Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 81

Văn bản gốc(Tây Tạng)

Trang 1 / 15 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། པཉྩ་བིཾ་ཤ་ཏ་ས་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་ཀཱ་རི་ཀཱ་བརྟི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་
འཚལ་ལོ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་
ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་སྣ་ཚོགས་འདི་དག་ཀུན་མཁྱེན་པ། །སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་དེ་ལ་ཕྱག་འཚལ་ལོ། །དོན་གང་ཞིག་ཡིན་ཞེ་ན།
འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་གསུམ་གྱི་རང་བཞིན་ཐ་དད་མེད་པའི་ཡོན་ཏན་གྱིས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་

ནས། མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་དེ་བཤད་པར་དམ་བཅས་ནས། འདི་ལྟར་རྣམ་པར་བཤད་པར་བྱེད་པས་མངོན་པར་རྟོགས་པའི་རྒྱན་ཉེ་བར་བཤད་པར་བྱའོ་སྙམ་དུ་དགོངས་སོ། །ཅིའི་དོན་དུ་ཞེ་ན།
མདོའི་དོན་བསྡུས་ནས་ཚིག་བསྡུས་པས་སྐྱེ་བོ་བློ་དམན་པ་རྣམས་ཀྱི་རྗེས་སུ་མཐུན་པར་རྒྱ་ཆེར་རྣམ་པར་ཕྱེ་བས་ཤེས་པར་བྱ་བའི་ཆེད་དུ་སྨྲས་པ་ཕྱག་འཚལ་བ་ཉེ་བར་དགོད་པའི་ཚིགས་སུ་བཅད་པ་དོན་ཡོད་པར་བསྟན་པ་ཡིན་ནོ། །འདི་སྐད་ཀྱང་
བརྗོད་པར་བྱ་སྟེ། ཅི་མངོན་པར་རྟོགས་པའི་རྒྱན་བཞི་བསྡུས་པ་ཡིན་ནམ། འོན་ཏེ་གཉེན་པོས་བསྡུས་སམ། ཡང་ན་རྣམ་པ་བསྡུས་པས་རྒྱན་དུ་གྱུར་པ་ཡིན། དེ་ལས་ཅིར་འགྱུར་ཞེ་ན། ཕྱོགས་དང་པོ་ལྟར་ཡིན་ན། འབད་པ་དོན་
མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མདོ་འདི་ལས་མཚན་ཉིད་ཀྱི་བསྟན་བཅོས་དག་ལས་མ་སྨོས་པའི་གཞི་གང་ཡིན་པ་དེ་བཤད་པ་ནི་མེད་དོ། །གཉིས་པ་ལྟར་ན་རྣམ་པར་བྱང་བའི་དངོས་པོ་བསྡུས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་
དངོས་པོ་མ་བསྡུས་པས། འདི་གང་གི་གཉེན་པོ་ཡིན་པར་རྟོགས་པར་མི་འགྱུར་རོ། །གསུམ་པ་ལྟར་ན་ཡང་རྣམ་པ་བཞི་མེད་པ་ཙམ་ཞིག་བསྡུས་པའི་ཕྱིར་དོན་རྟོགས་པ་མེད་པས་ཅུང་ཟད་ཀྱང་མ་བཤད་པ་ཡིན་ནོ་ཞེ་ན། ཕྱོགས་གསུམ་ཅར་

གྱིས་ཀྱང་བསྡུས་པ་ཡིན་ནོ་ཞེས་བསྟན་ཏོ། །གང་བསྡུས་ཤེ་ན། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་དབང་དུ་མཛད་ནས། ཐམས་ཅད་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་རང་བཞིན་གྱི་བདག་ཉིད་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུང་བར་འགྱུར་ཏེ། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི། ལམ་ཐམས་ཅད་ཀྱང་མ་ཡིན། རྣམ་པ་ཐམས་ཅད་ཀྱང་མ་ཡིན་པ་དེའི་ཕྱིར། ཉན་ཐོས་དང་
རང་སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་ཉིད་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་།
རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་། ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་སྟེ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་།
སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལགས། བཀའ་སྩལ་པ། རབ་འབྱོར་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་
དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་གཞི་དང་། གཉེན་པོ་དང་། རྣམ་པ་ཡོངས་སུ་རྫོགས་པ་བསྡུས་པས་མངོན་པར་རྟོགས་པའི་
རྒྱན་མཐའ་དག་ཡོངས་སུ་རྫོགས་པར་བསྟན་པ་ཡིན་པས་ཞེས་བྱ་བ་འདི་ནི་འཐད་པ་བསྟན་པ་ཡིན་ནོ། །འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དུ་ཞིག་ཅེ་ན། དེ་ལ་ཐམས་ཅད་ཤེས་པས་ནི་ཉོན་མོངས་པའི་མ་རིག་པ་ཙམ་སྤངས་པའོ། །ལམ་ཤེས་པ་ཉིད་
ཀྱིས་ནི་གཉེན་པོ་ཐམས་ཅད་ཀུན་ནས་བསྐྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྤངས་པ་ཡིན་ནོ། །ཡང་ཐམས་ཅད་ཤེས་པ་ཉིད་ནི་ཆོས་འདི་དག་ཇི་སྙེད་པ་ལ་བརྟེན་པའི་འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་
ཉིད་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བ་དང་། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པ་རྟེན་པ་འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་དང་། སེམས་ཅན་ཡོངས་སུ་མ་སྨིན་པ་སྨིན་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་མ་གྲོལ་བ་གྲོལ་བར་བྱེད་པ་ཅན་ཡིན་ནོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་རྟེན་ཅན་འབྲས་བུ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་དང་། ཡང་དག་པའི་མཐའ་རྟོགས་པ་དང་། བག་ཆགས་ཀྱིས་མཚམས་སྦྱོར་བ་སྤངས་པ་ཅན་ནོ། །ཡང་རྣམ་པ་གང་གིས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཅེས་བྱ་ཞེ་ན། རབ་འབྱོར་རྣམ་པ་གཅིག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། འདི་ལྟ་སྟེ། ཞི་བའི་རྣམ་པ་ཉིད་ཀྱིས་སོ། །ཡང་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པ་ལ་དམིགས་པ། བདག་པོའི་རྐྱེན་ནི་དྲན་པ་ཡིན་ནོ། །རྣམ་

པ་ནི་ཞི་བས་མཚན་མ་མེད་པ་ཞེས་བྱའོ། །རབ་འབྱོར་གཉིས་ནི་དངོས་པོ་གཉིས་མེད་པ་ནི་དངོས་པོ་མེད་པའོ་ཞེས་བྱའོ། །དེ་ལྟ་ཡིན་ན་འགོག་པ་དམིགས་པ་དང་ལྡན་པ་དེས་འགོག་པ་ཐོབ་པར་འགྱུར་ཏེ། དེ་ནི་ཞི་བ་ཡིན་པའི་ཕྱིར་རོ། །དེས་འགོག་པ་ཡིན་པར་མི་བཞེད་
དེ། རང་བཞིན་གྱིས་ཞི་བའི་རྣམ་པ་ཡིན་པའི་ཕྱིར་རོ། །འགོག་པ་ནི་ཡེ་ཤེས་ཡིན་ཏེ། དེ་ལྟ་བུ་གང་ཡིན་པ་ལ་ནི་འགོག་པར་བཞེད་དོ། །ཡང་ཅི་ཀུན་མཁྱེན་གསུམ་པོ་འདི་དག་སྤངས་པར་གྱུར་པ་ལ་ཁྱད་པར་མཆིས་སམ། བཀའ་སྩལ་པ། ཅུང་ཟད་ཀྱང་མེད་དོ། །
དེ་བཞིན་གཤེགས་པ་བག་ཆགས་ཀྱིས་མཚམས་སྦྱོར་བ་སྤངས་པས་ཁྱད་པར་ཡོད་དོ། །ཀུན་རྫོབ་ཏུ་དེ་དག་ལ་ཁྱད་མཆིས་ཞེས་བགྱིའམ། རབ་འབྱོར་བག་ཆགས་ཀྱིས་མཚམས་སྦྱོར་བ་ནི་ཉོན་མོངས་པའང་མ་ཡིན་ཏེ་འོན་ཀྱང་དེ་དག་གིས་འདོད་ཆགས་དང་། ཞེ་སྡང་དང་།
གཏི་མུག་སྤངས་པ་ཡོད་དོ། །ཉན་ཐོས་རྣམས་ལ་ནི་ལུས་ངག་གི་རྣམ་འགྱུར་སོ་སོའི་སྐྱེ་བོ་བཞིན་དུ་འཇུག་གོ་ཞེས་གསུངས་སོ། །དཔེར་ན་དགེ་སློང་མཆོང་རྒྱུག་བྱེད་པ་བཞིན་ནོ། །དེ་བཞིན་གཤེགས་པ་ལ་ནི་མི་མངའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས།
སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་དེ་ལ་ཕྱག་འཚལ་ལོ་ཞེས་གསུངས་པ་ལ། དེ་ཇི་ལྟ་བུ་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་འདྲི་བ་ལ། མངོན་རྟོགས་བདག་ཉིད་བདུན་ཡིན་པར། །ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ། །རྣམ་ཀུན་མཁྱེན་ཉིད་
ལམ་ཤེས་ཉིད། །ཐམས་ཅད་ཤེས་པ་ཉིད་དང་གསུམ། །རྣམ་ཀུན་རྩེ་མོར་བཅས་པ་དང་། །མཐར་གྱིས་བཅས་དང་སྐད་ཅིག་བདག །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བརྒྱད་དུ་བསྡུས་པ་ཡིན། །སེམས་སྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་
བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ངོ་། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །རྣམ་ཀུན་མཁྱེན་པ་ཉིད་དུ་འདོད། །མོག་མོག་པོར་བྱེད་ལ་སོགས་དང་། །སློབ་མ་

བསེ་རུའི་ལམ་གང་དང་། །འདི་དང་གཞན་གྱི་ཕན་ཡོན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་དང་། །དེ་རྣམས་ཡིད་ལ་བྱེད་པ་གཞན། །བསྒྲུབ་
དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་དེ་འདྲར་ཤེས་པར་བྱ། །ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་
རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །མཐོང་བའི་ལམ་ཞེས་བྱ་བ་ཡིན། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །རྣམ་པར་སྦྱོར་བ་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་
ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་དང་། །དེ་ལྟར་ཐབས་ལ་མཁས་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པའོ། །དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ནི་ཀུན་གནས་
དང་། །མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པ་བསྒྲུབ་པ་རྩེ་མོར་གྱུར། །མཐར་གྱིས་བྱ་བ་ཤེས་པ་ནི། །རྣམ་པ་བཅུ་གསུམ་བདག་ཉིད་
དོ། །གཅིག་གི་མངོན་རྫོགས་བྱང་ཆུབ་པ། །རྣམ་པ་བཞི་རུ་ཡང་དག་མཚོན། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །སྤྲུལ་པ་དང་ནི་དེ་ལྟར་གསུམ། །མཛད་པ་དང་བཅས་བཞི་རུ་བརྗོད། །ཅེས་བྱ་སྟེ། དོན་ཅི་ཞིག་ཡིན་ཞེ་ན། འདི་ནི་ཚིག་ལེའུར་བྱས་པ་བཅོ་ལྔས་
མདོར་བསྡུས་པ་དང་རྒྱས་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་དོན་བསྡུས་པ་ཡིན་པར་ཤེས་པར་བྱའོ། །ཇི་ལྟ་ཞེ་ན། མངོན་རྟོགས་བདག་ཉིད་བདུན་ཡིན་པར། །ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ། །ཞེས་བྱ་བ་ནས་བརྩམས་ཏེ། ཆོས་སྐུ་མཛད་པར་

བཅས་པ་སྟེ། །རྣམ་པ་བརྒྱད་དུ་བསྡུས་པ་ཡིན། །ཞེས་བྱ་བའི་བར་གྱི་ཚིག་ལེའུར་བྱས་པ་གཉིས་ཀྱིས་ནི་བསྡུས་པ་ཡིན་ནོ། །དེ་ལ་འདིར་དངོས་པོ་བརྒྱད་ཀྱི་དབྱེ་བས་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་
དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང་། རྩེ་མོའི་མངོན་པར་རྟོགས་པ་དང་། མཐར་གྱིས་པའི་མངོན་པར་རྟོགས་པ་དང་། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང་། དེ་དག་གི་འབྲས་བུར་གྱུར་པ་ནི་
ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་ཆོས་ཀྱི་སྐུའོ་ཞེས་བྱ་བ་ཡིན་ནོ། །སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །ཞེས་བྱ་བ་ནས་བརྩམས་ཏེ། ཚིགས་སུ་བཅད་པ་རྣམ་པ་བཅུ་གསུམ་གྱིས་ནི་རྒྱས་པར་བསྟན་པའོ། །དེ་ལྟར་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ལ་སོགས་པ་དངོས་པོ་བརྒྱད་ཀྱི་རབ་ཏུ་དབྱེ་བས་བསྡུས་པར་བསྟན་པས་དེ་ལྟར་བསྡུས་པ་དང་རྒྱས་པར་རྣམ་པར་ཕྱེ་བ་ཉིད་ཀྱིས་ལེགས་པར་བཤད་པ་ཡིན་ནོ། །དེ་བཤད་ཟིན་ནས་ད་ནི་གང་ཞིག་མངོན་པར་རྟོགས་པའི་དོན་གང་ལ་ཁྱད་པར་ཅན་གྱི་རྣམ་པ་གང་དང་། དངོས་
པོ་གང་ཇི་སྙེད་བསྟན་པ་དེ་དག་གི་གོ་རིམས་བསྡུ་བ་འབའ་ཞིག་བརྗོད་པར་བྱའོ། །དེ་ལ་རེ་ཞིག །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །དཀར་པོའི་ཆོས་རྣམས་དོན་གཉེར་འདོད། །ཇི་ལྟར་གཞན་གྱི་མིང་གཞན་གྱི་ཡིན་པར་འགྱུར། སེམས་ནི་ཡུལ་སོ་སོར་རིག་པའི་མཚན་ཉིད་
ཅན་ཡིན་ལ། དོན་དུ་གཉེར་བ་ཞེས་བྱ་བ་ནི་སྲེད་པ་ཡིན་པས་སོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདིར་རྒྱུས་འབྲས་བུ་བསྟན་པ་ཡིན་ཏེ། དོན་དུ་གཉེར་བ་དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་འཚང་རྒྱ་བ་ཉིད་ཀྱི་དོན་དུ་སེམས་བསྐྱེད་པ་ཡིན་ནོ། །དེ་ལྟར་ན་འདུན་པའི་
རྩ་བ་ནི་དགེ་བའི་ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་རྗེས་སུ་མཐུན་པར་འགྱུར་རོ། །ཡང་ན་དོན་དུ་གཉེར་བ་ནི་སྨོན་ལམ་ཡིན་ཏེ། དེ་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱི་ཕྱིར་སེམས་བསྐྱེད་པའི་དོན་དུ་གཉེར་བ་ཉིད་ལ་སེམས་བསྐྱེད་ཅེས་བྱའོ། །དེ་ལྟར་བྱས་ན་ཡང་སྨོན་ལམ་དང་ལྷན་

ཅིག་སྤྱོད་པའི་སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་སེམས་བསྐྱེད་པར་འགྱུར་བར་འཐད་པ་ཡིན་ནོ་ཞེས་གང་གཙོ་བོ་ཡིན་པར་འདིར་བསྟན་ཏེ། དོན་དུ་གཉེར་བ་ཅན་གང་ཡིན་པ་སེམས་བསྐྱེད་པའི་གཙོ་བོ་ཡིན་པར་རྣམ་པར་གཞག་པ་བྱས་སོ། །དཀར་པོའི་ཆོས་
རྣམས་དང་གཞན་གྱི་དོན་དེ་ཡང་གང་ཡིན་ཞེ་ན། དེ་རྣམས་དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །དེ་དང་ཞེས་བྱ་བ་ནི་དཀར་པོའི་ཆོས་རྣམས་སོ། །དེ་ནི་ཞེས་བྱ་བ་ནི་གཞན་དོན་ནོ། །དེ་ལ་འདིར་མདོ་ཇི་ལྟ་བ་བཞིན་དུ་དེ་དག་གིས་མདོར་བསྡུས་ནས་
བསྟན་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་གང་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་
མངོན་པར་འཚང་རྒྱ་བས་དཀར་པོའི་ཆོས་ཐམས་ཅད་ནང་དུ་འདུས་པར་གྱུར་པ་ཡིན་ནོ། །དེ་ལ་འདིར་མདོ་དེ་དག་གིས་རྒྱས་པར་བསྟན་པ་ནི་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། མི་གནས་པའི་
སྦྱོར་བ་སྦྱིན་པ་པོ་དང་། སྦྱིན་པར་བྱ་བ་དང་། ལེན་པ་པོ་མི་དམིགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་ནི་མངོན་པར་རྟོགས་པ་བདུན་དང་། ཆོས་ཀྱི་སྐུ་མཛད་པ་དང་
བཅས་པ་བསྡུས་པའི་རྒྱས་པར་བསྟན་པ་ཡིན་ཏེ། ཇི་སྙེད་རྫོགས་པར་མཐར་ཐུག་པའི་བར་དུ་གསུངས་སོ། །ལྷག་མ་སེམས་བསྐྱེད་པའི་སྐབས་སུ་འདི་འདོད་པ་དང་། དེ་དག་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་མདོའི་གཞུང་འགྲེལ་པ་ཉིད་ཀྱིས་དོན་རྒྱས་པར་
བསྟན་པས་ཡང་འདིར་རྣམ་པར་མ་ཕྱེའོ། །ད་ནི་གང་ཞིག་བསྡུས་པ་རྣམས་ཀྱི་ཚིག་བཤད་པར་བྱ་སྟེ། མི་གཙང་བའི་འདུ་ཤེས་དགུ་བསྒོམ་པར་བྱའོ་ཞེས་གསུངས་པ་ལ། རྣམ་པར་བམ་པའི་འདུ་ཤེས་དང་། འབུ་ཅན་གྱི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་

དམར་བའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་སོ། །དེ་ལ་རྐྱལ་པ་རླུང་གིས་བུས་པ་བཞིན་དུ་སྲོག་མཐར་ཐུག་པའི་རྗེས་
ལ་རིམ་གྱིས་ལུས་རྒྱས་པར་གྱུར་ཏེ། མ་ལུས་པར་རྣམ་པར་བམ་པས་ན་རྣམ་པར་བམ་པ་སྟེ། དེ་ནི་དབྱིབས་ལ་ཆགས་པ་རྣམས་ལུས་ཀྱི་དབྱིབས་དེའི་རྒུད་པ་སྟོན་པས་འདི་བསྒོམ་པར་བྱའོ། །གང་ཕྱི་དང་ནང་དང་བར་རྣམ་པ་དུ་མར་འབུས་གཞིགས་པས་ན་འབུ་ཅན་ཏེ། དེ་ནི་
ནང་ཁོང་སྟོང་དུ་གྱུར་པར་སྣང་བས་ལུས་རྒྱས་པར་གྱུར་པ་ལ་ཆགས་པ་རྣམས་ཀྱི་གཉེན་པོའོ། །གནས་ཐ་དད་ནས་འཛག་པས་རྣམ་པར་འཛག་པ་སྟེ། དེ་ནི་ལུས་ཀྱི་ནང་དང་འབྲེལ་པ་ལས་དྲི་ང་བར་སྣང་བས་ཕྲེང་བ་དང་དྲི་ལ་སོགས་པའི་དབང་ལས་བྱུང་བའི་དྲི་ལ་སོགས་པ་ལ་ཆགས་
པ་རྣམས་ཀྱི་གཉེན་པོའོ། །ཕན་ཚུན་དུ་རྣམ་པར་དམར་བར་འཐོར་ཞིང་དགྱེས་ལ་འཛག་པས་ན་རྣམ་པར་དམར་བ་སྟེ། དེ་ནི་རྣམ་པར་དམར་བས་གོས་ཤིང་མི་མཐུན་པའི་དངོས་པོར་སྣང་བས་རྒྱན་གྱིས་བརྒྱན་པས་མཛེས་པ་ཤ་ལ་ཆགས་པ་ཅན་གྱི་གཉེན་པོའོ། །རྣམ་པར་གསལ་བར་
སྔོ་བས་ན་རྣམ་པར་བསྔོས་པ་སྟེ། ཁ་དོག་ཐ་དད་པར་མཚུངས་པའི་གནས་སུ་ཟངས་ཀྱི་མདོག་དང་། རྣག་འཛག་པའི་གནས་སུ་སྐྱ་བ་དང་། སྔོན་པོའི་གནས་དེར་ཕྱིན་ཞིང་སྔོ་བ་རས་སྔོན་པོས་གཡོགས་པ་ལྟ་བུ་སྟེ། འདི་ནི་རོའི་ལུས་ཀྱི་ཚིག་བླ་དགས་སོ། །དེ་ནི་པགས་པ་ལ་ཆགས་
པའི་རྒུད་པ་སྟོན་པས་ལུས་ཀྱི་ཁ་དོག་ལ་ཆགས་པ་རྣམས་ཀྱི་གཉེན་པོའོ། །ཁྱི་དང་ཅེ་སྤྱང་ལ་སོགས་པས་ཕན་ཚུན་དུ་རྣམ་པ་སྣ་ཚོགས་པར་ཟོས་པ་ནི་རྣམ་པར་ཟོས་པ་སྟེ། དེ་ནི་ཤ་རྒྱས་པ་འཇིག་པར་སྟོན་པས་དེ་ནི་ནུ་མ་ལ་སོགས་པའི་ཤ་རྒྱས་པ་ལ་ཆགས་པ་རྣམས་ཀྱི་གཉེན་པོའོ། །ལག་
པ་ཡང་གཞན་དུ། མགོ་བོ་ཡང་གཞན་དུ། རྐང་པ་ཡང་གཞན་དུ་སྣ་ཚོགས་པར་རྣམ་པར་འཐོར་བས་ཏེ། དེ་ནི་ཡན་ལག་དང་ཉིང་ལག་རྣམ་པར་འཐོར་བར་སྣང་བས་ཡན་ལག་དང་ཉིང་ལག་གི་སྒེག་པ་ལ་ཆགས་པ་རྣམས་ཀྱི་གཉེན་པོའོ། །རུས་པ་ཉིད་ནི་རུས་གོང་སྟེ། རུས་པའི་གོང་

རེ་སྦྲེལ་བས་ཚོགས་གཅིག་པའི་དབང་དུ་བྱས་པ་ཡིན་ཏེ། དེ་ནི་ལུས་ཀྱི་རུས་པའི་མི་མཐུན་པའི་དངོས་པོར་སྣང་བས་སོ་ལ་སོགས་པ་རུས་པའི་འབྱོར་པ་ལ་ཆགས་པ་རྣམས་ཀྱི་གཉེན་པོའོ། །མ་ལུས་པ་རྣམ་པར་ཚིག་པས་རྣམ་པར་ཚིག་པ་སྟེ། དེ་ནི་པགས་
པའི་དབྱིབས་དང་མི་མཐུན་པར་འཁུམས་པར་སྣང་བས་ཁ་དོག་དང་དབྱིབས་ལ་འདོད་ཆགས་པ་རྣམས་ཀྱི་གཉེན་པོར་བསྒོམ་པ་སྟེ། ལུས་འདི་ཡང་ཤི་བའི་རོ་དང་འདྲའོ་ཞེས་དང་པོའི་ཚིག་བཞིན་ནོ། །མི་སྡུག་པའི་འདུ་ཤེས་བཅུར་གཞན་དག་འདོད་དེ། རྣམ་པར་ཚིག་པའི་འདུ་
ཤེས་མ་གཏོགས་པ་རུས་པ་རྣམས་གཏུབས་པས་རྣམ་པར་འཐོར་བའི་འདུ་ཤེས་ཏེ། ཚོགས་པའི་ལུས་ལ་ཆགས་པའི་གཉེན་པོར་མཚོན་ལ་སོགས་པས་ལུས་གཏུབས་པས་ཐ་དད་པར་རྣམ་པར་འགྱུར་བ་བསྟན་པའི་ཕྱིར་རོ། །འབུས་གཞིགས་པའི་སྲིན་བུའི་འདུ་ཤེས་ནི་ཡང་ལུས་
ལ་བདག་ཏུ་ཆགས་པར་མཚུངས་པར་ལྟ་བའི་གཉེན་པོར་སྲིན་བུའི་རིགས་དུ་མས་ལུས་ཁྱབ་པའི་རང་བཞིན་ཅན་དུ་བསྟན་པའི་ཕྱིར་རོ། །དེ་ལ་དང་པོ་རྣམ་པར་འཐོར་བའི་འདུ་ཤེས་ཉིད་ཡིན་ནོ། །གཉིས་པ་ཡང་གཉེན་པོར་གྱུར་པ་ཉིད་མ་ཡིན་ཏེ། བདག་ལ་ཆགས་པ་དང་། འཇིག་
ཚོགས་ལ་དེའི་ལུས་སུ་ལྟ་བའི་གཉེན་པོར་མཚུངས་པ་ཡིན་པའི་ཕྱིར་རོ། །རྣམ་པར་ཚིག་པའི་འདུ་ཤེས་ནི་ཁ་དོག་དང་དབྱིབས་ལ་ཆགས་པའི་གཉེན་པོ་ཡིན་པའི་ཕྱིར་འདི་ནི་གདོན་མི་ཟ་བར་གྲངས་སུ་ཉེ་བར་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་མི་སྡུག་པའི་འདུ་ཤེས་དགུ་ཉིད་ལེགས་པ་ཡིན་
ནོ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཅེས་བྱ་བ་ནི་མདོ་ཇི་ལྟ་བ་བཞིན་ནོ། །མདོ་ལས་ཇི་ལྟར་འབྱུང་ཞེ་ན། འདི་ནི་འདོད་པ་ཆུང་བ་རྣམས་ཀྱི་ཆོས་ཡིན་གྱི་འདོད་པ་ཆེ་བ་རྣམས་ཀྱི་མ་ཡིན་པ་དང་། འདི་ནི་ཆོག་ཤེས་པ་དང་། རབ་ཏུ་རྣམ་པར་དབེན་པ་དང་། བརྩོན་འགྲུས་
རྩོམ་པ་དང་། དྲན་པ་ཉེ་བར་འཇོག་པ་དང་། མཉམ་པར་འཇོག་པ་དང་། ཤེས་རབ་དང་ལྡན་པ་རྣམས་ཀྱི་ཡིན་གྱི་ཤེས་རབ་འཆལ་པ་རྣམས་ཀྱི་ནི་མ་ཡིན་ནོ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བདུན་པོ་འདིས་གནས་བརྟན་མཽད་གལ་གྱི་བུ་གནས་པ་ཡིན་ཏེ། བཅོམ་ལྡན་འདས་

ཀྱིས་ཀྱང་མཽད་གལ་གྱི་བུ་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་པོ་འདི་ལ་རྣམ་པར་རྟོགས་ཤིག །འདི་ནི་སྤྲོས་པ་མེད་པའི་ཆོས་དང་། སྤྲོས་པ་མེད་པའི་ཀུན་དགའ་ར་བ་ལ་ལྟོས་པ་མེད་པའི་ཀུན་དགའི་ར་བའི་ཚུལ་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་འདོད་པ་ཆུང་བས་
ནི་ཆོས་བཞི་སྤོང་སྟེ། འདི་ལྟར་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བའོ། །དེ་ལ་ཚུལ་འཆོས་ཞེས་བྱ་བ་ནི་མདོ་ཇི་ལྟ་བ་བཞིན་དུ་སྟེ། འདི་ན་འགའ་ཞིག་རྙེད་པར་འདོད་ཅིང་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་
ལ་སེམས་ལྟོས་པ་དང་བཅས་པས་བཅིངས་པས་དགོན་པ་པར་གྱུར་པའམ། ཕྱག་དར་ཁྲོད་པའམ། སྟན་གཅིག་པ་ནས་སྦྱངས་པའི་ཡོན་ཏན་གང་ཡང་རུང་བ་ལ་ཉེ་བར་བརྟེན་ཏེ་གནས་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་ལ་གཞན་དག་གིས་བསྙེན་བཀུར་བྱེད། བླ་མར་བྱེད།
མཆོད་པར་བྱེད། རྗེད་པར་བྱེད་ན་ཅི་མ་རུང་། བདག་ཀྱང་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་བསྒྲུབ་པར་ཡང་བྱའོ་སྙམ་དུ་སེམས་ཤིང་། དེ་རྙེད་པ་དང་། བཀུར་སྟི་དོན་དུ་གཉེར་བས་རྙེད་པ་ལ་སོགས་པའི་བསྔགས་པ་བརྗོད་ཅིང་། ཚུལ་དེ་ལྟ་བུའི་སྤྱོད་ལམ་ལ་
རྟོག་པ་འདི་ནི་ཚུལ་འཆོས་པ་ཞེས་བྱའོ། །ཁ་གསག་ཅེས་བྱ་བ་ནི་འདི་ན་གང་ཞིག་རྙེད་པ་དང་། བཀུར་སྟིའི་ལྟོས་པ་དང་བཅས་པས་གཞན་དག་ལ་འདི་ལྟར་ཁྱེད་ནི་བདག་གི་མ་དང་འདྲ་བ་དང་། ཕ་ཇི་ལྟ་བ་དང་། སྤུན་ཟླ་ཇི་ལྟ་བ་དང་། ཉེ་དུ་གང་ཡང་རུང་བ་ཇི་ལྟ་བ་དང་། སྣག་གི་
གཉེན་མཚམས་འདྲ་བ་ཡིན་ཏེ། ཁྱེད་དེ་ལྟར་ཡིན་པ་དེས་ན། ཁོ་བོས་སྦྱིན་པ་ལ་སོགས་པ་ཡང་ཁྱེད་ཅག་གི་དོན་དུ་ཡིན་ནོ། །ཁོ་བོ་ནི་ཁྱེད་ཅག་གི་དོན་དུ་ཐག་རིང་པོ་ནས་ཀྱང་ཁྱེད་ཀྱི་ཐད་དུ་འོང་ཞིང་འདིར་གནས་པ་ཡང་ཁྱེད་ཅག་ཉིད་ཀྱི་དོན་ཡིན་ནོ། །ཞེས་ཟེར་ན་ཡང་དེ་རྣམས་མང་དུ་དེ་ལ་
བཀུར་སྟི་མི་བྱེད་པ་ན་རྙེད་པ་དོན་དུ་གཉེར་ཞིང་རྙེད་པ་ལ་སོགས་པ་འདོད་པའི་ལྟོས་པ་དང་བཅས་པས་སེམས་བཅིངས་པས་གཞན་དག་ལ་ཚུལ་དེ་ལྟར་ཁ་གསག་སྨྲ་ཞིང་ཡོངས་སུ་སྨྲ་བས་དགོས་པའི་དོན་གྱི་འབྲས་བུ་དང་འབྲེལ་པའི་གཅམ་གསག་གི་ལས་བྱེད་པ་འདི་ནི་ཁ་གསག་ཅེས་བྱའོ། །གཞོགས་

སློང་ཞེས་བྱ་བ་ནི་འདི་ན་རྙེད་པའི་ཕྱིར་དངོས་པོ་དེ་དང་དེ་ལ་མི་གསལ་བར་གཞོགས་ཀྱིས་རྙེད་པའི་ལས་བྱེད་པ་སྟེ། ལྷུང་བཟེད་འདི་ནི་མཛེས་ཞེའམ། ཆོས་གོས་སམ། སྣམ་སྦྱར་རམ། མལ་སྟན་ནམ། ལྡེ་མིག་ཀྱོག་པོ་འདི་ནི་བཟང་ངོ་ཞེའམ། ཡོ་བྱད་
འདི་བཟང་ངོ་། །གལ་ཏེ་ཁོ་བོས་འདི་ལྟ་བུ་ཞིག་རྙེད་ན་བཅང་བར་བྱ་བ་ན་སྦྱིན་པ་པོ་ཡང་རྙེད་པར་དཀའོ། །གང་ཡང་རུང་བའི་ཁྱིམ་དུ་སོང་ནས་དེར་འདི་སྐད་ཅེས་སྨྲས་ཏེ། ཁྱེད་ཀྱི་འབྲས་ཆན་འདི་ནི་བཟང་ངོ་། །བཅའ་བ་འདི་ནི་བཟང་ངོ་། །གོས་འདི་ནི་བཟང་ངོ་། །ཁྱེད་ཀྱི་བཟའ་
བར་བྱ་བའམ། བཅའ་བར་བྱ་བ་འདི་ནི་བཟང་ངོ་། །སྔོན་ཆད་ཀྱང་བདག་ཅག་ལ་ཁྱེད་ཀྱིས་བྱིན་པར་གྱུར་ལ་ཁོ་བོ་ཅག་ཀྱང་ཁྱེད་ཀྱིས་བྱིན་པར་བྱས་ན་ཡང་དག་པར་དགའ་ན་ད་ལྟར་ནི་ཁྱེད་ཅག་བདག་ཅག་ལ་སྦྱིན་པར་བྱ་བའམ། བྱ་བ་བྱེད་པར་མི་སེམས་སོ་ཞེས་དེ་གང་ཡང་རུང་བའི་མི་
གསལ་བ་བརྗོད་པས་བརྐམས་པ་ལས་བྱུང་བའི་གཞོགས་སློང་གི་ལས་ཀྱི་དངོས་པོ་དེ་དང་དེ་རྗོད་པར་བྱེད་པ་འདི་ནི་གཞོགས་སློང་ཞེས་བྱའོ། །ཐོབ་ཀྱིས་འཇལ་བ་ཞེས་བྱ་བ་ནི་འདི་ན་འགའ་ཞིག་རྙེད་པ་དོན་དུ་གཉེར་ཞིང་། རྙེད་པ་ལ་སོགས་པ་འདོད་པའི་ལྟོས་པ་དང་བཅས་པས་སེམས་
བཅིངས་པས་གཞན་ལ་འདི་སྐད་ཅེས་སྨྲས་ཏེ། ཁྱེད་ཀྱིས་མ་ལ་ཡང་སྦྱིན་པར་མི་བྱ། ཕ་ལ་ཡང་མ་ཡིན། སྲིང་མོ་ལ་ཡང་མ་ཡིན། ཉེ་དུ་དང་། སྣག་གི་གཉེན་མཚམས་གང་ཡང་རུང་བ་གཞན་དག་ལ་ཡང་སྦྱིན་པར་མི་བྱེད་ན་ཁྱེད་ཀྱིས་གང་ཞིག་ལ་སྦྱིན་པར་བྱེད་པ་ཡིན། གང་
ཞིག་གི་ཁྱིམ་དུ་སོང་ནས་ཡང་དེ་ཉིད་ལ་ཁྱོད་ཀྱི་ཁྱིམ་དུ་སོང་ན་དེ་ཉིད་ཀྱི་ཁྱིམ་དུ་དགྲ་བཅོམ་པ་བཞུགས་ཤིང་ཁྱེད་དང་འདྲ་བར་མི་བྱ། དགྲ་བཅོམ་པ་དང་ལྷན་ཅིག་ཏུ་གནས་པ་དང་། ལྷན་ཅིག་ཏུ་འདུག་པ་དང་འབྲེལ་པའི་གཏམ་སྨྲས་པར་གྱུར་པ་ནི་ཁྱེད་རྙེད་པ་ཆེན་པོ་རྙེད་པ་ཡིན། འབྱོར་པ་
ལེགས་པར་ཐོབ་པ་ཡིན། ཁྱེད་ཀྱིས་མིར་རྙེད་པ་དོན་ཡོད་པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ཡང་འདི་སྙམ་དུ་སེམས་སུ་གཞུག་པར་ཡང་བྱ་སྟེ། བདག་གི་ཁྱིམ་དུ་འཕགས་པ་མ་གཏོགས་པ་དགེ་སློང་ངམ། བྲམ་ཟེ་སུ་ཡང་འཇུག་པར་མི་བྱེད་ལ། འཕགས་པ་འདི་

ནི་གལ་ཏེ་དགྲ་བཅོམ་པ་ཡིན་ནོ་སྙམ་དུ་སེམས་པར་བྱེད་དོ། །གང་དུ་རྙེད་པ་དོན་དུ་གཉེར་ཞིང་རྙེད་པ་ལ་ལྟོས་པ་དང་བཅས་པས་སེམས་བཅིངས་པ་དེ་དེ་ལྟ་བུའི་ཚུལ་དུ་གཞན་རྣམས་ལ་ངེས་པར་སྒྲོགས་པ་ནི་ཐོབ་ཀྱིས་འཇལ་བ་ཞེས་བྱའོ། །ཆོག་ཤེས་པས་ནི་རྙེད་པས་རྙེད་པ་འདོད་པ་
སྤོང་བར་བྱེད་པ་ཡིན་ནོ། །དེ་ལ་རྙེད་པས་རྙེད་པ་ཚོལ་བ་ཞེས་བྱ་བ་ནི་འདི་ན་འགའ་ཞིག་རྒྱལ་པོའམ། རྒྱལ་པོའི་བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གཞན་གང་ཡང་རུང་བས་ལྷུང་བཟེད་དམ། ཆོས་གོས་སམ། སྣམ་སྦྱར་རམ། ལྡེ་མིག་ཀྱོག་
པོའམ། གདིང་བའམ། ཡོ་བྱད་གང་ཡང་རུང་བ་གཏེར་བ་ཡོད་ན་དེ་ཡོངས་སུ་བླངས་ནས་གཞན་དག་ལ་བསྟོད་ཅིང་འདེམས་ཏེ། འདི་ནི་བདག་ལ་རྒྱལ་པོ་ཆེ་གེ་མོ་ཞེས་བྱ་བའམ། དམ་པར་གྱུར་པ་གཞན་ཞིག་བདག་ལ་མཆོག་སྦྱིན་ནོ་ཞེས་སྨྲས་པ་ན། འདི་སྙམ་དུ་ཅི་ནས་རེ་
ཞིག་དེ་ལྟ་བུ་ཡང་འཕགས་པ་འདི་ལ་སྦྱིན་ཞིང་བྱ་བ་བྱེད་ན། ཁོ་བོས་ཀྱང་འཕགས་པ་ལ་སྦྱིན་པར་བྱ་ཞིང་བྱ་བ་ཅིའི་ཕྱིར་མི་བྱ་སྙམ་དུ་སེམས་སུ་གཞུག་པ་འདི་ནི་གཞན་གྱི་རྙེད་པས་རྙེད་པ་གཞན་ཚོལ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་ཞེས་བྱ་བ་ནི་ལམ་
ཞེས་པ་ལ་མཐོང་བའི་ལམ་དེའི་དབང་དུ་བྱས་ནས་བསྟན་ཏོ། །ཕྱིར་མི་ལྡོག་པའི་ས་ལ་གནས་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །གང་
དེ་ལྟ་ཡིན་ན་རིན་ཆེན་ཟླ་བས་ཞུས་པའི་མདོ་དང་། རིན་ཆེན་ཕྲེང་བའི་མདོའི་རྗེས་སུ་འབྲངས་ནས། བཅོམ་ལྡན་དཔལ་བཟངས་དཔལ་བཟངས་ཞེས་བྱ་དང་ནི་ཙན་དཔལ་ཙན་དཔལ་ཞེས་བྱ་དང་། །གཞན་ཡང་མཐའ་ཡས་སྣང་བ་བཀོད་དཔལ་ཞེས་བྱ་རྫོགས་སངས་རྒྱས་སུ་གྲགས་པ་
དང་། །ཏོག་དཔལ་ཏོག་དཔལ་ཞེས་བྱ་དང་ནི་མྱ་ངན་མེད་དཔལ་དང་ནི་རྣམ་ཀུན་མྱ་ངན་མེད་དཔལ་དང་། །རིན་ཆེན་མཆོད་དཔལ་རིན་ཆེན་མཆོད་དཔལ་ཞེས་བྱ་དང་ནི་བདེ་གཤེགས་མེ་ཏོག་དཔལ་ཞེས་བྱ་བ་དང་། །རྒྱལ་བ་བརྩོན་འགྲུས་གསུམ་གྱི་རོལ་པ་བརྩོན་འགྲུས་གསུམ་གྱི་རོལ་པ་

ཞེས་བྱ་དང་། །འོད་དཔལ་འོད་དཔལ་ཞེས་བྱ་བཅོམ་ལྡན་ཡོན་དཔལ་ཡོན་དཔལ་མཚོ་ཞེས་བྱ་བ་ནི། །བཅོམ་ལྡན་བཅོམ་ལྡན་ཕྱོགས་བཅུ་དག་ན་གང་དག་བཞུགས་པའི་བཅོམ་ལྡན་གྱི། །དེ་རྣམས་ཀྱི་ནི་མཚན་རྣམས་བཟུང་བར་བྱས་ན་ཕྱིར་མི་ལྡོག་ཉིད་འགྱུར་བ་
ལགས། །ཞེས་གསུངས་པ་དང་། དེ་བཞིན་དུ་སེམས་ཅན་ཇི་སྙེད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ཐོས་པ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་
པའི་རྒྱུར་གྱུར་པ་དང་ཐ་དད་པར་སྣང་བ་ཇི་ལྟར་ཡིན་ཞེ་ན། བསྟན་པ་འདི་ནི་དགོངས་པ་ཅན་ཡིན་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་ལས་རིགས་ཀྱི་བུ་དག་ཕྱིར་མི་ལྡོག་པའི་ས་བོན་སྐྱེད་པ་གཟིགས་ནས་སེམས་ཅན་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་གྱི།
དེ་རྣམས་ཀྱི་མཚན་ཐོས་པའི་མོད་ལ་ཕྱིར་མི་ལྡོག་པར་འགྱུར་བ་ནི་མ་ཡིན་ནོ། །རིགས་ཀྱི་བུ་དཔེར་ན་ཤིང་འགའ་ཞིག་ཉིད་ཀྱི་ས་བོན་ཁྱད་པར་ཅན་དུ་གྱུར་པའི་ས་བོན་རྣམ་པར་གྱུར་པ་དེ་ཡང་ས་བོན་གྱི་སྐྱོན་ཐམས་ཅད་དང་བྲལ་བར་གྱུར་ཅིང་འདིའི་རྐྱེན་རྣམས་ཚོགས་པར་གྱུར་པ་ལས་མྱུ་གུ་སྐྱེད་
པའི་ཕྱིར་རོ། །རིགས་ཀྱི་བུ་དེ་ལ་ས་བོན་ཞེས་ཇི་ལྟར་བརྗོད་པར་བྱ། བཅོམ་ལྡན་འདས་ས་བོན་གྱི་ཉེས་པ་ཐམས་ཅད་སྤངས་པས་ཡོངས་སུ་རྫོགས་པ་ཞེས་བརྗོད་པར་བགྱིའོ། །རིགས་ཀྱི་བུ་དེ་བཞིན་དུ་མཚན་ཐོས་པར་གྱུར་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་བོན་དང་ལྡན་པས་ན། སེམས་
ཅན་ཐམས་ཅད་ཕྱིར་མི་ལྡོག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཙམ་ཉིད་ཕྱིར་མི་ལྡོག་པའི་རྒྱུར་འཐད་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་ས་གང་། བྱང་ཆུབ་སེམས་
དཔའི་ས་བརྒྱད་པ་འདི་ལྟར་ཕྱིར་མི་ལྡོག་པ་ཡེ་ཤེས་ཕྱིར་མི་ལྡོག་པའི་ཕྱིར་ཕྱིར་མི་ལྡོག་པའི་ས་ཞེས་བརྗོད་དོ་ཞེས་བྱ་བ་ནི་ཡེ་ཤེས་ལྡོག་པ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་རིགས་སུ་སྐྱེས་པས་ཞེས་བྱ་བ་ནི་འདི་ཡིན་ཏེ། གང་སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་འདོད་པས་

ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཁ་ཅིག་ན་རེ་བདེན་པ་དང་། གཏོང་བ་དང་། ཤེས་རབ་དང་། ཉེ་བར་ཞི་བ་ལ་བརྟེན་ཏེ་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་འདི་ལྟར་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཉིད་དུ་སྐྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་
བྱའོ་ཞེས་ཟེར་རོ། །གཞན་དག་ནི་འདི་ལས་སངས་རྒྱས་འདི་ལྟར་འཁྲུངས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་རྣམས་ཀྱི་ཡུམ་ཡིན་ལ། ཐབས་ལ་མཁས་པ་ནི་ཡབ་ཡིན་ཏེ། དེ་གཉིས་ལས་སངས་རྒྱས་འབྱུང་བས་ན་སངས་རྒྱས་རྣམས་ཀྱི་རིགས་ཡིན་ནོ་ཞེའོ། །གཞན་
དག་ནི་སངས་རྒྱས་ཀྱིས་བཅས་པའི་ཆོས་རྣམས་ནི་བསླབ་པ་སྟེ། དེའི་ཕྱིར་བསླབ་པ་ཡང་དག་པར་བླངས་པས་ནི་སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ནི་ཞི་གནས་དང་ལྷག་མཐོང་གི་དགེ་བའི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་རིགས་
ཡིན་ནོ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔའི་ད་ལྟར་གྱི་སངས་རྒྱས་ལ་མངོན་དུ་ཕྱོགས་པའི་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོ་གཉིས་ནི་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་གཞན་དག་ཟེར་རོ། །གཞོན་ནུའི་ས་ལས་འདའ་བར་འདོད་པ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་སངས་རྒྱས་རྣམས་ཀྱིས་དེ་ཡང་དག་
པར་བསྐུལ་ནས་ཡང་སེམས་ཅན་གྱི་དོན་མངོན་དུ་བྱེད་པ་ལ་འཇུག་པའི་ཕྱིར་རོ། །དགེ་བའི་སེམས་བསྐྱེད་པ་གཅིག་ཀྱང་མི་ཟད་པར་བྱ་བར་འདོད་པས་ཞེས་གང་གསུངས་པ་དང་། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཆུང་ངུ་ཡང་རྒྱ་མཚོ་ཆེན་པོར་ཆུའི་ཐིགས་པ་གཅིག་
བོར་བའི་དཔེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཟད་པ་མེད་པར་འགྱུར་བའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོགས་པར་འདོད་པས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཞེ་ན། གང་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་ཆོས་རྣམས་
ཀྱི་ཆོས་ཉིད་དོ། །ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྗེས་སུ་རྟོགས་པར་འདོད་པས་ཞེས་བྱ་བ་ནི་ཁྱད་པར་གང་གིས་ཆོས་ཀྱི་དབྱིངས་ལ་རིགས་ཞེས་བྱ་བར་འཆད་པར་འགྱུར་བ་དེའི་ཆོས་ཉིད་གང་ཡིན་པའོ། །ཡང་དག་པའི་མཐའ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོགས་པར་འདོད་པས་ཞེས་

བྱ་བ་ནི་ཡང་དག་པའི་མཐའི་ཡེ་ཤེས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་གང་ཡིན་པའོ། །ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའོ། །རྗེས་སུ་རྟོགས་པར་ཞེས་བྱ་བ་རྗེས་སུ་སྨོས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་དང་རྗེས་
སུ་མཐུན་པའི་རྟོགས་པ་ཤེས་པར་བྱ་བའི་ཕྱིར་རོ། །རིའི་རྒྱལ་པོ་རི་རབ་ལ་སོགས་པའི་རི་རྣམས་སྐྲ་ཉག་མ་གཅིག་གིས་བཅིངས་ནས་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པར་འཕང་བར་འདོད་པས་ཞེས་བྱ་བ་ནི་བདུད་རྩི་བསྲུབས་པ་བྱས་པ་ལྟར་འདི་ལ་མ་དད་པར་མི་བྱ་སྟེ། བྱང་ཆུབ་སེམས་
དཔའི་བསམ་གཏན་ཕུལ་དུ་བྱུང་བས་འདོད་པ་བཞིན་དུ་ཐོབ་པའི་ཕྱིར་ཏིང་ངེ་འཛིན་དང་ལྡན་པ་ལ་གང་ཡང་མི་སྲིད་པ་མ་ཡིན་ཏེ། གདོན་མི་ཟ་བར་འདི་དེ་བཞིན་དུ་ཤེས་པར་བྱའོ། །གཞན་དུ་ན་དེ་བཞིན་དུ་མེ་འབར་བ་དང་། ཆུ་འབབ་པའི་ཆོ་འཕྲུལ་ཡ་མ་ཟུང་ལ་ཡང་མི་དད་པར་མི་
བྱ་བར་མི་རིགས་སོ། །ཡང་སྐྲ་ཉག་མ་གཅིག་གིས་རི་རབ་བཅིངས་པ་དང་འཕངས་པ་མེད་མོད་ཀྱི་དེས་དེ་འདྲ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་ལ་སྙོམས་པར་ཞུགས་པས་གང་གདུལ་བྱ་ཕ་རོལ་པོས་དེ་བཞིན་དུ་མཐོང་བ་ཞེས་བྱའོ། །འདུས་བྱས་དང་། འདུས་མ་བྱས་ཀྱི་ཕ་རོལ་ཏུ་འགྲོ་ཞེས་
བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པར་བྱེད་པ་ཡིན་ནོ། །དུས་གསུམ་གྱི་སངས་རྒྱས་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོགས་པ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཆོས་སྐུའི་མཚན་ཉིད་ལ་ཁྱད་པར་མེད་པར་གཟུང་བའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ནང་གི་འཁོར་ཞེས་བྱ་བ་ནི་
ཕྲ་བ་ལ་འཇུག་པའི་ཡེ་ཤེས་དང་། གསང་བ་ལ་འཇུག་པའི་ཡེ་ཤེས་ལ་སོགས་པ་ལ་རྗེས་སུ་ཞུགས་པར་གྱུར་པ་ནི་སངས་རྒྱས་རྣམས་ཀྱི་ནང་གི་འཁོར་ཞེས་བྱའོ། །ཕྲ་བ་ལ་འཇུག་པའི་ཡེ་ཤེས་ནི་ཡང་ས་བཅུ་ལས་ཇི་སྐད་དུ། སྤྱོད་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་དང་། འཆི་འཕོ་བ་
དང་། སྐྱེ་བ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་དང་། མངོན་པར་འབྱུང་བ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་དང་། ཡང་གསང་བ་ལ་འཇུག་པའི་ཡེ་ཤེས་ནི་ཇི་ལྟར་དེ་ཉིད་ལས་འདི་ལྟ་སྟེ། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བ་དང་།

དུས་དང་དུས་མ་ཡིན་པ་ལ་རྣམ་པར་སྤྱོད་པའི་གསང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པའི་གསང་བ་དང་། སེམས་ཅན་རྣམས་བསྡུ་བ་དང་། ཚར་བཅད་པ་ནི་གསང་བའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེའི་ཕྱིར་གཞན་ཉན་ཐོས་རྣམས་
ནི་ཕྱིའི་འཁོར་ཞེས་བྱའོ། །ལྷའི་སྡེ་རྣམས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོའི་འཁོར་གྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ནས་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཞེས་བྱ་བ་ལ། ཀུན་ནས་བསྐོར་བ་ནི་ཡོངས་སུ་བསྐོར་བའོ། །ཆེར་མཆོད་ཅིང་རྗེད་པ་སྔོན་དུ་བྱས་པ་ནི་མདུན་
དུ་བྱས་པ་སྟེ། ཕྱོགས་ཡོངས་སུ་ཆད་པ་ནི་མདུན་དུ་བྱས་པ་ལྟར་ན་ནི་སྔ་ཕྱི་འགལ་བར་འགྱུར་བའི་ཕྱིར་རོ། །གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་པོ་ཆེན་པོ་བཞི་ཚོགས་ནས་འོག་མིན་གྱི་ལྷ་རྣམས་སུ་གྱུར་པའི་བར་དུ་དེ་དག་འདི་སྙམ་དུ་སེམས་ཏེ། སངས་རྒྱས་
འཇིག་རྟེན་དུ་བྱུང་བས་ནི་འཇིག་རྟེན་སྐྱོང་བའི་འཇིག་རྟེན་རྣམས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་སྟོན་པའི་ཕྱིར་དང་། རང་གི་ཚོགས་ཡོངས་སུ་བསྐང་བར་འདོད་པ་དང་། ཡོན་ཏན་གྱི་ཕྱོགས་སུ་ཞེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ལ་རྒྱལ་ཆེན་བཞིའི་
རིས་ཀྱི་ལྷུང་བཟེད་ཀྱི་དབང་དུ་མཛད་པ་ཡིན་ཏེ། དེ་རྣམས་ཁམ་གྱི་ཟས་མཆོག་ཏུ་རོ་ཞིམ་པའི་ཡོན་ཏན་དང་ལྡན་ཞིང་མང་བ་ཡིན་པའི་ཕྱིར་ཏེ། གསལ་རྒྱལ་གྱིས་ཞུས་པ་དཔེར་བྱེད། སུམ་ཅུ་རྩ་གསུམ་པ་ལ་སོགས་པ་ནི་རིམ་གྲོ་བྱེད་པའི་དབང་དུ་མཛད་པ་ཡིན་ཏེ། དེ་རྣམས་ནི་སྒྱུ་རྩལ་མ་
ལུས་པ་ལ་མཁས་པས་འདོད་པ་ཙམ་ལ་རག་ལས་པ་འཇུག་པ་ཡོད་པའི་ཕྱིར་རོ། །ཚངས་རིས་ལ་སོགས་པ་ནི་གསོལ་བ་འདེབས་པའི་དབང་དུ་མཛད་པ་ཡིན་ཏེ། དེ་རྣམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བའི་སྐལ་བ་མཉམ་པས་གཞན་དག་འདོད་
ཆགས་དང་བྲལ་བ་ལ་མངོན་པར་དགའ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ནི་ཚངས་པ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ནི་གནས་གཙང་མ་པ་རྣམས་ཏེ། འདི་ནི་ཤས་ཆེར་བསྟན་པ་ཡིན་གྱི་ཚངས་པ་ལ་

སོགས་པ་ན་ཡང་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་མེད་པ་ནི་མ་ཡིན་ནོ། །ཡང་རྟོགས་པ་སྔོན་དུ་གཏོང་བ་སུ་ཞིག་གང་འདི་ལྟ་བུའི་དབང་དུ་བྱས་པ་གསུམ་སྟོན་པར་བྱེད་ཅེ་ན། གང་གིས་ཀྱང་མ་ཡིན་མོད་ཀྱི་འོན་ཀྱང་འདི་དག་ནི་དགེ་བའི་རྩ་བ་
ཡོངས་སུ་སྨིན་པའི་ཆོས་ཉིད་དུ་རྣམ་པར་གཞག་སྟེ། སོ་སོར་ཉེ་བར་གནས་པའི་མཚན་ཉིད་ཅན་ཡིན་ཞིང་རྟེན་ཅིང་འབྲེལ་པར་ཆོས་རྣམས་ཀྱི་ཆོས་ཉིད་ཚད་མར་བྱས་པ་ཡིན་ནོ། །དེ་ལ་རྒྱལ་ཆེན་བཞི་པོ་ནི་དེ་རྣམས་ཀྱི་བདག་པོ་ཡིན་པས་ན་རྒྱལ་པོ་ཆེན་པོ་བཞིའི་རིགས་སོ། །
ལེགས་པར་སྤྱོད་པ་ལྷན་ཅིག་སྤྱད་པ་ལས་སུམ་ཅུ་རྩ་གསུམ་པོ་དེར་མཚུངས་པར་སྐྱེས་པས་ན་སུམ་ཅུ་རྩ་གསུམ་མོ། །སྡུག་བསྔལ་དང་བྲལ་བར་ཉེ་བར་སོང་བས་ན་འཐབ་བྲལ་ལོ། །དགའ་བར་སོང་ཞིང་ཉེ་བར་ཕྱིན་པས་ན་དགའ་ལྡན་ཏེ། མགུ་བ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །
རང་གིས་སྤྲུལ་ཞིང་བྱས་པའི་ལོངས་སྤྱོད་རྣམས་ཀྱིས་དགའ་ཞིང་རོལ་པས་ན་དེ་ནི་འཕྲུལ་དགའོ། །གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་རྣམས་ལ་དབང་བྱེད་ཅིང་གནས་པས་ན་གཞན་འཕྲུལ་དབང་བྱེད་དོ། །ཚངས་པའི་འཁོར་ཡིན་པས་ན་ཚངས་རིས་སོ། །ཚངས་པ་ཆེན་པོའི་འཁོར་
ཡིན་པས་ན་ཚངས་འཁོར་རོ། །ཅིག་ཤོས་དེའི་མདུན་ན་འདོན་ལྟ་བུར་གནས་པས་ཚངས་པའི་མདུན་ན་འདོན་ནོ། །ཚངས་པ་གཞན་རྣམས་ལས་ཚེ་དང་ཁ་དོག་ལ་སོགས་པའི་ཁྱད་པར་གྱིས་ཚངས་པ་ཆེན་པོ་འཕགས་པ་ཡིན་པས་ན་ཚངས་ཆེན་ནོ། །ཚངས་པ་གཞན་དག་པས་འོད་ཆུང་
བས་ན་འོད་ཆུང་ངོ་། །དེ་དག་ལས་ཚད་མེད་པར་ཆེ་བའི་འོད་འབྱུང་བ་ཡོད་པས་ན་ཚད་མེད་འོད་དོ། །དེ་དག་ནི་དགའ་བ་དང་བཅས་པའི་བསམ་གཏན་ལས་གྲུབ་ཅིང་སྤྲིན་མཐོང་བ་ལ་སོགས་པ་ལས་བྱུང་བའི་གློག་ལྟར་ཕན་ཚུན་འོད་གསལ་བ་འབྱིན་པའི་ཕུང་པོའི་རྒྱུན་ཡོད་པས་ན་འོད་གསལ་
ལོ། །ཡང་ན་དེ་ལྟ་བུའི་གཟུགས་ཀྱི་འོད་ཀྱིས་སྣང་བར་བྱེད་པས་ན་འོད་གསལ་ལོ། །དགེ་བ་ཞེས་བྱ་བ་ནི་ལུས་ཀྱི་འོད་གཅིག་ཏུ་འདུག་ཅིང་མི་འགྱུར་བ་ལ་བྱ་བར་བཤད་ལ། དེ་ནི་དེའི་གོང་གི་འཕགས་པ་རྣམས་ལས་དེའི་འོད་ཆུང་བ་ཡིན་པའི་ཕྱིར་དགེ་ཆུང་ངོ་། །དེ་དག་ཚད་མེད་

པར་ཆེ་བའི་ཕྱིར་ཚད་གཟུང་བར་མི་ནུས་པས་ཚད་མེད་དགེའོ། །དེ་དག་ནི་དགེ་བ་སྟེ་འོད་ཀུན་དུ་འབྱུང་བ་མ་ལུས་པར་རྒྱས་པས་ན་དགེ་རྒྱས་ཏེ། རྒྱས་པ་ཞེས་བྱ་བ་ནི་ཐམས་ཅད་དེ་དགའ་བ་མེད་པའི་བསམ་གཏན་ལས་གྲུབ་ཅིང་བདག་ཉིད་ཀྱི་དངོས་པོ་རྫོགས་པར་བྱས་ཏེ་གནས་སོ། །
དེ་རྣམས་ནི་དཔེར་ན་རིན་པོ་ཆེའི་ཟ་མ་ཏོག་གི་ནང་གི་མར་མེ་གནས་པ་རིན་པོ་ཆེའི་འོད་དང་འདྲེས་པའི་རང་གི་འོད་ཀྱིས་འོད་གཅིག་ཏུ་བྱུང་བར་གྱུར་ནས་གནས་པ་དང་འདྲ་བར་ལུས་གཅིག་ཏུ་འབར་བར་སྣང་བར་གནས་སོ། །འདུ་ཤེས་ལས་འདོད་ཆགས་དང་བྲལ་བ་བསྒོམས་པས་མངོན་
པར་གྲུབ་པའི་གཟུགས་ཀྱི་ཕུང་པོ་ཙམ་ཡོད་ཀྱི་དེ་ལ་འདུ་ཤེས་ཡོད་པ་མ་ཡིན་པས་ན་འདུ་ཤེས་མེད་པའོ། །སྤྲིན་མེད་པ་དང་། བསོད་ནམས་འཕེལ་ནི་གོ་སླའོ། །དེ་རྣམས་ན་ནི་བསམ་གཏན་གྱི་མཐུ་ལས་གྲུབ་པའི་འབྲས་བུ་ཆེན་པོ་ཡིན་པས་འབྲས་བུ་ཆེ་བའོ། །ཕུང་པོ་ལྔ་
དང་ལྡན་པས་སོ་སོའི་སྐྱེ་བོའི་སའི་མཐའ་ཉིད་དུ་གནས་ཤིང་གནོད་པ་ཅུང་ཟད་ཀྱང་མེད་ལ་བདག་ཉིད་ཀྱི་གནས་དུས་ཉུང་ཟད་ཅིག་གིས་མི་འདོར་བས་མི་ཆེ་བའོ། །ལ་ལ་ནི་འདོད་པ་མེད་པར་འདོད་དེ། དེ་དག་གི་གཞུང་ལྟར་ན་དེ་རྣམས་ནི་འོག་མ་ལ་མེད་པས་ན་འདོད་པ་མེད་པ་ཞེས་བྱའོ། །
སུ་ལ་ཡང་གདུང་བར་མི་བྱེད་པས་ན་མི་གདུང་ངོ་། །ཕོངས་པ་མེད་པའི་བདེ་བ་དང་ལྡན་པར་སྣང་ཞིང་ཤིན་ཏུ་ཡིད་འཕྲོག་པ་ཡིན་པའི་ཕྱིར་གྱ་ནོམ་སྣང་ངོ་། །གཞན་དག་ནི་བལྟ་ན་སྡུག་ཅེས་ཟེར་རོ། །ལྟ་བ་ཡོངས་སུ་དག་པའི་ཕྱིར་དང་། རབ་ཏུ་མཐོང་བའི་ཕྱིར་ཤིན་ཏུ་མཐོང་ངོ་། །
ཕུན་སུམ་ཚོགས་པའི་མཆོག་ཡིན་པའི་ཕྱིར་དང་། དེ་རྣམས་ཀྱི་གོང་ན་གཞན་མེད་པས་ན་འོག་མིན་ཏེ། དེ་ནི་མཐར་ཐུག་པའི་མཆོག་ཡིན་ནོ། །ཞེས་བཙུན་པ་ཟངས་ཀྱི་ལོ་མ་པས་བཤད་དོ། །གཞན་དག་ནི་སྡིག་མཐའ་ཡས་ཞེས་ཟེར་ཏེ། སྡིག་པ་ནི་སེམས་ལ་གནས་པར་
གྲགས་པའི་ཚུལ་ཏེ། དེ་དག་ཤིན་ཏུ་འཇོམས་པའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །ཡང་སེམས་བསྐྱེད་པ་འདིའི་རབ་ཏུ་དབྱེ་བའི་མཚན་ཉིད་ནི་གཞན་འཕགས་པ་བློ་གྲོས་མི་ཟད་པ་དང་། སྡོང་པོ་བཀོད་པའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་ནས་བལྟ་ཞིང་སྦྱར་རོ། །བདག་གིས་ནི་

གཞུང་མངས་པ་ཡོངས་སུ་སྤང་བའི་ཕྱིར་ཉེ་བར་མ་བཀོད་དོ། །སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་དང་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ཇི་ལྟ་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེས་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་
འབྱུང་བ་ཡིན་པའི་ཕྱིར་རོ། །བསྐྱེད་པ་ཞེས་སྨོས་པ་ནི་མ་བསྐྱེད་པ་བསྐྱེད་པར་ཤེས་པར་བྱའོ། །སེམས་ཞེས་བྱ་བ་ནི་དེ་རྟོགས་པའི་ཆོས་ཀྱི་དང་པོའི་མཚམས་སུ་གྱུར་པར་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་མི་སྡུག་པའི་འདུ་ཤེས་དགུ་པོའི་དེ་དག་དང་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་
བརྒྱད་སྔར་བསྟན་པ་དེ་དག་དང་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ཅི་ཞིག་འབྲེལ་ཞེ་ན། སེམས་བསྐྱེད་པའི་ཡོངས་སུ་མི་ཉམས་པའི་ཆོས་ཉིད་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །སེམས་བསྐྱེད་པའི་ཡོངས་སུ་མི་ཉམས་པའི་རྒྱུ་མཚན་ནི་བརྒྱད་དེ། འདོད་ཆགས་དེའི་གཉེན་པོ་མི་སྡུག་པའོ། །
ལོག་པས་འཚོ་བ་དེའི་འདོད་པ་ཆུང་བ་དང་ཆོག་ཤེས་པའོ། །ཡང་དག་པར་དགའ་བ་དང་རྒུད་པར་ལྟ་བ་དེའི་རབ་ཏུ་དབེན་པའོ། །ལེ་ལོ་དེའི་བརྩོན་འགྲུས་རྩོམ་པའོ། །དྲན་པ་ཉམས་པ་དེའི་དྲན་པ་ཉེ་བར་གནས་པའོ། །རྣམ་པར་གཡེང་བ་དེའི་ནི་ཏིང་ངེ་འཛིན་ཏོ། །ཤེས་རབ་འཆལ་པ་
དེའི་ནི་ཤེས་རབ་བོ། །འཇིག་རྟེན་པའི་སྣ་ཚོགས་པ་ལ་མངོན་པར་དགའ་བ་དེའི་གཉེན་པོ་ནི་སྤྲོས་པ་མེད་པའི་ཀུན་དགའ་ར་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེམས་བསྐྱེད་པའི་རྣམ་པར་འགྲེལ་པའོ། །སེམས་བསྐྱེད་པ་བཤད་
ཟིན་ཏོ།། །།ད་ནི་གདམས་ངག་བརྗོད་པར་བྱ་སྟེ། དེ་ལ་དོན་དུ་གཉེར་བར་བྱ་བ་ཐོབ་པར་བྱེད་པའི་མན་ངག་ནི་གདམས་ངག་གོ། །ཐོབ་པའི་ཡོན་ཏན་ཡོངས་སུ་བསྐྱང་བའི་ཕྱིར་ཡོངས་སུ་མི་ཉམས་པར་བྱེད་པའི་ཐབས་ནི་གདམས་ངག་ཡིན་ལ། དེའི་རྗེས་ལ་མ་ཐོབ་པའི་ཡོན་
ཏན་ཐོབ་པར་བྱེད་པའི་ཐབས་ནི་རྗེས་སུ་བསྟན་པ་ཡིན་ཏེ། མཇུག་བསྡུ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གདམས་ངག་དང་རྗེས་སུ་བསྟན་པ་ཡིན་ནོ་ཞེས་བསྟན་ཏོ། །གདམས་ངག་དེ་ཡང་རྣམ་པ་བཅུར་འགྱུར་ཏེ། ཇི་སྐད་དུ། གདམས་

པར་བྱ་བ་བསྒྲུབ་པ་དང་། །བདེན་པ་རྣམས་དང་བདེ་གཤེགས་སོགས། །མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །སྤྱན་ནི་ལྔ་རུ་ཤེས་པར་བྱ། །མངོན་ཤེས་ཡོན་ཏན་དྲུག་དང་ནི། །མཐོང་བའི་ལམ་ཞེས་བྱ་བ་མཆོག །བསྒོམ་པའི་ལམ་སྟེ་
གདམས་ངག་བཅུ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་བསྒྲུབ་པ་ལ་གདམས་པ་ནི་གང་ཤཱ་རིའི་བུ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། མི་
དམིགས་པའི་ཚུལ་དུ་བསྒྲུབ་པ་ནི་བསྒྲུབ་པ་དེ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ན་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདམ་བུའི་ཚལ་ལ་སོགས་པ་ལྟ་བུར་ཡོངས་སུ་གང་བ་དཔེར་བྱ་བ་ནས་བརྩམས་ཏེ། ཕྱོགས་བཅུ་
རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེས་ཡོངས་སུ་གང་བའི་ཤེས་རབ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པ་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ནོ། །ཤཱ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་
དང་། མཽད་གལ་གྱི་བུ་འདྲ་བ་ཤ་སྟག་གིས་འདི་ལྟ་སྟེ། དཔེར་ན་འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་ཞེས་གང་གསུངས་པའི་དོན་ཇི་ལྟ་
བུ་ཡིན་ཞེ་ན། ངེས་པར་འབྱེད་པའི་ཆ་བཞི་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དག་གོ་རིམས་བཞིན་དུ་སྦྱར་ཏེ། འདམ་བུ་ལྟར་ལས་དང་ཉོན་མོངས་པའི་གནོད་པ་ཆུང་ངུ་བཟོད་པས་མི་ནུས་པ་དང་། འོད་མ་དང་འདྲ་བར་མེ་དང་། མཚོན་དག་དང་འདྲ་བའི་ལས་དང་
ཉོན་མོངས་པ་དྲག་པོས་ཉེན་དུ་ཟིན་ཀྱང་དགེ་བའི་རྩ་བའི་རྒྱུན་ཀུན་ཏུ་མི་འཆད་པ་དང་། བུ་རམ་ཤིང་དང་འདྲ་བར་སྐྱེ་བ་དང་འཆི་བའི་གནས་སྐབས་གཞན་ཐོབ་པ་ན་བདེ་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཞིང་། རྒྱུན་མི་འཆད་པའི་སྦྱོར་བ་ཆོས་སྒོམ་པའི་མངར་བ་ལས་མི་འདའ་བ་ཉིད་དང་། མདའ་

རྒྱུ་དང་འདྲ་བར་མངོན་པར་འབིགས་པ་ཡིན་པའི་ཕྱིར་མཐོང་བའི་ལམ་རྟོགས་པར་བྱེད་པ་ཉིད་དང་། འབྲས་ཀྱི་ཞིང་དང་འདྲ་བར་འཕགས་པའི་གང་ཟག་རྣམས་ཀྱི་རྟོགས་པའི་འབྲས་བུ་མཆོག་ཉིད་དང་། ཏིལ་གྱི་ཞིང་འདྲ་བར་མེ་ཏོག་ལ་སོགས་པའི་དངོས་པོ་དང་ཐ་
མི་དད་དུ་ཟིན་ཀྱང་ཇི་ལྟར་མཐོང་བ་མངོན་དུ་བྱེད་པ་ནས་ཉེ་བར་བཟུང་སྟེ། དུས་གཞན་དུ་བསྒོམས་པས་སྤངས་པའི་ཁྱད་པར་གྱི་དབང་དུ་བྱས་ནས་དཔེ་དྲུག་དང་འདྲ་བར་ཤེས་པར་བྱའོ། །ཅིའི་ཕྱིར་ཚལ་སྨོས་ཤེ་ན། དྲོ་བར་རྟོགས་པ་ལ་སོགས་པའི་གང་ཟག་གཞན་དག་གི་དབང་པོ་ལ་
སོགས་པའི་དབྱེ་བའི་རིགས་ཀྱི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་ཡིན་ཏེ། དོན་མང་པོ་བརྟགས་ན་ཡང་དཔེ་གཅིག་གིས་རྟོགས་པར་འགྱུར་རོ། །རེ་ཞིག་སྔ་མ་སྔ་མ་ལའམ་ཞེས་བྱ་བའི་སྒྲ་སྨོས་པ་ནི་དཔེ་ཕྱི་མ་ཕྱི་མ་དྲང་བར་བྱ་བའི་དོན་ཡིན་ནོ། །དེ་ལྟ་ཡིན་ན་ཐ་མར་རམ་ཞེས་ཅིའི་ཕྱིར་
སྨོས་ཤེ་ན། འཕགས་པའི་གང་ཟག་དེ་རྣམས་ལས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཤེས་པར་བྱེད་པ་དྲང་བར་བྱ་བ་ཡིན་ནོ། །དེ་ལྟ་ན་དཔེ་གཞན་དག་གིས་ཅིའི་ཕྱིར་མ་བཤད་ཅེ་ན། མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་ཀྱི་ནི་རང་བཞིན་སྣ་ཚོགས་པ་ཉིད་ཀྱིས་རིགས་
བསྡུས་པའི་ངོ་བོ་ཤེས་པར་བྱ་བའི་དོན་ཏོ། །གཞན་ཡང་རེ་རེ་ཞིང་བརྗོད་པ་བརྟགས་ན་ནི་དཔེ་ཇི་སྙེད་ཅིག་བརྗོད་པར་བྱ་སྟེ། ཉེ་བར་བཤད་པ་ལ་མི་མཁས་པ་ཉིད་ཐོབ་པར་འགྱུར་རོ། །འདིར་ཚིག་ནི་འདི་ཡིན་ཏེ། དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་འདྲ་བ་ཞེས་གང་གསུངས་པ་
འདིས་ནི་ཇི་སྐད་གསུངས་པའི་རྟོགས་པ་མཐུན་པ་རྣམས་ཀྱིས་སོ། །བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའི་དོན་ཅི་ཞིག་ཡིན་ཞེ་ན། འདི་ནི་གྲངས་ཀྱི་ཁྱད་པར་དང་། མཐུའི་ཁྱད་པར་དང་། རིགས་ཀྱི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། དཔེ་ལས་
འདས་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ནས། གྲངས་དང་ཞེས་བྱ་བའི་བར་ནི་གྲངས་ཀྱི་ཁྱད་པར་གྱི་ཁྱད་པར་མེད་པའི་གྲངས་བཟུང་བ་ཡིན་ཏེ། དེ་

ལས་གཞན་པའི་གྲངས་གསལ་བར་ཤེས་པར་བྱའོ། །བརྒྱ་ལ་སོགས་པ་སྨོས་པ་ནི་ཁྱད་པར་སྨོས་པས་ཁྱད་པར་མེད་པའི་གྲངས་ཁོང་དུ་ཆུད་པའི་རྒྱུར་བྱས་པ་ཡིན་ཏེ། ཁྱད་པར་མེད་པ་ཙམ་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་དུ་བརྒྱ་ལ་སོགས་པ་སྨོས་པས་གོ་རིམས་མང་པོ་ཡིན་པར་
ཤེས་པའི་ཕྱིར་རོ། །ཆར་ཡང་ཞེས་བྱ་བ་ནི་མི་མཐུན་པའི་ཁྱད་པར་རོ། །བགྲང་བར་ཡང་ཞེས་བྱ་བ་ནི་རིགས་ཀྱི་ཁྱད་པར་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་རིགས་དེ་ལ་བགྲང་དུ་མེད་པའི་ཕྱིར་རོ། །རྒྱུར་ཡང་ཞེས་བྱ་བ་ནི་རྒྱུའི་ཁྱད་པར་ཏེ། ཤེས་རབ་དེ་ནི་འདིའི་རྒྱུ་ཙམ་དུ་
ཡང་མི་འགྱུར་རོ། །དཔེར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ནི་དཔེ་ལས་འདས་པའོ། །འདིར་ཡང་བྱང་ཆུབ་སེམས་དཔའ་ཅི་ཙམ་ཞིག་གི་དབང་དུ་བྱས་ནས་དེ་ལྟ་བུའི་ཤེས་རབ་ཉིན་གཅིག་ཏུ་བསྒོམ་པ་ཡིན། ཅི་དང་པོ་སེམས་བསྐྱེད་པ་ཡིན་ནམ། སྤྱོད་པ་ལ་ཞུགས་པ་ཡིན་ནམ། ཕྱིར་
མི་ལྡོག་པ་ཡིན་ནམ། སྐྱེ་བ་གཅིག་གིས་ཐོགས་པ་ཡིན་ནམ། ས་བཅུ་པ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ནོ་ཞེས་བསྟན་པའི་དོན་ཅི་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པའི་མཛད་པས་ཉེ་བར་གནས་པའི་ཕྱིར། དེ་ཉིད་ལ་དེ་བཞིན་གཤེགས་པ་ཞེས་བརྗོད་ཀྱི་དེ་བཞིན་གཤེགས་
པའི་ཐུགས་སུ་ཆུད་པས་ནི་མ་ཡིན་ནོ། །གསུམ་པ་ཡང་མ་ཡིན་ཏེ། བརྒྱད་པ་ལ་ནི་མངོན་པར་འདོད་པའི་མྱ་ངན་ལས་འདས་པ་བཀག་པས་ཉན་ཐོས་ཐམས་ཅད་ལས་ཤེས་པ་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཀྱེ་རྒྱལ་བའི་སྲས་དག་ཁྱེད་ལ་ཤེས་པར་བྱ། ཁྱེད་ལ་ཁོང་
དུ་ཆུད་པར་བྱ་སྟེ། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་མངོན་པར་བསྒྲུབ་པའི་སྒོ་ལ་མཚུངས་པར་གྱུར་ན་དེ་ཉིད་དུ་དེའི་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་དེའི་མྱ་ངན་ལས་འདས་པ་གང་ཞིག་ཡིན།
འོན་ཏེ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ཡིན་ན་དེ་ནི་རེ་ཞིག་མི་རིགས་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་འདོད་པའི་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པ་ནས་བརྩམས་ཏེ་རིང་དུ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །འོན་ཏེ་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་ཟེར་ན་ནི་བསྒོམས་པས་སྤང་

བར་བྱ་བ་མ་སྤངས་པ་དང་དེ་ཡང་མི་རིགས་སོ། །བསྟན་པ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་གཞག་པའི་བརྗོད་པར་བྱ་བ་ནི་མང་པོ་ཡོད་དེ། འདིར་རྩེ་མོ་ཐོབ་པ་རྣམས་ཀྱི་ནི་དགེ་བའི་རྩ་བ་རྒྱུན་ཆད་པ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །བཟོད་
པ་ཐོབ་པ་རྣམས་ཀྱི་ནི་ངན་འགྲོ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །བསམ་གཏན་ཐོབ་པ་རྣམས་ཀྱི་ནི་དེའི་ཡན་ལག་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་ཐོབ་པ་རྣམས་ཀྱི་ནི་སྲིད་པ་བརྒྱད་པ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ལན་
ཅིག་ཕྱིར་འོང་བ་རྣམས་ཀྱི་ནི་འདིར་སྲིད་པ་གཉིས་པ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ཕྱིར་མི་འོང་བ་ནི་འདོད་པའི་ཁམས་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །དགྲ་བཅོམ་པ་ནི་ཕུང་པོ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡིན་ནོ། །
འདིར་ཡང་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པའི་མདོ་ཚད་མར་བྱས་ནས། ཇི་ལྟར་འཕགས་པ་ཤཱ་རིའི་བུ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པར་རྣམ་པར་གཞག་པ་གསུངས་པ་དེ་བཞིན་དུ་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་
ཡིན་པར་ཤེས་པར་བྱ་སྟེ། དུས་དེ་སྲིད་དུ་འགྲོ་བའི་དོན་ལ་འཇུག་པ་བཤོལ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་རྒྱུན་ཆད་པ་འདི་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བཤད་དོ། །གཉིས་པ་ཡང་མ་ཡིན་ཏེ། དེ་ཡང་དེ་རྣམས་ལས་རྟོགས་པ་
གོ་བཟློག་པ་ཡིན་པའི་ཕྱིར་ཏེ། རྒྱུན་དུ་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བས་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྱི་བརྡར་བཏགས་པའི་སེམས་ཀྱིས་དང་པོ་སེམས་
བསྐྱེད་པ་ཉིད་འདིར་བྱང་ཆུབ་སེམས་དཔའ་ཡིན་པར་མངོན་ནོ། །གང་དེ་ལྟ་ཡིན་པ་དེ་བས་ན་རབ་ཏུ་བྱེད་པ་དང་པོར་སེམས་བསྐྱེད་པ་བསྟན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་

བསྒོམས་པ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས་ཆོས་ཀྱི་སྐུ་ཐོབ་པར་བསྡུས་པར་བསྟན་པའི་སྦྱོར་བ་རྟོགས་པ་ལས་ཡང་དག་པར་འདའ་བ་ཡིན་ནོ་ཞེས་བསྟན་པའང་མི་རིགས་ཏེ། དེ་དག་ནི་བསྐལ་
པ་གྲངས་མེད་པ་མང་པོའི་འབྲས་བུ་ཡིན་པའི་ཕྱིར་ཤེས་རབ་ཉིན་གཅིག་ཡོངས་སུ་བསྒོམས་པའི་འབྲས་བུ་མ་ཡིན་ནོ་ཞེ་ན། འདིར་ཡང་མར་མེའི་སྙིང་པོ་ཚིག་པའི་དཔེས་སེམས་བསྐྱེད་པ་དང་པོ་དང་། ཕྱི་མ་འབྲས་བུ་དང་བཅས་པར་ལན་བཏབ། ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །
སྒྲུབ་པ་ལ་གདམས་པ་བཤད་ཟིན་ཏོ།། །།བདེན་པ་ལ་གདམས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་ལ་གདམས་པ་གང་ཡིན་པའོ། །དེ་ལ་སྡུག་བསྔལ་གྱི་བདེན་པའི་དབང་དུ་མཛད་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་
འབྱུང་བའི་ཡན་ལག་དང་། ཆོས་ཐམས་ཅད་དང་། འདུས་བྱས་དང་། འདུས་མ་བྱས་དང་། སྟོང་པ་ཉིད་ཀྱི་སྦྱོར་བས་ཞེས་བསྟན་པ་སྟེ། འདིའི་མདོ་ནི་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ་ཞེས་བྱ་བ་ལ་
སོགས་པ་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་གི་བདེན་པའི་དབང་དུ་མཛད་ནས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཆོས་ཕན་ཚུན་ཡང་དག་པར་འདུ་བ་བཀག་པ་ཡིན་ཏེ། འདིའི་མདོ་ནི་
གལ་ཏེ་གཟུགས་སྐྱེ་བའི་ཆོས་ཅན་ནམ། འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ནི་ཚོར་བ་ཡང་དག་པར་འདུ་བ་ཡིན་ནོ་ཞེས་བྱ་བར་ཡང་
དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་དང་། དེ་དག་སྟོང་པ་ཉིད་ནི་དེའི་རང་བཞིན་བཀག་པ་ཡིན་ཏེ། འདིའི་མདོ་ནི་དོན་འདི་ལྟར་ཤཱ་རིའི་བུ་གཟུགས་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་རྣམས་སྟོང་པ་ཉིད་དང་ཕན་ཚུན་ངོ་བོ་གཅིག་པ་ཡིན་

ཏེ། འདིའི་མདོ་ནི་ཤཱ་རིའི་བུ་འདི་ལྟར་གཟུགས་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ནི་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེས་ན་འདིས་ནི་སྒྲོ་འདོགས་པ་དང་། སྐུར་པ་
འདེབས་པའི་མཐའ་གཉིས་སྤངས་པ་ཡིན་ནོ། །འགོག་པའི་བདེན་པའི་དབང་དུ་མཛད་ནས་སྟོང་པ་ཉིད་ལ་སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འགྲིབ་པ་དང་། འཕེལ་བ་དང་། དུས་གསུམ་བཀག་པའི་སྒོ་ནས་དེ་དག་ལ་ཕུང་
པོ་ལ་སོགས་པ་དང་། འཕགས་པའི་བདེན་པ་ལ་སོགས་པ་འཇུག་པ་དང་ལྡོག་པའི་ཕྱོགས་ལ་སྤྱོད་པའི་སྦྱོར་བ་རབ་ཏུ་བཀག་པ་བསྟན་པ་ཡིན་ཏེ། དེའི་མདོ་ནི་ཤཱ་རིའི་བུ་སྟོང་པ་ཉིད་གང་ཡིན་པ་དེ་ནི་མི་སྐྱེ། མི་འགག །ཀུན་ནས་ཉོན་མོངས་པར་འགྱུར་བ་མེད། རྣམ་པར་བྱང་
བ་མེད། འགྲིབ་པ་མེད། འཕེལ་བ་མེད། དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །གང་ཡང་འདྲ་བ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ་ཞེས་བྱ་བ་ནས་མ་རིག་པ་སྐྱེ་བ་མེད་དོ། །མ་རིག་པ་འགག་པ་མེད་དོ་ཞེས་བྱ་བའི་བར་
དང་། རྒྱུན་དུ་ཞུགས་པ་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ་ཞེས་བྱ་བའི་བར་དང་། སངས་རྒྱས་མེད་དོ། །བྱང་ཆུབ་མེད་དོ་ཞེས་བྱ་བའི་བར་གང་གསུངས་པ་ཡིན་ནོ། །ལམ་གྱི་བདེན་པའི་དབང་དུ་མཛད་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ཕུང་པོ་དང་། ཁམས་དང་།
སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། བདེན་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་བའམ། མི་སྦྱོར་བ་དེ་ལ་རྗེས་སུ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་མདོ་ནི་ཇི་སྐད་དུ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྡན་ཞེས་བྱ་བའམ། མི་ལྡན་ཞེས་བྱ་བར་བདག་ཉིད་ལ་

ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་སྟོང་པ་ཉིད་ལ་སོགས་པ་དེ་དང་སྦྱོར་བར་བྱེད་པ་བཀག་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། དེའི་མདོ་ནི་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྟོང་པ་ཉིད་ལ་
སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དོ། །སྟོང་པ་ཉིད་ཀྱིས་འབྱེད་པ་མ་ཡིན་ནོ། །མཚན་མ་མེད་པ་དང་། མཚན་མ་མེད་པར་མི་སྡུད་མི་འབྱེད་དོ། །སྨོན་པ་མེད་པ་དང་། སྨོན་པ་མེད་པར་མི་སྡུད་མི་འབྱེད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འདིས་ནི་ལམ་གྱི་བདེན་
པ་རྣམ་པར་མི་རྟོག་པ་ཉིད་ཡིན་པར་གསལ་བར་བསྟན་ཏོ། །གཟུགས་ལ་སོགས་པའི་ཕུང་པོ་རྣམས་སྔོན་གྱི་མཐར་སྦྱོར་བ་དང་འབྱེད་པ་རབ་ཏུ་བཀག་པ་ཡིན་ཏེ། མདོ་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གཟུགས་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དོ། །འདི་ལྟར་དེ་སྔོན་གྱི་མཐའ་ཉིད་
ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དུས་རྣམས་གཅིག་ལ་གཅིག་སྦྱོར་བ་དང་བཀག་པ་ཡིན་ཏེ། མདོ་ནི་དེ་སྔོན་གྱི་མཐའ་ལ་ཕྱི་མའི་མཐའ་མི་སྦྱོར་མི་འབྱེད་དེ། དུས་གསུམ་མཉམ་པ་ཉིད་ཉེ་བར་བཟུང་ནས་ཞེས་བྱ་བ་ལ་སོགས་པ་
གང་གསུངས་པ་ཡིན་ནོ། །དུས་རེ་རེར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་བཀག་པ་ཡིན་ཏེ། མདོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། འདས་པ་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་འདས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་
ནོ། །དེ་ལྟར་ལམ་གྱི་ངེས་པར་འབྱུང་བའི་ངོ་བོ་ཉིད་གསལ་བར་བསྟན་པ་ཡིན་ནོ། །བདེན་པ་ལ་གདམས་པའོ། །དཀོན་མཆོག་ལ་གདམས་པ་གང་ཞིག་ཡིན་ཞེ་ན། དེ་ནི་དཀོན་མཆོག་གསུམ་ལ་གདམས་པ་ཡིན་པར་ཤེས་པར་བྱའོ། །སངས་རྒྱས་དཀོན་མཆོག་གང་ཡིན་པའི་དབང་
དུ་མཛད་ནས་བསྟན་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་རྣམས་དང་། སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་བཀག་པ་ཡིན་ཏེ། འདིའི་མདོ་ནི་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་གཟུགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྦྱོར་བར་མི་བྱེད་དེ། གཟུགས་ཉིད་ཀྱང་
ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དོ་ཞེས་གང་གསུངས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སངས་རྒྱས་སུ་སྦྱོར་བ་བཀག་པ་ཡིན་ཏེ། མདོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་།
སངས་རྒྱས་སུ་སྦྱོར་བར་མི་བྱེད་དེ། སངས་རྒྱས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གང་གསུངས་པ་ཡིན་ནོ། །སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་དང་། བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ངོ་བོ་གཅིག་པར་བཞེད་པ་ཡིན་ཏེ།
མདོ་ནི། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཡིན་ནོ། །བྱང་ཆུབ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བྱང་ཆུབ་བོ་ཞེས་གང་གསུངས་པ་ཡིན་ནོ། །ཆོས་དཀོན་
མཆོག་གི་དབང་དུ་མཛད་ནས་བསྟན་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དངོས་པོ་མེད་པར་སྦྱོར་བ་བཀག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །གང་ཇི་སྐད་དུ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་
མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་ནི་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་ཐམས་ཅད་དུ་འདོད་ཆགས་དང་བྲལ་བར་བསྟན་པའི་དོན་དུ་གསུངས་པ་ནི། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་
སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འཇིག་རྟེན་པའི་ཉོན་མོངས་པ་བསལ་བ་ཞེས་བསྟན་པ་ཡིན་ཏེ། མདོ་ནི་དེ་ལྟར་སྤྱོད་པ་འདིས་འཇིག་རྟེན་པའི་ཉོན་མོངས་པ་ཇི་སྙེད་པ་བསལ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་འཇིག་རྟེན་པའི་ཉོན་མོངས་པ་ནི་མ་རིག་པ་དང་ལྟ་བ་ཟག་པ་དང་

བཅས་པས་བསྡུས་པའོ། །བྱང་ཆུབ་སེམས་དཔས་ནི་དེ་དག་རྩ་བ་ནས་ཤིན་ཏུ་གཞོམ་པའི་ཕྱིར་རྣལ་འབྱོར་དུ་བྱེད་དོ། །འདོད་པའི་ཟག་པ་ཡོངས་སུ་ཤེས་བཞིན་དུ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་འདོད་པའི་ཁམས་སུ་སྐྱེ་བ་ལེན་པར་བྱེད་དོ། །
སྲིད་པའི་ཟག་པ་ཡོངས་སུ་ཤེས་བཞིན་དུ་ཡང་བསམས་བཞིན་དུ་སྲིད་པ་ཡོངས་སུ་འཛིན་ཏོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པར་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ཀུན་ཏུ་མི་སྤྱོད་པས་ཉོན་མོངས་
པ་དང་བཅས་པ་ཞེས་བརྗོད་པར་མི་བྱ་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་པར་འདོད་པ་དང་། བསམ་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ཉོན་མོངས་པ་མེད་པ་ཞེས་བརྗོད་པར་མི་བྱའོ། །དགེ་འདུན་དཀོན་མཆོག་གི་དབང་དུ་མཛད་ནས་བསྟན་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་
དཔའ་དེས་སངས་རྒྱས་ཀྱི་ཞིང་གཞན་དག་གམ། དགའ་ལྡན་གྱི་ལྷའམ། མི་ནས་ཤི་འཕོས་ཏེ་འདིར་སྐྱེས་ནས་དེ་མྱུར་དུ་འདི་ལ་རྣལ་འབྱོར་དུ་བྱེད་ཅེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་མྱུར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དཀོན་མཆོག་
ལ་གདམས་པ་བསྟན་ནས། མ་ཞེན་པ་ལ་གདམས་པའི་དབང་དུ་མཛད་ནས་བསྟན་པ་ནི། ལུས་དེ་ཅི་ཞིག་ལུས་དེ་གང་གི་ལུས་ལས་རྩོམ་ཞེས་བྱ་བ་ནས། ལུས་ལ་སོགས་པ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡོངས་སུ་མི་ངལ་བའི་དབང་དུ་མཛད་ནས་བསྟན་པ་
ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། འབྲས་བུ་བཞི་དང་། རང་
བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རློམ་སེམས་མེད་དོ་ཞེས་རློམ་སེམས་བཀག་པ་ཡིན་ཏེ། འདིའི་མདོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་གཟུགས་ལ་རློམ་སེམས་མེད་ཅེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རློམ་སེམས་

མེད་ཅེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །རློམ་སེམས་མེད་པར་གྱུར་ན་ཡོངས་སུ་སྐྱོ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །ལམ་ཡོངས་སུ་འཛིན་པ་ལ་གདམས་པ་གང་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐ་དད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་མཐོང་ངོ་། །དེ་རྣམས་ཀྱིས་ཆོས་བསྟན་པའང་ཉན་ཏོ། །དེ་དག་གི་དགེ་འདུན་ཡང་མཐོང་ངོ་། །དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་མཐོང་ཞིང་། ཕ་རོལ་ཏུ་ཕྱིན་པ་ལ་
སོགས་པ་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་མི་དམིགས་པའི་རྣམ་པར་ཡེ་ཤེས་ཀྱི་ཡུལ་དུ་བྱེད་པ་ཡིན་ཏེ། འདིའི་མདོ་ནི། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་མཐོང་ངོ་། །དེ་རྣམས་ལས་ཆོས་བསྟན་པའང་ཉན་ཏོ་ཞེས་བྱ་བ་ལ་སོགས་པའོ། །སྤྱན་ལྔ་ལ་གདམས་པ་ལས། ཤའི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི། དཔག་ཚད་བརྒྱའི་བར་ནས་བརྩམས་ཏེ། སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ནི་ཤའི་སྤྱན་གྱི་ཡུལ་ཡིན་ཏེ། འདིའི་མདོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་ཞེས་བྱ་བ་ནས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
མཐོང་བ་ཡོད་དོ་ཞེས་བྱ་བའི་བར་དུ་ཡིན་ནོ། །ལྷའི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི། རྒྱལ་ཆེན་བཞིའི་རིས་ནས་བརྩམས་ཏེ། འོག་མིན་གྱི་བར་གྱི་ལྷའི་མིག་གི་ཡུལ་གང་ཡིན་པ་དེ་རབ་ཏུ་ཤེས་སོ། །ལྷ་རྣམས་ཀྱིའང་དེ་དག་གི་དེའི་ཡུལ་གྱི་ཁྱད་པར་མི་ཤེས་སོ། །ཕྱོགས་བཅུའི་
འཇིག་རྟེན་གྱི་ཁམས་ཐ་དད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་ཡུལ་ཅན་ནི་ལྷའི་མིག་ཡིན་ཏེ། འདིའི་མདོ་ནི། ཤཱ་རིའི་བུ་རྒྱལ་པོ་ཆེན་པོ་བཞིའི་ལྷ་རྣམས་ཞེས་བྱ་བ་ནས། འོག་མིན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་

སེམས་དཔས་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ལྷའི་མིག་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་
གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ། །ཤེས་རབ་ཀྱི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི། འདུས་བྱས་དང་། འདུས་མ་བྱས་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་
ན་མ་ཐོ་བ་མེད་པ་ལ་སོགས་པ་དང་། མཐོང་བ་དང་ཐོས་པ་ལ་སོགས་པའི་ཆོས་སུ་རྣམ་པར་རྟོག་པ་དང་བྲལ་བ་ནི་ཤེས་རབ་ཀྱི་སྤྱན་ཞེས་བྱ་སྟེ། འདིའི་མདོ་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྤྱན་གང་གིས་ཆོས་གང་ཇི་སྙེད་པ་འདུས་བྱས་སམ། འདུས་མ་བྱས་སམ། དགེ་
བའམ། མི་དགེ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆོས་ཀྱི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི་གང་ཟག་འདི་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱ་བ་ནས་བརྩམས་ནས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འདུག་སྟེ་ཞེས་བྱ་བ་ནས་འདི་ལ་ནི་བདུད་འབྱུང་བར་འགྱུར་རོ། །
འདི་ལ་ནི་བདུད་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་དང་། འཕགས་པའི་གང་ཟག་ཐམས་ཅད་རྟོགས་པའི་ཡུལ་ཅན་ནི་ཆོས་ཀྱི་སྤྱན་ཏེ། འདིའི་མདོ་ནི། འདི་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་སྤྱན་གྱིས་གང་ཟག་འདི་ནི་དད་པའི་རྗེས་སུ་འབྲང་བའོ། །འདི་ནི་
ཆོས་ཀྱི་རྗེས་སུ་འབྲང་བའོ། །གང་ཟག་འདི་ནི་སྟོང་པ་ཉིད་ཀྱིས་གནས་པའོ། །འདི་ནི་མཚན་མ་མེད་པས་གནས་པའོ། །འདི་ནི་སྨོན་པ་མེད་པས་གནས་པའོ། །གང་ཟག་འདི་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་
སྤངས་པའི་ཕྱིར་རྒྱུན་དུ་ཞུགས་པའོ། །བསྒོམ་པའི་ལམ་གྱི་འདོད་པའི་འདོད་ཆགས་དང་གནོད་སེམས་བསྲབས་པའི་ཕྱིར་ལན་ཅིག་ཕྱིར་འོང་བའོ། །དེ་ལ་རབ་ཏུ་འདོད་པའི་འདོད་ཆགས་དང་གནོད་སེམས་སྤངས་པའི་ཕྱིར་ཕྱིར་མི་འོང་བའོ། །དེ་ཉིད་ཀྱིས་གཟུགས་དང་གཟུགས་མེད་

པའི་འདོད་ཆགས་དང་ང་རྒྱལ་རྣམས་སྤངས་པས་གང་ཟག་འདི་ནི་དགྲ་བཅོམ་པར་བརྗོད་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སངས་རྒྱས་ཀྱི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི། སེམས་ཀྱི་སྐད་ཅིག་གཅིག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་
བྱང་ཆུབ་པའི་ལམ་ཡུལ་སྤྱན་ནི་སངས་རྒྱས་ཀྱི་སྤྱན་ཡིན་ཏེ། འདིའི་མདོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ་ཞེས་བྱ་
བ་ལ་སོགས་པ་ཡིན་ནོ། །སྤྱན་གང་གིས་བྱང་ཆུབ་སེམས་དཔའ་མ་མཐོང་བའམ། མ་ཐོས་པའམ། མ་དྲན་པའམ། མངོན་པར་མ་ཤེས་པའམ། རྣམ་པ་ཐམས་ཅད་མི་མཁྱེན་པ་ཉིད་ཅེས་བྱ་བ་ཅུང་ཟད་ཀྱང་མེད་དེ། ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པས་ན་
དགེ་བའི་ཆོས་ཐམས་ཅད་བསྡུས་སོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དགེ་བའི་ཆོས་ཐམས་ཅད་བསྡུས་སོ་ཞེས་སྨྲས་པ་ནི་ཡང་དག་པར་སྨྲ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་
ཅད་བསྐྱེད་དོ་ཞེས་གསུངས་པ་ཡིན་ནོ། །སྤྱན་ལྔ་ལ་གདམས་པ་བསྟན་ནས། མངོན་པར་ཤེས་པ་དྲུག་ལ་གདམས་པ་བསྟན་པར་བྱ་སྟེ། དེ་ལ་རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་དབང་དུ་མཛད་ནས་བསྟན་པ་ནི། ས་ཡང་གཡོ་ཞེས་བྱ་བ་ལ་སོགས་པ་སྟེ། རྫུ་འཕྲུལ་གྱིས་དེ་དང་དེ་
དག་བསྒྲུབ་པ་ཡིན་ནོ་ཞེས་བྱ་བ་སྟེ། འདིའི་མདོ་ནི། ཇི་སྐད་དུ། གལ་ཏེ་རྫུ་འཕྲུལ་དུ་མ་རྣམ་པ་སྣ་ཚོགས་པ་སོ་སོར་ཉམས་སུ་མྱོང་བར་བྱེད་དེ། ས་ཡང་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་དམིགས་པའི་སེམས་
བཀག་པ་ཡིན་ཏེ། གང་འདི་ལྟར་དེ་རྫུ་འཕྲུལ་མི་དམིགས་ཏེ། གང་གི་རློམ་སེམས་སུ་བྱ་བ་དང་། གང་ལའང་རློམ་སེམས་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་

པར་ཤེས་པ་ཡང་དག་པར་བཟུང་སྟེ། ཡང་ལྷའི་མིག་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱས་ཏེ། ཐམས་ཅད་སྒྱུ་མ་ལྟ་བུར་གནས་པ་ན་དེར་དམིགས་པའི་སེམས་བཀག་ནས་ཐམས་ཅད་དུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་
ནི་མདོ་ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་པར་བརྗོད་པར་བྱའོ། །ཡང་རྒྱུ་ཅིའི་ཕྱིར་མངོན་པར་ཤེས་པ་ལ་གདམས་པར་མཛད་ཅེ་ན། མངོན་པར་ཤེས་པ་ཡོངས་སུ་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དང་། ཇི་སྐད་དུ། མངོན་པར་ཤེས་པ་
ཡོངས་སུ་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་པའོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་མངོན་པར་ཤེས་པས་གདུལ་བྱ་བཏུལ་ནས་སྦྱིན་པ་ལ་སོགས་པ་དྲུག་ལས་གང་ཡང་རུང་བ་ཉིད་ཀྱིས་གནས་ཏེ། དེ་དང་དེའི་མི་མཐུན་པའི་ཕྱོགས་སྤོང་དུ་བཅུག་ནས་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཡོངས་སུ་སྦྱོང་བར་བྱེད་དོ་ཞེས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་རེ་རེ་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་པས་དང་། གང་ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
ལ་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་ཡང་ཡོད་དོ། །ཤིན་ཏུ་སྟོང་པ་ཉིད་ཀྱིས་འཛིན་པ་མེད་པར་ཉེ་བར་བཟུང་སྟེ། དེ་བཞིན་དུ་ཁ་ན་མ་ཐོ་བ་མེད