ པ་ལ་ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང་། ས་གསུམ་པ་ལ་བཟོད་པ་རྒྱ་མཚོ་ལྟ་བུ་དང་། ས་བཞི་པ་ལ་བརྩོན་འགྲུས་རྡོ་རྗེ་ལྟ་བུ་དང་། ས་ལྔ་པ་ལ་བསམ་གཏན་རིའི་རྒྱལ་པོ་ལྟ་བུ་དང་། ས་དྲུག་པ་ལ་ཤེས་རབ་སྨན་ལྟ་བུ་དང་། ས་བདུན་པ་ལ་ཐབས་ དགེ་བའི་བཤེས་གཉེན་ལྟ་བུ་དང་། ས་བརྒྱད་པ་ལ་སྨོན་ལམ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། ས་དགུ་པ་ལ་སྟོབས་ཉི་མ་ལྟ་བུ་དང་། ས་བཅུ་པ་ལ་ཡེ་ཤེས་སྒྲ་དབྱངས་སྙན་པ་ལྟ་བུ་དང་། ཁྱད་པར་གྱི་ལམ་ལ་མངོན་པར་ཤེས་པ་རྒྱལ་པོ་ལྟ་བུ་དང་། བསོད་ནམས་དང་ ཡེ་ཤེས་བང་མཛོད་ལྟ་བུ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལམ་པོ་ཆེ་ལྟ་བུ་དང་། སྙིང་རྗེ་དང་། ལྷག་མཐོང་བཞོན་པ་ལྟ་བུ་དང་། གཟུངས་དང་སྤོབས་པ་བཀོད་མའི་ཆུ་ལྟ་བུ་དང་། སངས་རྒྱས་ཀྱི་ས་ལ་ཆོས་ཀྱི་སྐྱེད་མོས་ཚལ་སྒྲ་སྙན་པ་ལྟ་བུ་དང་། བགྲོད་པ་གཅིག་པའི་ལམ་ཆུ་བོའི་རྒྱུན་ལྟ་བུ་དང་། ཆོས་ཀྱི་སྐུ་སྤྲིན་ལྟ་བུའོ། །དེ་ལ་འདུན་པ་ས་ལྟ་བུ་ཡང་མདོའི་ཚིག །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་པ་མན་ཆད་ཀྱིས་བསྟན། བསམ་པ་གསེར་ལྟ་བུ་ཡང་མདོའི་ཚིག །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་པ་མན་ཆད་ཀྱིས་ བསྟན། ལྷག་པའི་བསམ་པ་ཟླ་བ་ལྟ་བུ་ཡང་མདོའི་ཚིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་པ་མན་ཆད་ཀྱིས་བསྟན། སྦྱོར་བ་མེ་ལྟ་བུ་ཡང་མདོའི་ཚིག །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་འཇོམས་པར་འདོད་པས་ཞེས་པ་མན་ཆད་ཀྱིས་བསྟན། སྦྱིན་པ་གཏེར་ལྟ་བུ་ནས་ཤེས་རབ་སྨན་ལྟ་བུའི་བར་དུ་དྲུག་ནི་མདོའི་ཚིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན། ཐབས་དགེ་བའི་བཤེས་གཉེན་ལྟ་བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་ རྒྱས་ཀྱི་སྐུ་མངོན་པར་བསྒྲུབ་པར་འདོད་པས་ཞེས་པ་མན་ཆད་ཀྱིས་བསྟན། སྨོན་ལམ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་འདོད་པས་ཞེས་པ་མན་ཆད་ཀྱིས་ བསྟན། སྟོབས་ཉི་མ་ལྟ་བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་གང་དང་གང་གིས་ཞེས་པ་མན་ཆད་ཀྱིས་བསྟན། ཡེ་ཤེས་སྒྲ་དབྱངས་སྙན་པའི་གླུ་ལྟ་བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་དག་ན། སངས་རྒྱས་གང་དག་བཞུགས་པ་དེ་དག་བདག་གིས་བསྔགས་པ་བརྗོད་པར་འདོད་པས་ཞེས་པ་མན་ཆད་ཀྱིས་བསྟན། མངོན་པར་ཤེས་པ་རྒྱལ་པོ་ལྟ་བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཕྲ་རབ་ཅེས་པ་མན་ཆད་ཀྱིས་བསྟན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བང་མཛོད་ལྟ་བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་ འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ཞེས་པ་མན་ཆད་ཀྱིས་བསྟན། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལམ་པོ་ཆེ་ལྟ་བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། སྙིང་རྗེ་དང་ལྷག་མཐོང་བཞོན་པ་ལྟ་བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཕ་རོལ་ཏུ་འགྲོ་བར་འདོད་པས་ ཞེས་པ་མན་ཆད་ཀྱིས་བསྟན། གཟུངས་དང་སྤོབས་པ་བཀོད་མའི་ཆུ་ལྟ་བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་བསྐྱེད་པར་འདོད་པས་ཞེས་པ་མན་ཆད་ཀྱིས་བསྟན། ཆོས་ཀྱི་སྐྱེད་མོས་ཚལ་སྒྲ་སྙན་པར་སྨྲ་བ་ལྟ་ བུ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་པ་ཞེས་པ་མན་ཆད་ཀྱིས་བསྟན། བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ་ནི་ མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་གང་དག་ལོང་བར་གྱུར་པ་ཞེས་བྱ་བ་མན་ཆད་ཀྱིས་བསྟན། ཆོས་ཀྱི་སྐུ་སྤྲིན་ལྟ་བུ་ ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་སློབ་པར་འདོད་པས་ཞེས་པ་མན་ཆད་ཀྱིས་བསྟན་ཏེ། དེ་ལྟར་སེམས་བསྐྱེད་པ་རྣམ་པར་དབྱེ་བ་ཉི་ཤུ་རྩ་གཉིས་པོ་དེ་དག་ནི་ལེའུ་གཉིས་པས་བསྟན་ཏོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དོན་བཅུས་བསྟན་པའི་གཉིས་པ་གདམས་ངག་ལ་ཡང་བཅུ་སྟེ། ཐེག་པ་འོག་མ་དང་ཐུན་མོང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྒྲུབ་པ་ལ་འདོམས་པ་དང་། དམིགས་པ་སྟེ། བདེན་པ་བཞི་ལ་ འདོམས་པ་དང་། རྟེན་ཏེ་དཀོན་མཆོག་གསུམ་ལ་འདོམས་པ་དང་། ཁྱད་པར་དུ་འགྲོ་བའི་རྒྱུ་སྟེ། མ་ཆགས་པར་བྱ་བར་གདམས་པ་དང་། མི་ལྡོག་པར་འགྲོ་བའི་རྒྱུ་སྟེ། ཡོངས་སུ་མི་ངལ་བར་བྱ་བར་གདམས་པ་དང་། ཐེག་པ་གཞན་གྱིས་མི་འགྲོ་བའི་རྒྱུ་ སྟེ། ལམ་ཡོངས་སུ་འཛིན་པར་གདམས་པ་དང་། གཞན་གྱི་དྲིང་མི་འཇོག་པའི་རྒྱུ་སྟེ། སྤྱན་ལྔ་ལ་གདམས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཡོངས་སུ་རྫོགས་པའི་རྒྱུ་སྟེ། མངོན་པར་ཤེས་པ་དྲུག་ལ་གདམས་པ་དང་། མཐར་ཐུག་པའི་རྒྱུ་སྟེ། མཐོང་བའི་ལམ་དང་། བསྒོམ་པའི་ལམ་ལ་གདམས་པ་སྟེ། དེ་ལྟར་རྣམ་པ་བཅུའོ། །གདམས་པ་དེ་ཡང་ལེའུ་དྲུག་པ་ཡན་ཆད་ཀྱིས་བསྟན་པ་ལས་སྒྲུབ་པ་ལ་གདམས་པ་ནི་མདོའི་ཚིག །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བྱང་ཆུབ་སེམས་དཔར་གྱུར་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་མན་ཆད་ཀྱིས་བསྟན། བདེན་པ་ལ་གདམས་པ་ཡང་བཞི་སྟེ། སྡུག་བསྔལ་གྱི་བདེན་པ་ལ་གདམས་པ་ནི་མདོའི་ཚིག །གཟུགས་ ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་མན་ཆད་ཀྱིས་བསྟན། ཀུན་འབྱུང་གི་བདེན་པ་ལ་གདམས་པ་ནི་མདོའི་ཚིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་སྐྱེ་བའི་ཆོས་ཅན་ནམ། འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་མན་ཆད་ ཀྱིས་བསྟན། འགོག་པ་ལ་གདམས་པ་ཡང་མདོའི་ཚིག །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་མན་ཆད་ཀྱིས་བསྟན། ལམ་ལ་གདམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གཟུགས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་མན་ཆད་ཀྱིས་བསྟན། དཀོན་མཆོག་ལ་གདམས་པ་ཡང་ གསུམ་སྟེ། སངས་རྒྱས་ལ་གདམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་ལྟར་བརྩོན་པར་བྱེད་དེ། ཇི་ལྟར་བརྩོན་པར་བྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དང་འདས་པར་སྦྱོར་བར་མི་བྱེད་དེ་ཞེས་བྱ་བ་མན་ཆད་ཀྱིས་བསྟན། ཆོས་ལ་གདམས་པ་ལ་གསུམ་སྟེ། བཞི་ལ་གདམས་པ་ནི་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ འབྱུང་ངོ་ཞེས་བྱ་བར་མི་སྦྱོར་རོ་ཞེས་པ་མན་ཆད་ཀྱིས་བསྟན། གཉེན་པོ་ལ་གདམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆེད་དུ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ལ་གདམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་རྣལ་འབྱོར་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་བསྒྲུབ་པོ་ཞེས་པ་མན་ཆད་ ཀྱིས་བསྟན། དགེ་འདུན་ལ་གདམས་པ་ནི་མདོའི་ཚིག །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་གནས་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས་ ཞེས་པ་མན་ཆད་ཀྱིས་བསྟན། མ་ཞེན་པར་བྱ་བར་གདམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཁ་ན་མ་ཐོ་བ་དང་བཅས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱི་གོ་མི་དབྱེའོ་ཞེས་པ་མན་ ཆད་ཀྱིས་བསྟན། ངལ་བ་མེད་པར་བྱ་བར་གདམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གཟུགས་ལ་རློམ་སེམས་སུ་མི་བྱེད་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། ལམ་ཡོངས་སུ་གཟུང་བ་ལ་ གདམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་དང་ལྡན་པ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ་ཞེས་པ་མན་ཆད་ཀྱིས་བསྟན། སྤྱན་ལྔ་ལ་འདོམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མིག་ལྔ་འཐོབ་པ་དང་། ཡོངས་སུ་ སྦྱོང་བ་དག་ཀྱང་ཡོད་དེ་ཞེས་པ་མན་ཆད་ཀྱིས་བསྟན། མངོན་པར་ཤེས་པ་དྲུག་ལ་གདམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་ཅིང་། དེས་ རྫུ་འཕྲུལ་བྱ་བ་རྣམ་པ་དུ་མ་མྱོང་བར་འགྱུར་རོ། །དེ་ཡང་གཡོ་བར་བྱེད་དོ་ཞེས་པ་མན་ཆད་ཀྱིས་བསྟན། མཐོང་བའི་ལམ་ལ་གདམས་པ་ཡང་མདོའི་ཚིག །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་མཐའ་ ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བདག་ཀྱང་ཡོད་དོ་ཞེས་པ་མན་ཆད་ཀྱིས་བསྟན། བསྒོམ་པའི་ལམ་ལ་གདམས་པ་ཡང་མདོའི་ཚིག །སྦྱིན་པ་ནི་ཡོངས་སུ་ འཛིན་པ་ཡོད་པའི་ཕྱིར་གདགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཐམས་ཅད་མཁྱེན་པ་ལ་དོན་བཅུས་བསྟན་པའི་གསུམ་པ་ངེས་པར་འབྱེད་པའི་ཡན་ལག་ལ་བདུན་ཏེ། རང་བཞིན་ཏེ། སྣང་བ་ཐོབ་པ་ལ་སོགས་པ་དང་། དབྱེ་བ་སྟེ། ཆུང་ངུ་ལ་སོགས་པ་དང་། དམིགས་པ་སྟེ། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་མི་རྟག་པ་ལ་སོགས་པའི་དམིགས་པ་དང་། རྣམ་པ་སྟེ། མངོན་པར་ཞེན་པ་ལ་འགོག་པ་དང་། ལས་ཏེ། རྣམ་པར་རྟོག་པ་བཞི་དབྱེ་བ་དང་བཅས་པ་སྤོང་བ་དང་། ཡོངས་སུ་འཛིན་པ་སྟེ། སངས་རྒྱས་དང་ བྱང་ཆུབ་སེམས་དཔས་ཡོངས་སུ་བཟུང་བ་དང་། རྒྱུ་སྟེ། བྱང་ཆུབ་རྣམ་པ་གསུམ་ཆར་གྱི་རྒྱུའོ། །དེ་ལ་དབྱེ་བའི་སྐབས་ནས་དྲོད་ཆུང་ངུའི་དམིགས་པ་ཡང་། ལེའུ་དྲུག་པའི་སྐབས་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཡང་མདོའི་ཚིག །དེས་ཆོས་སུ་བཏགས་པ་མིང་དང་བརྡ་ཅན་ཡིན་པར་ཁོང་དུ་ཆུད་ན་ཞེས་པ་ལ་སོགས་པས་བསྟན། དྲོད་འབྲིང་གི་ དམིགས་པ་ཡང་མདོའི་ཚིག །རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཡང་མདོའི་ཚིག་ལེའུ་བརྒྱད་པའི་སླད་དུ་ཉེ་བ་ནས། བཅོམ་ལྡན་འདས་ བདག་གིས་ཆོས་ཐམས་ཅད་མ་འཚལ་མ་དམིགས་ཞེས་པ་ལ་སོགས་པས་བསྟན། དྲོད་ཆེན་པོའི་དམིགས་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་འདི་ལྟ་སྟེ། གང་ཡང་བྱང་ཆུབ་སེམས་དཔའ་ཞེས་ཆོས་ཉིད་ཀྱིས་བརྡར་བཏགས་པ་དེ་ཡང་ཕུང་པོ་རྣམས་སམ་ ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་འདི་ལྟ་སྟེ། རྨི་ལམ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་པ་མན་ཆད་ཀྱིས་བསྟན། རྩེ་མོ་ཆུང་ངུའི་དམིགས་པ་ཡང་མདོའི་ཚིག །བཅོམ་ ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བགྱིའོ་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ་ཞེས་པ་མན་ཆད་ཀྱིས་བསྟན། རྩེ་མོ་འབྲིང་གི་དམིགས་པ་ནི་མདོའི་ཚིག །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་མི་རྟག་པ་སྟེ་ཞེས་པ་མན་ཆད་ཀྱིས་ བསྟན། རྣམ་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མི་མཁས་པས་གལ་ཏེ་ངར་འཛིན་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། རྩེ་མོ་ཆེན་པོའི་དམིགས་པ་ཡང་ མདོའི་ཚིག །དེ་ཅིའི་སླད་དུ་ཞེ་ན། དེ་ནི་མཚན་མར་བརྗོད་པ་མ་ལགས་ཏེ་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་ཡོངས་སུ་ བརྟག་པར་བགྱི་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། བཟོད་པ་ཆུང་ངུའི་དམིགས་པ་ཡང་མདོའི་ཚིག །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བར་རིག་པར་བྱ་ཞེས་པ་ མན་ཆད་ཀྱིས་བསྟན། རྣམ་པ་ཡང་མདོའི་ཚིག །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་ཇི་ལྟ་བུ་ཡིན་ཞེས་པ་མན་ཆད་ཀྱིས་བསྟན། བཟོད་པ་འབྲིང་གི་དམིགས་པ་ཡང་མདོའི་ཚིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ ཆོས་ཐམས་ཅད་མ་སྐྱེས་ཤིང་མ་བྱུང་བས་མེད་པའི་ཕྱིར་རོ་ཞེས་པ་མན་ཆད་ཀྱིས་བསྟན། བཟོད་པ་འབྲིང་གི་རྣམ་པ་ཡང་མདོའི་ཚིག །དེ་ཅི་ལྟ་ཅི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཞེས་པ་ལ་སོགས་པས་བསྟན། བཟོད་པ་ཆེན་པོའི་དམིགས་པ་ ཡང་མདོའི་ཚིག །ལེའུ་དགུ་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཡང་མདོའི་ཚིག །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པར་རིག་པར་བྱ་བ་ཡིན་ཞེས་པ་མན་ཆད་ཀྱིས་བསྟན། འཇིག་རྟེན་གྱི་ཆོས་ཀྱི་མཆོག་ཆུང་ངུའི་དམིགས་པ་ཡང་མདོའི་ཚིག །རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མཉམ་པའི་ ཕྱིར་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ནི་མདོའི་ཚིག །ཏིང་ངེ་འཛིན་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པ་མན་ཆད་ཀྱིས་བསྟན། ཆོས་ཀྱི་མཆོག་ འབྲིང་གི་དམིགས་པ་ནི་མདོའི་ཚིག །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཨ་ལ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཏིང་ངེ་འཛིན་དེ་དག་གིས་གནས་པ་ནི་ཞེས་པ་མན་ཆད་ཀྱིས་ བསྟན། རྣམ་པ་ཡང་མདོའི་ཚིག །ཏིང་ངེ་འཛིན་དེ་དག་གིས་གནས་པ་དེ་ནི་ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་མན་ཆད་ཀྱིས་བསྟན། ཆོས་ཀྱི་མཆོག་ཆེན་པོའི་དམིགས་པ་ནི་མདོའི་ཚིག །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ གཞན་ལ་ཏིང་ངེ་འཛིན་ཡང་གཞན་ཞིང་བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད་ཀྱིས་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཡང་མདོའི་ཚིག །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ཀྱང་གཞན་ མ་ཡིན་ཞེས་པ་མན་ཆད་ཀྱིས་བསྟན་ཏོ། །ངེས་པར་འབྱེད་པའི་ཡན་ལག་གིས་ནི་རྣམ་པར་རྟོག་པ་བཞི་སྤོང་སྟེ། དེ་ཡང་གཟུང་བར་རྟོག་པ་གཉིས་ནི་དངོས་པོ་ལ་རྟོག་པ་སྟེ། ཕུང་པོ་ལ་སོགས་པ་བརྗོད་པ་ཙམ་དུ་རྟོག་པ་དང་། གཉེན་པོ་ལ་ རྟོག་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཕྱོགས་ལ་སེམས་ཙམ་དུ་ཤེས་པའོ། །འཛིན་པར་རྟོག་པ་ཡང་གཉིས་ཏེ། གང་ཟག་ཏུ་འཛིན་པར་རྟོག་པ་སྟེ། འཛིན་པའི་རྣམ་པ་གང་གིས་སེམས་ཅན་ལ་སོགས་པར་སྒྲོ་བཏགས་པའི་དངོས་པོ་གཏན་མེད་པར་ འགོག་པའོ། །དེར་གདགས་པ་ལ་བརྟེན་པའི་རྟོག་པ་སྟེ། ཕུང་པོ་ལ་གང་ཟག་ཏུ་བཏགས་པ་དེ་ཡང་འཛིན་པའི་ངོ་བོ་མ་ཡིན་པ་ཉིད་དུ་འབྱེད་པའོ། །བཞི་པོ་དེ་དག་ཀྱང་གོ་རིམས་བཞིན་ངེས་པར་འབྱེད་པའི་ཆ་བཞི་ལ་ཡོད་པར་བལྟ་བར་བྱའོ། །དེ་ལ་གཟུང་བར་རྣམ་པར་ རྟོག་པ་དང་པོ་ལ་ཡང་དགུ་སྟེ། གཟུང་བར་རྟོག་པ་ཀུན་ནས་ཉོན་མོངས་པའི་རྟེན་ཅན་མ་རིག་པ་དང་། གཟུགས་ལ་སོགས་པའི་ཕུང་པོ་དང་། མིང་དང་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་སྒོ་ནས་མཐའ་གཉིས་ལ་ཆགས་པ་དང་། ཀུན་ནས་ཉོན་མོངས་པ་ དང་རྣམ་པར་བྱང་བ་མི་ཤེས་པ་དང་། འཕགས་པའི་ལམ་ལ་མི་གནས་པ་དང་། དམིགས་པ་རྣམ་པར་དག་པ་དང་། བདག་ལ་སོགས་པ་རྣམ་པར་དག་པ་དང་། སྐྱེ་བ་ལ་སོགས་པ་རྣམ་པར་དག་པ་དང་། གཟུང་བར་རྟོག་པ་གཉིས་པ་གཉེན་པོ་ལ་རྟོག་པ་ཡང་དགུ་སྟེ། གཉེན་པོའི་རྟེན་ཅན་ཕུང་པོ་དང་། སྐྱེ་བའི་སྒོ་དང་། རིགས་དང་། སྐྱེ་བ་དང་། སྟོང་པ་ཉིད་དང་། དོན་དམ་པ་དང་། མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་དང་། འཛིན་པར་རྟོག་པ་དང་པོ་ཡང་དགུ་སྟེ། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་བདག་རང་དབང་ཅན་ དང་། གཅིག་དང་། རྒྱུ་དང་། ལྟ་བ་པོ་དང་། བདག་ཀུན་ནས་ཉོན་མོངས་པ་དང་། འདོད་ཆགས་དང་བྲལ་བ་དང་། མཐོང་བ་དང་། བསྒོམ་པ་དང་། དོན་བྱས་པའི་རྟེན་ཡིན་པ་དང་། འཛིན་པར་རྟོག་པ་གཉིས་ལ་ཡང་དགུ་སྟེ། གང་ཟག་བཏགས་པར་ཡོད་ པའི་རྟེན་ཅན་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྣམ་པར་བྱང་བ་དང་། མཐོང་བ་དང་། བསྒོམ་པ་དང་། ཁྱད་པར་དང་། མི་སློབ་པའི་ལམ་སྟེ། དེ་ལྟར་དབྱེ་ན་རྟོག་པ་སུམ་ཅུ་རྩ་དྲུག་གོ། །དང་པོ་དགུ་ལས་ དམིགས་པ་རྣམ་པར་དག་པ་ཡང་མདོའི་ཚིག །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ་ཞེས་པ་ལ་སོགས་པས་བསྟན། བདག་ལ་སོགས་པ་རྣམ་པར་དག་པ་ཡང་མདོའི་ཚིག །ཤཱ་རིའི་བུས་ གསོལ་པ། བཅོམ་ལྡན་འདས་ཅི་ཞིག་མི་དམིགས་ལགས་ཞེས་པ་མན་ཆད་ཀྱིས་བསྟན། སྐྱེ་བ་ལ་སོགས་པ་རྣམ་པར་དག་པ་ཡང་མདོའི་ཚིག །ཤཱ་རིའི་བུ་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་པ་མན་ཆད་ཀྱིས་བསྟན། མ་རིག་པ་ཡང་མདོའི་ ཚིག །ཤཱ་རིའི་བུ་ཅི་ལྟར་མེད་པ་དེ་ལྟར་ཡོད་པ་མ་ཡིན་པས་དེའི་ཕྱིར། མ་རིག་པ་ཞེས་བྱའོ་ཞེས་པ་ལ་སོགས་པས་བསྟན། གཟུགས་ལ་སོགས་པའི་ཕུང་པོ་ཡང་མདོའི་ཚིག །ཤཱ་རིའི་བུ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་གཟུགས་ ཡོད་པ་མ་ཡིན་ཞེས་པ་མན་ཆད་ཀྱིས་བསྟན། མིང་དང་གཟུགས་ལ་ཞེན་པའི་སྒོ་ནས་མཐའ་གཉིས་ལ་ཆགས་པ་ཡང་མདོའི་ཚིག །དེ་ལ་བྱིས་པ་གང་དག་མ་རིག་པ་དང་། སྲེད་ལེན་དག་གི་མངོན་པར་ཞེན་པ་ཞེས་པ་མན་ཆད་ཀྱིས་བསྟན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་ཤེས་པ་ཡང་མདོའི་ཚིག །དེ་དག་དེ་ལྟར་མངོན་པར་ཞེན་པས་ན་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་རྟོགས་པར་བྱེད་པའི་ཕྱིར་ཞེས་པ་ལ་སོགས་པས་བསྟན། འཕགས་པའི་ལམ་ལ་མི་གནས་པ་ཡང་མདོའི་ཚིག །དེ་དག་ནི་མི་གནས་པ་ཡིན་ཏེ། ཇི་ཞིག་ལ་མི་ གནས་ཤེ་ན་ཞེས་པ་མན་ཆད་ཀྱིས་བསྟན། གཟུང་བར་རྟོག་པ་གཉིས་པ་གཉེན་པོའི་རྟེན་ཅན་ཡང་མདོའི་ཚིག །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལགས་ཤིང་ཞེས་པ་མན་ཆད་ཀྱིས་བསྟན་ཏེ། དགུར་ཕྱེ་བ་ནི་མདོ་ལས་ས་བཅད་དུ་མ་མཆིས་ཏེ་དོན་གྱིས་བཞག །འཛིན་པར་རྟོག་པ་གཉིས་ཀྱི་དབྱེ་བ་ཡང་དེ་དང་འདྲ། འཛིན་པར་རྟོག་པ་དང་པོ་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་ཡང་མདོའི་ཚིག །བཅོམ་ལྡན་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་ སྟེ། སྒྱུ་མའི་སྐྱེས་བུ་འདི་ཞེས་པ་མན་ཆད་ཀྱིས་བསྟན། འཛིན་པར་རྟོག་པ་གཉིས་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཡང་ལེའུ་བཅུ་པའི་ཀླད་ནས་མདོའི་ཚིག །རབ་འབྱོར་འདི་ཇི་སྙམ་དུ་སེམས། ཉེ་བར་ལེན་པའི་ཕུང་པོ་འདི་དགུ་ལ་ཞེས་པ་མན་ཆད་ཀྱིས་ བསྟན། ཡོངས་སུ་འཛིན་པ་ཡང་མདོའི་ཚིག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྟན་པ་འདི་ཐོས་ན་སྐྲག་སྟེ་དངང་བར་ མི་འགྱུར་ལགས་གྲང་ཞེས་པ་ལ་སོགས་པ་བསྟན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དོན་བཅུས་བསྟན་པའི་བཞི་པ་སྟེ། བསྒྲུབ་པའི་རྟེན་ལ་ཡང་དོན་བཅུ་གསུམ་སྟེ། འཇིག་རྟེན་པའི་སྦྱོར་བའི་ལམ་གྱི་ཆ་བཞི་དང་། མཐོང་བསྒོམ་གཉིས་དང་། གཉེན་པོ་སྐྱེས་ཏེ་ མི་མཐུན་པའི་ཕྱོགས་འགགས་པ་དང་། དེ་གཉི་ག་མི་དམིགས་པ་དང་། མཐའ་གཉིས་ལ་མི་གནས་པའི་མཚན་ཉིད་ཤེས་རབ་དང་ཐབས་དང་། དེ་དག་མ་སྐྱེས་པ་ཐེག་པ་འོག་མ་དང་། ཐུན་མོང་མ་ཡིན་པ་དང་། ཐེག་པ་གསུམ་ལ་དགོད་པའི་གཞན་གྱི་དོན་དང་། འཁོར་བ་ཇི་སྲིད་པར་མཚན་མ་མེད་པར་ལྷུན་གྱིས་གྲུབ་པར་གཞན་གྱི་དོན་གྱི་ཡེ་ཤེས་འབྱུང་བ་སྟེ། གོ་རིམས་བཞིན་ནོ། །འདི་དག་སོ་སོར་ས་བཅད་དུ་མེད་ཅིང་དོན་གྱིས་བཞག་སྟེ། དེ་ཡང་མདོའི་ཚིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་ཞེས་བགྱི་བའི་གཞིའི་དོན་གང་ལགས་ཞེས་པའི་ལེའུ་བཅུ་གཅིག་པའི་ཀླད་མན་ཆད་ཀྱིས་བསྟན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ལ་དོན་བཅུས་བསྟན་པའི་ལྔ་པ་ལ་ཡང་དོན་བཅུ་གཅིག་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། སོ་ སོའི་སྐྱེ་བོ་དང་འབྲེལ་བའི་ཕུང་པོ་ལྔ་དང་། འཕགས་པའི་སྐྱེ་བོས་བསྡུས་པའི་བསམ་གཏན་བཞི་དང་། བདག་ཏུ་ལྟ་བའི་གཉེན་པོ་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། དེ་ལྟར་ལྟ་བའི་གཉེན་པོ་དྲན་པ་ཉེ་བར་གཞག་པ་དང་། རྒྱུ་རྐྱེན་ལ་རག་ལས་པ་ཁམས་གསུམ་དང་། རྒྱུ་ལ་མི་ ལྟོས་པ་དེ་བཞིན་ཉིད་དང་། འཕགས་པའི་སྐྱེ་བོ་ཀུན་གྱི་རྒྱུད་ལ་འབྱུང་བའི་ཐུན་མོང་གི་བསམ་གཏན་བཞི་དང་། སངས་རྒྱས་ཀྱི་རྒྱུད་ལ་འབྱུང་བའི་ཆོས་ཅན་སྟོབས་བཅུ་དང་། དེ་ལ་དགེ་བ་ཡང་མདོའི་ཚིག །རབ་འབྱོར་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཁོང་དུ་ ཆུད་པར་བྱའོ་ཞེས་པས་མགོ་དྲངས་ནས་འོག་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་དགེ་བའི་ཆོས་གང་ལགས་ཞེས་བྱ་བ་ལ་སོགས་པས་བསྟན། མི་དགེ་བ་ཡང་མདོའི་ཚིག །བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་མི་དགེ་ བའི་ཆོས་རྣམས་གང་ལགས་ཞེས་པ་ལ་སོགས་པས་བསྟན། ལུང་དུ་མ་བསྟན་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་རྣམས་གང་ལགས་ཞེས་པ་ལ་སོགས་པས་བསྟན། སོ་སོའི་སྐྱེ་བོ་དང་འབྲེལ་བའི་ཕུང་པོ་ལྔ་ཡང་མདོའི་ཚིག ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་རྣམས་གང་ལགས་ཞེས་པ་མན་ཆད་ཀྱིས་བསྟན། འཕགས་པའི་སྐྱེ་བོས་བསྡུས་པའི་བསམ་གཏན་བཞི་ཡང་མདོའི་ཚིག །བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་རྣམས་གང་ལགས་ཞེས་པ་མན་ཆད་ཀྱིས་བསྟན། བདག་ཏུ་ལྟ་བའི་གཉེན་པོ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་མདོའི་ཚིག །དེ་ལྟར་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། དེ་ལྟར་ལྟ་བའི་གཉེན་པོ་དྲན་པ་ཉེ་བར་གཞག་པ་ཡང་མདོའི་ཚིག །དེ་ལ་ཟག་པ་མེད་པའི་ཆོས་རྣམས་གང་ ཞེ་ན། ཞེས་པ་མན་ཆད་ཀྱིས་བསྟན། རྒྱུ་རྐྱེན་ལ་རག་ལས་པ་ཁམས་གསུམ་ལ་སོགས་པ་ཡང་མདོའི་ཚིག །དེ་ལ་འདུས་བྱས་ཀྱི་ཆོས་རྣམས་གང་ཞེ་ན། ཞེས་པ་མན་ཆད་ཀྱིས་བསྟན། རྒྱུ་ལ་མི་ལྟོས་པ་དེ་བཞིན་ཉིད་ཀྱང་མདོའི་ཚིག །དེ་ལ་འདུས་མ་ བྱས་ཀྱི་ཆོས་རྣམས་གང་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། འཕགས་པའི་སྐྱེ་བོ་ཀུན་གྱི་རྒྱུད་ལ་འབྱུང་བའི་བསམ་གཏན་བཞི་ཡང་མདོའི་ཚིག །དེ་ལ་ཐུན་མོང་གི་ཆོས་རྣམས་གང་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། སངས་རྒྱས་ཀྱི་རྒྱུད་ལ་འབྱུང་བའི་ཆོས་ ཅན་སྟོབས་བཅུ་ཡང་མདོའི་ཚིག །དེ་ལ་ཐུན་མོང་མ་ཡིན་པའི་ཆོས་རྣམས་གང་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ལ་དོན་བཅུར་ཕྱེ་བའི་དྲུག་པ་ནི་ཆེད་དུ་བྱ་བའམ་དོན་དུ་གཉེར་བ་སྟེ། དེ་ལ་གསུམ་སྟེ། སེམས་བསྐྱེད་པ་ཆེ་བ་དང་། སྤོང་བ་ཆེ་བ་དང་། རྟོགས་པ་ཆེ་བའོ། །དེ་ལ་སེམས་བསྐྱེད་པ་ཆེ་བ་ཡང་མདོའི་ཚིག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ཅིའི་སླད་དུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་པ་མན་ཆད་ཀྱིས་བསྟན། སྤོང་བ་ཆེ་བ་ཡང་མདོའི་ཚིག །ལེའུ་བཅུ་གཉིས་པའི་ཀླད་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གིས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ལ་བདག་ཀྱང་སྤོབས་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། རྟོགས་པ་ཆེ་བ་ཡང་མདོའི་ཚིག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་ གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ལ་བདག་ཀྱང་སྤོབས་སོ་ཞེས་པ་མན་ཆད་ཀྱིས་བསྟན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དོན་བཅུས་བསྟན་པའི་བདུན་པ་གོ་ཆ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཆོས་མཐུན་པའི་ཕྱིར་བསྡུ་ན་གོ་ཆའི་སྒྲུབ་པ་ རྣམ་པ་དྲུག་ཏུ་འདུས་ལ། དབྱེ་ན་སུམ་ཅུ་རྩ་དྲུག་སྟེ། དེ་ཡང་མདོའི་ཚིག་ལེའུ་བཅུ་གསུམ་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་དབྱངས་རྗེས་སུ་སྒྲོགས་པ་ཡང་མཛད་དོ། །ཞེས་ པའི་བར་གྱིས་བསྟན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ལ་དོན་བཅུས་བསྟན་པའི་བརྒྱད་པ་འཇུག་པའི་སྒྲུབ་པ་ལ་ཡང་དགུ་སྟེ། བསམ་གཏན་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ལམ་དང་། ཚད་མེད་པ་ བཞི་དང་། མི་དམིགས་པ་དང་། འཁོར་གསུམ་དག་པ་དང་། ཆེད་དུ་བྱ་བ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པའི་མཚན་ཉིད་དོ། །དེ་ལ་བསམ་གཏན་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་ཡང་མདོའི་ཚིག ། ཤཱ་རིའི་བུས་སྨྲས་པ། གང་པོ་ཅི་ཙམ་གྱིས་ན་ཞེས་པ་མན་ཆད་ཀྱིས་བསྟན། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་མདོའི་ཚིག །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པའི་སེམས་ཡངས་པ་ཞེས་པ་མན་ཆད་ ཀྱིས་བསྟན། ལམ་ཡང་མདོའི་ཚིག །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་དང་ཞེས་བྱ་བ་མན་ཆད་ཀྱིས་བསྟན། ཚད་མེད་པ་ཡང་ མདོའི་ཚིག །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་ཞེས་པ་མན་ཆད་ཀྱིས་བསྟན། མི་དམིགས་པ་ཡང་ མདོའི་ཚིག །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་མི་དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཤེས་པ་གང་ཡིན་པ་དང་ཞེས་པ་ལ་སོགས་པས་བསྟན། འཁོར་གསུམ་དག་པ་ཡང་མདོའི་ཚིག །དེ་ནས་ ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་ཞེས་པ་མན་ཆད་ཀྱིས་བསྟན། ཆེད་དུ་བྱ་ བ་ཡང་མདོའི་ཚིག །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མ་འདྲེས་པ་ཞེས་པ་ལ་སོགས་པས་བསྟན། མངོན་པར་ཤེས་པ་ཡང་མདོའི་ཚིག །ཚེ་དང་ ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པའི་ཕྱིར་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཡང་མདོའི་ཚིག །དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ ཀྱང་ཞེས་པ་ནས་ལེའུ་བཅུ་གསུམ་པའི་མཇུག་གི་བར་གྱིས་བསྟན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ལ་དོན་བཅུས་བསྟན་པའི་དགུ་པ་ཚོགས་ལ་ཡང་བཅུ་བདུན་ཏེ། སྙིང་རྗེ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཞི་གནས་དང་། ལྷག་མཐོང་དང་། ཟུང་དུ་འབྲེལ་པ་ དང་། ཐབས་ལ་མཁས་པ་དང་། ཡེ་ཤེས་དང་། བསོད་ནམས་དང་། མཐོང་བ་ལ་སོགས་པའི་ལམ་དང་། ཚིག་ལ་སོགས་པའི་གཟུངས་དང་། ས་དང་། གཉེན་པོའོ། །དེ་ལ་སྙིང་རྗེ་ཡང་མདོའི་ཚིག་ལེའུ་བཅུ་བཞི་པའི་ཀླད་ནས། བཅོམ་ལྡན་འདས་ལ་ཚེ་ དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་ཞེས་པ་མན་ཆད་ཀྱིས་བསྟན། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཏེ། གོ་ཆ་ཆེན་པོ་བགོས་ནས་ཞེས་པ་མན་ཆད་ཀྱིས་བསྟན། ཞི་གནས་ཀྱང་མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ ཞིང་དེ་ཇི་ལྟར་བདག་ཅེས་པ་མན་ཆད་ཀྱིས་བསྟན། ལྷག་མཐོང་ཡང་མདོའི་ཚིག །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་པ་མན་ཆད་ཀྱིས་བསྟན། ཟུང་དུ་འབྲེལ་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་ གཟུགས་ནི་མ་བཅིངས་མ་གྲོལ་བ་ལགས་སོ་ཞེས་པ་ནས་ལེའུ་བཅུ་བཞི་པའི་མཇུག་གི་བར་གྱིས་བསྟན། ཐབས་ལ་མཁས་པ་ཡང་མདོའི་ཚིག །ལེའུ་བཅོ་ལྔ་པའི་ཀླད་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ་ ཞེས་པ་ནས་ཐེག་པ་ཆེན་པོ་ཡིན་ནོ་ཞེས་པའི་བར་གྱིས་བསྟན། ཡེ་ཤེས་ལ་ཉི་ཤུ་སྟེ་སྟོང་པ་བཅོ་བརྒྱད་དང་། རང་གི་ངོ་བོ་དང་། གཞན་གྱི་ངོ་བོ་སྟོང་པ་སྟེ་ཉི་ཤུའོ། །དེ་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ་ནང་སྟོང་པ་ཉིད་དང་ཞེས་པ་མན་ཆད་ཀྱིས་བསྟན། བསོད་ནམས་ཀྱི་ཚོགས་ཀྱང་མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་ འཛིན་དང་ཞེས་པ་ལ་སོགས་པས་བསྟན། མཐོང་བ་ལ་སོགས་པའི་ལམ་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། ཚིག་ལ་སོགས་པའི་གཟུངས་ཀྱང་མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཏེ་ཞེས་པ་མན་ཆད་ཀྱིས་བསྟན། སའི་ཚོགས་ཀྱང་ཆོས་གང་དང་གང་གིས་ཡོངས་སུ་སྦྱོང་བར་ འགྱུར་བའི་ཆོས་གང་དག་ཡིན་པ་མདོར་བསྟན་པ་དང་། རྣམ་པར་དབྱེ་བ་དང་བཅས་པར་ལེའུ་བཅུ་བདུན་པ་ཡན་ཆད་ཀྱིས་བསྟན། དེ་ལ་མདོར་བསྟན་པ་ཡང་ལེའུ་བཅུ་བདུན་པའི་ཀླད་ནས། རབ་འབྱོར་ཁྱོད་འདི་སྐད་དུ་ཇི་ལྟར་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པར་དབྱེ་བ་ ཡང་ས་དང་པོ་ལ་ཡང་ཡོངས་སུ་སྦྱོང་བ་བཅུར་སྔར་གྲངས་ཀྱིས་བསྟན་པའི་དབྱེ་བ་ཡང་མདོའི་ཚིག །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པའི་ལྷག་ པའི་བསམ་པ་ཡོངས་སུ་སྦྱོང་བ་གང་ལགས་ཞེས་པ་མན་ཆད་ཀྱིས་བསྟན། ས་གཉིས་པ་ཡོངས་སུ་སྦྱོང་བའི་ཆོས་བརྒྱད་ཀྱི་དབྱེ་བ་ཡང་མདོའི་ཚིག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཞེ་ན་ཞེས་ པ་ལ་སོགས་པས་བསྟན། ས་གསུམ་པ་ལ་ཡོངས་སུ་སྦྱོང་བའི་ཆོས་ལྔའི་དབྱེ་བ་ཡང་མདོའི་ཚིག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་ཆོག་མི་ཤེས་པ་གང་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། ས་བཞི་པ་ལ་ཡོངས་སུ་སྦྱོང་བའི་ཆོས་བཅུ་བཞིའི་ དབྱེ་བ་ཡང་མདོའི་ཚིག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པ་ལ་གནས་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན་ཞེས་པ་ལ་སོགས་པས་བསྟན། ས་ལྔ་པ་ལ་ཆོས་བཅུ་སྤང་བའི་དབྱེ་བ་ཡང་མདོའི་ཚིག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཁྱིམ་པ་དང་འདྲིས་པར་བྱེད་པ་ཡོངས་སུ་སྤོང་བ་གང་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། ས་དྲུག་པ་ལ་ཆོས་དྲུག་རྫོགས་པར་བྱ་བ་དང་། དྲུག་སྤང་བར་བྱ་བའི་དབྱེ་བ་ཡང་མདོའི་ཚིག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དྲུག་པ་ལ་ཆོས་དྲུག་ཡོངས་སུ་རྫོགས་ པར་བྱ་བ་གང་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། ས་བདུན་པས་ཆོས་ཉི་ཤུ་མི་བྱ་བ་དང་། ཉི་ཤུ་ཡོངས་སུ་རྫོགས་པར་བྱ་བའི་དབྱེ་བ་ཡང་མདོའི་ཚིག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་བདག་ཏུ་འཛིན་པར་མི་བྱ་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། ས་བརྒྱད་པས་ཡོངས་སུ་སྦྱོང་བ་བཞི་ཚན་གཉིས་ཀྱི་དབྱེ་བ་ཡང་མདོའི་ཚིག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་འཇུག་པ་གང་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། ས་དགུ་པ་ལ་ཡོངས་སུ་སྦྱོང་བ་བཅུ་གཉིས་ཡོངས་སུ་ རྫོགས་པར་བྱེད་པའི་དབྱེ་བ་ཡང་མདོའི་ཚིག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྨོན་ལམ་ཇི་ལྟ་བུ་འདེབས་པ་དེ་ལྟ་བུར་འགྲུབ་པར་འགྱུར་བ་ཇི་ལྟ་བུ་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། ས་བཅུ་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་བསྟན་པའི་དབྱེ་བ་ཡང་མདོའི་ ཚིག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་བཅུ་ལ་གནས་པ་ཇི་ལྟར་ན་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན། ཚོགས་ཀྱི་སྒྲུབ་པ་ལ་བཅུ་བདུན་དུ་ཕྱེ་བའི་ཐ་མ་གཉེན་པོའི་ཚོགས་ནི་མཐོང་བ་དང་བསྒོམ་པའི་ལམ་གྱིས་རྣམ་པར་རྟོག་པ་བཞི་ སྤོང་བའི་གཉེན་པོ་བརྒྱད་ལེའུ་བཅོ་བརྒྱད་པས་བསྟན་ཏེ། ཆེད་དུ་བྱ་བ་དང་། མཉམ་པ་ཉིད་དུ་ངེས་པར་འབྱུང་བའི་ཡང་ལེའུ་འདི་ལས་གཅིག་སྦྱོར། དེ་ལ་གཟུང་བར་རྟོག་པ་དང་པོ་དངོས་པོ་ཙམ་ལ་རྟོག་པའི་གཉེན་པོ་ཡང་མདོའི་ཚིག །རབ་འབྱོར་ཁྱོད་གང་འདི་སྐད་དུ་ཐེག་པ་དེ་ གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་ཟེར་བ་ནི་ཞེས་པ་མན་ཆད་ཀྱིས་བསྟན། གཟུང་བར་རྟོག་པ་གཉིས་པ་གཉེན་པོ་ལ་རྟོག་པའི་གཉེན་པོ་ཡང་མདོའི་ཚིག །རབ་འབྱོར་ཁྱོད་གང་འདི་སྐད་དུ་ཐེག་པ་དེ་གང་དུ་གནས་པར་འགྱུར་ཞེས་ཟེར་བ་ནི་ཞེས་པ་མན་ཆད་ཀྱིས་བསྟན། འཛིན་པར་རྟོག་པ་དང་པོ་གང་ཟག་ཏུ་འཛིན་པར་རྟོག་པའི་གཉེན་པོ་ཡང་མདོའི་ཚིག །རབ་འབྱོར་ཁྱོད་གང་འདི་སྐད་དུ་ཐེག་པ་དེས་སུ་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་ཟེར་བ་ནི་ཞེས་པ་མན་ཆད་ཀྱིས་བསྟན། འཛིན་པར་རྟོག་པ་གཉིས་པ་ཆོས་ཙམ་ལ་འཛིན་པར་རྟོག་པའི་གཉེན་ པོ་ཡང་མདོའི་ཚིག །ཤིན་ཏུ་རྣམ་པར་དག་པའི་ཕྱིར་དེ་བཞིན་ཉིད་མི་དམིགས་ཞེས་པ་མན་ཆད་ཀྱིས་བསྟན། མཐོང་བ་དང་བསྒོམ་པ་གཉིས་སོ་སོའི་ས་བཅད་དུ་མེད། རྣམ་པ་ཐམས་ཅད་མཁྱེན་པ་ལ་དོན་བཅུས་བསྟན་པའི་ཐ་མ་ངེས་པར་འབྱུང་བའི་ལམ་ཡང་བརྒྱད་དེ། ཆེད་དུ་བྱ་བའི་ངེས་པར་འབྱུང་བ་དང་། མཉམ་པ་ཉིད་དུ་ངེས་པར་འབྱུང་བ་དང་། གཞན་གྱི་དོན་དུ་ངེས་པར་འབྱུང་བ་དང་། ལྷུན་གྱིས་གྲུབ་པར་ངེས་པར་འབྱུང་བ་དང་། མཐའ་གཉིས་དང་བྲལ་བས་ངེས་པར་འབྱུང་བ་དང་། ཐོབ་པའི་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་དང་། དེའི་ཁྱད་པར་གྱི་ལམ་གྱིས་ངེས་པར་འབྱུང་བའོ། །དེ་ལ་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་ཡང་ལེའུ་བཅོ་བརྒྱད་པའི་ཀླད་ནས་མདོའི་ཚིག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་མན་ཆད་ ཀྱིས་བསྟན། མཉམ་པ་ཉིད་དུ་ངེས་པར་འབྱུང་བ་ཡང་མདོའི་ཚིག །རབ་འབྱོར་ཁྱོད་གང་འདི་སྐད་དུ་ཐེག་པ་དེ་གང་དུ་གནས་པར་འགྱུར་ཞེས་ཟེར་བ་ནི་ཞེས་པ་མན་ཆད་ཀྱིས་བསྟན། གཞན་གྱི་དོན་དུ་ངེས་པར་འབྱུང་བ་ཡང་མདོའི་ཚིག །ལེའུ་བཅུ་དགུ་པའི་ཀླད་ ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་མན་ཆད་ཀྱིས་བསྟན། ལྷུན་གྱིས་གྲུབ་པར་ངེས་པར་འབྱུང་བ་ཡང་མདོའི་ཚིག །རབ་འབྱོར་འདི་སྐད་དུ་བཅོམ་ལྡན་འདས་གང་ཐེག་པ་ཆེན་པོ་དེ་ལ་ནི་འོང་བ་དང་འགྲོ་བ་མི་དམིགས་ཞེས་ པ་མན་ཆད་ཀྱིས་བསྟན། མཐའ་གཉིས་དང་བྲལ་བས་ངེས་པར་འབྱུང་བ་ཡང་མདོའི་ཚིག །རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ་བཅོམ་ལྡན་འདས་ཐེག་པ་དེ་ལ་སྔོན་གྱི་མཐའ་ཡང་མི་དམིགས་ཕྱི་མའི་མཐའ་ཡང་མི་དམིགས་ཞེས་པ་མན་ཆད་ཀྱིས་བསྟན། ཐོབ་པའི་ངེས་ པར་འབྱུང་བ་ཡང་མདོའི་ཚིག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་མན་ཆད་ཀྱིས་བསྟན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ཡང་མདོའི་ཚིག །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་ སྐད་དུ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན་ཞེས་པ་མན་ཆད་ཀྱིས་བསྟན། ལམ་གྱི་ངེས་པར་འབྱུང་བ་ཡང་ལེའུ་ཉི་ཤུ་རྩ་གཅིག་པའི་ཀླད་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་ འདི་སྐད་ཅེས་སྨྲས་སོ་ཞེས་པ་མན་ཆད་ཀྱིས་བསྟན་ཏོ། །སྤྱི་དོན་བརྒྱད་ཀྱིས་བསྟན་པའི་གཉིས་པ་ལམ་གྱི་རྣམ་པ་ཤེས་པ་ལ་ཡང་བཞི་སྟེ། ལམ་གྱི་རྣམ་པ་ཤེས་པ་སྐྱེར་རུང་བའི་རྟེན་དང་། ཡུལ་དང་། ཁྱབ་པ་དང་། རང་བཞིན་དང་། ལས་དང་། ཉན་ཐོས་ཀྱི་ལམ་ཤེས་ པ་དང་། རང་སངས་རྒྱས་ཀྱི་ལམ་ཤེས་པ་དང་། སངས་རྒྱས་ཀྱི་ལམ་ཤེས་པའོ། །དེ་ལ་རྟེན་ནི་ལེའུ་ཉི་ཤུ་རྩ་གཉིས་པའི་ཀླད་ནས། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཞེས་པ་ལ་སོགས་པས་བསྟན། ཡུལ་ངེས་པ་ཡང་མདོའི་ཚིག ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཞེས་པ་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག་ཅེས་པའི་བར་གྱིས་བསྟན། ཁྱབ་པ་སྟེ། ཐེག་པ་ ཆེན་པོ་ཉིད་ཉན་ཐོས་ཀྱི་ལམ་དུ་ཡང་བསྟན་ལ། དེ་ཡང་མདོའི་ཚིག །གང་དག་ཡང་དག་པ་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་ཞེས་པ་ནས་ཁོ་བོ་ནི་དགེ་བའི་ཕྱོགས་ཀྱི་བར་ཆད་མི་བྱེད་པས་ཞེས་པ་ལ་སོགས་པས་བསྟན། རང་བཞིན་དང་། ལས་ནི་ཤུགས་ཀྱིས་བསྟན་ཏེ། སྐྱོན་མེད་པར་ཞུགས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། འཁོར་བ་མཚམས་བཅད་པ་ཡིན་པས་སེམས་བསྐྱེད་དང་འཁོར་བ་ཇི་སྲིད་པར་དོན་བྱེད་པས་རང་བཞིན་དེ་ཡིན། འཁོར་བར་གནས་ན་སེམས་ཅན་གྱི་དོན་བྱེད་པས་ལས་དེ་ཡིན་པར་སྦྱར། ཉན་ཐོས་ཀྱི་ ལམ་བདེན་པ་བཞིའི་ཚུལ་དུ་ཤེས་པ་ཡང་མདོའི་ཚིག །ཀཽ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན་ཞེས་པ་མན་ཆད་ཀྱིས་བསྟན་ལ། སྡུག་བསྔལ་དང་ཀུན་འབྱུང་ནི་གཟུགས་ནི་མི་རྟག་པར་ཡིད་ལ་བྱའོ་ཞེས་པ་ལ་ སོགས་པས་བསྟན། འགོག་པ་ནི་མདོའི་ཚིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་མ་རིག་པ་འགགས་པས་འདུ་བྱེད་འགག་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། ལམ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། བདེན་པ་བཞི་ཤེས་པའི་རྒྱུ་ངེས་པར་འབྱེད་པའི་ཆ་བཞི་ལ་དྲོད་ཀྱང་མདོའི་ཚིག །ཀཽ་ཤི་ཀ་གཟུགས་ནི་གཟུགས་ ཀྱིས་སྟོང་ངོ་ཞེས་པ་མན་ཆད་ཀྱིས་བསྟན། རྩེ་མོ་ཡང་མདོའི་ཚིག །ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་པ་མན་ཆད་ཀྱིས་བསྟན། བཟོད་པ་ཡང་མདོའི་ཚིག །གཟུགས་རྟག་ཅེས་བྱ་ བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་པ་མན་ཆད་ཀྱིས་བསྟན། ཆོས་ཀྱི་མཆོག་ཀྱང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་ཞེས་པ་མན་ཆད་ ཀྱིས་བསྟན། རང་སངས་རྒྱས་ཀྱི་ལམ་ཤེས་པ་ཡང་ཉན་ཐོས་ཀྱི་ལམ་ལས་རང་སངས་རྒྱས་ཀྱི་ལམ་ཁྱད་པར་དུ་འཕགས་པ་རྣམ་པ་གསུམ་དོན་གྱིས་གཞན་པ་དང་། གཟུང་བའི་རྟོག་པ་སྤངས་ལ་འཛིན་པའི་རྟོག་པ་མ་སྤངས་པ་དང་། བསེ་རུ་ལྟ་བུའི་ལམ་བདེན་པ་བཞི་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་ལ་སོགས་པས་བསྟན་ཏེ། དེ་ལས་ཁྱད་པར་དུ་འཕགས་པ་ཡང་མདོའི་ཚིག །དེ་ནས་འཁོར་དེ་ལས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། གནོད་སྦྱིན་རྣམས་ཀྱི་སྐད་དང་ཞེས་པ་མན་ཆད་ཀྱིས་བསྟན། ལམ་ཤེས་པའི་བཟོད་པ་ལ་མི་ བརྟེན་དུ་མི་རུང་བར་བསྟོད་པ་དང་། ལམ་ལ་འཇུག་པའི་གང་ཟག་བསྟན་པ་བར་འདིར་མདོ་ལས་འབྱུང་སྟེ། ལྷའི་བུ་དག་དེ་ལྟར་ན་གང་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་པ་དང་ཞེས་ལེའུ་ཉི་ཤུ་རྩ་གཉིས་ཀྱི་མཇུག་ནས་འབྱུང་བ་ནས། ངེས་པར་མ་སྐྱེས་པ་ གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །རང་སངས་རྒྱས་ཀྱི་ལམ་ཤེས་པའི་རྒྱུ་ངེས་པར་འབྱེད་པའི་ཆ་བཞི་ལ་དྲོད་ཀྱང་མདོའི་ཚིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་ དུ་སེམས་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་བརྟགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་མོ་ཡིན་ནོ་སྙམ་མོ་ཞེས་པ་མན་ཆད་ཀྱིས་བསྟན། རྩེ་མོ་ཡང་མདོའི་ཚིག །གང་སངས་རྒྱས་ཀྱི་ཆོས་གྲངས་མེད་དཔག་ཏུ་མེད་པ་ལ་སློབ་པ་དེ་ནི་ གཟུགས་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་པོ་ཞེས་པ་མན་ཆད་ཀྱིས་བསྟན། བཟོད་པ་ཡང་མདོའི་ཚིག །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་ མི་སློབ་པོ་ཞེས་པ་མན་ཆད་ཀྱིས་བསྟན། ཆོས་ཀྱི་མཆོག་ཀྱང་མདོའི་ཚིག །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་ཆོས་ཐམས་ཅད་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་མ་ཡིན་ཞིང་མེད་པར་བྱ་བའི་ཕྱིར་མ་ ཡིན་པར་བསླབ་ན་ཞེས་པ་མན་ཆད་ཀྱིས་བསྟན། སངས་རྒྱས་ཀྱི་ལམ་ཤེས་པ་ནི་གཉིས་ཏེ། མཐོང་བའི་ལམ་དང་། བསྒོམ་པའི་ལམ་མོ། །མཐོང་བའི་ལམ་ནི་བཟོད་པ་དང་། ཤེས་པ་ལ་སོགས་པའི་རང་བཞིན་དང་། ཚེ་འདི་དང་ཕྱི་མའི་ཕན་ཡོན་དང་བཅས་པར་ བསྟན་ཏེ། མདོའི་ཚིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ་ཞེས་པ་ནས། ཤེས་རབ་གང་བསྒོམ་པ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་ཅེས་བྱ་བ་ཡན་ཆད་ལེའུ་ཉི་ཤུ་དྲུག་པའི་མཇུག་གི་བར་ཡན་ཆད་ཀྱིས་བསྟན། བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་ཏུ་སྦྱར་བ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་ནི་དེ་བཞིན་ཉིད་དང་། སངས་རྒྱས་དོན་དམ་པར་དངོས་པོ་མེད་པས་རྟེན་དང་བརྟེན་པར་རྣམ་གྲངས་ཀྱིས་མི་གནས་པ་ནི་མདོའི་ཚིག །དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་དམིགས་སུ་མེད་དོ་ཞེས་པས་བསྟན། གཟུགས་ལ་སོགས་ པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཆེན་པོ་ཉིད་དང་དེ་དག་ཚད་མེད་པ་ཉིད་དང་། དེ་དག་དཔག་ཏུ་མེད་པ་གསུམ་གོ་རིམས་བཞིན་དུ་མདོའི་ཚིག །བཙུན་པ་རབ་འབྱོར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ ཆེ་བའོ་ཞེས་པ་ལ་སོགས་པ་དང་། འོག་ནས་གཏན་ཚིགས་དང་བཅས་པར་བསྟན། ཀུན་འབྱུང་གི་བདེན་པའི་རྣམ་པ་བཞི་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རྟག་ཆད་ཀྱི་མཐའ་དང་བྲལ་བར་བསྟན་པ་ནི་མདོའི་ཚིག །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ་ཞེས་བྱ་བ་དང་། འོག་ནས་གཏན་ཚིགས། ཀཽ་ཤི་ཀ་གཟུགས་མཐའ་ཡས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་མན་ཆད་ཀྱིས་བསྟན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་པ་ནི་རྟག་ཆད་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་ངེས་པར་འཛིན་པ་ནི་ལེའུ་ཉི་ཤུ་རྩ་ལྔ་པའི་ཀླད་ནས་མདོའི་ཚིག །དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང་ཞེས་པ་མན་ཆད་ཀྱིས་བསྟན། དེ་བཞིན་དུ་དེ་ལ་གནས་པ་ནི་ཆོས་ཐམས་ ཅད་བླང་དོར་མེད་པར་བསྒོམ་སྟེ་མདོའི་ཚིག །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་སུ་ཡོངས་སུ་མི་འཛིན་མི་འདོར་བའི་ཚུལ་དང་ཞེས་པ་ལ་སོགས་པས་བསྟན། ངོ་བོ་ཉིད་མེད་པར་མོས་པ་སྔོན་དུ་འགྲོ་བའི་ཚད་མེད་པ་བཞི་བསྒོམ་པ་ཡང་མདོའི་ཚིག །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་ཞེས་པ་མན་ཆད་ཀྱིས་བསྟན། འགོག་པའི་བདེན་པའི་རྣམ་པ་བཞི་ནི་གཟུགས་ལ་སོགས་པའི་ངོ་བོ་རང་ བཞིན་གྱིས་སྟོང་པར་བསྟན་པ་ཡང་མདོའི་ཚིག །དེ་ནས་ཡང་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གཟུང་ཞེས་པ་མན་ཆད་ཀྱིས་བསྟན། ཆོས་ཀྱི་དབྱིངས་ དང་མཉམ་པའི་དགེ་བའི་རྩ་བའི་འབྲས་བུ་དེ་བཞིན་གཤེགས་པ་ཉིད་ཐོབ་པ་ཡང་མདོའི་ཚིག །དེ་ཕྱི་མ་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཞེས་པ་མན་ཆད་ཀྱིས་བསྟན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཉེན་པོ་རྣམས་ རྣམ་པ་ཐམས་ཅད་བསྡུས་པ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་ས་ཕྱོགས་གང་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཏམ་ཞེས་པ་མན་ཆད་ཀྱིས་བསྟན། ཕྱི་ནང་གི་འཚེ་བ་ཞི་བ་ཡང་མདོའི་ཚིག །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཉེ་བར་ཞི་བར་བྱེད་ཅིང་ཞེས་པ་མན་ཆད་ཀྱིས་བསྟན། ལམ་གྱི་བདེན་པའི་རྣམ་པ་བཞི་ལ་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་ཞི་བ་ཡང་མདོའི་ཚིག །མྱ་ངན་ལས་འདས་པ་ཉིད་དུ་འཛིན་པ་དག་ཉེ་བར་ ཞི་བར་བྱེད་ཅིང་རྣམ་པར་འཕེལ་བར་མི་བྱེད་པ་ཡིན་ནོ་ཞེས་པས་བསྟན། ཤེས་རབ་དང་ཐབས་སུ་ལྡན་པ་ལ་སངས་རྒྱས་ཀྱིས་སྲུང་བ་མཛད་པ་ཡང་མདོའི་ཚིག །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཏམ་ཞེས་པ་ནས། ཚུལ་ བཞིན་ཡིད་ལ་བྱེད་པ་དེ་དག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་བཞི་རྣམས་དང་ཞེས་པ་མན་ཆད་ཀྱིས་བསྟན། སངས་རྒྱས་ཉིད་མངོན་པར་འདོད་པས་བདག་ཉིད་སྲོག་གཅོད་པ་སྤང་བ་དང་། དེ་ཉིད་ལ་གཞན་དག་འགོད་པ་ཡང་མདོའི་ ཚིག །དེ་བདག་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ཅེས་པ་མན་ཆད་ཀྱིས་བསྟན། སྦྱིན་པ་ལ་སོགས་པ་མི་ཟད་པར་བྱེད་འདོད་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ སྤྱོད་པ་ནི་སྦྱིན་པ་གང་སྦྱིན་པ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་ཞིང་ཞེས་པ་མན་ཆད་ཀྱིས་བསྟན་ཏོ། །བྱེད་པ་དྲུག་ལ་སེམས་རང་དབང་ཉིད་དུ་བྱེད་པ་ཡང་མདོའི་ཚིག །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་དག་ནི་དྲན་ པ་འདི་ལྟ་བུར་སྐྱེ་བར་འགྱུར་ཏེ་ཞེས་པ་མན་ཆད་ཀྱིས་བསྟན། དགེ་བའི་བཤེས་གཉེན་ལ་སོགས་པ་སྐྱེ་བོ་ཐམས་ཅད་ལ་འདུད་པ་ཡང་མདོའི་ཚིག །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་ཇི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་ཞེས་པ་མན་ཆད་ཀྱིས་བསྟན། འདོད་ཆགས་ལ་སོགས་པ་ཟིལ་གྱིས་གནོན་པ་ཡང་ལེའུ་ཉི་ཤུ་རྩ་བདུན་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་མན་ཆད་ཀྱིས་བསྟན། ཕ་རོལ་གྱི་གནོད་པ་བྱས་པའི་སྒྲུབ་པས་ཟིལ་གྱིས་ནོན་པ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ འཛིན་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་བ་དེ་ལ་ལ་ལ་ཞིག་གིས་སྨན་མ་ཡིན་པས་གཏོར་ཏམ་ཞེས་པ་ལ་སོགས་པས་བསྟན། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྒྲུབ་པ་ཡང་མདོའི་ཚིག །འདས་པའི་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདི་ལ་བསླབས་ནས་ཞེས་པ་མན་ཆད་ཀྱིས་བསྟན། རྟེན་གྱི་ཡུལ་མཆོད་པར་བྱ་བ་ཉིད་དུ་བྱེད་པ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཏེ་འཆང་ནས་མ་བཟུང་། མ་བཀླགས་ ཞེས་པ་ནས། ཕྱག་བྱ་བར་འོས་པ་ཡིན་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན། བསྒོམ་པའི་ལམ་ལ་ཡང་གཉིས་ཏེ། དག་པ་འཇིག་རྟེན་པ་དང་། རྣམ་པར་མི་རྟོག་པའོ། །དག་པ་འཇིག་རྟེན་པ་མོས་པ་ལ་ཡང་གསུམ་སྟེ། རང་གི་དོན་དུ་མོས་པ་དང་།