Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 70

Văn bản gốc(Tây Tạng)

Trang 13 / 18 (50.000 ký tự/trang)
དང་པོར་དཀྱིལ་འཁོར་ལན་ཅིག་བྲིས་ནས་ལས་དེ་གྲུབ་
གྲུབ་ཏུ་གཞག་པའམ། ཡང་ན་རི་མོ་དེ་མི་མངོན་ཞིང་རྙིང་པར་གྱུར་ན་སྐབས་སྐབས་སུ་བརྗེ་བར་བྱ་བ་ནི་སྤྱིའི་རྒྱུད་དང་སྦྱར་ཞིང་གར་ལེགས་པར་བྱའོ། །དེ་ལྟར་ཅི་རིགས་བྲིས་ནས་ནི། །དེ་ནས་གཙང་མས་ཉེ་རེག་བྱ། །ཞེས་པ་ནས། གཏོར་མ་ཉ་དང་ཤ་ལ་སོགས། །སྦྱར་ཐུག་ལ་
སོགས་ལྷག་མ་དབུལ། །ཞེས་བྱ་བའི་བར་དུ་མཆོད་པའི་ཡོ་བྱད་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར། ཅི་རིགས་པར་ནི་བྲིས་ནས་ནི། །དེ་ནས་གཙང་མས་ཉེ་རེག་བྱ། །ཞེས་པ་ནི་དེ་ལྟར་གོང་དུ་སྨོས་པའི་དཀྱིལ་འཁོར་རྣམས་ལས་གང་ཡང་རུང་བ་ཅིག་ཅི་རིགས་པར་བྲིས་ནས། དེའི་
འོག་ཏུ་ཕྱི་ནང་བཅས་པར་གཙང་མའི་སློབ་དཔོན་དེ་ཡང་སྔགས་དང་ཕྱག་རྒྱས་ཉེ་རེག་བྱ་སྟེ། འོག་ནས་འབྱུང་བའི་མཆོད་པའི་ཡོ་བྱད་ཀྱི་ཚོགས་རྣམས་བསགས་པར་བྱའོ་ཞེས་པའོ། །མཆོད་པའི་ཡོ་བྱད་དེ་དག་ཀྱང་དཀྱིལ་འཁོར་བྲིས་པའི་འོག་ཏུ་གདོད་འཕྲལ་ལ་བཙལ་ཞིང་
བསོགས་པ་ལ་མི་བྱའོ། །མཆོད་པའི་ཡོ་བྱད་ལ་སོགས་པ་འདི་དག་ཀྱང་དཀྱིལ་འཁོར་མ་བྲིས་པའི་སྔོན་རོལ་ནས་བཙལ་ཞིང་བསོགས་པ་ལ་བྱའོ། །ཆུ་ཡི་ཕྱིར་ནི་ཆུ་ཡི་སྣོད། །ཆུས་ནི་རབ་ཏུ་དགང་བར་བྱ། །ཞེས་པ་ནི་སློབ་མ་དབང་བསྐུར་བའི་བུམ་པ་ཆུ་དང་། ཨརྒྷ་དང་བསང་
གཏོར་བྱ་བ་ལ་སོགས་པ་སྟེ། ཇི་ཙམ་དུ་ཆུའི་སྣོད་དུ་བྱ་བ་དེ་དག་སོ་སོ་གང་རིགས་པ་སྣོད་གཙང་མའི་སྣོད་དུ་དྲིའི་ཆུ་ལ་སོགས་པས་རབ་ཏུ་དགང་བར་བྱའོ་ཞེས་པའོ། །དེ་བཞིན་མེ་ཏོག་དོན་དུ་ཡང་། །མེ་ཏོག་སྡུ་གུ་དྲི་ཞིམ་དང་། །མེ་ཏོག་ཕྲེང་བས་སྣོད་མཆོག་གཞན། །ལེགས་

པར་གང་ཞིང་མཛེས་པར་བྱ། །ཞེས་པ་ནི། མེ་ཏོག་གི་དོན་དུ་མེ་ཏོག་ཁ་དོག་སྡུག་ཅིང་དྲི་ཞིམ་པའི་སིལ་མས་མཆོད་པ་དང་། སློབ་མ་དབང་བསྐུར་བ་ལ་དགོས་པའི་ཕྱིར་མེ་ཏོག་དེ་ལྟ་བུ་ལས་མེ་ཏོག་གི་ཕྲེང་བ་བྱས་པ་དག །གོང་དུ་སྨོས་པའི་མཆོད་ཡོན་གྱི་སྣོད་ལས་
གཞན་པ་རིན་པོ་ཆེ་ལ་སོགས་པ་ལས་བྱས་པའི་སྣོད་མཆོག་གི་ནང་དུ་མཛེས་ཤིང་སྡུག་པར་ལེགས་པར་དགང་བར་བྱའོ་ཞེས་པའོ། །གང་དུ་བཤད་པའི་དཀྱིལ་འཁོར་དང་ལས་ཀྱི་ཁྱད་པར་ལས་མེ་ཏོག་རིགས་ཕྱེ་བ་མེད་དེ། མེ་ཏོག་འདི་ལྟ་བུ་ཞིག་ནི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་པའི་
ཚེ་དབུལ་བར་བྱའོ། །དྲི་ཡི་སྣོད་དུ་ཙནྡན་མཆོག །ཙནྡན་དཀར་པོ་དམར་པོ་བླང་། །ཞེས་པ་ནི་དྲིའི་སྣོད་དུ་ཙནྡན་ཏེ། དེ་ཡང་དྲི་ཆུང་ཞིང་ངན་པ་དང་། རུལ་པ་ལ་སོགས་པ་སྐྱོན་མེད་པ་ཙནྡན་བཟང་པོ་མཆོག་ཅེས་སྨོས་ཏེ། དེས་ནི་ཙནྡན་གྱི་མཚན་ཉིད་བསྟན་ཏོ། །ཙནྡན་
དཀར་པོ་དང་དམར་པོ་གཉིས་བླང་ཞིང་བསོགས་པར་བྱའོ། །དེ་ཡང་ཙནྡན་དཀར་པོ་ནི་ཞི་བ་དང་། རྒྱས་པ་དག་གི་ཚེ་སྦྱར། དམར་པོ་ནི་དབང་དང་དྲག་ཤུལ་སྤྱོད་པ་དག་ལ་སྦྱར་བར་བྱའོ། །ཨ་ཀ་རུ་དང་སྦྱར་བ་ཡི། །གུ་གུལ་བདུག་པའང་དེ་བཞིན་ནོ། །ཞེས་པ་ནི་ཨ་ཀ་
རུ་དང་གུ་གུལ་དུ་སྦྱར་བའི་བདུག་པའང་དེ་བཞིན་དུ་དབུལ་བར་བྱའོ་ཞེས་པའོ། །མར་མེ་མར་གྱི་མར་མེ་དང་། །ཞེས་པ་ནི་དེ་ལ་མར་མེ་གང་གིས་བྱ་ཞེ་ན། མར་གྱི་མར་མེ་དང་ཞེས་པ་སྟེ། དེ་ཡང་བ་མར་ལས་མར་མེ་བྱའོ་ཞེས་པ་སྟེ། མཁས་པས་སྙིང་པོ་འཇམ་པའོ། །ཞེས་པ་ནི་སྙིང་
པོ་དེ་ཡང་འཇར་འཇུར་མེད་ཅིང་ཐག་ཐུག་མེད་པར་རས་གཙང་མ་ལས་བྱས་པ་སྙིང་པོ་དེ་ཡང་འཇམ་ཞིང་མཉེན་པ་དང་། ལེགས་པར་བཀལ་བར་སྔགས་པས་བྱའོ་ཞེས་པ་ནི། དྲག་པོ་ཡི་ནི་ལས་དག་ལ། །མི་ཡི་ཚིལ་གྱིས་བྱ་བར་བཤད། །ཅེས་བྱ་བ་ནི་དྲག་ཤུལ་སྤྱོད་པའི་མེ་མར་
གྱི་སྙིང་པོ་དང་དུར་ཁྲོད་ཀྱི་རས་ལ་བྱའོ། །དྲག་ཤུལ་སྤྱོད་པའི་ལས་ལ་མར་མེ་ཡང་མིའི་ཚིལ་བུ་བཞུ་བས་མར་མེ་བྱའོ་ཞེས་པའོ། །དབང་ལ་ཏིལ་མར་བྱ་བར་བཤད། །གཏོར་མ་ཉ་དང་ཤ་ལ་སོགས། །སྦྱར་ཐུག་ལ་སོགས་ཁྱད་པར་དབུལ། །ཞེས་པ་ནི། གོང་དུ་བཤད་

པའི་ལས་གང་བྱེད་ཀྱང་རུང་སྟེ། མཆོད་པའི་བཤོས་དག་དང་། གཏོར་མ་ལ་སོགས་པ་བྱ་སྟེ། དེ་ལ་གཏོར་མ་ཞེས་བྱ་བ་ནི་ལྷ་བཤོས་ལ་ཡང་བྱ། གཏོར་མ་དངོས་ལ་བྱ་བས་ན། ད་འདིར་ཡང་ལྷ་བཤོས་སུ་འབྱོར་པ་དཀྱིལ་འཁོར་དུ་དབུལ་བ་དང་། ཕྱེ་ཟན་གྱི་གཏོར་མ་ཡང་
བྱའོ། །ཉ་དང་ཤ་ལ་སོགས་པ་ནི་ཤ་དང་ཉ་བཙོས་པ་དང་། མ་བཙོས་པ་དག་ལས་མཆོད་པར་དབུལ་གཏོར་མ་ཡང་བྱའོ། །དེ་ལ་སོགས་པའི་ཚིག་གིས་ནི། བཤོས་དང་གཏོར་མ་དང་། ཤ་དང་སྦྱར་ཐུག་མེད་དུ་མི་རུང་བ་ལ་གཙོར་སྨོས་སུ་ཟད་དོ། །དེ་ལས་གཞན་པའི་འབྱོར་པའི་
གཏོར་མ་ཡང་བྱའོ། །སྦྱར་ཏེ་དབུལ་ཞིང་གཏོར་མ་ཡང་བྱ་བར་བཤད་དོ། །འབྲས་དང་མོན་སྲན་གྲེའུ་དང་། ཏིལ་དང་། གསུམ་བཞིའོ་མ་ལས་བླངས་པའི་སྦྱར་ཐུག་ཡང་ཁྱད་དམ་ལྷག་པར་ཡང་དབུལ་བར་བྱའོ་ཞེས་པ་སྟེ། དེ་བས་ན། སྦྱར་ཐུག་ལ་སོགས་ལྷག་པར་
དབུལ། །ཞེས་བྱ་བ་གསུངས་སོ། །དེ་ལྟར་དེ་ནི་ཚོགས་སོགས་ནས། །དེ་ནས་རིག་སྔགས་འཆང་བ་ཡི། །ཞེས་བྱ་བ་ནས། དེའི་འོག་ཏུ་རང་གི་སྔགས་རྣམས་ཀྱི། །བྱིན་གྱིས་རློབ་ཏུ་གཞུག་པར་བྱ། །ཞེས་བྱ་བའི་བར་དུ་ཕྱག་རྒྱ་ལ་སོགས་པ་བསམ་པ་ཞེས་བྱ་བའི་དོན་ཏོ། །དེ་
ལ། དེ་ལྟར་དེར་ནི་ཚོགས་བསགས་ནས། །ཞེས་བྱ་བ་ལ་གོང་མ་དང་འཕྲོ་སྦྱར་བའི་ཚིག་སྟེ། གོང་དུ་སྨོས་ཤིང་བཤད་པ་ལྟར་དཀྱིལ་འཁོར་དེའི་ཉེ་འཁོར་དུ་མཆོད་པའི་ཡོ་བྱད་ཀྱི་ཚོགས་རྣམས་བསོགས་ནས་ཞེས་པའོ། །བྱང་ཆུབ་སེམས་ལ་དམིགས་ནས་ནི། །ཞེས་པ་ནི་བྱང་ཆུབ་
སེམས་དང་ལྡན་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །རི་མོ་ཡི་ནི་ལས་རྣམས་དག །གལ་ཏེ་འདྲི་བར་མི་ནུས་ན། །ཞེས་པ་ནི་གོང་དུ་བཤད་པའི་དཀྱིལ་འཁོར་དེར་དབུས་ཀྱི་ཡི་དགས་དག་སྒོ་བཞིའི་ཡི་དགས་དང་། བེ་ཅོན་གྱི་ནང་གི་ཕྱོགས་བཞིའི་མགོ་མེད་པའི་ལུས་དང་། ཡི་
དགས་སྤེལ་ཞིང་བྲི་བར་བཤད་པ་རྣམས་རི་མོ་དག་མ་ཤེས་ཏེ་བྲི་བར་མ་ནུས་ན་ཕྱག་རྒྱ་བཀོད་ལ་བསམ་པར་བྱ་བའི་ཐབས་བཤད་དོ། །དེ་ལ་བསམ་པར་བྱ་ན་དང་པོར་དཀྱིལ་འཁོར་ཐིག་གདབ་པ་དང་། སྒོ་བཞི་གདོད་པ་དང་། དབུས་སུ་པདྨ་འདབ་མ་བརྒྱད་བྲི་བ་ལ་སོགས་པའི་ཆོ་ག་

སྔ་མ་བཞིན་དུ་བྱ་སྟེ། སྔགས་པ་ཉིད་ལྷོ་ཕྱོགས་ཀྱི་སྒོར་འདུག་སྟེ། ཕྱོགས་བཅུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པ་ལ་ཕྱག་འཚལ་ཏེ། བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས་ཏེ། ཡི་དགས་དགོད་པ་རྣམས་འོག་ནས་འབྱུང་བའི་ཚུལ་དུ་སེམས་
ཀྱིས་བསམ་པར་བྱའོ་ཞེས་པའོ། །ཡི་དགས་ཕལ་ཆེན་དབུས་དག་ཏུ། །པདྨ་སྔར་བྲིས་གང་ཡིན་ལ། །ཞེས་བྱ་བ་ནི་དཀྱིལ་འཁོར་དེའི་མིང་ཡི་དགས་ཕལ་ཆེན་ཞེས་བྱ་བའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་སྔར་བྲིས་པ་གང་ཡིན་པ་དེའི་སྟེང་དུ་སྔགས་པས་ཡི་དགས་
ཡིད་ཀྱིས་བསམ་པར་བྱའོ་ཞེས་པ་སྟེ། དེ་བས་ན་གསུངས་པ། དེ་ཡི་སྟེང་དུ་ཡི་དགས་ནི། །མཁས་པས་ཡིད་ཀྱིས་བསམ་པར་བྱའོ། །ཞེས་གསུངས་སོ། །དེ་ལ་དབུས་ཀྱི་ཡི་དགས་ནི་གློ་གཡོན་པ་འོག་ཏུ་གཅུག་ལ། མགོ་ཤར་ཕྱོགས་སུ་བསྟན་ཏེ་ཁ་ལྷོ་ཕྱོགས་སུ་ལྟ་བའི་
ཚུལ་དུ་བསམ་མོ། །དེ་ལྟར་ཡིད་ཀྱིས་བསམས་པ་འབའ་ཞིག་གིས་མི་ཆོག་སྟེ། དབུས་ཀྱི་ཡི་དགས་ཀྱི་སྔགས་འོག་ནས་འབྱུང་བས་ཡི་དགས་དེའི་སྙིང་གར་གསལ་བར་བསམས་ལ། བདག་གིས་ཀྱང་སྔགས་བརྗོད་དེ་ཡི་དགས་བསམ་པར་བྱའོ། །དེ་ལྟར་བྱས་ན་
ཡི་དགས་ཉིད་དེར་འོངས་པ་དང་འདྲ་བར་འགྱུར་རོ་ཞེས་པ་སྟེ། དེ་བས་ན་གསུངས་པ། ཡི་དགས་ཀྱི་ནི་སྔགས་མཆོག་གིས། །བསམ་པ་དག་ནི་བྱས་ནས་ཀྱང་། །ཞེས་གསུངས་སོ། །གྲྭའི་དབྱུག་པ་སྐྱུ་རུ་ར་འདྲ་བའི་ཡིད་ཀྱིས་བརྒྱན་པའི་མིའི་ཐོད་པ་ཅན་བཞི་བསམ་
པའི་སྔགས། འོག་ནས་འབྱུང་བ་རྣམས་དབྱུག་པ་ཐོད་པ་ཅན་བསམས་པའི་སྟེང་དུ་གསལ་བར་ཡང་བསམ་ཞིང་། སྔགས་དེ་དག་ཀྱང་བདག་གིས་བརྗོད་ཅིང་བསམས་ན། ཕྱག་རྒྱའི་མཚན་མ་དབྱུག་པ་ཐོད་པ་ཅན་དེ་ཡང་དག་པར་གནས་པར་འགྱུར་ཞིང་བྱིན་གྱིས་རློབ་པར་འགྱུར་
རོ་ཞེས་ཏེ། དེ་བས་ན་གསུངས་པ། གྲྭ་ཡི་དབྱུག་པ་བཞི་པོ་ཡང་། །སྔགས་ཉིད་ཀྱིས་ནི་བསམ་པར་བྱ། །ཞེས་གསུངས་སོ། །དབུས་ཀྱི་ཡི་དགས་དང་གྲྭའི་དབྱུག་པ་བཞི་པོ་དག་དངོས་སུ་རི་མོ་འདྲི་ནུས་ཏེ་བྲིས་ན་ཡང་བྲིས་པ་དེ་སྙིང་ག་དང་། སྟེང་དུ་གོང་དུ་བཤད་པ་བཞིན་

དུ་སོ་སོའི་སྔགས་བསམ་ཞིང་། བདག་གིས་ཀྱང་སྔགས་བརྗོད་དེ་བསམ་པར་བྱའོ་ཞེས་པ་སྟེ། དེ་བས་ན་གསུངས་པ། གལ་ཏེ་འདྲི་བར་ནུས་ན་ནི། །སྔགས་ཉིད་སྟེང་དུ་གཞག་པར་བྱ། །ཞེས་གསུངས་སོ། །དེ་ཡང་དག་པར་གནས་པར་བྱ་བའི་ཕྱིར་དེ་ལྟར་བྱའོ་ཞེས་
པའོ། །སྒོ་བཞིར་ཡི་དགས་བཞི་པོ་ཡང་། །གལ་ཏེ་དངོས་སུ་འདྲི་ནུས་ན། །ཡི་དགས་དངོས་དེར་འོང་ཞིང་གནས་པར་འགྱུར་བ་དང་། བྱིན་གྱིས་རློབ་པར་བྱེད་པའི་སོ་སོའི་སྔགས་བཞི་པོ་འོག་ནས་འབྱུང་བས་ཡི་དགས་དེ་དག་སོ་སོའི་སྙིང་ཁར་ཡང་བསམ། བདག་གིས་སྔགས<།,>
བརྗོད་དེ་བསམས་ན་ཡི་དགས་དེ་དག་ཀྱང་ཡང་དག་པར་གནས་པར་འགྱུར་རོ་ཞེས་པ་སྟེ། དེ་བས་ན་གསུངས་པ། སྒོ་ཡི་ཡི་དགས་བཞི་པོ་ཡང་། །དབུས་སུ་འདྲི་བར་མ་ནུས་ན། །དེ་བཞིན་ཡི་དགས་འཛིན་སྔགས་གྱིས། །བྱིན་གྱིས་རློབ་པར་བྱེད་པར་གསུངས། །ཞེས་
བྱའོ། །སྒོའི་ཡི་དགས་དངོས་སུ་འདྲི་ནུས་སུ་ཟིན་ཀྱང་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ད་ནི་སྤྱན་དྲངས་པ་སྔར་བྱས་ནས། །དད་པ་ལྷའི་རང་བཞིན་བསྒོམ་པ་ཞེས་བྱ་བ་བསྟན་པའི་ཕྱིར། དེ་ལྟར་ཆོ་ག་བཞིན་བསམས་ནས། །ཞེས་པ་ནས། ཁ་ཅིག་
དག་ནི་མཆེ་བ་གཙིགས། །ཞེས་པའི་བར་དུ་གསུངས་པ་སྟེ། །དེ་ལྟར་ཆོ་ག་བཞི་བསམས་ནས། །ཞེས་པ་ནི། དཀྱིལ་འཁོར་བྲི་བའི་ཡི་དགས་དངོས་སུ་འདྲི་ནུས་སམ་མི་ནུས་ཀྱང་རུང་སྟེ། །སྔགས་བརྗོད་དེ་བསམས་ཞེས་པ་སྟེ། དཀྱིལ་འཁོར་གྱི་ཆོ་ག་བཞིན་
བྲིས་ནས་ཞེས་པའི་ཐ་ཚིག་གོ། །མཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད། །ཅེས་བྱ་བ་ལ་སོགས་པ་ནི་རི་མོ་ལ་སོགས་པའི་འོག་ཏུ་ཁྲོ་བོ་ཉིད་ཀྱི་སྔགས་ཀྱི་ལེའུ་གསུངས་པའི་སྤྱན་དྲང་བའི་སྔགས་བརྗོད་དེ། པདྨའི་སྙིང་པོར་བཞུགས་སུ་གསོལ་ཞེས་པའོ། །ཡང་ན་མཇུག་ཏུ་ཞེས་པ་ནི་
རིག་སྔགས་འཆང་དང་པོར་ཁྲོ་བོ་ཉིད་དུ་བསྒོམས་ནས་ཡན་ལག་ལྔ་པའི་སྔགས་ཀྱིས་བསྲུང་བའི་འོག་ཏུ་ཞེས་པའོ། །དད་པའི་ལྷའི་རང་བཞིན་བསྒོམ་པ་ཡང་མདོག་དང་། མཚན་མ་དང་། ཞལ་གྱི་དབྱིབས་ཀྱི་དབྱེ་བ་དང་། གསུངས་ཏེ་གོ་སླ་བས་མ་བཤད་དོ། །དེ་

ལ་ཁྱད་པར་ནི་ཁ་ཅིག་བཞད་པ་ཞེས་པ་རྩ་བའི་ཞལ་ཏེ། གད་རྒྱངས་ཆེན་པོ་སྒྲོགས་པའོ། །ཁ་ཅིག་ཞི་ཞེས་པ་སྟེ་སྟེང་གི་ཞལ་ཏེ་རང་བཞིན་ཐ་མལ་གནས་པའོ། །ཁ་ཅིག་འཇིགས་པར་བགྲད་ཅེས་པ་གཡས་པ་དང་པོ་སྟེ་ཞལ་གྱི་དབྱིབས་ཕྱིར་བགྲད་
པའོ། །དེའི་གཉིས་པའི་ཞལ་གདངས་པའོ། །ལྗགས་རྐྱོང་བ་ནི་གཡོན་དང་པོའོ། །མཆེ་བ་གཙིགས་པ་ནི་གཡོན་གཉིས་པའོ། །དེ་ལྟར་སྙིང་པོ་ལེགས་པར་ནི། །ཞེས་པ་ནས། མེ་ཏོག་གིས་ནི་བཀང་སྟེ་གཞུག །ཅེས་པའི་བར་དུ་མཆོད་པ་ཞེས་པ་སྟོན་ཏེ་སྔགས་ཀྱིས་སྤྱན་
དྲངས་པ་མཆོད་ཡོན། ཞབས་བསིལ། དྲི་དང་སྦྱར་བའི་ཆུས་ཡ་མཱནྟ་ཀའི་སར་བརྗོད་པའི་ཆོ་གས་ཞབས་བསིལ་དབུལ་ལོ། །དེ་ནས་དཀྱིལ་འཁོར་དབུས་སུ་ཡི་དགས་ཀྱི་སྤྱི་བོར་དབུས་ཀྱི་ཡི་དགས་དགུག་པའི་སྔགས་བརྗོད་དེ། མེ་ཏོག་དམར་པོ་གཏོར་ཏེ་བཞུགས་སུ་
གསོལ་ལོ། །དེ་ནས་སྔགས་ཀྱི་ལེའུ་གསུངས་པའི་མཆོད་པའི་སྔགས་རྣམས་ཀྱི་དྲི་ལ་སོགས་པ་དབུལ་ཞེས་པའི་ཐ་ཚིག་གོ། །རང་གི་སྙིང་པོའི་སྔགས་ཀྱིས་ཀྱང་། །ཞེས་པ་ནས། མེ་ཏོག་དག་གིས་དགོད་པར་བྱ། །ཞེས་པའི་བར་དུ་ནི་བསྲུང་བའི་ཆོ་ག་དག་བསྟན་
ཏེ། སྐབས་འདི་ཚིག་ལྷག་མ་དག་གིས་སྔར་གྱི་དོན་བསྟན་ཏོ། །དེ་ལྟར་ཅི་རིགས་མཆོད་ནས་ཀྱང་། །ཞེས་པའི་འབྲེལ་པ་ནི། མེ་ཏོག་ཆོ་ག་བཞིན་ཕུལ་ནས། །ཞེས་པའི་ཚིག་དང་འབྲེལ་པར་ཤེས་པར་བྱའོ། །དེ་ནས་མར་མེ་རབ་འབར་བ། །ཕྱོགས་བརྒྱད་དུ་ཡང་དགོད་
པར་བྱ། །ཞེས་པ་ནི་སྔར་གྱི་དཀྱིལ་འཁོར་གྱི་ཕྱོགས་མཚམས་སུ་མར་མེ་འབར་བ་བརྒྱད་བཀོད་པར་བྱ་བ་དེ་བདུག་པའི་རྗེས་ལ་དབུལ་ལོ་ཞེས་པའི་ཐ་ཚིག་གོ། །དེ་ནས་གཏོར་མ་དབུལ་ཏེ། འབྱུང་པོ་གཏོར་མ་ཁྲོ་བོ་ལ། །ཞེས་པའི་གོང་དུ་སྔར་བཤད་པའོ། །ཁྲོ་
བོ་ལ་ཕུལ་ནས་ཞེས་པ་དཀྱིལ་འཁོར་གྱི་དབུས་ཀྱི་ཁྲོ་བོ་ལ་འབྱུང་པོའི་གཏོར་མ་ཕུལ་ནས་སོ། །ཡི་དགས་ཕལ་ཆེན་གྱིས་ཞེས་པ་ལ་སོགས་པ་ནི་གྲྭའི་དབྱུག་པ་བཞི་ལ་གཏོར་མ་དབུལ་བ་དང་། དཀྱིལ་འཁོར་གྱི་ཕྱོགས་བཞིར་ཡི་དགས་ཀྱི་ཕྲེང་བ་བཀོད་པ་ལ་གཏོར་མ་

དབུལ་བའོ། །ཁྲོ་བོ་གཙོ་བོ་ལ་ཕྱོགས་ཏེ། །དེ་ནས་ཡང་ནི་བདུག་པ་དབུལ། །ཞེས་པ་ནི། གོང་དུ་སྨོས་པའི་དཀྱིལ་འཁོར་རྣམས་ལས་གང་ཡང་རུང་བ་ཅིག་ཏུ་བེ་ཅོན་ལ་སོགས་པའི་མཚན་མའི་ཕྱག་རྒྱ་དག་བྲིས་ཤིང་མཆོད་པའི་ཡོ་བྱད་ལ་སོགས་པས་ཀྱང་། དེ་ལྟར་མཆོད་
པའི་དཀྱིལ་འཁོར་དེ་ཡང་ཁྲོ་བོ་རྣམས་ཀྱི་བདག་པོ་གཙོ་བོའི་དཀྱིལ་འཁོར་དེ་ལ་སློབ་མ་རྣམས་དལ་དུ་གཞུག་པའི་ཕྱིར། དང་པོར་སྣ་འདྲེན་དུ་ལྷ་ལ་རྒྱབ་ཀྱིས་མ་ཕྱོགས་པར་དང་པོར་ཐད་ཀར་སྔོན་དུ་བལྟས་ནས་བདུག་པ་དབུལ་བར་བྱ། ཞེས་པའི་དོན་ཏོ། །
དེ་ཡི་ཕྱི་རོལ་ཆུ་བཅས་སྣོད། །ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་བདག་གི་གཡོན་རོལ་དུ་དྲིའི་ཆུ་དང་ལྡན་པའི་མཆོད་ཡོན་གྱི་སྣོད་མེ་ཏོག་དང་ལྡན་པ་ཡང་གཞག་པར་བྱའོ་ཞེས་པའི་དོན་ཏོ། །མེ་ཏོག་གིས་ནི་བཀང་སྟེ་བཞག །ཅེས་པ་ལ་རྣམ་པ་གཅིག་ཏུ་མཆོད་པ་བྱ་བའི་
ཕྱིར། མེ་ཏོག་གིས་སྣོད་བཀང་བ་ཡང་གཞག་པར་བྱའོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ནི་སློབ་མ་སྔར་བཅུག་ནས་ཕྱག་རྒྱ་དང་དམ་ཚིག་བསྟན་པ་ཞེས་བྱ་བའི་དོན་ཏོ། །ཆོ་གས་ཁྲུས་བྱས་སྨྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་ཆོ་ག་བཞིན་དུ་ཁྲུས་བྱས་ཤིང་། སྨྱུང་བ་བྱས་པའི་
སློབ་མ་གཅིག་དཀྱིལ་འཁོར་གྱི་དྲུང་དུ་བཀུག་ནས། དེ་ནས་ཁྲོ་བོའི་ཡན་ལག་སྔགས་རྣམས་ཀྱིས་སློབ་མ་དེ་དག་གནས་ལྔ་ལ་སོགས་པ་བསམས་ཏེ། སློབ་མ་དེ་གཟི་བྱིན་དུ་བྱའོ་ཞེས་པའི་ཐ་ཚིག་གོ། །ཁྲོ་བོ་ཡི་ནི་སྙིང་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སློབ་མ་
བསྲུངས་ཤིང་གཟི་བྱིན་ཅན་དུ་བྱས་པའི་འོག་ཏུ་སྙིང་པོ་འབྲུ་བཅུ་བདུན་པའམ། འབྲུ་བདུན་པ་གང་ཡང་རུང་བ་ཅིག་བརྗོད་ནས། ལག་པ་གཉིས་ཐལ་མོ་སྦྱོར་ཏེ་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་བཅུག་ནས་དཀྱིལ་འཁོར་དུ་འཇུག་པའི་མེ་ཏོག་ལག་ཏུ་སྦྱིན་ནོ། །སློབ་མ་དེར་དར་རམ་
རས་དམར་པོས་མིག་དགབ་པར་བྱའོ། །དཀོན་མཆོག་གསུམ་ནི་དྲན་བྱས་ཏེ། །སློབ་དཔོན་གྱིས་ནི་གཞུག་པར་བྱ། །ཞེས་བྱ་བ་སློབ་དཔོན་གྱིས་སློབ་མ་དེ་དཀྱིལ་འཁོར་དུ་འཛུད་པའི་ཚེ་སློབ་མ་དེ་དག་དཀོན་མཆོག་གསུམ་གྱི་མཚན་ཡང་བརྗོད་དུ་བཅུག་ལ། དེ་དག་གི་

ཡོན་ཏན་ཡང་རྗེས་སུ་དྲན་པར་བྱེད་པར་བཅུག་སྟེ། དཀྱིལ་འཁོར་དུ་གཞུག་པར་བྱའོ་ཞེས་པའི་ཐ་ཚིག་གོ། །རང་གི་སྙིང་པོས་མེ་ཏོག་ཉིད། །དཀྱིལ་འཁོར་ལ་ནི་དོར་དུ་གཞུག །ཅེས་བྱ་བ་ནི་དཀྱིལ་འཁོར་དུ་དོར་བའི་སྔགས་ཀྱང་ཡི་གེ་བཅུ་བདུན་པོ་བརྗོད་དུ་བཅུག་
ནས་མེ་ཏོག་དོར་དུ་གཞུག་གོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དབྱུག་པ་ཞེས་བྱ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་དཀྱིལ་འཁོར་དུ་བཅུག་ཟིན་ནས། དེའི་འོག་ཏུ་མིག་ཕྱེ་སྟེ་སློབ་དཔོན་གྱིས་དབྱུག་པའི་ཕྱག་རྒྱ་སློབ་མ་ལ་བསྟན་པར་བྱའོ། །དཀོན་མཆོག་གསུམ་ནི་ནམ་ཡང་
མི་བཏང་ངོ་། །སྣོད་མ་ཡིན་པ་དང་། ཕྱི་རོལ་པ་རྣམས་ལ་གསང་བ་ལྟ་བུ་དམ་ཚིག་སློབ་མ་ལ་སྦྱིན་པར་བྱའོ། །ད་ནི་སྔར་དབང་བསྐུར་ནས་གསང་སྔགས་སྦྱིན་པ་ཞེས་པའི་དོན་སྟོན་ཏོ། །ཁྲོ་བོ་གཙོ་བོའི་སྔགས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་ནི་དེའི་འོག་ཏུ་སློབ་དཔོན་ཉིད་ཀྱིས་སློབ་མ་ལ་
དབང་བསྐུར་བར་བྱ་སྟེ། དེ་ཡང་སྔགས་གང་གིས་དབང་བསྐུར་བྱ་ཞེ་ན། ཁྲོ་བོ་གཙོ་བོའི་སྔགས་ཡི་གེ་བཅུ་བདུན་པས་དབང་བསྐུར་བར་བྱའོ། །ཡོ་བྱད་ཅི་འདྲ་བ་དག་གིས་དབང་བསྐུར་བར་བྱ་ཞེ་ན། དྲིའི་ཆུའི་བུམ་པ་མེ་ཏོག་གིས་བརྒྱན་པ་དང་། མེ་ཏོག་གི་ཕྲེང་
བ་དག་གིས་དབང་བསྐུར་བར་བྱའོ། །ཅིའི་ཕྱིར་དབང་བསྐུར་བར་བྱ་ཞེ་ན། འགྲུབ་པར་འགྱུར་བར་བྱ་བའི་ཕྱིར་དབང་བསྐུར་ཏེ། དངོས་སུ་བསྒྲུབ་པའི་དབང་བསྐུར་བ་ལ་ཡང་བྱ་མོད་ཀྱི། སྐབས་འདིར་ནི་དམ་ཚིག་གི་དབང་བསྐུར་བར་བྱའོ། །ཁྲོ་བོའི་སྙིང་པོས་ཆོ་ག་བཞིན་དུ་དེ་
ལྟར་དབང་བསྐུར་ནས། དེའི་འོག་ཏུ་རིག་པའི་དབང་བསྐུར་བར་བྱའོ། །དེ་ཡང་སློབ་མ་དག་ལ་མེ་ཏོག་དང་། བདུག་པ་དག་གིས་ཀྱང་མཆོད་དོ། །སློབ་མའི་ལག་པ་མི་སྟོངས་ཤིང་། བཀྲ་ཤིས་པར་བྱ་བའི་ཕྱིར་མེ་ཏོག་གི་ཕྲེང་བ་ལག་ཏུ་བྱིན་ནས། རིག་པའི་དབང་ཇི་
སྐད་དུ་གསུངས་པའི་ཚུལ་དུ་སྦྱིན་པར་བྱའོ། །དེ་ཡང་ཡི་གེ་འབྲུ་བཅུ་བདུན་གྱི་སྔགས་སྦྱིན་པ་ལ་བྱའོ། །ད་ནི་བླ་མ་ལ་མཆོད་པ་ཞེས་བྱ་བའི་དོན་སྟོན་ཏོ། །ཁྲོ་བོ་ཡི་ནི་སྙིང་པོ་མཆོག །འདི་ནི་འོག་མའི་ཚིག་འོག་མ་དང་འཕྲོ་སྦྱོར་བ་ཙམ་དུ་སྨོས་པར་ཟད་དོ། །དེ་ནས་དེ་ལྟར་

མནོས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་སློབ་མ་གོང་དུ་སྨོས་པ་ལྟར་རིག་པའི་དབང་བསྐུར་ཏེ། དེའི་འོག་ཏུ་སློབ་མ་དེས་བླ་མ་ལ་ཕྱག་བྱས་ནས་བདག་གིས་ཉམས་ཀྱིས་ཅི་ནུས་ཅི་འབྱོར་པའི་མཆོད་ཡོན་དབུལ་ཞིང་མཆོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྔགས་པས་བླ་
མཻ་མཆོད་བྱས་ན། །དངོས་གྲུབ་ཐོབ་འགྱུར་གཞན་དུ་མིན། །ཞེས་བྱ་བ་སྟེ། དེ་ལྟར་བླ་མ་ལ་མཆོད་པ་བྱས་ནས་ནི་དེའི་དགོས་པ་བསྟན་ཏེ། སློབ་མས་སློབ་དཔོན་ལ་སྦྱིན་པའི་སྒོ་ནས་མཆོད་པ་བྱས་ན་དངོས་གྲུབ་ཐོབ་པར་འགྱུར་གྱི། །དེ་ལྟར་མ་བྱས་ན་དངོས་གྲུབ་མི་
ཐོབ་པའོ་ཞེས་པའོ། །སློབ་མ་སྙིང་པོ་བྱིན་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སློབ་དཔོན་གྱིས་སློབ་མ་དེ་རིག་པའི་དབང་བསྐུར་ནས། དེའི་འོག་ཏུ་སློབ་དཔོན་གྱིས་མེ་ཏོག་དང་མེ་ཏོག་གི་ཕྲེང་བ་དང་། ཙནྡན་དང་། བདུག་པ་ལ་སོགས་པའི་མཆོད་
པའི་ཡོ་བྱད་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་མཆོད་ནས་དྲིའི་ཆུས་མེ་ཏོག་ལ་སོགས་པ་དང་ལྡན་པའི་མཆོད་ཡོན་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྔར་བཞག་པའི་སྣོད་དེ་བླངས་ཏེ་མཆོད་ཡོན་ཏིལ་དང་། འོ་མ་དང་། ག་བུར་དང་། མེ་ཏོག་ཏུ་ལྡན་པ་དབུལ་བར་བྱའོ། །
སྔགས་དང་ཕྱག་རྒྱས་སླར་ཡང་བཏང་། །ཞེས་བྱ་བའི་དོན་ཏོ། །བཏང་ནས་དེ་ཡི་འོག་ཏུ་ནི། །དཀྱིལ་འཁོར་དུ་ཡང་མཆོད་ཡོན་དབུལ། །ཞེས་བྱ་བ་ལ་སོགས་པ་ནི་སླར་བཏང་བའི་འོག་ཏུ་གཤིན་རྗེའི་དབྱུག་པ་དང་། ཡི་དགས་ཀྱི་ཕྱག་རྒྱའི་མཚན་མ་ལ་ཡང་མཆོད་
ཡོན་དབུལ་ཞེས་བྱ་བའི་དོན་ཏོ། །རྒྱ་ཆེན་ས་ཡི་དཀྱིལ་འཁོར་ནི། །ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཡངས་པ་རྒྱ་ཆེན་པོ་འདིའི་སྟེང་ན་མཉམ་པ་མེད་པ་དངོས་གྲུབ་འདོད་པའི་རིག་སྔགས་འཆང་གིས་ཚུལ་དེ་ལྟར་རྟག་ཏུ་མཆོད་པ་ལེགས་པར་བྱའོ་ཞེས་པའོ། །དེ་
ལྟར་མཆོད་པ་བྱ་བ་ཡང་དཀྱིལ་འཁོར་དེ་ཉིད་དུ་མཆོད་པ་དེ་ལྟར་བྱ་བ་དང་། གོང་དུ་མཆོད་པའི་དཀྱིལ་འཁོར་འབྱུང་བ་དེའི་སྔོན་དུ་བསྙེན་པ་བྱེད་པའི་ཚེ་བྲིས་ཏེ་མཆོད་པ་དང་། སྐབས་སྐབས་སུ་མཆོད་པའི་དཀྱིལ་འཁོར་དེའི་སྟེང་དུ་མཆོད་པ་བྱའོ་ཞེས་པའོ། །གོང་དུ་

རྒྱུད་འབྱུང་བ་ཞེས་བྱ་བའི་སྐབས་སུ་གཏོགས་པར་སྐབས་གཉིས་པ་རྫོགས་སོ།། །།ད་ནི་གོང་དུ་སྨོས་པ་ཡི་དགས་ཕལ་པོ་ཆེ་དང་། ཕྲེང་བའམ་དེའི་ཡན་ལག་ཏུ་གཏོགས་པའི་སྔགས་རྣམས་འབྱུང་ངོ་། །དེ་ནས་གཞན་ཡང་སྔགས་འབྱུང་སྟེ།
ཞེས་བྱ་བ་ནི་གོང་མ་ལས་གཞན་པའི་སྐབས་འབྱུང་བ་ལ་བྱའོ། །དབུས་ཀྱི་ཡི་དགས་ཀྱིའོ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་མ་ཡི་དགས་དགུག་པའི་སྔགས་ཀྱང་ཡིན་ཏེ། ཡི་དགས་ཀྱི་མགོར་མེ་ཏོག་དོར་བའི་སྔགས་ཉིད་དོ། །ཡི་དགས་གདོང་ཟ་བའོ། །འདི་
ནི་གྲྭའི་བེ་ཅོན་བཞིའི་སྔགས་སོ་ཞེས་པ་ནི་ཡི་དགས་ཀྱི་མགོར་མེ་འབར་བ་ཅན་ནོ། །ཨོཾ་པྲེ་ཏོ་ལ་ཀ་ཡ་ཧཱུཾ་ཕཊ་ཅེས་པ་ནི་ཡི་དགས་གསལ་བའི་སྔགས་སོ། །ཨོཾ་པྲེ་ཏ་བྷི་བ་མ་ན་ཧ་ཀ་ཧཱུཾ་ཕཊ་ཅེས་པ་ནི་ཡི་དགས་འཇིགས་པ་གསོད་པའི་སྔགས་སོ། །ཨོཾ་པྲེ་ཏ་ཛྭ་ལ་ཧཱུཾ་ཕཊ་ཅེས་པ་ནི་
ཡི་དགས་སོ། །ཀྵི་ཕྲ་ཕྲེ་ཏོཏྐ་ཏ་ཧཱུཾ་ཕཊ་ཅེས་པ་ནི་མྱུར་བའི་ཡི་དགས་ཕལ་པོ་ཆེའི་སྔགས་སོ། །ཡི་དགས་ཕྲེང་བའི་ཞེས་པ་ན། ཡི་དགས་ཕྲེང་བ་མི་སྡུག་པ་གསང་བ་སྲིན་བྱ་གདོན་བསྲུང་བའི་ཆོ་ག་ལ་དགའ་བ་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་ཡི་དགས་ཀྱི་དཀྱིལ་
འཁོར་གྱི་སྔགས་ཀྱི་ཚོགས་སོ་ཞེས་པ་ནི་དབུས་ཀྱི་ཡི་དགས་ཀྱི་སྔགས་དང་བེ་ཅོན་བཞིའི་སྔགས་ལ་སོགས་ཏེ་ཡི་དགས་ཀྱི་དཀྱིལ་འཁོར་གྱི་སྔགས་ཐམས་ཅད་དོ། །སྔགས་རྣམས་འབྱུང་ངོ་ཞེས་པ་ནི་ཡི་གེ་འབྲུ་བཅུ་བདུན་པོ་དང་། །མཚོག་མ་ལ་སོགས་པའི་
སྔགས་འབྱུང་བ་ལ་བྱའོ། །ཀྲོ་དྷ་བ་ར་བི་ར་ཞེས་པ་ནི་ཁྲོ་བོའི་མཆོག་དཔའ་བོ་ཞེས་བྱའོ། །སྭ་ས་མ་ཡེ་ན་ཨཱ་གཙྪ་ཨཱ་གཙྪ། ཞེས་པ་ནི། རང་གི་དམ་ཚིག་གིས་གཤེགས་སུ་གསོལ་ཞེས་བྱའོ། །ཨོཾ་ཨཱཿཧཱུཾ་སྙིང་པོའི། །ཨི་དཾ་ཕྲེ་ཏ་ཨ་ས་ནན། ཡི་དགས་
ཀྱི་གདན་དང་། ཡི་དགས་ཕལ་ཆེན་འདི་བསྲུང་དུ་གསོལ་བསྲུང་དུ་གསོལ་ཞེས་པའོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ །ཁྲོ་བོ་གཅིག་ཏུ་གཤིན་རྗེ་གཤེད་པོ་ཞེས་པའོ། །ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། རྒྱོབ་ཅིག །ཆོམ་ཅིག་སྲེགས་ཤིག་ཅེས་པའོ། །འདི་ནི་ཁྲོ་བོའི་རྒྱལ་

པོ་གང་གི་རྟོག་པ་ཡིན་པ་འདིའི་སྔགས་ཡི་གེ་བཅུ་བདུན་པའོ་ཞེས་པ་ནི་ཡི་གེ་འབྲུ་གྲངས་ལྷག་ཆད་དུ་འགྱུར་དུ་དོགས་པའི་ཕྱིར་ཡི་གེ་འབྲུ་གྲངས་ཀྱི་ཚད་ངེས་པ་སྨོས་སོ། །ཨོཾ་ཨཱཿཧཱུཾ་ཞེས་པ་ནི་ཁྲོ་བོ་ཉིད་ཀྱི་སྙིང་པོ་འབྲུ་གསུམ་པའི་སྔགས་སོ། །ཨོཾ་ཀ་ལ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པ་ནི་
སྙིང་ག་དང་། མཚོག་མ་དང་། སྤྱི་གཙུག་དང་མཚོན་ཆ་ལ་སོགས་པའི་སྔགས་ཡན་ལག་ལྔ་པའི་སྡུད་པའི་ཚིག་གོ་ཞེས་པའོ། །ཨོཾ་ཛྭ་ལ་ཛྭ་ལ་ནི་ཞེས་པ་ནི་ནུ་མཇིང་གཉིས་སུ་བསམས་པས་གོ་བགོས་པར་འགྱུར་རོ། །ཨོཾ་བེ་བས་སྭ་ཞེས་པ་ནི་ལག་མཐིལ་གཉིས་སུ་བསམ་ཞེས་
པའོ། །ཨོཾ་སྭ་ཡ་མི་ཤ་བྱ་བ་ཧ་རི་ཡ་སྭཱ་ཧཱ་ཞེས་པ་ནི་དབུས་ཀྱི་ཁྲོ་བོ་ཆེན་པོ་ལ་སྨེ་གཏོར་དབུལ་བའི་སྔགས་སོ། །གཏོར་མ་སྔར་བཤད་པའི་ཉ་དང་ཤ་ལ་སོགས་པ་དང་སྦྱར་ཐུག་གི་གཏོར་མ་ཡང་སྔར་བཤད་པ་ལ་བྱའོ། །ཨོཾ་དིབ་བྱན་ན་བྷྱོ་ཛ་ནི་ཞེས་པ་ནི། གྲྭ་བཞིའི་བེ་ཅོན་
བཞི་ལ་ལྷ་བཤོས་དབུལ་བའི་སྔགས་སོ། །སྨེ་གཏོར་ལ་སོགས་ཏེ། གཏོར་མ་ཕྲ་མོ་དག་ལ་སྔགས་ཀྱིས་གདབ་པ་ཡང་སྔགས་འདིས་བྱའོ། །དབུལ་བའི་སྔགས་སོ་ཞེས་པ་ནི་ལྷ་བཤོས་ཏེ། སྔར་བཤད་པ་ཡང་བྱའོ། །ལ་ལི་ནི་ཞེས་པ་ནི་དཀྱིལ་འཁོར་ཀྱི་ནང་གི་
ཕྱོགས་བཞིར་ཡི་དགས་ཕྲེང་བར་བཀོད་པ་རྣམས་ལ་གཏོར་མ་དབུལ་བའི་སྔགས་སོ། །གསུམ་པའོ་ཞེས་པ་ནི་འདི་ཡན་ཆད་ལེའུ་འམ་སྐབས་གསུམ་པ་རྫོགས་པ་ལ་བྱའོ།། །།ད་ནི་གསང་བའི་མཆོད་པར་གཏོགས་པའི་སྐབས་སམ། ལེའུ་འཆད་དེ་གསང་བའི་མཆོད་པར་
གཏོགས་པ་ལ་དོན་རྣམ་པ་བཅུ་གཉིས་ཀྱིས་བསྟན་ཏེ། གླེང་བསླང་བ་སྔར་བྱས་ནས་ཕྱག་རྒྱ་བཅིང་བའི་རིམ་པ་དང་། ཕྱག་རྒྱའི་མཚན་མ་དང་ཕྱག་རྒྱ་བཅིང་བའི་ངེས་པ་དང་། ཕྱག་རྒྱ་བཅིང་བའི་གསང་སྔགས་དང་། ཕྱག་རྒྱ་འདི་ཕན་ཡོན་དང་རི་མོ་བྲི་བའི་ཕྱག་རྒྱའི་མཚན་
ཉིད་དང་། རི་མོ་བྲི་བའི་ངེས་པ་དང་། ཕྱག་རྒྱ་བསྒྲུབ་པའི་དཀྱིལ་འཁོར་དང་། གསང་བའི་མཆོད་པ་དང་། སྔོན་དུ་བསྙེན་པའི་ཆོ་ག་དང་། །གསང་བའི་མཆོད་པའི་སྒོ་ནས་ལམ་མང་པོ་བསྒྲུབ་པ་དང་། ཕྱིའི་མཆོད་པའི་སྒོ་ནས་མཇུག་བསྡུ་ཞིང་ཕན་ཡོན་སྨོས་པའོ། །

དེ་དག་ཀྱང་རིམ་བཞིན་དུ་སྦྱར་ཏེ་བཤད་དོ། །གསང་བའི་མཆོད་པའི་ལེའུ་འམ། སྐབས་སུ་གཏོགས་ན། དང་པོར་བེ་ཅོན་གྱི་ཕྱག་རྒྱ་བཤད་པ་འབྱུང་བའི་ཕྱིར་གསང་བའི་མཆོད་པའི་ཞར་ལ་བེ་ཅོན་གྱི་ཕྱག་རྒྱ་སྔར་བཤད་པ་དེ་ཉིད་དང་པོར་བཤད་ནས་དེའི་རྗེས་ལ་
གསང་བའི་མཆོད་པ་བཤད་དེ་སྐབས་སམ། ལེའུ་འདིར་གསང་བའི་མཆོད་པ་གཙོར་བཤད་པའི་ཕྱིར་རོ། །ད་ནི་གླེང་བསླང་བ་སྔོན་དུ་བྱས་ནས་ཕྱག་རྒྱ་བཅིང་བའི་རིམ་པ་ཞེས་བྱ་བའི་དོན་བསྟན་ཏོ། །དེ་ནས་ཞེས་པ་ནི་དེ་མ་ཐག་ཏུ་འདས་པའི་ཚིག་བཤད་ཟིན་ནས་དེ་ལས་གཞན་
པའི་ཚིག་གམ་དོན་འཆད་པ་ལ་བྱ་ཞེས་པའོ། །གཞན་ཡང་འཇམ་པའི་དབྱངས་ཀྱིས་ནི། །ཞེས་པ་ནི་ཁྲོ་བོ་ཉིད་འཇམ་དབྱངས་ཡིན་ཏེ་ཐ་མི་དད་ཅེས་པའོ། །ཁྲོ་བོ་དཔའ་བོ་གཅིག་པུ་ནི། །ཞེས་པ་ལ་ཁྲོ་བོ་ཉག་གཅིག་འཁོར་རམ་ལྷ་ཕལ་པ་གཞན་དང་མ་འདྲེས་ཤིང་
བཙན་པར་བཞུགས་པ་ལ་བྱའོ། །ཚད་མེད་གཟི་བརྗིད་བདག་ཉིད་ཆེ། །གཟི་བརྗིད་ཚད་མེད་པ་ནི་ཚད་མེད་མཐུ་སྟོབས་ཆེ་བ་ལ་བྱའོ། །དེ་ཡི་ཕྱག་རྒྱ་བཤད་པར་བྱ། །ཞེས་པ་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བདག་ཉིད་ཆེན་པོ་ཁྲོ་བོ་དེ་ཕྱག་རྒྱ་བཤད་པར་བྱའོ་ཞེས་པའོ། །
དཀོན་མཆོག་གསུམ་གྱི་དམ་ཚིག་ནི། །ཞེས་པ་ནི་དཀོན་མཆོག་གསུམ་ཡང་དེ་ལས་མི་འདའ་བའམ། དེའི་བཀའ་འམ་དེས་བྱིན་གྱིས་བརླབས་པས་ན་ཁྲོ་བོ་ཉིད་ཀྱང་བྱིན་གྱིས་རློབ་ཅིང་དེ་ལས་འདའ་བར་མི་མཛད་དོ། །ཕྱག་རྒྱ་དེ་ཡང་ཐབས་དང་གོ་རིམས་ཇི་ལྟར་བྱས་ཏེ་བཅིང་
ཞེ་ན། དང་པོར་སྔར་ཐལ་མོ་སྦྱར་ཏེ། དབུལ་བར་བཞག་སྟེ་ལྷ་ལ་མངོན་པར་བསྟན་ནས། ཨོཾ་ན་མོ་བུདྡྷ་དྷརྨ་སཾ་གྷ་བྷྱཿཞེས་པའི་སྔགས་བརྗོད་དེ་དགྲོལ་ལོ། །དེའི་འོག་ཏུ་ཕྱག་རྒྱ་བཅིང་བར་བྱ་སྟེ། སྔར་བྱས་ནས་ཞེས་བྱ་བའི་ཚིག་དེས་ལག་པ་མདུན་དུ་བཞག་
ལ་ཕྱག་རྒྱ་བཅིང་བ་ཡང་བྱ་སྟེ། ལག་པ་གཡས་པ་བདག་གི་སྙིང་གའི་ཐད་ཀར་བཞག་ལ་འོག་ནས་འབྱུང་བའི་ཆོ་ག་བཞིན་དུ་ཕྱག་རྒྱ་བཅིང་བར་བྱའོ། །ཕྱག་རྒྱ་བཅིང་བའི་མཚན་ཉིད་བསྟན་པ་ཡང་། རིག་འཛིན་དག་གིས་རྟག་པར་ནི། །ཞེས་པ་ནས། བཟང་པོ་བཅིང་ཞེས་

པའི་བར་གྱིས་བསྟན་ཏོ། །རིག་འཛིན་དག་གིས་རྟག་པར་ནི། །ཞེས་པ་ནི་རིག་པ་འཛིན་པའི་སྔགས་པ་དག་གིས་བེ་ཅོན་གྱི་ཕྱག་རྒྱ་བསྒྲུབ་པའམ། བེ་ཅོན་གྱི་ཕྱག་རྒྱ་ལས་བྱེད་པ་དེ་དག་གིས་རྟག་པར་བཅིང་སྟེ། བསྒྲུབ་ཅིང་ལས་བྱའོ། །མཐོ་བོང་ལེགས་པར་སྦས་པ་
ནི། །ཞེས་པ་ནི་ནང་དུ་བཅུག་སྟེ་སྦས་པ་ཞེས་པའོ། །རབ་ཏུ་བསྡམས་པ་བཟང་པོ་བཅིང་། །ཞེས་པ་ནི་རབ་ཏུ་བསྡམས་པ་བཅིང་ཞེས་པ་དེ་ཡང་གང་ཞེ་ན་ལྷོད་ལྷོད་པོ་མི་བྱ་བར་བསྡམ་མོ། །དེ་ཉིད་ཡོན་ཏན་དང་ལྡན་པའི་ཕྱིར་བཟང་པོ་ཞེས་པའི་ཐ་ཚིག་གོ། །ད་ནི་ཕྱག་རྒྱ་བཅིང་
བའི་ངེས་པ་བཤད་པ་ཡང་། །ཆོ་ག་ཞེས་པ་བེ་ཅོན་རྒྱ། །ཞེས་པ་ནས། གཞན་དུ་ནམ་ཡང་མི་འཆིང་ངོ་། །ཞེས་པའི་བར་གྱིས་བསྟན། ཆོ་ག་ཞེས་པ་བེ་ཅོན་རྒྱ། །ཞེས་པ་ལ་སོགས་པ་ནི་སྔགས་པས་བེ་ཅོན་གྱི་ཕྱག་རྒྱ་དེ་ལྟར་བཅིངས་པའི་སྔགས་གང་དང་སྦྱར་ཏེ་བཅིང་བར་བྱ་ཞེ་ན། སྙིང་པོ་འབྲུ་
གསུམ་པོའམ། རྩ་བའི་སྔགས་འབྲུ་བཅུ་བདུན་པོའམ། དེ་གཉིས་གང་རུང་བཞིག་བརྗོད་ཅིང་། བེ་ཅོན་གྱི་ཕྱག་རྒྱ་དེ་བཅིང་བར་མི་བྱའོ། །ཡང་ན་དེ་གཉིས་མ་གཏོགས་པར་ལོགས་ཤིག་ཏུ་སྔགས་པས་བེ་ཅོན་གྱི་ཕྱག་རྒྱའི་གསང་སྔགས་འོག་ནས་འབྱུང་བ་བཞིན་
བརྗོད་ཅིང་ཕྱག་རྒྱ་བཅིང་བར་བྱའོ། །སྔགས་དེ་མ་གཏོགས་པར་གཞན་གང་གིས་ཀྱང་བེ་ཅོན་གྱི་ཕྱག་རྒྱ་དེ་བཅིང་བར་མི་བྱའོ་ཞེས་པའི་ཐ་ཚིག་གོ། །ད་ནི་ཕྱག་རྒྱ་བཅིང་བའི་གསང་སྔགས་བཤད་དེ། དེ་ཡང་ཨོཾ་ཞེས་པ་ནས་ཕཊ་ཅེས་པའི་བར་གྱིས་བསྟན་ཏོ། །ན་མ་
སརྦ་ཏ་ཐཱ་ག་ཏོ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོ་རྣམ་པར་རྒྱལ་བའི་ཡི་དགས་ཀྱི་མགོ་བོའི་རྩེ་ལ་མེ་འབར་བ་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱག་རྒྱའི་ཕན་ཡོན་བཤད་པ་ཡང་། ཕྱག་རྒྱ་གཅིག་པུར་གྱུར་པ་འདི། །ཞེས་པ་ནས། བདུད་རྣམས་ཐམས་ཅད་ཞི་
བར་བྱེད། །ཅེས་པའི་བར་གྱིས་བསྟན་ཏོ། །ཕྱག་རྒྱ་གཅིག་པུར་གྱུར་པ་ནི། །ཞེས་པ་ནི་ཕྱག་རྒྱ་གྲངས་ཉུང་ངུ་གཅིག་པུ་ཡིན་པ་ལ་མི་བྱའོ། །བེ་ཅོན་གྱི་ཕྱག་རྒྱ་ཐམས་ཅད་ཀྱི་གཙོ་བོའམ། མཆོག་གམ་བཙན་པར་གྱུར་པ་གཅིག་པུ་ལ་བྱའོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོའི་སྙིང་

པོ་སྔགས་འབར་བྱེད། །ཅེས་པ་ནི་ཕྱག་རྒྱ་དེ་དང་ལྡན་ན་ཁྲོ་བོ་ཉིད་དང་སྙིང་པོ་འབྲུ་གསུམ་པ་དང་རྩ་བའི་སྔགས་ཡི་གེ་འབྲུ་བཅུ་བདུན་པ་ཡང་གཟི་བྱིན་དང་ལྡན་ཞིང་མཐུ་ཅན་དུ་གྱུར་ཏེ་ལས་གང་བརྩམས་པ་བྱེད་ནུས་པར་འགྱུར་རོ། །ཡང་རྣམ་པ་གཅིག་ཏུ་ཕྱག་རྒྱ་དེ་
དང་ལྡན་པར་བྱས་ནས་ཁྲོ་བོའི་སྙིང་པོ་དག་འབྲུ་གསུམ་པོའི་བྱིན་ཅན་དང་ལྡན་པ་མཐུ་ཅན་དུ་གྱུར་པ་ལ་བྱའོ། །མཚོན་ཆ་མ་ལུས་པ་ཡི་གཙོ། །ཞེས་པ་ནི་ཕྱག་རྒྱ་དེས་མཚོན་ཆའི་ཕྱག་རྒྱ་ཐམས་ཅད་ཀྱི་ལས་ཐམས་ཅད་ཀྱང་དེས་མཛད་པས་ན་མཚོན་ཆའི་ཕྱག་རྒྱ་ཐམས་ཅད་ཀྱི་གཙོ་
བོའམ། མཆོག་དམ་པར་གྱུར་པ་ནི་བེ་ཅོན་ཕྱག་རྒྱའོ། །ཡང་གཅིག་ཏུ་ན་མཚོན་ཆ་མ་ལུས་པར་གདེངས་པར་བྱེད་པའམ། འདེབས་པར་བྱེད་པ་ཞེས་ཀྱང་དྲང་དུ་རུང་སྟེ། བེ་ཅོན་གྱི་ཕྱག་རྒྱ་དེས་མཚོན་ཆའི་ཕྱག་རྒྱ་རྣམས་འདེབས་པ་ལྟ་བུ་དང་། གདེངས་པ་ལྟ་བུའམ།
འཕེན་པ་ལྟ་བུར་འགྱུར་བའི་ཕྱིར་རོ། །བདུད་རྣམས་ཐམས་ཅད་ཞི་བར་བྱེད། །ཅེས་པ་ནི་ནད་དང་བགེགས་ལ་སོགས་པར་ཞི་བར་བྱེད་པའི་ཐ་ཚིག་གོ། །ད་ནི་རི་མོ་བྲི་བའི་ཕྱག་རྒྱའི་མཚན་མ་ཉིད་བཤད་པ་ཡང་། ཇི་ལྟར་དཀྱིལ་འཁོར་དུ་བྲི་བ། །ཞེས་པ་ནས། རང་གི་དཀྱིལ་འཁོར་དུ་བྲིའོ། །
ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ཇི་ལྟར་དཀྱིལ་འཁོར་དུ་བྲི་བ། །ཞེས་པ་བེ་ཅོན་གྱི་ཕྱག་རྒྱ་དེ་དག་དཀྱིལ་འཁོར་དུ་ཇི་ལྟར་བྲི་བར་བྱ་བ་དེའི་ཆོ་ག་བཤད་པར་བྱའོ་ཞེས་པའོ། །བེ་ཅོན་དབྱུག་པ་ལྟ་བུའི་ཚུལ། །ཞེས་བྱ་བ་ལ་སོགས་པ་ནི་རྒྱ་གར་སྐད་དུ་དཎྜ་ཞེས་བྱ་སྟེ། མདུང་ཤིང་
དང་དབྱུག་པ་ཐ་མལ་ལ་སོགས་པ་ལ་ཡང་དཎྜ་ཞེས་བྱ་སྟེ། དཎྜ་དེ་ནི་གཞན་ལ་མི་བྱའི་དབྱུག་པ་ལྟ་བུའི་རྩེ་ཡིད་ཀྱིས་ཕྲ་ལ་དབུས་སྦོམ་པ་ལ་འཇུག་ཀྱང་ཡིད་ཀྱིས་ཟླུམ་པ་ལ་ཕྲ་བ་ཆང་ཟུངས་ཅན་དུ་བྱས་པ་ལ་བེ་ཅོན་ཞེས་བྱའོ། །བེ་ཅོན་གྱི་མགོར་མི་ཐོད་བྲིའོ། །
ཡི་དགས་མང་པོ་རྟག་ཏུ་བྲི། །ཞེས་པ་ནི་བེ་ཅོན་གྱི་མི་མགོ་ཅན་གྱི་རི་མོ་བྲི་བའི་ངེས་པ་བཤད་དེ། དེ་ཡང་ཕྱག་རྒྱ་གང་དུ་བྲི་ཞེ་ན། གོང་དུ་སྔར་བཤད་པའི་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་དུ་རྟག་ཏུ་བྲི་བར་བྱ་ཞེས་པའོ། །དེ་ལས་གཞན་དུ་ནམས་ཀྱང་མིན། །ཞེས་

བྱ་བ་ནི་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་དུ་མ་གཏོགས་པ་གཞན་གང་ཡང་བེ་ཅོན་གྱི་ཕྱག་རྒྱ་སྟེ་བྲི་བར་མི་བྱའོ། །རིག་འཛིན་གྱི་ནི་ཆོ་ག་བཞིན། །རྒྱ་འདི་དུར་ཁྲོད་ཐལ་བས་སོ། །ཞེས་པ་ནི་སྔགས་པས་ཆོ་ག་བཞིན་དུ་བེ་ཅོན་གྱི་ཕྱག་རྒྱ་བསྒྲུབ་པ་ནི་མི་རོ་བསྲེགས་པའི་ཐལ་
བས་བྲི་བར་བྱའོ། །ཡང་ན་འདི་ཉིད་ལོགས་ཤིག་ཏུ། །ཞེས་པ་ལ་སོགས་པས་ནི་ཡང་ན་བེ་ཅོན་གྱི་ཕྱག་རྒྱ་དེའི་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་ལས་ལོགས་ཤིག་ཏུ་ནམ་གྱི་ཚེ་སྒྲུབ་པར་འདོད་པའི་སྒྲུབ་པ་པོས་བེ་ཅོན་གྱི་ཕྱག་རྒྱ་སྒྲུབ་པར་འདོད་པས་བསྒྲུབ་པའི་དཀྱིལ་འཁོར་གྱི་བེ་
ཅོན་གྱི་ཕྱག་རྒྱ་བྲིས་ཏེ་བསྒྲུབ་པར་བྱའོ། །དེ་ནས་ཕྱག་རྒྱ་བསྒྲུབ་པའི་དཀྱིལ་འཁོར་བཤད་པ་ཡང་། དེ་ནས་ཕྱག་རྒྱ་བསྒྲུབ་པ་ཡི། །ཞེས་པ་ནས། ཕྱེ་སྟེ་དེ་ནས་མཆོད་པ་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་ཕྱག་རྒྱ་བསྒྲུབ་པ་ཡི། །དཀྱིལ་འཁོར་འདིར་ནི་བཤད་
པར་བྱ། །ཞེས་པ་ནི་བེ་ཅོན་གྱི་ཕྱག་རྒྱ་བསྒྲུབ་པའི་དཀྱིལ་འཁོར་བཤད་པར་བྱའོ། །གྲུ་བཞི་སྔ་མ་བཞིན་དུ་སྟེ། །ཞེས་པ་སྔར་བཤད་པའི་དཀྱིལ་འཁོར་རྣམས་ལས་གྲུ་བཞི་གང་ཡང་རུང་བ་ཅིག་བྱའོ། །ཡི་དགས་ཕལ་ཆེན་འདིར་ཡང་བྲི། །ཞེས་པ་ནི་སྒྲུབ་པའི་
དཀྱིལ་འཁོར་འདིའི་སྐབས་སུ་གྲྭ་བཞི་དང་ཕྱོགས་བཞི་རྣམས་སུ་བེ་ཅོན་གྱི་ཕྱག་རྒྱ་བྲི་བར་བྱ་སྟེ། ཡི་དགས་ཕལ་ཆེན་མ་བྲིས་ཀྱང་། །བེ་ཅོན་གྱི་ཕྱག་རྒྱ་བསྒྲུབ་པའི་དཀྱིལ་འཁོར་འདིའི་རྩ་བའི་ཕྱི་མོར་གྱུར་པ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་ཡིན་པས་ན་བེ་ཅོན་གྱི་ཕྱག་རྒྱ་
བསྒྲུབ་པའི་དཀྱིལ་འཁོར་ལ་ཡང་མིང་འདི་སྐད་ཅེས་བྱ་སྟེ། དཀྱིལ་འཁོར་དེ་འདིར་བྲིའོ་ཞེས་པའོ། །དེ་ཡི་དབུས་སུ་བེ་ཅོན་གཞག །ཅེས་པ་ནི་བེ་ཅོན་གྱི་ཕྱག་རྒྱ་དངོས་སུ་རྫས་ལ་བྱས་ཏེ་གཞག་གོ། །དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་གཅིག་དུར་ཁྲོད་
ཀྱི་ཐལ་བས་བྲིས་ལ་དེའི་སྙིང་པོའི་དབུས་སུ་བེ་ཅོན་མི་ཐོད་ཅན་མགོ་བྱང་དུ་ཆད་ཟུངས་བདག་ལ་བལྟས་པར་བྲིའོ། །ཕྱོགས་བརྒྱད་རྣམས་སུའང་དེ་བཞིན་ནོ། །ཞེས་པ་ནི་ཕྱོགས་མཚམས་བརྒྱད་དང་དབུས་སུ་སྙིང་པོ་ལ་བེ་ཅོན་གྱི་ཕྱག་རྒྱ་དགུ་བྲིས་པས་ན། བེ་ཅོན་གྱི་ཕྱག་

རྒྱའི་དཀྱིལ་འཁོར་ཞེས་བྱ་སྟེ། དེ་ལྟ་བུའི་ཚུལ་དུ་གནས་པས་བསྒྲུབ་པར་བྱའོ། །བེ་ཅོན་གྱི་ཕྱག་རྒྱ་དེ་དག་ཀྱང་པདྨོའི་གདན་ལ་བཞུགས་པར་བྲིའོ། །དེ་བཞིན་དུ་ནི་ལྷོ་ཕྱོགས་སྒོ། །ཕྱེ་སྟེ་དེ་ནས་མཆོད་པར་བྱ། །ཞེས་པ་ནི་དེ་དཀྱིལ་འཁོར་དེ་ལྟར་བྲིས་
ལ་སྒོ་ལྷག་མ་རྣམས་བཅད་དེ་ལྷོ་ཕྱོགས་སྒོ་ཕྱེ་བའི་ལོགས་ནས། ཕྱི་ནང་གི་མཆོད་པ་བྱ་ཞེས་པའི་ཐ་ཚིག་གོ། །ད་ནི་གསང་བའི་མཆོད་པ་བཤད་པ་ཡང་། ཕྱག་རྒྱའི་སྔགས་ནི་མ་ལུས་པ། །ཞེས་པ་ནས། འདི་ལས་ཐམས་ཅད་འགྲུབ་པར་བྱའོ། །ཞེས་པའི་བར་གྱིས་བསྟན། ཕྱག་རྒྱའི་
སྔགས་ནི་མ་ལུས་པ། །ཞེས་བྱ་བ་ལ་སོགས་པ་ནི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ཐམས་ཅད་ཁྲོ་བོའི་རྒྱལ་པོའི་སྔགས་ཀྱི་བར་དུ་བཅུག་སྟེ། དེ་ལྟ་བུའི་ཚུལ་གྱིས་བཟླས་བརྗོད་བྱས་ན་ལྷ་རྣམས་མཉེས་པར་འགྱུར་ཏེ་འགྲུབ་པས་ན་དེ་ཉིད་མཆོད་པར་འགྱུར་བ་ཡིན་ནོ། །ད་ནི་གསང་བའི་མཆོད་
པ་བཤད་དེ། མཆོད་པ་རྣམ་པ་གཉིས་ཏེ་ཕྱི་དང་ནང་གིའོ། །དེ་ལ་ཕྱིའི་མཆོད་པ་ནི་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པའོ། །ནང་གི་མཆོད་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བས་དེ་ཉིད་ལས་གསང་བའི་མཆོད་པ་ཞེས་བྱ་སྟེ། སྔགས་རིམ་པར་འགྱུར་བ་ཉིད་ལས་མཆོད་པའི་
རིམ་གྱིས་སོ་ཞེས་བྱ་བ་སྨོས་སོ། །ཨོཾ་ན་མོ་བུདྡྷ་བྱ་བ་དང་། ཧཱུཾ་ཕཊ་ཧཱུཾ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོའི་སྔགས་སོ། །འདི་དག་ཀྱང་བེ་ཅོན་གྱི་ཕྱག་རྒྱའི་སྔགས་དཀྱུས་མ་ཉིད་ཡིན་ཏེ་སྤེལ་ཟིན་ཏོ། །བེ་ཅོན་གྱི་ཕྱག་རྒྱའི་སྔགས་དཀྱུས་མ་ཉིད་ཡིན་ཏེ། འདི་དག་ནི་ཁྲོ་
བོའི་རྒྱལ་པོའི་སྔགས་ཡི་གེ་འབྲུ་གསུམ་པོའི་བར་དུ་བེ་ཅོན་གྱི་ཕྱག་རྒྱའི་སྔགས་བཅུག་སྟེ་བཟླས་སོ། །འདི་ནི་ཁྲོ་བོ་རྣམ་པར་རྒྱལ་བའི་གོང་དུ་བཅུག་པའི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་སོ་ཞེས་པ་ནི་འདི་ནི་ཁྲོ་བོའི་རྒྱལ་པོའི་སྔགས་ཀྱི་བར་དུ་བེ་ཅོན་གྱི་ཕྱག་རྒྱའི་སྔགས་བཅུག་
སྟེ། བཟླས་བརྗོད་བྱ་བའི་གསང་སྔགས་ཡིན་ནོ། །འདི་ལས་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་པ་ནི། སྔགས་འདིའི་འོག་ནས་འབྱུང་བའི་ལས་རྣམ་བཞི་ལ་སོགས་པ་བསྒྲུབ་པར་བྱའོ། །ད་ནི་སྔོན་དུ་བསྙེན་པའི་ཚེའི་ཆོ་ག་བཤད་པ་ཡང་། དེ་ནས་དངོས་གྲུབ་ཀུན་གྱི་

མཆོག །ཅེས་པ་ནས། ཧཱུཾ་དང་ལྡན་པས་བསྐུལ་བ་གཞན། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་དངོས་གྲུབ་ཀུན་གྱི་མཆོག །ཅེས་པ་ནི། དངོས་གྲུབ་བསྒྲུབ་པའི་མཆོག་ཏུ་གསུངས་པ་ནི། སྔོན་དུ་བསྙེན་པ་བྱེད་པའོ། །ཁྲོ་བོའི་གཙོ་བོའི་དེ་ཁོ་ན། །ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་དེ་ཁོ་ན་
ཉིད་མཆོད་པའི་གསང་བའི་མཆོད་པ་དང་ལྡན་པས་བེ་ཅོན་གྱི་ཕྱག་རྒྱ་བསྒྲུབ་པའི་དཀྱིལ་འཁོར་དུ་བསྙེན་པ་བྱའོ་ཞེས་པའོ། །བསྙེན་པའི་སྔགས་ཁྲོ་བོའི་རྒྱལ་པོའི་བར་དུ་བཅུག་པའི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ཉིད་ཀྱིས་བྱའོ། །གསང་བའི་མཆོད་པ་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་
ནི་སྔོན་དུ་བསྙེན་པ་བྱས་ལ་སྔོན་དུ་བསྙེན་པ་དེ་ཡང་ཐབས་ཇི་ལྟར་བྱ་ཞེ་ན། སྔར་གོང་དུ་བཤད་པའི་གནས་དབེན་པ་ཅིག་ཏུ་ཙནྡན་དམར་པོས་པདྨ་འདབ་མ་བརྒྱད་པ་ཅིག་བྲིས་ལ། འདབ་མའི་རྩེ་མོ་བརྒྱད་དུ་བེ་ཅོན་མིའི་ཐོད་པ་ཅན་བརྒྱད་བྲིས་ལ་རི་མོ་མི་ཤེས་ན་དེ་ལྟར་སེམས་
ཀྱིས་བསམ་མོ། །བེ་ཅོན་ཁྲོ་བོའི་བར་བཅུག་བྲི། །ཞེས་པ་ནི་པདྨའི་རྩེ་མོའི་བརྒྱད་པར་བེ་ཅོན་བརྒྱད་པ་བྲི་བ་དང་། དབུས་སུ་བེ་ཅོན་གཅིག་སྟེ་བེ་ཅོན་དགུ་བྲི་བ་ནི་བེ་ཅོན་གྱི་མགོ་ལ་མི་ཐོད་བྲིས་པའི་སྟེང་དུ་ཡི་གེ་ཧཱུཾ་བསམ་པའང་བྲིའོ། །འབར་དུ་བཅུག་གམ་སྲེག་ཅེས་བྱ། །ཞེས་ཀྱང་
དྲང་དུ་རུང་སྟེ། དངོས་སུ་ན་ཡི་གེ་ཧཱུཾ་ཐོད་པའི་སྟེང་དུ་བྲི་ཞིང་བསམ་པར་བྱའོ། །དབུས་སུ་དགུ་པ་གཞག་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་དབུས་སུ་བེ་ཅོན་གྱི་ཕྱག་རྒྱ་བྲི་བ་ནི་གོ་རིམས་བསྟན་ཏེ། དེ་ལ་དང་པོ་དབུས་ཀྱི་སྙིང་པོ་ལ་བེ་ཅོན་གྱི་ཕྱག་རྒྱ་དགུ་པ་གཅིག་བྲི།
དེའི་འོག་ཏུ་ཤར་ཕྱོགས་ནས་ལྷོ་ཕྱོགས་ལོགས་སུ་ལྷ་ཁང་བསྐོར་བའི་ཚུལ་དུ་བསྐོར་ནས། ཕྱག་རྒྱ་དེ་ཉིད་བསམས་ཀྱང་རུང་རི་མོ་བྲིས་ཀྱང་རུང་སྟེ། མེ་ཏོག་རེ་རེ་བླངས་ཏེ་དེ་ལས་ས་བོན་ཧཱུཾ་གིས་བཏབ་སྟེ། བེ་ཅོན་གྱི་ཕྱག་རྒྱའི་གནས་སུ་དོར་ཞིང་། བེ་ཅོན་གྱི་ཕྱག་རྒྱ་རྣམས་མེ་ཏོག་
གིས་དགོད་པར་བྱའོ། །བེ་ཅོན་ཀུན་གྱི་ས་བོན་ཧཱུཾ། །ཡི་དགས་སྤྱི་བོར་གཞག་པར་བྱ། །ཞེས་པ་ནི་བེ་ཅོན་དགུ་ཆར་གྱི་ས་བོན་ཡི་གེ་ཧཱུཾ་ཡིན་ཏེ། ས་བོན་འདི་བེ་ཅོན་རྣམས་ཀྱི་མགོ་ལ་མི་ཐོད་ཡོད་པར་བསམ་པར་བྱའོ། །ས་བོན་ནི་ཐམས་ཅད་སྐྱེད་པར་བྱེད་པས་ནི་ཧཱུཾ་འདི་ལས་ཀྱང་

ལྷའི་སྐུར་བསྒྱུར་བ་དང་། དངོས་གྲུབ་རྣམ་གསུམ་ལ་སོགས་པ་མཐར་བླ་ན་མེད་པའི་བྱང་ཆུབ་མན་ཆད་འགྲུབ་པར་བྱེད་པ་ཡིན་ན་ས་བོན་ཞེས་པའོ། །ཁྲོ་བོའི་རྒྱལ་པོའི་བར་དུ་གཞུག་པའི་སྔགས་འབྱུང་བ། ཅིའི་ཕྱིར་བར་དུ་གཞུག་པ་དང་། བར་
དུ་གཞུག་པའི་ཕན་ཡོན་རྣམས་སྨོས་ཏེ། ཐོག་མར་ཨོཾ་དང་ལྡན་བྱས་ཏེ། །ཞེས་པ་ནི་ཁྲོ་བོའི་རྒྱལ་པོའི་སྔགས་འབྲུ་གསུམ་པ་ལས་བེ་ཅོན་གྱི་སྔགས་ཀྱི་མགོ་ལ་ཨོཾ་དང་པོར་སྨོས་པ་ནི་མཐུ་ཅན་ནམ་གཟི་བྱིན་ཅན་དུ་འགྱུར་བ་ཡིན་པའི་ཕྱིར་ཁྲོ་བོའི་རྒྱལ་པོའི་སྔགས་ཨོཾ་དང་པོར་སྨོས་
སོ། །ཨོཾ་ན་མོ་མཆོད་པར་འགྱུར་ཞེས་པ་ནི་བེ་ཅོན་གྱི་སྔགས་དཀྱུས་མ་ཉིད་ཡིན་ཏེ། སྔགས་འདིས་ནི་འཕགས་པ་མཉེས་པའམ་མཆོད་པར་འགྱུར་རོ། །ཨ་ནི་ཁྲོ་བོ་རྣམ་རྒྱལ་གྱི། །ཞེས་པ་ཨ་འདི་ནི་ཁྲོ་བོ་རྣམ་པར་རྒྱལ་བའི་སྔགས་ཡིན་ཏེ། བར་དང་པོར་འབྱུང་བའི་
ཨ་ལ་བྱ་སྟེ། འདིས་ནི་ཁྲོ་བོའི་རྒྱལ་པོའི་ས་བོན་ལ་སྐུལ་བར་བྱེད་པའམ། སྤྱན་ཐབས་སུ་གཟིགས་པའམ། བཀའ་ནན་མཛད་པའི་ས་བོན་གྱི་དམ་ཚིག་ཡིན་པར་བཤད་དོ། །ཡང་ཨ་དེ་ནི་རྒྱལ་པོ་ལྟ་བུའི་བཀའ་སྩལ་པའམ་སྤྱན་ཐབས་སུ་གཟིགས་པའོ། །ཨ་དེ་
མི་འདའ་བར་མཛད་པ་ཡང་ཡིན་ནོ། །ཨོཾ་ན་མོ་བུདྡྷ་དྷ་རྨཱ་སཾ་གེ་བྷྱཿ། །སངས་རྒྱས་ཀུན་གྱིས་མངོན་པར་བསྟོད། །ཅེས་པ་ཁྲོ་བོའི་རྒྱལ་པོའི་སྔགས་ཨོཾ་དང་ཨ་གཉིས་ཀྱི་བར་ན་སྔགས་འདི་འབྱུང་བ་ནི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ཉིད་ཡིན་ཏེ། སྔགས་འདིས་ནི་སངས་རྒྱས་ཀུན་
བསྙེན་ནས་ལེགས་སོ་ཞེས་བྱ་བ་ལ་སོགས་པས་བསྟོད་པར་མཛད་དོ། །བེ་ཅོན་རྣམས་ནི་ཐམས་ཅད་ཀྱང་། །ཞེས་པ་བེ་ཅོན་བྱ་བ་རྣམ་པ་མང་དུ་འདྲེན་ཏེ། ཡི་གེ་ཕྲེང་བ་ལ་ཡང་བེ་ཅོན་ཞེས་བྱ་བེ་ཅོན་གྱི་ཕྱག་རྒྱ་ཉིད་ལ་ཡང་བེ་ཅོན་ཞེས་བྱ་སྟེ། འདིའི་སྐབས་སུ་ནི་བེ་ཅོན་གྱི་
ཕྱག་རྒྱའི་སྔགས་ཉིད་ལ་བྱའོ། །རང་གི་དམ་ཚིག་བསྐུལ་བར་ལྡན། །ཞེས་པ་ཧཱུཾ་ནི་བེ་ཅོན་གྱི་སྔགས་ཀྱིས་བསྐུལ་བའམ་གཞན་འདེབས་པའོ། །བེ་ཅོན་གྱི་སྔགས་ཉིད་གྱི་དོན་ཁྲོ་བོ་ཆེན་པོའི་གཟི་བརྗིད་འབར་བ་ཅན་ཞེས་པ་དག་ཀྱང་འབྱུང་བ་ལ་བྱའོ། །ཐམས་ཅད་རང་གི་

དམ་ཚིག་ལྡན། །ཞེས་པ་བེ་ཅོན་གྱི་སྔགས་ཏེ་རྐྱང་པ་མ་ཡིན་ཏེ་རང་གི་དམ་ཚིག་ཧཱུཾ་དང་ཡང་ལྡན་ནོ། །དེ་ལྟར་ལྡན་པ་དེ་རྡོ་རྗེ་དང་། པདྨའི་སྔགས་སམ་ཞེ་ན། མ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་ལས་བྱུང་། །ཞེས་སྨོས་སོ། །བེ་ཅོན་གྱི་སྔགས་རྣམས་ལ་ཁྲོ་བོའི་རྒྱལ་པོའི་དམ་
ཚིག་གི་སྔགས་ཨ་ལྡན་པར་བྱས་ན་དེ་ནི་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བའི་གསང་སྔགས་ཡིན་ནོ། །བསྐུལ་བའི་ཚིག་དང་རབ་ལྡན་ཞིང་། །ཞེས་པ་བེ་ཅོན་གྱི་སྔགས་དེ་ཁྲོ་བོའི་སྙིང་པོས་སྐུལ་བར་བྱེད་པ་ཧཱུཾ་དང་ལྡན་ན་བེ་ཅོན་གྱི་ཕྱག་རྒྱ་ཉིད་ཀྱི་སྔགས་བསྐུལ་བའི་
ཚིག་དང་ལྡན་པར་འབྱུང་བ་ཉིད་ལ་བྱ་སྟེ། དེ་ཡང་སརྦ་ཏ་ཐཱ་ག་ཏོ་ཀྲོ་དྷ་བི་ཛཱ་ཡ་ཨགྣེ་ར་ལ་སོགས་པའི་སྔགས་འབྱུང་བ་ཉིད་ལ་བྱ་སྟེ། དེ་ཡང་ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོ་ཡི་དགས་ཀྱི་མགོ་ལ་མེ་འབར་བ་ཅན་ཞེས་བྱ་བ་ལ་སོགས་པའི་
བསྐུལ་བའི་ཚིག་དང་ལྡན་པ་འབྱུང་བའི་ཐ་ཚིག་གོ། །ཁྲོ་བོའི་ལྟ་བས་བརྟགས་པ་དང་། ཞེས་པ་ཁྲོ་བོ་རྒྱལ་པོའི་སྔགས་ཨ་དེ་ཁྲོ་བོ་དང་ས་བོན་ཧཱུཾ་ལ་གཟིགས་པའམ། དེ་མཛད་པའི་སྤྱན་ཐབས་འདྲ་བར་བཞུགས་པ་དེ་ལྟར་བཤད་པ་བཞིན་དུ་དེ་དང་ལྡན་པར་བྱའོ། །དེ་ལྟར་བཤད་པ་
ཅི་མངོན་ཞེ་ན། འོག་ནས་འབྱུང་བ་བཞིན་དུ་བྱས་ན་མངོན་ནོ། །ཁ་ཅིག་ན་རེ། ཨ་དང་པོ་ལྡན་ཏེ་ཁྲོ་བོའི་ལྟ་བ་དང་ཡང་ལྡན་པར་བྱ་བ་ཡིན་ཟེར་རོ། །རང་རང་བསྐུལ་མས་བསྐུལ་ནས་ནི། །ཞེས་པ་ལས་རྣམ་བཞི་ལ་སོགས་པའི་བསྐུལ་ཚིག་ལ་བྱའོ། །ཁྲོ་བོའི་རྒྱལ་པོའི་སྔགས་དང་བེ་ཅོན་
ཕྱག་རྒྱའི་སྔགས་དེ་ལྟར་སྤེལ་བ་དང་ལྡན་ཞིང་ལས་རྣམ་བཞི་ལ་སོགས་པའི་བསྐུལ་བའི་ཆོ་ག་དང་ཡང་ལྡན་པར་བྱ་བ་ཞེས་པའི་ཐ་ཚིག་གོ། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །ཞེས་པ་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ཟློས་པའི་ཚེ་ན་ཡང་དོན་དེ་ལྟ་བུ་ཡིད་ལ་མངོན་དུ་བྱས་ཏེ་བཟླས་ན་ལས་མྱུར་
དུ་འགྲུབ་པོ། །ཨ་འདི་ཁྲོ་བོ་རྣམ་རྒྱལ་གྱིས། །ཁྲོ་བོ་ལྟ་བས་བལྟས་པའོ། །ཞེས་པ་བེ་ཅོན་གྱི་སྔགས་དག་པའོ། །ཨ་འདི་ནི་ཁྲོ་བོ་རྣམ་པར་རྒྱལ་བས་ལྟ་བ་ཡིན་ནོ། །གོང་མ་བཤད་པ་ཁྲོ་བོའི་ལྟ་བས་བརྟགས་ཏེ། ཨ་དེ་དང་ལྡན་པས་ན་ཨ་དེ་སྤྱན་ཐབས་སུ་མཛད་

པས་ན། རང་གི་དམ་ཚིག་དང་ལྡན་པས། །ཞེས་པ་གོང་གི་ཧཱུཾ་ཐུང་ངུ་ཤོས་ནི་རང་གི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ལ་སྐུལ་བར་བྱེད་པ་ཡིན་པས་དམ་ཚིག་དང་ལྡན་པ་ཞེས་བྱའོ། །ཧཱུཾ་དང་ལྡན་པས་བསྐུལ་བ་གཞན། །ཞེས་པ་བེ་ཅོན་གྱི་སྔགས་ཀྱི་མཇུག་གི་
ཧཱུཾ་རིང་པོ་ཤོས་ནི་གོང་མའི་ཧཱུཾ་ཐུང་ངུ་ཤོས་ལ་བསྐུལ་བ་གཞན་པར་ཞེས་པའོ། །ཞི་བ་རྒྱས་པ་དབང་དང་དགུག །ཅེས་པ་ནས་གསང་བའི་མཆོད་པར་གྲགས་ཞེས་པའི་བར་དུ་ནི་གསང་བའི་མཆོད་པའི་སྒོ་ནས་ལས་མང་པོ་བསྒྲུབ་པའི་ཞེས་བྱ་བ་བཤད་དོ། །ཞི་བ་ལ་སོགས་པའི་
ལས་འདི་དག་བེ་ཅོན་གྱི་སྔགས་ལ་ལྟ་བ་དང་། བསྐུལ་མར་ལྡན་ན་ལས་འདི་དག་བྱེད་དོ། །དབྱེ་བ་ཡི་ནི་བསྐྲད་པ་རྣམས། །ཞེས་དབེན་བྱས་ཤིང་བསྐྲད་པའོ། །གསང་བའི་མཆོད་པའི་སྦྱོར་བ་ཡིས། །བདག་གིས་མདོར་ནི་བཤད་པར་བྱ། །ཞེས་པ་བེ་ཅོན་ཅན་གྱི་སྔགས་
དང་། ཁྲོ་བོའི་སྔགས་སྤེལ་ཏེ་བཟླས་ན་ལས་དྲུག་པ་འདི་དག་གསང་བའི་མཆོད་པའི་ཆོ་ག་དང་ལྡན་པར་བསྒྲུབས་ན་དེ་དག་འགྲུབ་པར་འགྱུར་བ་དེ་ཤློ་ཀ་སུམ་སྟོང་ལས་མདོ་ཙམ་ཞིག་བཤད་པར་བྱའོ། །སྔགས་འདི་དག་ནི་སྔར་ཡང་སྤེལ་བ་བཤད་ན་ཡང་ཅིའི་ཕྱིར་བཤད་ཅེ་
ན། ལས་དྲུག་པོ་དེ་དག་བྱེད་ན་སོ་སོའི་བསྐུལ་བའི་ཚིག་གི་ཁྱད་པར་མི་འདྲ་བ་རྣམས་བཤད་དགོས་པའི་ཕྱིར་སྔར་གོང་དུ་བཤད་མོད་ཀྱི། སྔགས་དེ་དག་སྤེལ་ཞིང་བར་དུ་གཞུག་པའི་དགོས་པ་ཙམ་ཞིག་བཤད་དོ། །དེ་ཡི་ཐོག་མར་ཡི་གེ་ཨོཾ། །ཞེས་པ་བེ་ཅོན་
གྱི་ཕྱག་རྒྱའི་སྔགས་ཀྱི་ཐོག་མ་ལ་ཡི་གེ་ཨོཾ་ཡོད་པ་ནི་ཁྲོ་བོའི་རྒྱལ་པོའི་སྔགས་ཏེ་མཐུ་ཅན་ནམ་གཟི་བྱིན་ཅན་དུ་འགྱུར་རོ། །དེ་ནས་གཞན་པའི་སྔགས་སྤེལ་བྱེད། །ཅེས་པ། ན་མོ་བུདྡྷ། དྷརྨཱ། སཾ་གེ་བྷྱཿ། ཞེས་པ་ནི་སྔགས་སྤེལ་ཞིང་རྒྱས་པར་བྱེད་པའོ། །དེ་བཞིན་གཤེགས་
པའི་དམ་ཚིག་ཉིད། །གསུམ་པ་ཡིན་པར་ཡོངས་སུ་བསྒྲགས། །ཞེས་པ་བར་གྱི་ཨ་གཉིས་ལས་དང་པོའི་ཤོས་ནི་གོང་དུ་སྔགས་རྣམ་གཉིས་ལས་འདས་པ་གཏོགས་པ་དེ་དང་གསུམ་སྟེ། དེ་བཞིན་གཤེགས་པའི་དམ་ཚིག་གི་སྔགས་ཡིན་པར་བསྟན་ཏོ། །སུ་ཡང་མི་འདའ་བའོ། །

སྔགས་ཀྱིས་བསྐུལ་པའི་ཚིག་དག་འདིར། །ཞེས་པ་ཁྲོ་བོ་ཆེན་པོ་འབར་བ་ཞེས་བྱ་བ་དག་འབྱུང་བའི་བེ་ཅོན་གྱི་སྔགས་ལ་བྱའོ། །དངོས་གྲུབ་སྟེར་བ་བཞི་པ་སྟེ། སརྦ་ཏ་ཐཱ་ག་ཏ་ཞེས་པ། དེ་ནས་སྔགས་ཀྱི་རང་དངོས་སོ། །ཞེས་པ་བར་གྱི་ཨ་གཉིས་ལ་བེ་ཅོན་
གྱི་ཕྱག་རྒྱའི་སྔགས་ལ། སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བྷི་ཛ་ཡ་ཞེས་པ་ལ་སོགས་པས་བསྐུལ་ནས། དངོས་གྲུབ་སྟེར་བར་མཛད་པར་གཏོགས་པར་གཞག་པའོ། །དེའི་འོག་ཏུ་འདི་ལ་སོགས་པའི་སྔགས་གོང་མ་རྣམས་ནི་བེ་ཅོན་གྱི་ཕྱག་རྒྱ་ཉིད་ཀྱི་སྔགས་སོ། །མཇུག་གི་
ཧཱུཾ་ནི་ཁྲོ་བོ་ཡི། །སྔགས་ནི་འཕེལ་བར་བྱེད་པར་བཤད། །ཅེས་པ་མཇུག་གི་ཧཱུཾ་ཐུང་ངུ་ཤོས་ནི་སྔགས་རྣམས་འཕེལ་ཞིང་རྒྱས་པ་དང་གཟི་ཅན་དུ་བྱེད་དོ། །དེ་ལས་གཞན་ནི་ཁྱད་པར་དུ། །རང་གི་བསྐུལ་བའི་ཚིག་གིས་བྱེད། །ཅེས་པ་ལ་ཧཱུཾ་ཐུང་ངུ་ཤོས་ནི་དེ་ལས་གཞན་པ་ལ་
མཇུག་གི་ཧཱུཾ་རིང་པོ་ཤོས་ཀྱི་ནི་དབང་དང་ཞི་རྒྱས་ལ་སོགས་པའི་ལས་འོག་ནས་འབྱུང་བ་རྣམས་ཀྱི་བསྐུལ་བའི་ཚིག་དང་ལྡན་པར་བྱས་ན། སྔགས་རྣམས་འཕེལ་ཞིང་རྒྱས་པ་དང་། གཟི་ཅན་དུ་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །དབང་གི་ངོ་བོ་སྨོས་པ་ནི། །ཞེས་པ་ནི་དབང་
དུ་བྱ་བ་ལྷ་ལ་སོགས་པའི་གང་དང་གང་དེའི་མིང་ནས་བརྗོད་དེ་དེའི་བསྐུལ་ཚིག་དང་། མཐའ་མར་སྭཱ་ཧཱ་མཐར་སྦྱར་ཏེ་བཟླས་ཏེ་ཞེས་པའོ། །ཕཊ་བྱུང་ན་བེ་ཅོན་གྱི་སྔགས་ཉམས་པར་འགྱུར་བས་མི་འབྱུང་བར་ཧཱུཾ་རིང་པོའི་འོག་ཏུ་སོ་སོའི་བསྐུལ་ཚིག་བཅུག་སྟེ་ངེས་པར་
བྱའོ། །མི་མཐུན་པར་བཤད་པ་ནི་འོག་མ་ལྟར་མི་རུང་ངོ་། །གོང་དུ་སྨོས་པའི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ཀྱི་མཇུག་ལ་ཧཱུཾ་གཉིས་ཀྱི་བར་ན་ཕཊ་ཡོད་པ་ནི་དྲག་ཤུལ་གྱི་ཡིན་པས་ཞི་བ་དང་། རྒྱས་པ་དང་། དབང་གི་ལས་རྣམས་ལ་ནི་མི་སྦྱོར་རོ། །དེ་ལྟར་མ་སྦྱོར་ན་ཡང་
བེ་ཅོན་གྱི་སྔགས་བཅད་པའི་ཁ་མ་བསྐོངས་པའི་སྐྱོན་དུ་མི་འགྱུར་ཞེས་ཟེར་རོ། །ཞི་བའི་ཕྱིར་ནི་བསྐུལ་བ་ཉིད། །མཇུག་ཏུ་བཽ་ཥཊ་བཏགས་པར་བྱ། །ཞེས་པ་སུ་ལ་བྱ་བའི་མིང་ཧཱུཾ་གི་འོག་ཏུ་བཅུག་ལ་དེ་ནས་བསྐུལ་བའི་ཚིག་གཞུག་གོ། །དེ་བས་ན་དྲག་ཤུལ་ལ་

སོགས་པ་གང་ལ་སྦྱར་བ་ལ་འབྱུང་བ་དེ་བཞིན་དུ་སྦྱོར་ཏེ་ལས་བྱའོ། །དེ་བཞིན་གཤེགས་པའི་རིགས་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པ་ནི་རྒྱས་པ་རྣམ་པ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱས་པའོ། །དེ་ལ་འཇིག་རྟེན་ལས་འདས་
པའི་རྒྱས་པ་བསྒྲུབ་པར་འདོད་པས། ས་དང་ཕ་རོལ་ཏུ་ཕྱིན་པ་དང་མཐར་བླ་ན་མེད་པའི་སངས་རྒྱས་སུ་བསྒྲུབ་པ་མན་ཆད་དང་། འབྱོར་པ་ཕུན་སུམ་ཚོགས་པ་དེ་ལས་གོང་མ་མེད་པའི་རྒྱས་པ་ནི། དེ་བཞིན་གཤེགས་པའི་རིགས་ལས་བྱུང་བ་སྟེ། དེ་བསྒྲུབ་པར་འདོད་པས་སྔགས་འདི་
བཟླས་སོ། །རྒྱས་པའི་ཕྱིར་ནི་སྔོན་བཞིན་དུ། །ཞེས་པ་འདི་ནི་འཇིག་རྟེན་པའི་རྒྱས་པའོ། །རྒྱས་ཕྱིར་བསྐུལ་བའི་ཐོག་མ་དང་། །ཞེས་པ་གཡུལ་ལས་རྒྱལ་བར་བྱེད་འདོད་དམ། ཤགས་ལས་རྒྱལ་བར་བྱེད་པར་འདོད་ན་ཞེས་པའོ། །ཁྲོ་བོ་ཧཱུཾ་ནི་ཐ་མར་སྦྱར། །ཞེས་པ་ལ་སོགས་པ་ནི་
དྲག་པོའི་ཚིག་ཏུ་ཟད་དོ། །གསང་བའི་མཆོད་པའི་ཆོ་གར་གྲགས། །ཞེས་པ་ནི་གོང་དུ་བཤད་པའི་ཚུལ་དེ་ལྟ་བུ་དག་གི་གསང་བའི་མཆོད་པར་གྲགས་པ་ཡིན་ནོ། །ད་ནི་ཕྱིའི་མཆོད་པའི་སྒོ་ནས་མཇུག་སྡུད་ཅིང་ཕན་ཡོན་སྨོས་པ་ཞེས་པ་བཤད་དེ། དེ་ལྟར་མཆོད་པའི་རིམ་པ་
དེར། །བེ་ཅོན་དག་ནི་བྱས་པར་འགྱུར། །ཞེས་སྨོས་ཏེ། འདི་ནི་གོང་དུ་སྨོས་པ་རྣམས་ཀྱི་མཇུག་སྡུད་པ་རྣམས་ཀྱི་ཚིག་སྟེ། དེ་ལྟར་ནི་བེ་ཅོན་གྱི་ཕྱག་རྒྱ་མཎྜལ་དེར་གསང་བའི་མཆོད་པའི་རིམ་པ་དེ་བྱས་པར་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་མཇུག་སྡུད་དེ། བེ་ཅོན་གྱི་མཎྜལ་
དག་གིས་རྫོགས་སོ། །གསང་བའི་མཆོད་པའི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་ནི་གསང་བའི་སྦྱོར་བ་དང་། ལྡན་པ་དེས་ན་ཇི་ལྟར་འདོད་པ་ལས་དང་། བྱེད་ཅེས་པ་དང་སྦྱར་ཏེ། དེ་བཞིན་དུ་ཕྱིའི་མཆོད་པ་མེ་ཏོག་ལ་སོགས་པ་ལས་སོ་སོའི་ཁ་དོག་དང་རོ་ཙམ་གྱིས་
ན་མཆོད་པ་སྦྱར་བས་ལས་བྱེད་དོ། །བཟླས་པ་བྱེད་ཀྱང་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པ་ནི་བཟླས་པའི་གྲངས་དང་། དུས་ཆད་པ་བཞིན་དུ་མ་བཟླས་ཀྱང་གསང་བའི་མཆོད་པ་དང་ལྡན་ན། འཕྲལ་ལ་བྱས་ཀྱང་འགྲུབ་པར་འགྱུར་རོ། །བསྙེན་པ་ལ་མི་བྱའི། འཕྲལ་

ཀྱི་ལས་ལ་བྱའོ། །ཇི་སྐད་བཤད་པའི་ཚུལ་དག་དང་། །ཞེས་པ་ལ་སོགས་པ་ནི་དབང་དུ་བྱ་བ་ལ་སོགས་པའི་ལས་དེ་རྣམས་ཇི་སྐད་བཤད་པའི་ཚུལ་བཞིན་དུ་གསང་བའི་མཆོད་པའི་སྦྱོར་བ་དེ་འདྲ་བ་དང་ལྡན་པ་དེས་ནི། ཚེས་གྲངས་དང་། སྐར་མ་དང་། ནད་ཀྱི་དུས་དང་
སྨྱུང་བ་དག་ཀྱང་མི་དགོས་པར་བསྒྲུབ་པ་དེས་ཤེས་པར་བྱའོ། །ཕྱག་རྒྱའི་དཀྱིལ་འཁོར་ལེགས་བྱས་པ། །ཞེས་པ་ལ་སོགས་པ་སྒྲུབ་པ་པོ་དེ་གསང་བའི་མཆོད་པའི་ཆོ་ག་ཡང་ཞེས་བེ་ཅོན་གྱི་དཀྱིལ་འཁོར་དུ་ལེགས་པར་དབང་བསྐུར་བས་ཁྲུས་ལ་སོགས་པ་མ་བྱས་
པ་དང་། ཅི་འདོད་དགུ་རང་ཉམས་སུ་སྤྱོད་ཅེས་པའི་དོན་ཏོ། །ཅི་ཡང་རུང་བར་གཏོར་མ་དང་། །ཞེས་པ་ལྷ་བཤོས་དང་གཏོར་མ་མཆོད་པའི་ཡོ་བྱད་འདི་རུང་འདི་མི་རུང་འདམ་ཀ་མེད་དོ། །གང་གིས་ཞེས་པ་བསྒྲུབ་པ་གང་གིས་བསྒྲུབ་པའི་ཚིག་དང་ལྡན་པའི་སོ་སོའི་ལས་བྱའོ་ཞེས་པའི། མཆོད་
པ་བྱེད་པ་ཞེས་པ་སྔགས་དང་གསུམ་ཀས་མཆོད་དོ་ཞེས་བྱའོ། །བྱང་ཆུབ་ཅེས་པ་བསྒྲུབ་པའོ། །ཞེས་པའོ། །རབ་ཏུ་གུས་པའི་ཟླ་བ་དྲུག་གིས་ཞེས་པ་དེ་འདྲ་བའི་ཚུལ་དུ་ཟླ་བ་དྲུག་ཏུ་གུས་པའི་སེམས་ཀྱིས་བཟླས་པ་བྱ་བའི་དོན་ཏོ། །དེ་ནི་ཅི་འདོད་དགོས་པ་རྙེད། །ཅེས་
བྱ་དབང་དུ་བྱ་བའི་ལས་ལ་སོགས་པ་འདི་དག་བྱེད་པའི་ཆོ་ག་གོང་དུ་སྨོས་པའི་ལས་ཀྱི་དཀྱིལ་འཁོར་དེ་རྣམས་ལས་གང་ཡང་རུང་བ་བསྒྲུབ་པའི་དཀྱིལ་འཁོར་དེ་བྲིས་པ་ལས་བསྒྲུབ་པ་ནི་བེ་ཅོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྒྲུབ་པ་པོས་ལས་ཀྱི་དཀྱིལ་འཁོར་མ་བྱས་
ཀྱང་བསྐུར་བའི་ཚིག་དང་ལྡན་པར་སོ་སོའི་ལས་བྱའོ། །བཞི་པའི་ལས་བཤད་པ་རྫོགས་སོ།། །།ད་ནི་བེ་ཅོན་གྱི་ཕྱག་རྒྱར་གཏོགས་པའི་སྤྱིའི་རྒྱུད་ལས་སྒྲུབ་ཐབས་གོང་མ་ལས་འབྱུང་བའི་ཆོ་ག་དེ་དག་འདིར་བསྒྲུབ་པར་བྱའོ། །བསྒྲུབ་པ་ལ་རྣམ་པ་གཉིས་ཏེ།
བསྒྲུབ་པ་སྔགས་སྤེལ་བ་དང་། སྔགས་མ་སྤེལ་བར་ཐ་མལ་བར་བསྒྲུབ་པའོ། །དེ་ལ་དང་པོར་ནི་སྔགས་མ་སྤེལ་བར་ཐ་མལ་བར་བསྒྲུབ་པར་བྱའོ། །དེ་ལ་དཀྱིལ་འཁོར་གྱི་ཆོ་ག་བཤད་དེ། དེ་ནས་བེ་ཅོན་ཕྱག་རྒྱ་ཡི། །ཞེས་པ་ནས། སྔགས་དེས་བསྲུངས་ཏེ་

དབུལ་བར་བྱ། །ཞེས་པའི་བར་གྱིས་དེ་ལ་དཀྱིལ་འཁོར་གྱི་ཆོ་ག་བཤད་དོ་ཞེས་པ་བསྟན་ཏོ། །དེ་ཡི་དཀྱིལ་འཁོར་གཉིས་པ་གཞན། །ཞེས་པ་ལ་སོགས་པ་ནི་བེ་ཅོན་གྱི་ཕྱག་རྒྱའི་དཀྱིལ་འཁོར་གོང་མ་ལས་གཞན་པའི་དཀྱིལ་འཁོར་གཉིས་པ་
དེ་བཤད་དོ། །དཀྱིལ་ན་ཡི་དགས་ཞེས་བྱ་ལ། བེ་ཅོན་གྱི་ཕྱག་རྒྱ་བསྒྲུབ་པའི་དཀྱིལ་འཁོར་དེའི་མིང་ཡང་དཀྱིལ་ན་ཡི་དགས་ཞེས་བྱ་བའི་དཀྱིལ་འཁོར་རོ། །སྒྲུབ་པ་མཚན་མོ་དུར་ཁྲོད་དུ། །ཞེས་སྒྲུབ་པ་པོས་མཚན་མོ་དུར་ཁྲོད་ཀྱི་གནས་སུ་དུར་ཁྲོད་ཀྱི་ཐལ་
བ་སྔར་སྨོས་པའི་བསྒྲུབ་པའི་དཀྱིལ་འཁོར་བྲིའོ། །སྒོ་གཞན་བཅད་ལ་ལྷོ་ཕྱོགས་ཀྱི་སྒོ་ཕྱེ་སྟེ་བསྒྲུབ་པ་དང་མཆོད་པ་དག་བྱའོ། །དུར་ཁྲོད་དག་གི་ཐལ་བ་ཡིས། །གྲུ་བཞི་པ་ལ་སྒོ་བཞི་པར། །ཞེས་པ་དུར་ཁྲོད་རྣམ་པ་གཉིས་ཏེ། རོ་བསྲེགས་པའི་དུར་ཁྲོད་དང་། རོ་མ་
བསྲེགས་པའི་དུར་ཁྲོད་དེ། དེ་ལྟ་བུའི་གནས་སུ་ཕྱིན་ཏེ། ཉི་མ་མ་ནུབ་པར་དཀྱིལ་འཁོར་བྲིས་ལ། ཉི་མ་ནུབ་ནས་བསྒྲུབ་པ་ལ་འཇུག་པར་བྱའོ། །མི་རོ་དང་ཐོད་པ་འདི་དག་ཀྱང་ཕྱག་རྒྱའི་མཚན་མ་ཡིན་པར་ཤེས་པར་བྱའོ། །མི་རོ་རོ་སྨད་དག་དང་ལྡན། །ཞེས་པ་དཀྱིལ་
འཁོར་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་དེའི་དབུས་སུ་མི་རོ་མགོ་མེད་པའི་རོ་སྟོད་ཤར་ཕྱོགས་སུ་བསྟན་པ་རྐང་པ་ནུབ་ཕྱོགས་སུ་འདུག་པར་གཞག་པར་བྱའོ། །མི་རོ་ལ་ཡང་ཐལ་བས་རི་མོ་བྱའོ། །བླ་རེ་རྔ་ཡབ་མེ་ལོང་དྲིལ། །ཞེས་པ་ཟླ་བ་དང་ཟླ་བ་ཕྱེད་པ་ལ་
བྱའོ། །མེ་ཏོག་ཕྲེང་བས་མཛེས་པར་བྱས། །ཞེས་པ་ལ་སོགས་པ་ནི་དཀྱིལ་འཁོར་དེ་ཉིད་ལྷ་རྫས་ཞེས་བྱ་སྟེ། བཟང་པོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་བཟང་པོའི་ནང་རིམ་གྱིས། ཕྱོགས་བཞིར་མགོ་ལུས་ཚང་བའི་ཡི་དགས་གཅིག་ལ་གཅིག་འབྲེལ་
བར་ཆུར་འཁོར་བར་བྲིའོ། །ནང་གི་ངོས་བཞི་དང་གྲྭ་བཞིར་ཡི་དགས་ཐོད་པ་བརྒྱད་བྲི་སྟེ། དེས་དཀྱིལ་འཁོར་བྲིས་པའི་འོག་ཏུ་དབུས་ཀྱི་ཡི་དགས་ཀྱི་དུར་ཁྲོད་ཀྱི་ཐལ་བས་བེ་ཅོན་གྱི་ཆང་ཟུངས་ཀྱིས་བདག་ལ་ལྟ་བར་བྲིའོ། །དཀྱིལ་འཁོར་གྱི་ཆོ་ག་དེ་དག་ཀྱང་སྔར་

བསྙེན་པར་བྱེད་པའི་ཚེ་ནི་ཆོ་ག་འདི་བཞིན་དུ་དུར་ཁྲོད་ཀྱི་ཐལ་བས་བྲིའོ། །བསྒྲུབ་པའི་ཚེ་ནི་དཀྱིལ་འཁོར་དུ་དུར་ཁྲོད་ཀྱི་ཐལ་བས་བྲིས་ལ་ཡི་དགས་དང་། ཐོད་པ་རྣམས་རྙེད་ན་ཆོ་ག་བཞིན་དུ་དངོས་སུ་གཞག་གོ། །བེ་ཅོན་གྱི་ཕྱག་རྒྱ་ཡང་གསེར་དངུལ་དང་། ཟངས་དང་། ལྕགས་
དང་། སེང་ལྡེང་ལས་ལེགས་པར་བྱས་པ་དངོས་སུ་གཞག་ལ་བསྒྲུབ་པོ། །དཀྱིལ་ན་ཡི་དགས་ཞེས་བྱ་བའི། །ཞེས་བྱ་བ་ལ་སོགས་པ་ནི་ཡི་དགས་ལྟེ་བ་ཞེས་བྱ་བའི་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་བྱེད་པའི་དཀྱིལ་འཁོར་དེར་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་མཆོད་པ་བྱའོ་
ཞེས་འོག་ནས་འབྱུང་བའི་ཚིག་དང་སྦྱར་རོ། །ཁྲོ་བོ་གཙོ་བོའི་ཕྱག་རྒྱ་ཡིས། །མཆོད་པ་ཇི་སྐད་གསུངས་པ་བྱས། །ཞེས་པ་སྒྲུབ་པ་པོའི་བདག་ཉིད་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་དཀྱིལ་ན་ཡི་དགས་ཞེས་བྱའོ། །དཀྱིལ་འཁོར་དེ་ལ་མཆོད་པ་ཇི་སྐད་གསུངས་
པ་དག་གིས་མཆོད་པར་བྱའོ། །མཆོད་པ་ལ་སོགས་པ་བསྙེན་པ་སྔར་བྱས་ནས་ད་ནི་ཡོ་བྱད་ལ་སོགས་པ་ཞེས་བྱ་བ་བཤད་དོ། །སྨེ་གཏོར་ཐམས་ཅད་སྦྱིན་ནས་ནི། །ཞེས་པ་ཤ་ཁྲག་ལ་སོགས་པའི་སྨེ་གཏོར་གྱིས་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཕབ་སྟེ། མཆོད་པར་བྱའོ། །
བཙང་མའི་ཆོ་ག་བགོས་ནས་ཀྱང་། །ཞེས་པ་སྒྲུབ་པ་པོས་ཕྱི་ནང་གི་གཙང་སྦྲ་དང་ལྡན་པ་དེས་ཁྲོ་བོའི་སྐུར་བསྒྱུར་ལ་ཆོ་ག་ལ་སོགས་པའི་སྔགས་ཀྱིས་ཀྱང་ཆོ་ག་བཞིན་དུ་བསྲུངས་ལ་སྒྲུབ་པ་པོས་སྔར་བསྙེན་པ་འབུམ་བྱའོ། །བསྙེན་པ་བྱ་བའི་སྔགས་ཀྱང་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ཁྲོ་
བོའི་རྒྱལ་པོའི་བར་དུ་བཅུག་སྟེ། སྔགས་སྤེལ་བ་མ་ཡིན་པ་སྔར་གོང་དུ་ཕྱག་རྒྱ་བཅིང་བའི་སྐབས་སུ་བེ་ཅོན་གྱི་ཕྱག་རྒྱའི་སྔགས་མ་སྤེལ་བ་དེ་ཉིད་བཟླས་པར་བྱའོ། །བསྙེན་བའི་ས་ནི་གང་ཡང་རུང་བའི་གནས་དབེན་པ་གཅིག་ཏུ་བྱའོ། །བྱས་ནས་འདི་དག་བརྩམ་པར་བྱ། །ཞེས་
པ་སྔར་བསྙེན་པ་འབུམ་བྱས་ནས། དེའི་འོག་ཏུ་ཡོ་བྱད་འདི་དག་ལ་སོགས་པ་བྱའོ། །ཤིས་པའི་ཐོད་པས་བཀབ་ནས་ནི། །ཞེས་པ་ལ་སོགས་པ་ནི་རིགས་མཐོན་པོའི་ཐོད་པ་མ་ཆག་པ། མ་གས་པ། དུང་གི་མདོག་འདྲ་བ་ཕྱི་བྱད་བྱས་ལ་བཀྲ་ཤིས་པའི་ཐོད་པ་ཁྲག་གིས་བཀང་བ་

དང་མི་ཤ་དག་ཀྱང་བསག་པར་བྱའོ། །ཕྱུགས་ཆེན་དག་གི་ཚིལ་བུ་ལས། །ཞེས་པ་ལ་སོགས་པ་ནི་མིའི་ཚིལ་བཞུ་བའི་མར་མེ་དག་ཀྱང་དཀྱིལ་འཁོར་གྱི་ཕྱི་རིམ་གྱི་ཕྱོགས་བཞི་དང་མཚམས་བཞིར་བཀོད་པ་བྱས་ཏེ། དེ་ཡང་རྩ་བའི་སྔགས་ཀྱིས་བཏབ་སྟེ། དབུལ་
བར་བྱའོ། །ཆོ་ག་ཞེས་པ་དེ་ལྟ་བུར། །ཞེས་པ་ནས། མི་འགྲུབ་པ་མི་ལས་རྣམས་ཀྱང་། །ཞེས་པ་ལ་སོགས་པའི་བར་གྱིས་སྒྲུབ་པ་པོས་བསྒྲུབ་པའི་མཚན་ཉིད་དང་ལྡན་ཞིང་། སྔགས་པ་སྒྲུབ་པའི་ཆོ་ག་དེ་ལྟར་བརྩམས་ནས་གྲོགས་དང་ལྡན་པས་བསྒྲུབ་པ་འཇུག་པ་ཞེས་བྱ་བ་
བཤད་དོ། །བྱས་ནས་བསྒྲུབ་ལ་འཇུག་པར་བྱ། །དཔལ་ལྡན་གོས་ནི་དམར་པོ་གྱོན། །ཞེས་པ་སྒྲུབ་པ་པོས་རས་སམ་དར་ལ་སོགས་པ་དམར་པོའི་གོས་གྱོན་པའི་དབང་དུ་བྱ་བའི་དོན་ཏོ། །ཙནྡན་དམར་པོ་བསྐུས་ནས་ནི། །ཞེས་པ་སྒྲུབ་པ་པོས་ཁྲུས་བྱས་ནས།
ལུས་ལ་ཙནྡན་དམར་པོས་བསྐུའོ། །ཅུང་ཟད་དག་ཀྱང་མི་བྱེད་པར་སྒྲུབ་པ་པོས་དངོས་གྲུབ་བསྒྲུབ་པའི་ལས་གཞན་ཅི་ཡང་མི་བྱེད་པར་རོ། །མར་གྱི་བརྒྱད་ལ་གཅིག་པུས་སོ། །ཞེས་མར་གྱི་ཚེས་ཉི་ཤུ་གསུམ་གྱི་ནུབ་མོ་མཚན་གཅིག་དཀྱིལ་འཁོར་གྱི་མདུན་དུ་བསྒྲུབ་པོ། །ཚེས་
གྲངས་ཀྱི་དྲག་པོ་དང་སྦྱར་རོ། །དཔའ་ལ་སེམས་དྲག་མཐུ་དང་ལྡན་པ་ཡིས། །གྲོགས་ནི་གསུམ་དང་ལྡན་པར་བསྒྲུབ་པར་བྱ། །ཞེས་པ་གྲོགས་པོ་གསུམ་དང་ལྡན་པར་བསྒྲུབ་པར་བྱ་སྟེ། གྲོགས་པོའི་མཚན་ཉིད་ཀྱང་འདི་དག་གྲོགས་པོར་གཟུང་ངོ་། །བློ་དང་ལྡན་པ་སེམས་དྲག་ཅིང་། །
དབང་པོ་བསྡམས་པའི་སྒྲུབ་པ་པོ། །ཞེས་བསྒྲུབ་པ་པོ་དག་མཚན་ཉིད་འདི་འདྲ་བ་དང་ལྡན་ཞིང་སེམས་ཡུལ་ལ་སྤྲོ་བར་བསྡམས་པ། ཡི་དགས་ཀྱི་ནི་དཀྱིལ་འཁོར་དུ། །སྒྲུབ་པ་ལ་ནི་འཇུག་པར་བྱ། །གྲོགས་པོ་གསུམ་གྱི་མཚན་ཉིད་དེ་འདྲ་བ་དང་། སྒྲུབ་
པ་པོ་ཉིད་ཀྱི་མཚན་ཉིད་དེ་ལྟ་བུ་དང་ལྡན་པས་ཡི་དགས་ལྟེ་བ་ཞེས་བྱ་བའི་དཀྱིལ་འཁོར་དུ་སྒྲུབ་པ་ལ་འཇུག་པར་བྱའོ་ཞེས་པའོ། །དེ་ནས་མཚན་མོ་ཕྱག་རྒྱ་བཅིང་། །ཞེས་པ་ལ་སོགས་པ་ནི་བསྒྲུབ་པའི་མཚན་མོ་ཁྲོ་བོའི་རྣལ་འབྱོར་དང་ལྡན་པར་བྱས་ནས། སྟན་

གྱི་སྟེང་དུ་དང་པོ་སྐྱིལ་མོ་ཀྲུང་དུ་འདུག་པ་ལ་མི་གཡོ་མི་འགུལ་བརྟན་པར་འདུག་པ་ལས་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ལྷག་ཆད་དུ་མི་འགྱུར་བར་བཟླས། །ལེགས་པར་བཟླས་སོ། །རྒྱལ་ན་ཕྱག་རྒྱ་འགྲུབ་པར་འགྱུར། །ཞེས་པ་བེ་ཅོན་གྱི་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །
མི་འགྲུབ་པ་ཡི་ལས་རྣམས་ཀྱང་། །ཞེས་པ་བེ་ཅོན་གྱི་ཕྱག་རྒྱ་གྲུབ་ཟིན་ཕན་ཆད་བསྒྲུབ་པར་དཀའ་བའི་ལས་རྣམས་ཀྱང་། དེ་ཕན་ཆད་ཐོགས་པ་མེད་པར་གྲུབ་པར་འགྱུར་རོ། །དེ་ནས་ཐོགས་པ་མེད་པར་བྱེད། །ཅེས་པ་ནས། དེ་ནས་བཟླས་བརྗོད་འབུམ་བྱས་ན། །ཞེས་པའི་
བར་གྱིས་འདི་མན་ཆད་བསྒྲུབས་ནས་ལས་མང་པོ་བྱ་བར་བཤད་དོ། །དེ་ནས་ཐོགས་པ་མེད་པར་བྱེད། །འཇམ་དཔལ་དབྱངས་ཀྱི་ཁྲོ་བོ་ཡིས། །ཞེས་པ་ཁྲོ་བོའི་རྣལ་འབྱོར་དང་ཡང་ལྡན་ལ་སོ་སོའི་ལས་ཀྱི་ཚིག་དང་ལྡན་པར་བྱས་ཏེ། ལས་བྱས་ན་ཐེ་ཚོམ་མེད་པར་
འགྲུབ་པར་འགྱུར་རོ། །ཧ་ན་བི་སྥོ་ཊ་བྷཉྫ་བྷཉྫ། ཞེས་བསྐུལ་བའི་ཐ་མར་ཧཱུཾ་བརྗོད་ཅིང་ཞེས་པ་རྒྱ་གར་གྱི་ཡི་གེ་ལ་ཧཱུཾ། བསྐུལ་བའི་ཚིག་གི་མགོར་བཞག་པར་དྲང་དུའང་རུང་། བསྐུལ་ཚིག་གི་ཐ་མར་བཞག་པ་སྐད་དུ་དྲང་དུའང་རུང་སྟེ། ཁ་ཅིག་གིས་ནི་བསྐུལ་
ཚིག་མཇུག་ཏུ་ཕྱུང་ངོ་། །ཁ་ཅིག་གིས་ནི་བསྐུལ་བའི་ཐོག་མར་ཧཱུཾ་ཕྱུང་ངོ་། །གཡོན་བརྐྱང་བ་ཡི་ཚུལ་གནས་ལ། །ཞེས་པ་ཕྱག་རྒྱ་བསྒྲུབ་པ་དེས་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་ཁྲོས་པས་རྐང་པ་གཡོན་བརྐྱང་ལ། གཡས་པས་བསྐུམ་པར་བྱ་བ་ནི་ལས་འོག་མ་ལ་ཡང་
སྦྱར་བར་བྱའོ། །ཁྲོས་པས་རི་རྩེ་བགྲོད་དཀའ་དང་། །ཞེས་པ་ལ་སོགས་པ་ནི་རྣལ་འབྱོར་པ་རིའི་རྩེ་སུས་ཀྱང་མ་མཐོང་བ་བགྲོད་དཀའ་བ་རྣམས་དང་། མཁར་ཡང་བྱ་ཞེས་པའོ། །པུ་ཤུའི་ཁང་པ་དང་ར་བ་དག །སྐད་ཅིག་དག་གིས་རྙིལ་བར་བྱེད། །ཅེས་པ་དེ་ལྟ་བུ་གཅིག་
གཉིས་མ་ཡིན་ན་མང་པོ་ཡོད་པ་རྣམས་ཀྱང་ཐང་ཅིག་གིས་རྙིལ་བར་བྱེད་དོ། །ད་ར་བི་སྥོ་ཊ་བྷཉྫ་བྷཉྫ། ཞེས་པ་འདི་དག་རིའམ། ར་བའམ། གང་ལ་བྱ་བ་དེ་བེ་ཅོན་གྱི་སྔགས་ཀྱི་མཇུག་ལ་སྨོས་པ་དེའི་མཇུག་ཏུ་བསྐུལ་ཚིག་གཞུག་སྟེ་ཀུན་ལ་ཡང་དེ་དང་འགྲེའོ། །ལྷ་མ་ཡིན་

གྱི་སྒོ། དེ་བཞིན་གཞན་དང་ས་དག་ཀྱང་། །ཞེས་པ་དེ་བཞིན་དུ་གནས་པ་གང་ཡང་རུང་བ་དང་། ས་དག་ཀྱང་སྔགས་པ་ཇི་ལྟར་འདོད་པ་བཞིན་དུ་འགས་པར་བྱེད་དོ། །བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན། །ཞེས་པ་ལ་སོགས་པ་ནི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ཐ་མལ་
པའི་དཀྱིལ་ན་ཡང་ཧཱུཾ་འབྱུང་ལ་བསྐུལ་བའི་ཚིག་གི་སྐབས་འདིར་ཡང་ཧཱུཾ་འབྱུང་བ་དང་སྦྱར་བ་དང་སྦྱར་ན། སོ་སོའི་ལས་སུ་སྦྱོར་བའི་ཚེ་ན་ཧཱུཾ་གཉིས་དགོས་པ་དང་འདྲ་ཞེ་ན། ཧཱུཾ་ཞེས་བྱ་བ་ནི་སྔགས་ལ་བྱ་སྟེ། སྔགས་ཀྱི་མཇུག་ཏུ་བསྐུལ་ཚིག་གཞུག །ཅེས་པའི་དོན་ཏོ། །མདོར་ན་
ཧཱུཾ་གཅིག་བརྗོད་ནས་དེའི་ཐ་མར་བསྐུལ་བའི་ཚིག་གཞུག་པར་ཟད་དོ་ཞེས་བཤད་དེ་ཧཱུཾ་གཅིག་ཏུ་ཟད་དོ། །ཁ་ཅིག་ན་རེ་དེ་ལྟར་མ་ཡིན་ཏེ། ཧཱུཾ་གཉིས་དགོས་ཏེ་ཧཱུཾ་གཅིག་བསྐུལ་བའི་དང་པོར་གཞག །ཧཱུཾ་གཅིག་ནི་བསྐུལ་བའི་ཚིག་མཇུག་སྡུད་དུ་གཞུག་གོ་ཞེས་བཤད་དོ། །རི་མོ་ལ་
ནི་གནས་པ་བཞིན། །ངེས་པར་མྱུར་དུ་གནོན་པར་འགྱུར། །ཞེས་པ་ནི་རི་མོ་ལ་བྲིས་བཞིན་དུ་ཕ་རོལ་པོའི་སྡེ་རྣམས་གནོན་པར་འགྱུར་རོ། །དཔུང་རྣམས་འཁྲུག་པར་འགྱུར་བ་ལ། ཁྲོས་ན་ངོ་མཚར་ཅི་ཞིག་ཆེ། །ཞེས་པ་ཕ་རོལ་པོའི་སྡེ་འཁྲུག་པར་འགྱུར་ནས་སོ་སོ་དགྱེས་
པར་བྱེད་དོ། །ཕྱག་རྒྱ་བསྒྲུབ་པའི་རྣལ་འབྱོར་པས་ལས་དེ་དག་བྱས་ན་དངོས་གྲུབ་ཐོབ་པར་ལས་དེ་དག་ངོ་མཚར་ཅི་ཞིག་ཆེ། ཆོ་ག་འདི་ནི་གླང་པོའི་འདོན། །ཞེས་གླང་པོ་ཆེ་མྱོས་པ་གནོན་པའོ། །དཔུང་དག་རབ་ཏུ་འཆི་བར་འགྱུར། །ཞེས་པ་ཕ་རོལ་པོའི་དཔུང་རྣམས་ཞེས་
པའོ། །གལ་ཏེ་དེ་ནི་མ་གྲུབ་ན། །ཞེས་པ་སྟེ་གོང་དུ་བཤད་པ་སྔགས་མ་སྤེལ་བས་ལས་འགྲུབ་པར་མ་གྱུར་ན་ཞེས་པའི་དོན། འདི་ནི་སྔོན་དུ་བསྙེན་པ་ནི། །ཞེས་པ་ལ་སོགས་པ་ནི་གོང་དུ་བཤད་པ་དེ་ལྟར་སྔགས་མ་སྤེལ་བའི་ཚུལ་གྱིས་ལས་རྣམས་བསྒྲུབས་ཏེ། མ་གྲུབ་
པར་གྱུར་ན་སྔགས་པས་ལེགས་པར་ལས་རྣམས་བསྒྲུབ་པར་བྱ་བ་དེ་འཆད་དེ། དེ་ལ་སྔགས་པ་འདིའི་སྔོན་དུ་བསྙེན་པ་བྱ་བ་ཡང་སྔར་བཤད་པ་བཞིན་དུ་དཀྱིལ་འཁོར་བྲིས་ལ་སྔགས་སྤེལ་བ་འདི་ཉིད་སྔོན་དུ་བསྙེན་པ་འབུམ་བྱའོ། །དེ་ནས་བསྙེན་པ་བྱས་ནས་སྔགས་པ་དེས་བསྒྲུབ་པ་ལ་འཇུག་

གོ། །བསྒྲུབ་བའི་དཀྱིལ་འཁོར་འདི་ཉིད་དོ། །དེ་ལྟར་བྱ་བ་ནས་བསྒྲུབ་པ་ཞེས་བྱ་བ་བཤད་དོ། །སྤོགས་ན་མགོ་ནས་བསྙེན་པ་བརྩམ། །དེ་ཚེ་དེ་བཞིན་གཤེགས་པ་ཡི། །སྔ་མའི་དམ་ཚིག་བསྐུལ་བ་བཞིན། །གོང་མ་བཤད་པ་ལྟར་ལས་མ་གྲུབ་ན་དེའི་ཚེ་དེ་བཞིན་
གཤེགས་པའི་སྔགས་ཀྱི་བར་དུ་གཞུག་ཅིང་བསྐུལ་བ་སྔ་མ་འདྲ་བའི་ཚུལ་གྱིས་བྱ་ན་ཞེས་བྱ་བའི་དོན་ཏོ། །དེ་ནས་སླར་ཡང་སྔགས་རྣམས་ལ། །ཐོགས་པ་མེད་པར་དེ་བཞིན་སྦྱར། །ཞེས་པ་གོང་མ་ལྟར་བྱས་ཏེ། མ་གྲུབ་ན་སྔགས་རྣམས་ཀྱི་བར་དུ་གཞུག་པ་དང་།
བསྐུལ་བའི་ཚིག་གཞུག་པ་ལ་ཐོགས་པ་མེད་པ་དེ་བཞིན་དུ་སྦྱར་བར་བྱའོ། །ཕྱག་འཚལ་བ་དང་ཀུན་དུ་ལྡན། །ཞེས་པ་ཕྱག་བཙལ་བའི་སྔགས་ལ་བྱ་སྟེ། དེ་ཡང་ན་མོ་བུདྡྷ། དྷརྨ། སཾ་གྷ་ལ་བྱའོ། །དེ་ཡི་ཐོག་མར་ཨོཾ་བཞག་ལ། །ཞེས་པ་ཕྱག་བཙལ་བའི་
མགོ་ལ་ཨོཾ་བཞག་གོ། །ཨོཾ་ཞེས་བྱ་བ་གཞན་ཡང་གཞག །ཅེས་པ་ཕྱག་འཚལ་བའི་གཞུག་ལ་ཨོཾ་ཞེས་བྱ་བ་གོང་མ་ལས་གཞན་པའི་ཨོཾ་གཞག་པ་ལ་བྱའོ། །ཨཱཿཞེས་བྱ་བ་གཉིས་པའི་ཞེས་པ་དེ་ལྟར། ཨཱཿབཞག་པ་མ་གཏོགས་པར་དེའི་འོག་ཏུ་ཨཱཿཞེས་བྱ་བ་བཞག་གོ། །
དེ་ཡི་དམ་ཚིག་མཇུག་ཏུ་ཧཱུཾ། །ཅེས་པ་དེ་ལྟར་ཨཱཿབཞག་པའི་འོག་ཏུ་ཧཱུཾ་བཞག་གོ། །འདི་ནི་ཁྲོ་བོའི་རྒྱལ་པོའི་རྣམ་པར་རྒྱལ་བའི་ཡི་གེ་འབྲུ་གསུམ་པོ་དེ་སྟེ་འདི་ནི་དྲག་པོའི་ཚུལ་གྱི་ཡི་གེ་འབྲུ་གསུམ་པའོ། །བཞག་སྟེ་དེ་ནས་ཚིག་རྣམས་ཀུན། །དེ་ལྟར་ཀྲོ་དྷ་བི་ཛ་ཡ་ཨགྣི།
ཚིག་རྣམས་གཞན་ནི་བརྗོད་པར་བྱ། །ཞེས་པ་དེ་ལྟར་བཞག་པའི་འོག་ཏུ་སརྦ་ཏ་ཐཱ་ག་ཏ་ཞེས་པ་ལ་སོགས་པ་མཇུག་གི །སྔགས་ཤི་ར་ཞེས་བྱ་བ་ལ་ཐུག་གི་བར་གྱི་སྔགས་རྣམས་ཚང་བར་བཞག་གོ། །དེ་ནས་དེ་ཡི་ཐ་མར་ཧཱུཾ། །ཞེས་པ་དེ་ལྟར་བཞག་པའི་འོག་ཏུ་ཧཱུཾ་གཞག་གོ། །
དེ་བཞིན་ཚིག་གི་ཐ་མ་ཨོཾ། །ཞེས་པ་དེ་ལྟར་ཧཱུཾ་བཞག་པའི་ཨོཾ་བཞག་གོ། །ཐ་མར་ཨཱཿབཞག་དེ་ཡི་མཐར། །ཞེས་པ་དེ་ལྟར་ཨོཾ་བཞག་པའི་འོག་ཏུ་ཨཱཿབཞག་གོ། །དེ་ནི་ཞི་བའི་ཚུལ་གྱི་ཡི་གེ་འབྲུ་གསུམ་པའོ། །ཧཱུཾ་དང་ས་ཏི་ལན་གཉིས་བསྒོམ། །ཞེས་པ་

དེ་ལྟར་ཨཱཿབཞག་པའི་འོག་ཏུ་ཧཱུཾ་བཞག་གོ། །དེ་ལྟར་ཧཱུཾ་བཞག་པའི་འོག་ཏུ་སི་ཏ་ས་ཏི་ཞེས་བྱ་བ་བཞག་ལ་བརྗོད་ཅེས་བྱ་བའི་དོན་ཏོ། །པྲ་པུད་ཏ་ཞེས་བྱ་བ་ལན་གཉིས་བསྒོམ་ཞེས་པ་འདི་ལྟར་སི་ཏི་ཞེས་བྱ་བའི་འོག་ཏུ་པྲ་བུད་ཏ་ཞེས་བྱ་བའོ། །དེ་ནས་དེ་
བཞིན་གཤེགས་པ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པས་བསྐུལ་མ་མཛད་ཅིང་བཀའ་སྩོལ་བ་ནི་ཡི་གེ་ཨཱཿསྟེ། དེ་ཡང་ཁྲོ་བོའི་རྒྱལ་པོ་ཡི་གེ་འབྲུ་གསུམ་པོ་དྲག་ཤུལ་དུ་བསྲུངས་པའི་འོག་ཏུ་བཞག་ལ་བཟླས་ན། དེ་བཞིན་གཤེགས་པས་ཁྲོ་བོ་ལ་བསྐུལ་
བར་མཛད་པ་ཡིན་ནོ་ཞེས་བཤད་དོ། །ཁ་ཅིག་ན་རེ་དེ་ལྟར་གོང་དུ་སྔགས་སྤེལ་བ་ཉིད་དེ་བཞིན་གཤེགས་པའི་བཀའ་སྩལ་པས་ནི་གོང་མའི་འཇུག་སྡུད་པའི་ཚིག་ཏུ་ཟད་དོ་ཞེས་ཀྱང་ཁ་ཅིག་འཆད་དོ། །དེ་ནས་བཟླས་བརྗོད་འབུམ་བྱས་ནས། །ཞེས་པ་དེ་ལྟར་སྤེལ་བ་གོང་དུ་
བསྙེན་པ་འབུམ་བྱས་ནས་ཞེས་བྱ་བ་སྟེ། ཚིག་གཉིས་སླར་བཟླས་ཏེ་གསུངས་པར་ཟད་དོ། །ཁྲོ་བོ་ཆེན་པོ་དེ་ཡིས་ནི། །ཞེས་པ་དེའི་འོག་ཏུ་སྔགས་པ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པ་ཇི་སྐད་གསུངས་པའི་ལས་མ་གྲུབ་པ་དེ་དག་ལ་བྱའོ། །ཇི་སྐད་བསྐུལ་
བ་ཐམས་ཅད་ཀྱིས། མ་གྲུབ་ན་ནི་ངེས་པར་བྱ། །ཞེས་པའི་བར་གྱིས་འདི་མན་ཆད་ནས་ལས་མང་པོ་བྱ་བ་བསྟན་པའོ། །ཇི་སྐད་བསྐུལ་བ་ཐམས་ཅད་ཀྱིས། །ཞེས་པ་ལ་སོགས་པ་ནི་བསྐུལ་བའི་ཚིག་ཇི་སྐད་བཅུག་སྟེ་དེ་ལས་བྱ་ཞེ་ན། སྔགས་འདི་ཉིད་ཀྱི་མཇུག་ལས་
སརྦ་བུདྡྷ་ཞེས་འབྱུང་བའི་འོག་ཏུ་ཆེ་གེ་མོ་ཞིག་བ་ཤ་མ་སྭཱ་ཧཱ། ཆེ་གེ་མོ་ཞིག་ཤཱནྟིཾ་ཀུ་རུ་བཽ་ཥཊ་ཅེས་བྱ་བ་ལ་སོགས་པ་ཇི་སྐད་བསྐུལ་བ་རྣམས་ཀྱིས་ལས་ཐམས་ཅད་འགྲུབ་པར་བྱའོ། །བཀའ་བཞིན་བྱེད་དེ་གཞན་དུ་མིན། །དེ་ལྟར་བྱས་ན་དེ་བཞིན་དུ། །འགྱུར་གྱི་
གཞན་དུ་མི་འགྱུར་རོ། །གང་གིས་སྔོན་དུ་བསྙེན་བྱས་པ། །ཞེས་བྱ་བ་ལ་སོགས་པ་ནི་སྔགས་གང་གིས་སྤེལ་བའི་སྔགས་པ་འདི་བསྙེན་པ་འབུམ་བྱས་ལ། དེ་ནས་སྔགས་པ་དེས་སྔགས་སྤེལ་བ་དེ་ཉིད་ཀྱི་མཇུག་ལ་ལས་སོ་སོའི་བསྐུལ་ཚིག་དང་ལྡན་པའི་ཆོ་ག་དང་ལྡན་

པས་འདིས་སྔར་མ་གྲུབ་པའི་ལས་རྣམས་ཐེ་ཚོམ་མེད་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་མཚན་ཉིད་ཡོངས་སུ་རྫོགས་པར་བྱས་ནས་ཉེས་པའི་དམིགས་སུ་འགྱུར་བ་ཞེས་བྱ་བ་བཤད་དོ། །གཞན་དུ་སྔགས་ནི་གཟིར་བྱས་ན། །ཞེས་པ་ལ་སོགས་པ་ནི་གོང་དུ་བསྙེན་པ་མ་བྱས་པར་ཐོག་མར་
སྔགས་སྤེལ་བ་འདིས་ལས་བྱས་སམ། ཡང་ན་སྔགས་སྤེལ་བ་ཐ་མལ་བས་སྔར་ཡོད་ལས་མ་བསྒྲུབས་པར་ཐལ་བྱུང་དུ་སྔགས་སྤེལ་བ་འདིས་བྱས་ན་སྔགས་པ་ཉིད་འཆི་བར་འགྱུར་རོ། །ཁྱད་པར་དུ་འང་དཔའ་བོ་ནི། །ཁྲོ་བོ་གཙོ་བོ་སྙིང་པོ་འདི། །ཞེས་པ་སྔགས་པ་དེ་ལྟ་བུར་
སྔགས་སྤེལ་འདི་བཟླས་ཏེ། ལས་བྱས་པར་གྱུར་ན་ཁྱད་པར་དུ་ཉེས་པ་དེ་ལྟ་བུ་འབྱུང་ངོ་། །ཕྱག་རྒྱ་འདི་དག་གཟིར་བྱས་ན། །འགྲོ་བ་མ་ལུས་འཁྲུག་པར་འགྱུར། །ཞེས་པ་གཟིར་ཞེས་བྱ་བ་ནི་ཁྲོ་བོའི་རྒྱལ་པོའི་སྔགས་ཀྱི་བར་དུ་བེ་ཅོན་གྱི་སྔགས་བཅུག་སྟེ་བཟླས་པ་བྱའོ། །འདི་
ནི་གང་ལ་བཟླས་པ་ཡི། །དེ་ཡི་མོད་ལ་སྲོག་ཀྱང་འཕྲོག །ཅེས་པའི་བར་གྱིས་ནི། ད་ནི་ཕྱག་རྒྱའི་མཐུས་ཡོན་ཏན་ཞེས་པ་བཤད་དོ། །འདི་ནི་གང་ལ་བཟླས་པ་ཡིས། །ཞེས་པ་ལ་སོགས་པ་ནི་སྔགས་སྤེལ་བ་འདི་ཉིད་ཡུལ་གང་དུ་བཟླས་ཏེ་ལས་བྱས་ན། ཐེ་ཚོམ་མེད་
པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དེ་དག་ཀུན་གྱི་ལུས་ཀྱང་ཞིག་ཅིང་འཆིང་བར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །ཕྱག་རྒྱ་འདིས་ནི་གཟིར་ན་ནི། །ཞེས་པ་ལ་སོགས་པ་ནི་གཞན་ཡང་སྔགས་སྤེལ་བ་འདི་བཟླས་ན་ནི། །ཁོ་ར་ཁོར་ཡུག་ཚུན་ཆད་ཀྱི་སྔགས་གཞན་གྱི་ཡོད་པ་དེ་
དག་ཀྱང་མཐུ་སྟོབས་ཆུང་ཞིང་མེད་པར་བྱེད་དོ། །དེར་ཡང་མ་ཟད་དེ་དགྲ་རྣམས་དྲེགས་པ་ཡང་མེད་པར་བྱེད་དོ། །འབྱུང་པོ་ཞེས་པ་སྟེ་འདྲེ་དང་གཞན་ཡང་ཡི་དགས་སྐྲག་པར་བྱེད་དོ། །དགའ་བར་བྱེད་ཅེས་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ཡང་མཉེས་པར་འགྱུར་རོ། །མཐུ་ཡང་
སྐྱེད་ཅེས་པ་མཐུ་བྱིན་ཡང་སྐྱེད་པར་བྱེད་དོ། །ཡི་དགས་རོ་ལངས་ཡི་དགས་ནི། །ཞེས་པ་རོ་ལངས་ཀྱི་གཏོར་མ་དང་། ཡི་དགས་ཀྱི་གྲོགས་ཀུན་ལ་ཡང་ཞེས་པའོ། །དེ་བཞིན་ཞེས་པ་གོང་མ་བཞིན་དུའོ། །བྱད་དང་གནོད་པ་བསྐྲད་པ་ཡང་། །ཞེས་པ་བྱད་སྟེམས་ལ་

བྱས་པར་ཟད་དོ། །རྒྱལ་པོ་དག་ནི་སྐྲག་པ་ཞེས་པའོ། །འཇིག་པར་བྱེད་ཅེས་པ་བསྐུལ་བའི་ཚིག་དང་ལྡན་པར་བཟླས་པས་ན་དེ་དག་ཀུན་འཇིག་པར་བྱེད་དོ། །བགེགས་རྣམས་ཐམས་ཅད་ཞི་བར་བྱེད། །འཚེ་བ་ཐམས་ཅད་མེད་པར་བྱེད། །ཅེས་པ་ལ་
སོགས་པ་ནི་ནང་དུ་སྡུག་བསྔལ་ཐམས་ཅད་ཀྱིས་ཕོངས་པ་མེད་པར་བྱེད་པ་ལ་ཡང་བེ་ཅོན་གྱི་ཕྱག་རྒྱ་སྔགས་དང་བཅས་པ་དེ་དག་ལ་དྲག་པོར་བསྒྲགས་སོ། །སྐྱེ་བོ་དག་ལ་ཞེས་པ། བེ་ཅོན་གྱི་ཕྱག་རྒྱའི་སྔགས་དང་ལྡན་པས་བསྟན་ལ་ཞེས་བྱའོ། །གཤིན་རྗེ་གཤེད་པོ་སྦྱོར་ན་ནི། །
ཞེས་པ་ཁྲོ་བོའི་རྒྱལ་པོའི་སྦྱོར་བ་དང་ལྡན་པ་བྱས་ན་ཞེས་པའོ། །འཕྲོག་ཅེས་པ་བསྟན་པ་དེའི་ཚེའོ། །མདོར་ན་སྙིང་པོ་ཕྱག་རྒྱ་ཡི། །ཞེས་པ་ནས། སྙིང་པོ་དག་གིས་སྦྱར་བར་བྱ། །ཞེས་པའི་བར་གྱིས་ད་ནི་མཇུག་བསྡུ་བ་བཤད་དོ། །མདོར་ན་སྙིང་པོ་ཕྱག་རྒྱ་ཡི། །ཞེས་པ་
གོང་མའི་དོན་བསྡུ་བའོ། །རྟོག་པ་རང་གི་དམ་ཚིག་ལྡན། །ཁྲོ་བོའི་ཞལ་ནས་གསུངས་པ་འདི། །ཞེས་པ་འདི་གསལ་པོ་འདི་བེ་ཅོན་དང་ཁྲོ་བོའི་སྔགས་དང་ལྡན་པར་ཞལ་ནས་གསུངས་པ་འདི་ཞེས་པའོ། །གསང་བ་ཞེས་པ་སྣོད་མ་ཡིན་པ་དང་དམ་ཚིག་མེད་པ་ལ་ཞེས་པའི་དོན་ཏེ།
གཅིག་པུའི་ཞེས་པ་འཁོར་མེད་པའོ་ཞེས་པའོ། །བེ་ཅོན་དང་ཞེས་པས། ཕྱག་རྒྱ་དང་ཞེས་པའོ། །སྙིང་པོ་དག་ཅེས་པ་སྙིང་པོ་འབྲུ་གསུམ་པོ་ཞེས་པའོ། །ལྔ་པའི་བཤད་པ་ཟིན་ཏོ།། །།ད་ནི་རོ་ལངས་མར་གཏོགས་པའི་ལེའུ་འདི་ལ་སྙིང་སྟོབས་ཅན་གྱིས་བསྒྲུབ་པ་དང་། སྙིང་
སྟོབས་ཅན་འབྲིང་གིས་བསྒྲུབ་པ་འབྲིང་དང་། སྙིང་སྟོབས་ཅན་མ་ཡིན་པ་ཐམས་ཅད་བསྒྲུབ་པ་དང་། ལས་བསྒྲུབ་པ་དང་རྣམ་པ་བཞིའོ། །དེ་ལ་སྙིང་སྟོབས་ཅན་གྱིས་བསྒྲུབ་པ་ལ་བཅུ་སྟེ། སྐབས་དབྱེ་བ་སྔར་བྱས་ཏེ་ཕྱག་རྒྱའི་མཚན་ཉིད་བཤད་པ་དང་། ཕྱག་རྒྱ་སྦྱར་བའི་
ངེས་པ་དང་། དཀྱིལ་འཁོར་གྱི་ཆོ་ག་དང་། མཆོད་པའི་ཆོ་ག་དང་། མེའི་ཆོ་ག་སྔར་བྱས་ནས་སྦྱིན་སྲེག་བྱ་བ་དང་། དངོས་གྲུབ་བཤད་པ་དང་། སྙིང་སྟོབས་ཅན་མ་ཡིན་པས་བསྒྲུབས་ན་ཉེས་དམིགས་སྨོས་པ་དང་། སྙིང་སྟོབས་ཅན་གྱིས་བསྒྲུབས་པའི་ཕན་ཡོན་སྔགས་པ་དང་།

སྔགས་པ་དད་པ་དང་། སྙིང་སྟོབས་ཅན་གྱིས་སྒྲུབ་པའི་ཕན་ཡོན་མཇུག་བསྡུ་བའོ། །སྙིང་སྟོབས་ཅན་མ་ཡིན་པའི་སྒྲུབ་པ་འབྲིང་ལ་ཡང་དབང་དང་རིམ་པ་ནོད་པ་དང་། སྔོན་དུ་བསྙེན་པ་བྱ་བ་དང་། དངོས་གྲུབ་བསྒྲུབ་པ་དང་། ལས་ལ་སྦྱར་བ་དང་བཞིའོ། །སྙིང་སྟོབས་ཅན་
མ་ཡིན་པ་ཐ་མས་བསྒྲུབ་པ་ལ་ཡང་དཀྱིལ་འཁོར་བྲི་བ་དང་། སྙིང་པོའི་ཕྱག་རྒྱ་སྦྱར་བ་དང་། སྔོན་དུ་བསྙེན་པའི་ཆོ་ག་དང་། ལས་ལ་སྦྱར་བ་རྣམ་པ་བཞིའོ། །ལས་སྒྲུབ་པ་ལ་ཡང་རྣམ་པ་བཅུ་བཞིས་བཤད་དོ། །དེ་ལ་སོ་སོའི་དམིགས་ཀྱིས་བཤད་པར་བྱའོ། །དེ་ནས་
ཡི་གེ་བཅུ་བདུན་པོ་ཞེས་པ་ནས། གང་ལ་རྟག་ཏུ་རག་ལུས་པའི། །ཞེས་པའི་སྐབས་དབྱེ་བ་སྔར་བྱས་ཏེ་བ