Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 70
Văn bản gốc(Tây Tạng)
Trang 12 / 18 (50.000 ký tự/trang)
རྩ་བརྒྱད་དུ་བཟླས་པར་བྱ། །ཁྲོ་བོའི་གཙོ་ལ་ཕྱོགས་ནས་ནི། །དེ་ནས་ཡང་ནི་བདུག་པ་འབུལ། །ཆོ་གས་ཁྲུས་བྱས་སྨྱུང་བ་ཡི། །སློབ་མ་དག་གི་བསོད་ནམས་ཀྱང་། །སྔགས་ཀུན་གྱིས་ནི་གཟི་བྱིན་བསྐྱེད། །ཁྲོ་བོ་ཡི་ནི་སྙིང་པོ་ཡི། །ལག་གཉིས་མེ་ ཏོག་བྱིན་ནས་ནི། །གོས་ཀྱིས་གདོང་ནི་གཡོགས་པར་བྱ། །ཁྲོ་བོའི་སྔགས་ཀྱིས་སྒོ་དྲུང་གཞག །བླ་མ་རྡོ་རྗེ་འཆང་གིས་ཀྱང་། །མཚོག་མ་སྤྱི་གཙུག་ལ་སོགས་ལ། །སྔགས་རྣམས་མ་ལུས་གཞག་པར་བྱ། །བསང་གཏོར་སྔོན་འགྲོ་དེ་བཞིན་ཏེ། །རིན་ཆེན་གསེར་སྩོགས་ཡོན་ མཆོག་དག །འབད་པས་བླ་མ་ལ་ཕུལ་ནས། །འཇུག་པའི་སྔོན་དུ་གསོལ་བ་གདབ། །འདི་ནི་དངོས་གྲུབ་ཐོབ་པའི་རྒྱུ། །སངས་རྒྱས་ཀུན་གྱིས་རབ་སྤྲུལ་པའི། །བླ་མ་ལ་ནི་ཕྱག་འཚལ་ཏེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་དཀྱིལ་འཁོར་འཇུག་པར་འཚལ། །འཇམ་ དཔལ་ཁྲོ་བོ་མི་བཟད་པ། །དེ་ཡི་དཀྱིལ་འཁོར་དམ་པ་མཆོག །ཡི་དགས་མང་པོ་ཞེས་བྱའི་ཕྱིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཨོཾ་ཨཱཿཧཱུཾ་ཞེས་པས་བསྐུལ་བར་བྱའོ། །དེ་ནས་སློབ་མ་བདག་ཉིད་དངོས་གྲུབ་ཀྱི་སྣོད་དུ་བྱ་བའི་ཕྱིར་ན་འདི་དག་བྱ་སྟེ། །བླ་ན་མེད་པའི་སངས་ རྒྱས་དང་། །ཆོས་དང་བྱང་ཆུབ་སེམས་དཔའི་ཚོགས། །འགྲོ་བ་མ་ལུས་པ་ཡི་སྐྱབས། །བདག་ནི་གསུམ་ལ་སྐྱབས་སུ་མཆི། །དེ་ནས་སྐྱབས་ནི་གསུམ་པོ་དང་། །དཀྱིལ་ན་གཤིན་རྗེ་གཤེད་གཅིག་པུ། །དཔའ་བོ་ཁྲོ་བོ་མི་བཟད་པ། །དེ་དག་ཀུན་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ དང་ཁྲོ་བོ་ནི། །རྟག་ཏུ་བདག་ནི་མཆོད་པར་བགྱིད། །བླ་མ་ལ་ཡང་དེ་བཞིན་དུ། །སྒོ་གསུམ་དང་བའི་སེམས་ཀྱིས་མཆོད། །དཀྱིལ་འཁོར་ལ་མེ་ཏོག་གཏོར་རོ། །ལུས་ཀྱི་ཉེས་པ་གསུམ་རྣམས་དང་། །ངག་གི་བཞི་པོ་ཉེས་པ་སྤྱད། །ཡིད་ཀྱི་ཉེས་སྤྱད་གསུམ་པོ་སྟེ། །ལུས་ཀྱི་སྒྲིབ་ པ་མ་ལུས་བཤགས། །སངས་རྒྱས་སྲས་བཅས་འཕགས་པ་ཡི། །ཐར་པར་བྱས་པའི་དགེ་བ་དང་། །ཐམས་ཅད་ཐར་པར་གྱུར་པ་ཡི། །བདག་གཞན་དགེ་ལ་ཡི་རང་ངོ་། །ས་བོན་མཆོག་ལས་རང་བྱུང་བའི། །ཐར་པར་གྱུར་པའི་དགེ་བའི་ཚོགས། །སེམས་ཅན་མྱ་ངན་འདས་པའོ། ། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །ཕྱོགས་བཅུའི་ཞིང་རྣམས་དག་པར་ནི། །སེམས་ཅན་ཕན་ཕྱིར་གང་བཞུགས་རྣམས། །ཐབས་ཀྱིས་མྱ་ངན་འདའ་བཞེད་པ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །མ་སྨིན་པ་རྣམས་སྨིན་པ་དང་། །སྨིན་པ་གྲོལ་བར་བྱ་བའི་ཕྱིར། །དམ་ཆོས་བདུད་རྩི་འབྱུང་བ་ཡི། ། གསུང་ནི་དུ་མར་བསྒྲག་པར་མཛོད། །དེ་ནས་སློབ་དཔོན་གྱིས་སྔར་གྱི་སྡོམ་པ་ཐམས་ཅད་བརྗོད་དེ་སྦྱིན་པར་བྱའོ། །སློབ་མས་ཁས་བླངས་པ་བརྗོད་པས། །སྡོམ་པ་མ་ལུས་གཟུང་བར་བྱ། །དེ་རིང་ཕན་ཆད་བུ་ཁྱོད་ནི། །དེ་བཞིན་གཤེགས་པའི་རིགས་སུ་ཞུགས། །ང་ཡི་ཡེ་ཤེས་ཆེན་པོ་སྦྱིན། ། དེ་ཡིས་དངོས་གྲུབ་མཆོག་ཐོབ་འགྱུར། །གང་དག་དཀྱིལ་འཁོར་མ་ཞུགས་ལ། །གསང་བ་འདི་ནི་སྨྲ་བ་མིན། །བག་མེད་སེམས་ཀྱིས་སྨྲས་གྱུར་ན། །དངོས་གྲུབ་ཅུང་ཟད་ཐོབ་མི་འགྱུར། །དེ་ནས་དམ་ཚིག་ཆུ་བླུད་དེ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་ སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འཐོབ། །འཐུང་ཅིག་རྡོ་རྗེའི་དམ་ཚིག་ཡིན། །དྲི་དང་མེ་ཏོག་ལྡན་པའི་ཆུས། །ལག་པ་གཡས་པས་བླུད་པར་བྱས། །ཨོཾ་ཨཱཿཧཱུཾ། དུས་འདི་ཉིད་ནས་བུ་ཁྱོད་ཀྱི། །དེ་བཞིན་གཤེགས་པ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་ བཀའ་སྩལ་མཆོག །མཉན་དང་བསྒྲུབ་པ་དག་ཀྱང་གྱིས། །ཁྱོད་ནི་ནམ་ཡང་ང་ལ་ནི། །མ་དད་པ་ཡི་སེམས་རྣམས་སྤང་། །སློབ་མ་མོས་པ་མེད་པ་ཡིས། །དངོས་གྲུབ་རིང་བར་རྒྱལ་བས་གསུངས། །ཇི་ལྟར་དངོས་གྲུབ་ཐོབ་མི་ཐོབ། །རྒྱུད་ལས་འབྱུང་བཞིན་ཕྲ་རྣམས་བརྟག །ལས་ ཀྱི་བྱ་བ་རབ་འཇུག་པ། །རིམ་པ་འདི་ལས་ཤེས་པར་འགྱུར། །སློབ་མ་མཚན་ལྡན་ཉེས་སྐྱོན་མེད། །ཤིན་ཏུ་བཀྲུས་ཏེ་རྒྱན་གྱིས་བརྒྱན། །བ་ཡི་རྣམ་ལྔ་བླུད་ནས་ནི། །དེ་འོག་སྨྱུང་བར་གང་གནས་པ། །ཞིམ་པའི་དྲི་ཡིས་ལུས་ལ་བྱུག །གོས་དང་རྒྱན་གྱིས་བརྒྱན་པར་བྱས། ། ཤར་གྱི་ཕྱོགས་སུ་ཁ་བལྟས་ལ། །ཀུ་ཤའི་སྟན་ལ་གཞག་པར་བྱ། །དེ་ཡི་ལག་གཉིས་སྙིམ་པའི་ནང་། །ཙནྡན་གཏོར་མའི་མེ་ཏོག་སྦྱིན། །ཨ་གར་ནག་པོའི་དུ་བས་ཀྱང་། །དེ་ནས་མྱུར་དུ་སྔགས་བརྗོད་དེ། །སྒྲུབ་པའི་ཆོ་ག་འདི་ཡིས་ནི། །སྣོད་ལ་དབབ་པའི་ལས་བྱའོ། ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཡ་མཱནྟ་ཀ་གྲྀ་ཧྞ་ཨ་བེ་ཤ་ཧཱུཾ་ཕཊ། སྣོད་ལ་བབས་གྱུར་དེ་ནས་ནི། །དགེ་དང་མི་དགེ་དྲི་བར་བྱ། །འབྱུང་བ་བྱུང་བ་བདེན་པར་སྨྲ། །སེམས་ཅན་ཆེན་པོ་འདི་གྱིས་ལ། །འདི་མིན་ཞེས་ནི་རྗོད་པར་བྱེད། །དེ་ནས་ཁྲོ་བོ་ མཆོག་དེ་ལ། །མེ་ཏོག་ལྡན་པའི་ཨརྒྷ་དབུལ། །དེ་ནས་བདེ་གཤེགས་བསྟན་པ་ཡི། །དམ་ཚིག་ཀྱང་ནི་བསྟན་པར་བྱ། །སྣོད་ཀྱིས་ཐོས་ནས་དེ་ནས་སུ། །དེ་བཏང་ནས་ནི་ས་ལ་འགྱེལ། །རིག་པ་ཁྲོ་བོ་གཤིན་རྗེ་གཤེད། །གྲུབ་པ་དེ་ལས་བཞུད་པར་འགྱུར། །དེ་ལས་སློབ་ མས་མེ་ཏོག་ནི། །གཤིན་རྗེ་གཤེད་ལ་གཏོར་བ་ནི། །རང་གི་སྙིང་པོས་མེ་ཏོག་ཉིད། །དཀྱིལ་འཁོར་ལ་ནི་གཏོར་བར་བྱ། །ཨོཾ་ཨཱཿཧཱུཾ། ལྷོ་ཕྱོགས་སྒོ་ནས་དེ་བཞིན་ཏེ། །དེ་ནས་གདོང་རས་བསལ་ནས་ཀྱང་། །དབྱུག་པའི་ཕྱག་རྒྱ་བསྟན་པར་བྱ། །དེ་ནས་དཀྱིལ་འཁོར་དེ་བཞིན་ ཏེ། །དེ་བཞིན་གཤེགས་པས་དེ་རིང་ཉིད། །ཁྱོད་ནི་ནན་ཏན་མིག་ཕྱེ་སྟེ། །ང་ཡིས་ཇི་བཞིན་མིག་ཕྱེ་བས། །མི་བཟད་དཀྱིལ་འཁོར་མཐོང་བར་གྱིས། །ཨོཾ་ཨཱཿཧཱུཾ། དེ་ནས་བེ་ཅོན་གྱི་ཕྱག་རྒྱ་བསྟན་པར་བྱ་སྟེ། དཀོན་མཆོག་གསུམ་གྱི་དམ་ཚིག་ནི། །མངོན་པར་བསྟན་པ་སྔར་བྱས་ ནས། །ལག་པ་གཡས་པ་ཆོ་ག་བཞིན། །ལེགས་པར་རབ་ཏུ་བཅིང་བར་བྱ། །རིག་འཛིན་དག་གིས་རྟག་པར་ནི། །ལག་པའི་སོར་མོ་ཐམས་ཅད་ཀྱིས། །མཐེ་བོང་ལེགས་པར་སྤྲས་ནས་ནི། །རབ་ཏུ་བསྡམས་པ་བཟང་པོ་བཅིང་། །ཆོ་ག་ཤེས་པས་བེ་ཅོན་རྒྱ། །སྙིང་པོ་ སྔགས་སམ་ལོགས་ཤིག་ཏུ། །སྔགས་པ་ཕྱག་རྒྱའི་སྔགས་གྱིས་བཅིང་། །གཞན་དུ་ཡང་ནི་མ་ཡིན་ནོ། །ཨོཾ་ན་མོ་བུདྡྷ། དྷརྨྨཱ། སཾ་གྷ་བྷྱཿ། སརྦྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ། ཨ་གྣི་ཛྭ་ལི་ཏ་ཛི་ཧ་པྲ་ཏ་ཤྲཱི་རི་ཧཱུཾ་ཧཱུཾ་ཕཊ། དེ་ལྟར་བེ་ཅོན་ཕྱག་རྒྱ་དང་སྔགས་བསྟན་ནས་དཀྱིལ་འཁོར་ ཡང་ཡི་དགས་ཕྲེང་བ་ལ་སོགས་པ་ཐམས་ཅད་བསྟན་པར་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་ཀྱིས། །བསྟན་པའི་བེ་ཅོན་རྒྱ་བཅིངས་ནས། །ལྷོ་ཕྱོགས་སྒོ་ནས་སློབ་མ་ཡིས། །དྲི་སོགས་མཆོད་པ་མ་ལུས་དབུལ། །དེ་ནས་སྔགས་པ་དབང་བསྐུར་ལ། །ཆུ་དང་མེ་ཏོག་བཅས་པ་ཡི། ། སྙིང་པོ་གདབ་པའི་བུམ་པ་ཡིས། །ཁྲོ་བོས་དབང་བསྐུར་མཆོག་སྦྱིན་ནོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བཉྫ་ཧཱུཾ་ཕཊ། དེ་ནས་ཁྲོ་བོའི་སྙིང་པོ་ཡིས། །ཆོ་ག་བཞིན་དུ་དབང་བསྐུར་ལ། །བདུག་པ་མེ་ཏོག་ཕྲེང་ལྡན་པར། །སྙིང་པོ་དེ་ལ་སྦྱིན་པར་བྱ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་ལ་སོགས། །སྔགས་ ཀྱི་དོན་ནི་བཅུ་བདུན་པ། །ཁྲོ་བོ་དེ་ཉིད་ཀྱིས་གསུངས་པ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཁྲོ་བོ་དྲན་པར་བྱ་ཞིང་བཟླས། །གཞན་ཡང་སྔགས་ཀྱི་སྤྱོད་པའི་མཆོག །སྨྱུང་བར་བྱང་ཆུབ་སེམས་ལྡན་ལས། །སྐྱེ་བོ་མེད་བའི་ནགས་ཚལ་དུ། །རུ་རགྴ་ཡི་ཕྲེང་ཐོགས་ཤིང་། །ལག་པ་དྲི་ཡིས་བྱུགས་ནས་ ཀྱང་། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །འཇིག་རྟེན་ལྷ་ལ་ཕྱག་མི་འཚལ། །གླང་པོ་ལ་ཡང་ལམ་མི་བཟུར། །རྒྱལ་པོ་ལ་ཡང་ཕྱག་མི་བཙལ། །བགྲོད་དཀའ་བ་ནས་བགྲོད་པར་བྱེད། །ཁྲོ་བོ་འབའ་ཞིག་སེམས་བྱེད་ཅིང་། །སྤྱོད་དང་བརྟུལ་ཞུགས་བརྟེན་པར་གྱིས། །ཞེས་བརྟུལ་ ཞུགས་སྦྱིན་པར་བྱའོ། །དེ་ནས་སློབ་མ་དབང་ཐོབ་དེས། །གཤིན་རྗེ་གཤེད་ནི་ཁྲོ་བོ་ཡི། །ཚུལ་ལས་བདག་ནི་དོན་ཡོད་དེ། །ལྷ་ཁྱོད་ཀུན་ལ་བདེ་མཛད་པ། །ཁྲོ་བོ་ཁྱོད་ནི་བདག་གིས་མནོས། །མནོས་ཞེས་ཁྲོ་བོ་མེ་ཏོག་གཏོར། །དེ་ནས་སློབ་མས་ཕྱག་བྱས་ཏེ། །ཅི་ནུས་ཡོན་མཆོག་དབུལ་བར་ བྱ། །སྔགས་པས་བླ་མ་མཆོད་བྱས་ན། །དངོས་གྲུབ་འགྲུབ་འགྱུར་གཞན་དུ་མིན། །སློབ་མ་སྙིང་པོ་བྱིན་ནས་ནི། །ཕྲེང་བ་ཙནྡན་ལ་སོགས་པས། །མཆོད་ནས་དེ་ཡི་འོག་ཏུ་ནི། །ཕྱི་རོལ་དུ་ནི་སྔར་བཞག་པའི། །དྲི་ཆུ་ལ་སོགས་བཀང་བའི་སྣོད། །དེ་ནས་མཆོད་པ་ཕུལ་ནས་ནི། །འཇམ་ དབྱངས་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་སླར་ཡང་གཏང་། །དེ་བཏང་བ་ཡི་འོག་ཏུ་ནི། །དཀྱིལ་འཁོར་དུ་ཡང་མཆོད་ཡོན་དབུལ། །རྒྱ་ཆེར་ས་ཡི་དཀྱིལ་འཁོར་ནི། །དངོས་གྲུབ་མཚུངས་མེད་འདོད་པ་ཡི། །རིག་སྔགས་འཆང་གིས་དེ་ལྟར་ནི། །མཆོད་པ་དེ་ལྟར་ལེགས་པར་བྱ། ། སྣོད་ནི་གསེར་སོགས་རིན་ཆེན་དུ། །ཚོན་རྩི་ལེགས་པར་བསྡུ་བར་བྱས། །གཙང་མའི་ཆུ་བོ་ལ་སྩོགས་པོར། །ཕྱི་ནས་ཀྱང་ནི་རྣམ་ལྔས་བྱུག །ཚུལ་ཆེན་རྒྱུད་ལས་གསུངས་པ་ཡི། །དཀྱིལ་འཁོར་འཇུག་པའི་ཆོ་ག་བྱས། །ཆུང་ཟད་དགེ་བ་གང་ཐོབ་འདིས། །འཇམ་དཔལ་ཁྲོ་ བོའི་གནས་ཐོབ་ཤོག །འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་དོན་ཡོད་པའི་ཞབས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་ཝཱཾ་མཉྫུ་ཤྲཱི་གྷོ་ཥ་སྱ་ཀྲོ་དྷ་ཡ་མཱནྟ་ཀ་ཧོ་མ་བི་དྷིཿ། བོད་སྐད་དུ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་པོའི་སྦྱིན་སྲེག་གི་ཆོ་ག །བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་དུ་མ་དང་རྫས་སོ་སོར་བྱ་བ་ནི་སྤྱིར་གསལ་ལོ། །དེ་ལ་ཞི་བ་ལ་ནི་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་ལ་ཟབས་སུ་དེའི་ ཕྱེད་པར་བྱས་ཏེ། དཀར་པོར་བསྒྱུར་རོ། །རྒྱས་པ་ལ་དེའི་ཉིས་འགྱུར་དུ་བྱ་སྟེ། དབྱིབས་གྲུ་བཞི་སེར་པོར་བྱའོ། །དེ་གཉིས་ཀྱི་མུ་རན་ཡང་ཞི་བ་ལ་སོར་བཞིའི་འཕང་ལ་རྒྱས་པ་ལ་ཉིས་འགྱུར་རོ། །དབང་དང་དྲག་པོའི་སོར་བཅུའི་རྒྱ་དང་ལྔའི་ཟབས་སུ་བྱའོ། །ཁ་ཁྱེར་དང་མུ་རན་ནི་འཕང་ དུ་སོར་གསུམ་དུ་མཚུངས་སོ། །ཁ་དོག་དམར་ནག་དང་སྔོན་པོ་ལ་དབྱིབས་ནི་ཟླ་བ་ཕྱེད་པ་དང་། གྲུ་གསུམ་ཡིན་ནོ། །ཐམས་ཅད་ཀྱི་ནང་དུ་པདྨ་འདབ་མ་བརྒྱད་པ་ལྟེ་བ་སེར་པོར་བྱའོ། །ལྟེ་བར་ཡི་དགས་འཛིན་པ་དང་། །འདབ་མ་དམར་པོ་ལ་མཚམས་ཀྱི་བཞིར་བེ་ཅོན་ནོ། །ཁ་ཁྱེར་ལ་ཞི་ བ་ལ་འཁོར་ལོ། །རྒྱས་པ་ལ་ནི་རིན་ཆེན། དབང་ལ་པདྨ་འདབ་རྒྱས། དྲག་པོ་ལ་རྩེ་གསུམ་མོ། །མུ་རན་ལ་ཡི་དགས་ཕྲེང་བར་མཚུངས་སོ། །དེའི་ཕྱི་རོལ་གྲུ་བཞི་སྒོ་བཞིར། ཡི་དགས་སོ་སོ་བར་སྦྲེལ་ཏེ། དཀྱིལ་འཁོར་གྱི་ལས་བཞིན་ནོ། །ཐབ་ཁུང་བརྩེགས་ནས་ནང་ཀུ་ཤ་ རྩེ་མོ་ཡང་ཕྱོགས་སོ་སོ་བར་བསྟན་ལ་བུད་ཤིང་སོ་སོ་བས་བྲིས་པའི་དབྱིབས་བཞིན་བརྩིག་གོ། །དེ་ནས་རྫས་སོ་སོ་བ་ཡང་གཡས་སུ་གཞག་པར་བྱ། །མཆོད་པ་སོ་སོ་གཡོན་དུ་གཞག །མདུན་དུ་མར་སོ་སོ་བ་དང་། ཡོན་ཆུ་དང་གཟར་བུ་རྣམ་གཞག་གོ། །དེ་ནས་སྔགས་པས་གོས་ སོ་སོ་བ་གོན་ཏེ། །རྒྱན་ཡང་དེ་བཞིན་ནོ། །སྟན་སོ་སོ་བ་ལ་ཁ་ཡང་ཞི་བ་ཤར། རྒྱས་པ་ལྷོ། །དབང་ནུབ། དྲག་པོ་བྱང་དུ་བལྟས་ཏེ། སྒྲུབ་ཐབས་ཀྱི་གཞུང་ལ་འཇུག་པར་བྱའོ། །བསྟོད་པ་ཡན་ཆད་རྫོགས་པ་དང་། ལྷ་གཏང་བའི་ཆོ་ག་བྱ་སྟེ། ལས་དང་མཐུན་པའི་མེ་བུས་ལ་སྤར་ ཏེ། རྒྱུན་གྱི་མེའམ་རྒྱུ་ལས་བརྟག །དངུལ་ཕོར་རྒྱུ་ཡི་སྣོད་ཀྱིས་བླ། །གསེར་སྣོད་དགེ་ཞིང་བཀྲ་ཤིས་པར། །རྒྱལ་རིགས་མེའམ་རྒྱུ་ལས་བརྟག །རྗེའུ་རིགས་སྨད་འཚོང་རྒྱུ་ལས་བརྟག །ཟངས་སོགས་དབང་ལ་བླང་བར་བྱ། །གདོལ་པའི་མེའམ་དུར་ཁྲོད་མེ། །ལྕགས་དང་ ཐོད་པར་བླང་བར་བྱ། །བདུད་རྩི་འཁྱིལ་པའི་བསང་བ་དང་། །ཡི་དགས་བཀོད་ནས་མཚོན་ཆས་བསྲུངས། །དཀར་པོ་ལོ་མའི་ཤིང་བཟང་ལ། །མཐོ་གང་ཚད་དུ་མཉམ་བྱས་པའི། །ཡམ་སྲེག་ཤིང་དེས་ཞི་བ་སྤར། །ཨུ་དུམ་བཱ་ར་བྱང་ཆུབ་ཤིང་། །ཉིས་འགྱུར་གྱིས་ནི་ རྒྱས་པར་སྤར། །མྱ་ངན་མེད་སྩོགས་སེང་ལྡེང་བཟང་། །སོར་གསུམ་ཚད་དུ་དབང་དྲག་མཚུངས། །དྲག་པོ་དུར་ཁྲོད་ཚེར་མ་ཡི། །ཡམ་སྲེག་ཤིང་བུ་མར་སྤར་བྱ། །དེ་ཡང་རླུང་རིང་ཕྱོགས་བལྟས་ཏེ། ཨོཾ་བ་ཡ་བེ། ས་མ་ཡ་སྟྭཾ། རཾ་ཛྭ་ལ་རཾ་ཞེས་རླུང་ཡབ་དང་ལྡན་པར་བྱའོ། ། དེ་ནས་མེ་དེ་བསངས་ལ། བདག་དམ་ཚིག་སེམས་དཔའི་སྐུར་བསྐྱེད་པ་འཇིག་རྟེན་པ་ཉིད་དུ་བྱའོ། །དེ་ནས་མེའི་དབུས་སུ་པཾ་ལས་པདྨ་འདབ་མ་བརྒྱད་པ་གེ་སར་ལ་ཉི་མ། དབང་དྲག་ལ་ཟླ་བ། ཞི་རྒྱས་ལ་ཉི་མར་བསམ་མོ། །དེ་ནས་མི་འཇིགས་པའི་ཕྱག་རྒྱ་ལ་མཐེ་བོང་གིས་སྲིན་ ལག་ལ་མནན་ཏེ། ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་ཏ། ཨགྣ་ཡེ་བཱ་བ་ཀ །ཨཱ་གཙྪ་ཨཱ་གཙྪ། ཞེས་པས་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་མོ། །དེ་ནས་བསང་གཏོར། ཨོཾ་ཧཱུཾ་ཛི་ན་ཛིག །ཞེས་གཏོར་རོ། །ཞལ་བསིལ་བ། ཨགྣ་ཡེ། པཱ་པ་ཀ་མ་ཧཱ་པྲ་ཏེ་ཛ་སྭཱ་ཧཱ། དེ་ནས་གདན་ དབུལ་ཏེ། ཨགྣ་ཡེ་མ་ཧཱ་ཏེ་ཛ། སརྦྦ་ཀཱ་མ་སཱ་དྷ་ན། ས་ཏྭ་ཨརྠ་ཨཱ་དི་ཏི་ཡེ་སྭཱ་ཧཱ། མེ་ཏོག་ཐབ་ཏུ་གཏོར་ཏེ་གདན་བཤམས་པ་ལ་བཞུགས་པར་བརྟག་གོ། །དེ་ནས་མར་ལ་གཟར་བུ་ལན་བདུན་ནམ་གསུམ་དུ་དབུལ་ལོ། །ན་མསྶ་མནྟ་བུདྡྷ་ཨགྣ་ཡེ་པཱ་པ་ཀ་རཾ་རཾ་སྭཱ་ཧཱ། དེ་བཞིན་ དུ་རྒྱས་པ་ལ་ནི་མ་ཧེ་ན་ཏྲ་ཞེས་སྦྱར་རོ། །དབང་ལ་ནི་ཀ་མ་ར་ཞེས་སྦྱར་རོ། །དྲག་པོ་ལ་ནི་ཀྲོ་དྷ་ནི་ཞེས་སྦྱར་རོ། །དེ་ལྟར་མེ་འབར་བའི་དགང་བླུགས་ཕུལ་ཏེ། མེ་འབར་བ་དང་ཀུ་ཤ་དགྲམ་སྟེ། ཞི་བ་ལ་ཤར་ནས། རྒྱས་པ་ལ་ལྷོ་ནས། དབང་ལ་ནུབ་ནས། དྲག་པོ་ལ་བྱང་ནས་དགྲམ་པར་བྱའོ། །ཞི་རྒྱས་རྩ་བ་དང་བཅས་ཏེ་བྱས། དབང་དྲག་ཕྱེད་མར་གཏུབ་པའི་རྩེ་མོས་བསྐོར་རོ། །ཨོཾ་ཨི་མེ་ཀ་ཤ །ཤུ་པ་དིབ་བྱ། པུ་ཏ་པྲ་མ་ཧཱ། པ་པིང་ཏྲི་ན། རཏྣ་ཏྲཱ་ཡ། ར་ཏ་ཧི་ཏི་ནི། པྲ་དྷི་པི་ཛི་དང་། གར་པ་བྷ་གར་པ་བྷ་བནྡུ་སྭཱ་ཧཱ། དེ་ནས་ཕུར་པ་བཞི་ཡང་སྒོ་བཞིར་གཟུགས། །མདའ་བཞི་ཡང་གྲ་བཞིར་ བཙུགས་ལ། ཚོན་སྐུད་བྲེ་ཞིང་བདུད་རྩི་འཁྱིལ་པའི་སྔགས་བརྗོད་དོ། །དེས་ནི་བགེགས་ཐམས་ཅད་བཅིངས་པར་འགྱུར་རོ། །དེ་ནས་མཆོད་པ་སོ་སོ་བ་དབུལ་བར་བྱའོ། །དེ་ནས་སྔར་ཡམ་སྲེག་ཤིང་གི་ཚད་ཀྱི་རིགས་ཀྱི་ཡམ་ཤིང་དབུལ་ལོ། །ཞི་བ་ལ་མར་དཀར་པོ། །རྒྱས་པ་ལ་མར་ སེར་པོ། །དབང་ལ་ཤིང་མར། དྲག་པོ་ལ་མི་ཚིལ་བཞུ་བའམ་ཚ་བའི་མར་རོ། །དེ་ནས་ཏིལ་དང་། ཡུངས་ཀར་དང་། དེ་ནས་ཞོ་དང་། འབྲས་ཆན་དང་། དེ་ནས་ཀུ་ཤ། དེ་ནས་དཱུར་བ། དེ་ནས་ནས། དེ་ནས་གྲོ། དེ་ནས་འབྲུ། དེ་ནས་སྲན་མ། འབྲས་མ་གྲུགས་པ། དེ་ནས་སྟར་ག་ དང་། སྙིང་ཞོ་ཤ་དང་། གླ་གོར་ཞོ་ཤ་དང་། ཤིང་ཐོག་ལ་སོགས་པ་རྣམས་དང་། སྔགས་གཅིག་གམ་སོ་སོ་ཡང་རུང་སྟེ་འབུལ་ལོ། །དེ་ལ་གཅིག་ནི། ཨོཾ་ཨགྣ་ཡེ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པུཥྚིཾ་ཀུ་རུ་ཨོཾ། །བ་ཤཾ་ཀུ་རུ་བཾཾ། མཱ་ར་ཡ་ཧཱུཾ་ཕཊ། སོ་སོ་བ། བཛྲ་ཡ་ཛཱ་ཡ་ སྭཱ་ཧཱ། ཡམ་ཤིང་། ཨོཾ་ཨགྣི་སྭཱ་ཧཱ། མར་རོ། སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་དང་ཉུངས་ཀར། སརྦྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་ཟན། ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ། བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའིའོ། །མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་སོ། །བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། གྲོ། བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲུ་དག་གོ། །མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མའོ། །བཛྲ་པུཥྚཱ་ཡ་སྭཱ་ཧཱ། འབྲས་མ་གྲུགས་པའོ། །མ་ཧཱ་ཤྲི་པ་ཡ་པ་ཡེ་སྭཱ་ཧཱ། སྟར་ག་དང་། གླ་གོར་ཞོ་ཤ་དང་། ཛཱ་ཏི་ཕ་ལ་དང་། ཤིང་ཐོག་བཏོགས་ཏེ་ཞལ་ཉིད་དུ་དབུལ་ཏེ། དང་པོར་ཨོཾ་དང་ཐ་མར་སྭཱ་ཧཱ་བཞག་སྟེ་མཆོད། དེ་ནས་མར་རོ། །དེ་ནས་འབར་བའི་རང་བཞིན་དུ་གྱུར་པར་བསྒོམ་མོ། །འཇིག་རྟེན་པའི་མེ་ལྷ་མཆོད་པའི་རིམ་པ་དང་པོའོ། །ཕྱོགས་སྐྱོང་ལ་མཆོད་ན་ཡང་དེའི་སྙིང་གར་རྫོགས་པར་བཀོད་ལ་བསང་གཏོར་དང་། ཞལ་བསིལ་བྱས་ཏེ། དེ་ནས་མཆོད་པ་ལྔས་མཆོད་དེ། དེ་ནས་ ཡམ་ཤིང་ནས་མར་དང་རིམ་པ་བཞིན་མཆོད་དོ། །ཐ་མར་མར་གྱིས་མཆོད་དེ། ཨིནྡྲ་ཡེ་ལ་སོགས་པས་མཆོད་དོ། །དེ་ནས་ཐབ་བསངས་ལ། བེ་ཅོན་གྱིས་གཡབ་ཅིང་། ན་མོ་བུདྡྷ་བྷྱཿ། ན་མོ་དྷརྨ་བྷྱཿ། སཾ་གྷེ་བྷྱཿ། ཨོཾ་ཀྲོ་དྷ་བི་ར་བི་ར་ས་མ་ཡེ། ཨཱ་གད་ཛ་ཨཱ་གད་ཛ། ཨོཾ་ཨཱཿཧཱུཾ་ཨི་དཾ་པྲེ་ཏོ་ཨཱ་ ས་ནཾ་ཀྲི་པྲ་པྲེ་ཏོངྐ་ཏེ་ནི་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་ཞེས་སྐུ་བསང་ངོ་། །ཨོཾ་ཨཻ་ཀ་བི་ཡ་མཱནྟ་ཀ་བི་ས་ར་སྭཱ་ཧཱ། ཞབས་བསིལ་ལོ། །ན་མསྶརྦྦ་ཏ་ཐཱ་ག་ཏེ་བྷྱཿཔྲེ་ཏ་མུ་ཀ་ཁ་ད་ཁ་ད་སྭཱ་ཧཱ། གདན་ཕུལ་ལ་ཐབ་ཏུ་བཞུགས་སུ་གསོལ་ལོ། །དེ་ནས་མར་གྱི་དགང་བླུགས་དབུལ་ལོ། །དེ་ནས་མཆོད་ པ་ལྔ་དབུལ་ལོ། །དེ་ནས་ཡམ་ཤིང་། དེ་ནས་མར། དེ་བཞིན་དུ་ཤིང་ཐོག་ཡན་ཆད་དབུལ་ལོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཨོཾ་ཤཱནྟིཾ་ཀུ་རུ་ཨོཾ། །ཞི་བའོ། །སྭཱ་ཧཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ། རྒྱས་པའོ། །ཧོ་བ་ཤཾ་ཀུ་རུ་ཧོ། །དབང་ངོ་། །ཕཊ་མཱ་ར་ཡ་ཕཊ། དྲག་པོའོ། །སྔགས་དེ་གཅིག་པུས་དབུལ་ལོ། །སྔགས་རང་གི་སོ་སོ་བ་ཡང་རུང་ངོ་། །ཐ་མར་ཡང་མར་གྱི་དགང་བླུགས་དབུལ་ལོ། །དེ་ནས་མཆོད་པ་ལྔ་དང་བསྟོད་པ་བྱ་སྟེ། དངོས་གྲུབ་གསོལ་ལ་གཤེགས་སུ་གསོལ་ཏེ། བསང་གཏོར་དང་། ཞབས་བསིལ་ཏེ། གཙྪ་ཞེས་ བཏང་ངོ་། །དེ་ནས་ཡང་འཇིག་རྟེན་པའི་སྔོན་བཞིན་དུ་བསམས་ལ་སྔོན་བཞིན་རྫས་ལྷག་མཆོད་དོ། །ཐ་མར་མར་གྱི་དགང་བླུགས་ལ་ལས་བསྐུལ་ཞིང་ལན་མང་དུ་དབུལ་ལོ། །དེ་ནས་མཆོད་པ་ལྔས་མཆོད་དོ། །བསྟོད་པ་ཡང་བརྗོད་ལ་དེ་ནས་འདོད་པའི་དོན་ལ་གསོལ་བ་བཏབ་ནས་བསང་ གཏོར་བྱས་ནས་ཞལ་བསིལ་ལ། གཤེགས་སུ་གསོལ་ལོ། །དེ་ནས་རྫས་བསྡུའོ། །ཚེ་བསྲིང་བར་འདོད་ན། རྒྱས་པའི་ཐབ་ཁུང་དུ་དཱུར་བའི་སྔགས་ཀྱིས་དཱུར་བའི་མར་ལ་བསྙུག་ཅིང་ལན་གྲངས་མང་དུ་སྦྱིན་སྲེག་བྱའོ། །འབྲུ་འཕེལ་བར་འདོད་ན་འབྲུའི་སྦྱིན་སྲེག་བྱའོ། །དེ་ ལ་སོགས་པ་རྟོག་པ་དགུ་པ་ནས་འབྱུང་བའི་ཚུལ་དུ་གང་འདོད་པའི་སྦྱིན་སྲེག་རྫས་གང་ཤིས་པས་བྱའོ། །དེ་ལ་གསད་པར་འདོད་པའི་སྦྱིན་སྲེག་ནི་བསྒྲུབ་པར་བྱ་བའི་རྗེས་དང་། དྲི་མ་དང་། དུར་ཁྲོད་ཀྱི་སོལ་བ་ལ་གཟུགས་བྱས་ཏེ་སྙིང་གར་མིང་རུས་བཅུག་ནས་སྒྲུབ་ཐབས་ཀྱི་མཇུག་ཏུ་ དགྲ་བོ་བཀུག་ལ་ལིང་ག་ལ་གཞུག་པ་དང་། ཕུར་པས་གདབ་པ་དང་། གཏུབས་ཏེ་ཚེར་མ་དང་། ཚ་བས་རྗེས་སུ་བསྲེལ་ལ། ཡུངས་མར་གྱིས་ཀྱང་བསྒོས་ནས་ཡམ་ཤིང་དང་། མར་གྱི་སྟེང་ལ་བསྲེག་གོ། །བསྐྲད་པར་འདོད་ན་བྱ་རོག་གི་ཤེས་བྱའོ། ། དབྱེ་བར་འདོད་ན་བྱ་རོག་དང་། འུག་པའི་སྒྲོས་བྱའོ། །དེ་ལ་སྩོགས་པ་ལས་དང་སྦྱར་རོ། །སྡིག་པ་སྦྱང་བར་འདོད་ན། ཏིལ་འབའ་ཞིག་གིས་བྱའོ། །དེ་ལ་སོགས་པ་སྤྱིར་ཤེས་པར་བྱའོ། །ཞི་བ་ལ་དམ་ཚིག་དང་ཡེ་ཤེས་ཀྱི་མེ་ལྷ་དཀར་པོའོ། །རྒྱས་པ་ལ་སེར་པོ། །དབང་ལ་ དམར་པོ། །དྲག་པོ་ལ་སྔོན་པོར་བསྒོམ་མོ། །མཆོད་རྫས་དང་། སྔགས་ཀྱི་འོད་ཟེར་དང་། ཁ་དོག་སོ་སོ་ལའོ། །བསམ་པ་ཡང་ཞི་བ་ནི་བྱམས་པའོ། །རྒྱས་པ་ནི་རྒྱས་པར་བྱ་བའི་སེམས་སམ། མཐོན་པོའི་རྣམ་པས་འཇུག་པའོ། །དབང་ལ་ནི་དགའ་ཆགས་སམ་ཞེན་ པས་འཇུག་པའོ། །དྲག་པོ་ལ་ནི་མ་རངས་པ་དང་། ཡིད་སྐྱོ་བ་དང་ཁྲོ་སེམས་སོ། །ལས་ནི་ཞི་བ་ལ་ནི་འོད་ཟེར་དཀར་པོ་འཕྲོས་པས་དེ་དག་གིས་གང་ལ་བྱ་བའི་ནད་དང་། སྡུག་བསྔལ་ལ་སྩོགས་པ་དྲངས་ཤིང་བསྡུས་ནས་རྒྱ་མཚོ་ཆེན་པོར་དོར་བར་བསམ་མོ། །རྒྱས་པ་ལ་འོད་ཟེར་ སེར་པོ་འཕྲོ་བ་དེ་དག་གང་གི་ལུས་ལ་ཞུགས་པ་དེ་ཉིད་ཀྱིས་དཔལ་ལ་སོགས་པ་དེ་དག་རྒྱས་པར་བསམ་མོ། །དབང་ལ་འོད་ཟེར་དེ་དག་དམར་པོར་འཕྲོས་ཏེ་གང་དབང་དུ་བྱ་བའི་ལུས་སེམས་ཀྱི་རྒྱུད་བཀང་ཞིང་ཉམས་ཤིང་མྱོས་པ་དེ་དག་དྲངས་ནས་རྐང་པའི་དྲུང་དུ་ལྟུང་སྟེ་སྐྱབས་ སུ་དོང་བར་བསམ་མོ། །དྲག་པོ་ལ་འོད་ཟེར་སྔོ་ནག་དུག་ཧ་ལ་ཧ་ལ་ལྟར་མཁྲེགས་ཤིང་དངོས་པོ་ཤིན་ཏུ་སྲ་བ་དག་ཀྱང་རེག་པ་ཙམ་གྱིས་ཐལ་བའི་མཐར་བྱེད་པ་འཕྲོས་ནས། གང་ལ་བྱ་བ་ལ་ཁྱབ་པར་གྱུར་ཏེ། སྐད་ཅིག་ཙམ་གྱིས་ཐུལ་གྱིས་བསྲེགས་ཏེ་ཐལ་བར་གྱུར་པར་བསམ་མོ། །ཡོན་ ཆུ་ཡང་ཞི་བ་ལ་འོ་མའི་ནང་དུ་མངར་གསུམ་དང་མེ་ཏོག་དཀར་པོའོ། །དབང་ལ་ཆང་ངོ་། །དྲག་པོ་ལ་ཆང་དང་སྐྱུར་བའི་ཁུ་བ་དང་ཚ་བ་རྣམ་པར་སྦྱར་བར་བྱའོ། །བསང་གཏོར་ནི་ཆུ་གཙང་མ་དང་། ཡུངས་ཀར་དང་། དྲི་བཟང་པོར་སྦྱར་ལ་མེ་ཏོག་སོ་སོ་བའི་ཁ་དོག་བཅུག་པས་བྱའོ། །མེའི་ ཁ་དོག་གི་ཡི་གེ་དགོད་པ་ཡང་རཾ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོའོ། །དགང་གཟར་བླུགས་གཟར་ལ་ཡང་ཆོས་ཀྱི་ཡི་གེ་འབྲུ། ཨོཾ་སྭཱ་ཨཱཿཧཱུཾ་རྣམས་ཁ་དོག་སོ་སོར་དགོད་དོ། །རྒྱུ་ཡང་སོ་སོ་ལ་བྱའོ། །མེ་ལྷའི་རྩ་བའི་ལྷའི་སྐུ་ནི་དམར་སེར་རོ། །ཞི་བའི་དུས་སུ་ པཱ་པཾ་ཀ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་དབྱུག་ཐོ། །གཉིས་པ་མི་འཇིགས་པའི་ཕྱག་རྒྱ། གཡོན་དང་པོ་ཕྲེང་བ། གཉིས་པ་རིལ་བའམ། གུན་དྷེའོ། །རྒྱས་པ་ལ་སེར་པོ་ཕྱག་གཉིས་ནི་སྔ་མ་བཞིན་ནོ། །དབང་ལ་འདོད་པའི་མེ་ཏོག་དམར་པོ་ཞེས་བྱ་བ་གཡས་དང་པོ་ན་ ལྕགས་ཀྱུ་གཉིས་པ་ན་ཞགས་པའོ། །བསད་པ་ལ་རླུང་ཞེས་བྱ་བ་སྔོན་པོ། །གཡས་པ་ན་བེ་ཅོན། གཉིས་པ་ན་མེ་ཐབ། དམ་ཚིག་གི་མེ་ལྷ་ཉིད་དེ་ལྟར་བསྐྱེད་དོ། །འཇིག་རྟེན་ལས་འདས་པའི་སྐབས་སུ་ཁྲོ་བོ་ཡ་མཱནྟ་ཀ་དེ་ཉིད་ཞི་བ་ལ་དཀར་པོ། །ཕྱག་དང་པོ་གཉིས་བུམ་པ་དཀར་ པོ་ནས་བདུད་རྩིའི་ཆུ་རྒྱུན་དཀར་པོ་གཏོང་བའོ། །རྒྱས་པ་ལ་བུམ་པ་སེར་པོ་ནས་ཆུ་རྒྱུན་སེར་པོ། །དབང་ལ་དང་པོ་སྐྱོ་ཞགས། དྲག་པོ་ལ་རྩལ་བ་ཉིད་བཞིན་དུ་ཤེས་པར་བྱའོ། །ཡམ་ཤིང་དང་སྲེག་ཤིང་ཡང་རྒྱུ་དང་ཚད་གཅིག་པར་བྱའོ། །དེ་ནི་ཆོ་ག་སྔ་མའི་ཐུན་དུ་བསྟན་ པའོ། །འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡི། །ཁྲོ་བོ་གཙོ་བོ་དེ་ཁོ་ན། །ཡི་དགས་ཕལ་ཆེན་དཀྱིལ་འཁོར་དུ། །རིག་པའི་བརྟུལ་ཞུགས་སྤྱོད་བྱིན་ནས། །གཙང་བའི་གནས་སུ་ཉེར་འདུག་ནས། །དང་པོའི་བསྙེན་པ་བརྩམ་པར་བྱ། །ཐུན་བཞིའི་དུས་སུ་བཟླས་པ་དང་། །མཆོད་ པའི་ཆོ་ག་དག་བྱས་ཤིང་། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །འབུམ་དྲུག་ཚད་དུ་བཟླས་པ་བྱ། །དེ་ནས་བུ་དོན་ཆོ་ག་ཡིས། །སྐུ་གཟུགས་ལེགས་པར་བསྒྲུབས་ནས་ཀྱང་། །རབ་ཏུ་གནས་པའི་ལས་བྱས་ནས། །དེ་ཡི་སྤྱན་སྔར་སུམ་འབུམ་བཟླས། །དེ་ནས་སྨྱུང་དང་ལྡན་པ་ཡིས། ། རི་ཡི་རྩེ་མོར་འབུམ་གཅིག་བཟླས། །དངོས་གྲུབ་འབྲིང་གི་བསྙེན་པར་བཤད། །རྒྱལ་སྲིད་ལ་སོགས་དངོས་གྲུབ་འབྲིང་། །དེ་ནས་སྔགས་པས་ནགས་ཚལ་སོང་། །རི་ཁར་གནས་རྙེད་སྙོམས་འཇུག་སྤྱོད། །སེང་ལྡེང་དབྱུག་པ་འདོམ་གང་ཙམ། །འཕན་མེད་པ་ནི་རྟག་ཏུ་བཅང་། ། རྐང་པས་བགྲོད་དཀའ་བགྲོད་པ་དང་། །རྒྱལ་པོ་ལ་སོགས་ཕྱག་མི་བྱེད། །ཁྲོ་བོའི་རྣལ་འབྱོར་ང་རྒྱལ་ཆེས། །འཇིགས་གནས་མ་ལུས་འཆི་བ་རྣམས། །མི་སྨྲ་མི་འདྲི་འཇིགས་མ་སྤྱོད། །སྔགས་ཀྱི་དོན་ནི་བཅུ་བདུན་པོ། །ལྷ་དང་མི་ཕྱེད་རྟག་བཟླས་པ། །ཐུན་ བཞིར་སྔོན་བཞིན་མཆོད་པ་དང་། །བསྙེན་པའི་ཚུལ་དུ་བཟླས་བརྗོད་བྱའོ། །དངོས་གྲུབ་མཆོག་རྣམས་ཐོབ་འདོད་ན། །སྔགས་པས་དེ་ལྟར་བརྟུལ་ཞུགས་སྤྱོད། །བྱང་ཆུབ་སེམས་དང་རབ་ལྡན་པས། །གཙང་སྦྲ་སྨྱུང་བ་དབང་པོ་བསྡམས། །བརྟགས་པའི་ཟས་ལ་རོལ་བྱའོ། ། སྔགས་པ་བརྟུལ་ཞུགས་མི་འདོད་ན། །ཐོག་མར་སྐུ་གཟུགས་ཆོ་ག་བྱ། །སྤྱན་དབྱེ་ཆོ་ག་བྱས་པ་ལ། །བརྒྱད་འབུམ་ཆོ་ག་བཟླས་པར་བྱ། །དངོས་གྲུབ་ཕྲན་ཚེགས་ལས་དག་ནི། །དུག་ལ་སྩོགས་པ་བཞི་སྩོགས་བསྒྲུབ། །འདི་ནི་དངོས་གྲུབ་རྣམ་པ་གསུམ། །བསྒྲུབ་པའི་ཆོ་ག་གསུམ་ དུ་བསྟན། །མཁས་པས་བྱང་ཆུབ་སེམས་བརྟེན་ཅིང་། །སྙིང་རྗེ་གཞན་དོན་སྤྱོད་པ་དང་། །ཁྲོ་བོའི་ཆེ་བ་ཡངས་པ་དག །དངོས་གྲུབ་རྣམ་གསུམ་ཐོགས་མེད་པ། །བརྟུལ་ཞུགས་ལ་སྩོགས་མེད་པར་འགྲུབ། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བའི་སྦྱིན་སྲེག་གི་ཆོ་ གའི་རིམ་པ་དང་། དངོས་གྲུབ་ཀྱི་ཚུལ་ངེས་པར་བསྟན་པ་ཞེས་བྱ་བ། སློབ་དཔོན་དོན་ཡོད་ཞབས་ཀྱིས་མཛད་པ་རྫོགས་སོ།། །།སྦྱིན་སྲེག་གི་མཆོད་པ་ལ་འདི་སྐད་དོ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་དཀོན་མཆོག་གསུམ། །གཤིན་རྗེ་ གཤེད་དང་བེ་ཏ་ལི། །གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས། །བྱང་ཆུབ་སེམས་དང་མཉམ་སྦྱོར་བའི། །དུག་གསུམ་སྲེག་རྫས་མཆོད་པར་བཞེས། །བདག་གིས་ལྷག་པའི་བསམ་པ་རྣམས། །དུས་འདིར་གྲུབ་པར་མཛད་དུ་གསོལ། །མི་ལ་སོགས་པའི་བདུད་ བགེགས་དང་། །ཞེ་སྡང་བྱེད་པ་གང་ཡང་རུང་། །འཕྲལ་དུ་མོད་ལ་བསྒྲལ་བ་དང་། །དབང་པོ་ཡན་ལག་དེ་བདག་ལ། །ཇི་ལྟར་དྲག་རྡལ་སྟངས་ཚུལ་གྱིས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །སྦྱིན་སྲེག་གོང་མ་དང་ཆོ་ག་མི་གཅིག་བྲིས་པ་ཙམ། །ཧཱུཾ་ཐུགས་ རྗེ་དབང་གི་དཀྱིལ་འཁོར་དུ། །ཤེས་རབ་འབར་བའི་མེ་བྱུང་བས། །ཞེས་པ་ལ་སོགས་བརྗོད་ལ་བཏང་། །མེ་འབར་བ་དང་འདི་ཡང་བཏང་། །ཧཱུཾ་འབར་བ་ཆེན་པོ་དུར་ཁྲོད་མེ། །རབ་ཏུ་སྨུག་ཅིང་དུར་ཁྲོད་འཕྲོ། །འཇིགས་བྱེད་ཆེན་པོ་ཁྲོ་བོའི་མེ། །གདུག་པའི་སྙིང་ལ་འབར་བར་ མཛོད། །སྐྱེ་ཤི་སྡུག་བསྔལ་རྩ་བ་ཆོད། །ཅེས་བྱའོ། །གོང་མ་དང་དགོངས་པ་མི་གཅིག་པ་ཅུང་ཟད་བྲིས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཀྲོ་དྷ་བི་ཛ་ཡ་ཀལྤ་གུ་ཧྱ་ཏནྟྲ་སྱ་ཊཱི་ཀཱ། །བོད་སྐད་དུ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ཀྱི་ རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་བཞུགས་པ་ལས་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་སློབ་དཔོན་པྲ་ཏི་ཝརྞ་ཙནྡྲས་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་གཉིས་ཀྱི་ནང་ནས་བཏུས་ཏེ། ཤླཽ་ཀ་སུམ་སྟོང་པ་གཅིག་ཀྱང་མཛད། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཀྱི་ཆོ་ག་ཤླཽ་ཀ་སྟོང་བཞུགས་པ་འདི་ལས་སློབ་དཔོན་པྲ་ཏི་ཝརྞ་ཙནྡྲས་བཏུས་ནས་མཛད་པ་སྟེ། དེ་ཡང་རྒྱུད་གང་གི་ནང་ནས་བཏུས་ནས་མཛད་ཅེ་ན། སློབ་དཔོན་འཆད་པ་དག་མི་མཐུན་ཏེ། ཁ་ཅིག་ན་རེ་ཁྲོ་ བོ་རྣམ་པར་རྒྱལ་བའི་རྒྱུད་སློབ་དཔོན་པྲ་ཏི་ཝརྞ་ཙནྡྲ་ཉིད་ཀྱིས་བཏུས་ཏེ་མཛད་པ་ཤླཽ་ཀ་སུམ་སྟོང་བཞུགས་པའི་ནང་ནས་བཏུས་ཏེ། རྒྱུད་འདི་མཛད་དོ་ཞེས་ཀྱང་འཆད། ཁ་ཅིག་ན་རེ་མཉྫུ་ཤྲཱིའི་ཏནྟྲ་ཤློ་ཀ་ཁྲི་དྲུག་སྟོང་བཞུགས་པའི་ནང་ནས་རྒྱུད་འདི་མཛད་དོ་ཞེས་ཀྱང་ འཆད་དེ། དེ་ལ་མཉྫུ་ཤྲཱི་ཏནྟྲའི་ནང་ནས་སྤྱིར་ཁྲོ་བོའི་ཆོ་ག་དག་ནི་འབྱུང་ན། ཁྲོ་བོ་རྣམ་པར་རྒྱལ་བའི་ཆོ་གའི་ཚིག་འདི་དང་མཐུན་པ་ཁོ་ནར་མི་འབྱུང་སྟེ། དེ་བས་ན་རྒྱུད་ཆེན་པོ་དང་ཤློ་ཀ་སུམ་སྟོང་པའི་ནང་ནས་བཏུས་ཏེ། རྒྱུད་འདི་མཛད་པར་ཤེས་པར་བྱའོ། །རྒྱུད་ཀྱི་མིང་ ཉིད་ཀྱང་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཁྲོ་བོས་མ་རུངས་པ་རྣམས་བཏུལ་ནས་དེ་ལས་རྣམ་པར་རྒྱལ་བས་ན། རྒྱུད་ཀྱི་མིང་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཅེས་བྱ་སྟེ། རྒྱུད་ཀྲི་ཡའི་རྒྱུད་དུ་གཏོགས་སོ། །རིགས་ ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ནང་དུ་གཏོགས་སོ། །དེ་ལ་དང་པོ་རྒྱུད་ཀྱི་གླེང་གཞི་བསྟན་དགོས་ཏེ། དེ་ཡང་གནས་གཙང་མ་རིགས་ཀྱི་གཞལ་མེད་ཁང་གི་ནང་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་བཞུགས་སོ། །དེའི་ཚེ་ན་བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་མེ་ཏོག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བྱུང་བས། ལྷོ་ཕྱོགས་ཀྱི་ངོས་ཆུ་བོ་གང་གཱའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཕ་ རོལ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་ཅན་ཞེས་བྱ་བ་ན་བཅོམ་ལྡན་འདས་མེ་ཏོག་ཀུན་དུ་རྒྱས་པའི་དབང་པོ་དང་། འཕགས་པ་འཇམ་དཔལ་ལ་སོགས་པ་འཁོར་དང་བཅས་པ་བཞུགས་པའི་ཐད་དུ་ཕྱིན་ནས། འཕགས་པ་འཇམ་དཔལ་གྱིས་བཅོམ་ལྡན་འདས་མེ་ཏོག་ཀུན་དུ་རྒྱས་པའི་དབང་པོ་ ལ་ཞུས་པ། བཅོམ་ལྡན་འདས་འོད་ཟེར་འདི་གང་ནས་བྱུང་། སུའི་ལགས། ཅིའི་སླད་དུ་འདི་བྱུང་ཞེས་ཞུས་པ་དང་། བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག །འདི་ནས་བྱང་ཕྱོགས་ལོགས་སུ་ཆུ་བོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པའི་ཕ་ རོལ་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པའི་འོད་ཟེར་ཡིན་ཏེ། །འོད་ཟེར་འདིས་ཁྱོད་མི་མཇེད་ཀྱི་ཁམས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེས་འགུགས་པའི་བསྐུལ་མ་ཡིན་ནོ་ཞེས་བཀའ་སྩལ་པ་དང་། སླར་ཡང་གསོལ་པ། དེ་བཞིན་ དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་དེར་མཆི་བར་འཚལ་ལོ་ཞེས་ཞུས་པ་ལས། བཀའ་སྩལ་པ། ལེགས་སོ་ལེགས་སོ་ཞེས་ནས། འཕགས་པ་འཇམ་དཔལ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ ཕྱིན་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། རིགས་ཀྱི་བུ་རང་གི་གསང་སྔགས་ཀྱི་སྤྱོད་པ་རྗེས་སུ་དྲན་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། དེའི་ཚེ་འཕགས་པ་འཇམ་དཔལ་གྱིས་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཁྲོ་བོ་གཤིན་རྗེ་གཤེད་ཅེས་བྱ་བ་བྱུང་སྟེ། མ་རུངས་པ་ཐམས་ཅད་བཏུལ་ནས་སླར་ལོག་སྟེ། ཞུས་པ། བཅོམ་ལྡན་འདས་ཁྲོ་བོའི་རྒྱུད་ཆེན་པོ་འཆད་པར་འཚལ་ན། བདག་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ནས། དེ་ནས་ཁྲོ་བོ་རྣམ་པར་རྒྱལ་བའི་སྐུར་ གྱུར་ནས་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་གཉིས་བཤད་དོ། །དེ་ལ་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་གསུངས་པ་ཡང་རྩ་བ་ལྔ་རྣམས་ཀྱི་རྒྱས་པར་བཤད་དོ། །དེ་ཡང་གང་ཞེ་ན། དེ་ཡང་རྩ་བའི་ཆོ་ག་རྒྱས་པ་དང་། ཆོ་ག་རྒྱས་པའི་ཕྱི་མ་དང་ཆོ་ག་རྒྱས་པའི་ཕྱི་མའི་ཡང་ཕྱི་མ་ དང་། ཆོ་ག་རྒྱས་པའི་ཕྱི་མའི་ཕྱི་མ་བྱེ་བྲག་དང་། ཆོ་ག་རྒྱས་པའི་ཕྱི་མའི་ཕྱི་མའི་གསང་བའི་ཆོ་ག་དང་། འདི་ལྔས་རྒྱས་པར་བཤད་པ་ལས་ལྔ་པོ་དེ་རྣམས་ལ་བརྟེན་ནས་ཡོངས་སུ་སྡུད་པར་མཛད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐབས་ནི་མི་མཐུན་པ་ཡང་ཞིག་ཏུ་ཕྱེ་ནས་ལེའུ་ སྟོང་ཕྲག་བཅུ་གཉིས་པོར་གསུངས་པ་དེ་བསྡུས་སོ། །དེ་ལ་སློབ་དཔོན་པྲ་ཏི་ཝརྞ་ཙནྡྲས་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་གཉིས་པོ་གསུངས་པའི་ནང་ནས་རྩ་བ་ལྔ་འབྱུང་བའི་ཆོ་ག་རྩ་བ་ལྔ་པོ་ཉི་ཚེ་ཙམ་ཞིག་དང་། དེའི་ནང་ནས་ལེའུའམ། སྐབས་ཉི་ཤུ་རྩ་གཅིག་བཏུས་ནས་རྒྱུད་འདི་ མཛད་དོ་ཞེས་པའོ། །ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཤླཽ་ཀ་སྟོང་བཞུགས་པ་འདི་ལ་རྩ་བ་ལྔ་པོའི་བཤད་པའི་ནང་ནས་རྩ་བའི་ཆོ་ག་རྒྱས་པའི་ནང་དུ་གཏོགས་པའི་སྐབས་སམ། ལེའུ་རྒྱུད་འབྱུང་བ་ཞེས་བྱ་བ་དེ་དང་པོར་བཤད་དོ། །དེ་བས་ན་དང་པོ་རྒྱུད་འབྱུང་བ་ཞེས་བྱ་བའི་ལེའུ་འམ། སྐབས་སྟོན་པ་དེ་ཡང་ས་བཅད་རྣམ་པ་དགུས་བཤད་དོ། །དགུ་གང་ཞེ་ན། རང་གི་མཐུ་ཉེ་བར་བསྟན་པ་དགུར་བྱས་ཏེ། ལྷ་རྣམས་གཟུད་པ་དང་། བསྟོད་པ་སྔར་བྱས་ནས་གསོལ་བ་འདེབས་པ་དང་། ཞུ་བར་གྱུར་པ་དང་། ཞུ་བ་དང་། ཞུ་བ་པོའི་ལེན་འདེབས་པ་དང་། སྙིང་པོ་མཐུ་ཆེ་བར་ བསྟན་པ་དང་། རང་གི་ཆོ་ག་རྒྱས་པར་བསྟན་པ་དང་། ལྷ་རྣམས་ཀྱི་ཆོ་ག་རྒྱས་པར་བཤད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ་པར་བསྟན་པ་དང་། རྣམ་པ་འདི་དགུས་བཤད་དོ། །དེ་ལ་དེ་ནས་འཇམ་དཔལ་དབྱངས་ཀྱི་ནི་ཞེས་པ་ནི། དེ་བཞིན་དུ་ནི་འཇིག་རྟེན་ པའི། །ལྷ་རྣམས་ཀུན་གྱིས་འདུད་པར་བྱེད། །ཅེས་པའི་བར་དུ་རང་གི་མཐུ་ཉེ་བར་བསྟན་པ་རྒྱུར་བྱས་ཏེ་ལྷ་རྣམས་གཟུད་ཅེས་བྱ་བའི་དོན་སྟོན་ཏོ། །དེ་ལ་དེ་ནས་འཇམ་པའི་དབྱངས་ཀྱི་ནི་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་རྒྱུད་འདིའི་རྩ་བའམ། ཕྱི་མོ་སྟོང་ཕྲག་བཅུ་ གཉིས་བཞུགས་པའི་ནང་ནས་གོང་དུ་སྐབས་མི་འདྲ་བ་མང་པོ་གསུངས་པའི་དེ་མ་ཐག་འདས་པའི་འཕྲོ་ཡིན་པས་ན། དེ་ནས་ཞེས་ཀྱང་བྱ། གོ་སྐབས་འབྱེད་པའམ། བཀྲ་ཤིས་པའམ། ཚིག་གི་རྒྱན་ལ་ཡང་དེ་ནས་ཞེས་བྱ། རྣམ་པ་གཅིག་ཏུ་ཁྲོ་བོ་མ་རུངས་པ་ཐམས་ཅད་བཏུལ་ནས། དེའི་འོག་ཏུ་རྒྱུད་འདི་དག་བཤད་པས་ན། ཡང་དེ་ནས་ཞེས་བྱ་བ། དབྱངས་ཀྱི་སྒྲ་ནི་སྐད་ཀྱི་གདངས་ལ་བྱ་སྟེ། འཕགས་པ་འཇམ་དཔལ་གྱི་གསུང་གི་གདངས་དེ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་སྙན་པ་ལ་བྱ་སྟེ། ཡོན་ཏན་གྱི་སྒོ་ནས་མཚན་དུ་གསོལ་བའི་འཕགས་པ་འཇམ་དཔལ་དེ་ཏིང་ ངེ་འཛིན་གང་ལ་བཞུགས་ན། ཁྲོ་བོ་འབྱུང་བར་བྱེད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཁྲོ་བོ་བྱུང་སྟེ། གསུངས་པ། ཁྲོ་བོ་འདི་མིང་གཤིན་རྗེ་གཤེད་ཅེས་བྱ་བ་སྟེ། དེ་ལ་ཁྲོ་བོ་ལ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པས་དཀྲིས་པས་ འདོད་ཆགས་དང་། ཞེ་སྡང་གཏི་མུག་ལས་བྱུང་བའི་ཁྲོ་བོ་དང་། མ་རུངས་པ་རྣམས་འདུལ་བའི་ཕྱིར་སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་དབང་གིས་ཁྲོ་བོའི་ཚུལ་དུ་བསྟན་ནས་བྱུང་བ་སྟེ། དེ་ལ་འདིར་ནི་སྔོན་གྱི་སྨོན་ལམ་དང་། ཐུགས་རྗེའི་དབང་གིས་ཁྲོ་བོར་སྤྲུལ་ཏེ་བྱུང་བ་ལ་ བྱའོ། །འཕགས་པ་འཇམ་དཔལ་གྱི་ཁྲོ་བོ་ཡང་མཉྫུ་ར་བ་དང་། ཤང་མུ་ཀ་ལ་སོགས་པ་གྲངས་མེད་པར་བྱུང་བ་དེ་དག་ལ་མི་བྱ་ཞིང་དེ་དག་ལ་གོལ་དུ་དོགས་པའི་ཕྱིར་ཁྲོ་བོའི་མིང་སྨོས་པ་ཏེ། ཁྲོ་བོ་འདིའི་མིང་གཤིན་རྗེའི་གཤེད་ཅེས་བྱ་བ་འབྱུང་ངོ་ཞེས་པའོ། །དེ་ལ་གཤིན་རྗེའི་ གཤེད་ཅེས་བྱ་བའི་སྒྲ་ནི་ཚིག་ཐང་ལོག་ཏུ་ན་དཀའ་བཟློག་ཅེས་ཀྱང་སྟེ། སེམས་ཅན་རྣམས་ཚེ་དང་། ལོངས་སྤྱོད་དང་བྲལ་ནས་མཐར་མེད་པར་བྱེད་པས་དེ་དག་གདུལ་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཆ་ལུགས་སུ་གཙོ་བོའི་ཚུལ་འཛིན་པར་སྤྲུལ་ཏེ་བསྟན་པ་ན་གཤིན་རྗེ་གཤེད་ཅེས་ བྱའོ། །ཁྲོ་བོ་གཤིན་རྗེ་གཤེད་དེའི་ཕྱག་མཚན་དང་། ཡུལ་ཡང་གསུངས་པ། མཚོན་ཆ་མེ་ལྕེ་འབར་བས་འཁྲུགས། །ཞེས་བསྟན་ཏེ། ཕྱག་མཚན་ཡང་ཏྲི་ཤཱུ་ལ་དང་། རལ་གྲི་ལ་སོགས་པ་བསྟན་པ་ཡང་མེ་ལྕེ་བཞིན་དུ་འབར་བ་ཅན་ལ། ཁྲོ་བོ་ཉིད་ཀྱང་འབར་བའི་ནང་ན་བཞུགས་ པས་མ་རུངས་པ་རྣམས་ཚར་གཅོད་པའི་ཚུལ་དུ་ཁྲོས་པ་ལ་བྱའོ། །འཁྲུགས་པ་ནི་ཁྲོས་པ་ལ་བྱའོ། །དེ་ཡང་ཅི་འདྲ་བའི་ཚུལ་ཞིག་ཏུ་ཁྲོས་ཤེ་ན། གསུངས་པ། དྲག་ལ་མཐུ་རྩལ་དྲག་ལྡན་པ། །ཞེས་པས་བསྟན་ཏེ། དེ་ལ་དྲག་པ་ཞེས་པ་ནི་ཁྲོ་བོ་དེ་རླུང་དང་མེའི་དཀྱིལ་འཁོར་ནས་འབྱུང་བས་ན་ དྲག་པོའོ། །ཁྲོ་བོ་དེས་ཕ་རོལ་པོ་མ་རུངས་པ་རྣམས་ཚར་གཅོད་ཅིང་འདུལ་ནུས་པའི་མཐུ་དང་ལྡན་པས་ན་མཐུ་རྩལ་དྲག་པོ་ཞེས་བྱའོ། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱི་ནི་ལག་ཆ་ཤོར། །ཞེས་པ་ནི་ཁྲོ་བོ་དེའི་མཐུ་རྩལ་ཆེན་པོའི་ཡོན་ཏན་བསྟན་པ་སྟེ། འཇིག་རྟེན་ལས་འདས་པའི་ཁྲོ་བོ་ གཞན་རྣམས་ཀྱིས་ཁྲོ་བོ་གཤིན་རྗེ་གཤེད་པོ་མཐོང་ནས། ཐམས་ཅད་སྐྲག་སྡངས་ཏེ་བརྒྱལ་ནས་ལག་ཆ་ཤོར་ཏོ་ཞེས་པ་དེ་ཡང་སེམས་ཅན་འདུལ་བའི་དོན་དུ་གཤིན་རྗེའི་གཤེད་མཐུ་ཆེ་བར་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་ནི་འཇིག་རྟེན་པའི། །ལྷ་རྣམས་ལུས་ཀྱིས་འདུད་པར་བྱེད། །ཅེས་པ་ནི་ དེ་ལ་དེ་བཞིན་ཞེས་བྱ་བའི་དོན་ནི་གོང་དུ་འཇིག་རྟེན་ལས་འདས་པའི་ལྷ་ཁྲོ་བོ་གཞན་རྣམས་སྐྲག་ནས་བརྒྱལ་ཏེ། ལག་ཆ་ཤོར་བ་དེ་བཞིན་དུ་འཇིག་རྟེན་པའི་ལྷ་རྣམས་ཀྱང་སྐྲག་སྟེ་སྔངས་ནས་ཐམས་ཅད་གནས་ནས་འདུས་ཏེ། ཕྱག་བཙལ་ནས་བསྟན་པ་ལ་སྐྱབས་སུ་དོང་ངོ་ཞེས་བྱ་བའི་ཐ་ ཚིག་གོ། །གཞན་ཡང་ཐལ་མོ་སྦྱར་བྱས་ཏེ། །ཞེས་པ་ནས། གཟི་བརྗིད་འབར་བར་ཕྱོགས་ཁྱབ་པ། །ཁམས་གསུམ་འཁྲུགས་པར་མཛད་པ་མཐོང་། །ཞེས་པའི་བར་དུ་བསྟོད་པ་སྔར་བྱས་ནས་གསོལ་བ་འདེབས་པ་ཞེས་པའི་དོན་ཏོ། །གཞན་ཡང་ཐལ་མོ་སྦྱར་བྱས་ཏེ། །སྐྲག་ནས་བསྟོད་པ་མང་པོ་བྱེད། ། ཅེས་བྱ་བ་ལ། དེ་ལ་གཞན་ཡང་ཞེས་བྱ་བ་ནི་གོང་དུ་ལྷ་རྣམས་ཐམས་ཅད་འདུད་ཅིང་ཕྱག་འཚལ་བར་མ་ཟད་ཀྱི། །ལྷ་དེ་དག་སྐྲག་ནས་ཐལ་མོ་སྦྱར་ཏེ་ཁྲོ་བོ་དེ་ལ་བསྟོད་པ་མང་པོ་བྱེད་དོ་ཞེས་པའོ། །དེ་ཡང་ཇི་སྐད་བསྟོད་པ་ནི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་གསུངས་ཏེ། རྒྱུད་འདིར་ནི། རྒྱུད་ མང་དུ་དོགས་ནས་སློབ་དཔོན་གྱིས་མ་གསུངས་སོ། །བསྟོད་པ་དེ་ཡང་ཚིག་ཅི་འདྲ་བ་ཞིག་གིས་བསྟོད་ཅེ་ན། དེ་ཡང་རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་ཁྲོ་བོ་དེ་ལ་བསྟོད་ཅེས་པའི་དོན་ཏོ། །ལྷ་རྣམས་དེ་ཡི་གཟི་བརྗིད་ ཀྱིས། །གཟིར་བཞིན་དུ་ནི་རབ་སྨྲས་པ། །ཞེས་བྱ་བ་ནི་འཇིག་རྟེན་པའི་ལྷ་དེ་རྣམས་ཀྱང་ཁྲོ་བོ་དེའི་གཟི་བརྗིད་ཀྱིས་གཟིར་བཞིན་དུ་གསལ་བ་ཞེས་པ་སྟེ། དེ་ཡང་གང་ཞེ་ན་གསུངས་པ་ཞེས་པའི་དོན་ཏོ། །བཅོམ་ལྡན་བདག་ཅག་སངས་རྒྱས་དང་། །ཆོས་དང་དགེ་འདུན་ལ་སྐྱབས་མཆི། ། ཞེས་བྱ་བ་ལ་སོགས་པ་གཞན་ནི་འཇལ་བར་བྱས། རབ་ཏུ་མི་བཟད་འཇིགས་པའི་གཟུགས། །གཟི་བརྗིད་འབར་བས་ཕྱོགས་ཁྱབ་པས། །ཁམས་གསུམ་འཁྲུགས་པར་མཛད་པ་མཐོང་། །ཞེས་བྱ་བ་ནི་ཁྲོ་བོའི་གཟུགས་ཀྱི་བྱེ་བྲག་ལ་བྱ་སྟེ། དེ་ལྟ་བུའི་གཟུགས་དེ་བརྟུལ་ ཞེས་བྱ་བའམ་མཛད་པར་མཐོང་ཞེས་བྱ་བའི་དོན་ཏོ། །གང་ཚེ་ལྷ་དང་ལྷ་མིན་རྣམས། །ཞེས་བྱ་བ་ནས། ཁྲོ་བོ་སླར་ཡང་ཞི་བར་འགྱུར། །ཞེས་པའི་བར་དུ་ཞི་བར་གྱུར་ཏོ་ཞེས་པའི་དོན་ཏོ། །དེ་ཡང་ལྷ་དང་ལྷ་མིན་ལ་སོགས་པ་མ་རུངས་པ་རྣམས་བཏུལ་ནས། སྐྲག་ནས་དཀོན་མཆོག་ གསུམ་ལ་སྐྱབས་སུ་སོང་བས། འཕགས་པ་འཇམ་དཔལ་གྱི་ཁྲོ་བོ་དེ་ཡང་སླར་ཞི་བར་གྱུར་རོ་ཞེས་པའི་དོན་ཏོ། །གཤིན་རྗེ་གཤེད་ཅེས་བྱ་བའི་ཁྲོ་བོ་ཆེན་པོ་ཞི་བ་དང་ཞེས་པ་ནས། བདག་ཅག་ཐེ་ཚོམ་ཆེན་པོ་མཆིས། །ཞེས་བྱ་བའི་བར་དུ་ནི་ཞུ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཞན་ནི་ཚིག་གཉེར་ གྱིས་འཇལ་བར་བྱས། ཁྱོད་ཀྱིས་བརྩོན་འགྲུས་མཆོག་འཚལ་བས། །ཇི་ལྟ་བུར་ནི་མཉེས་པར་བགྱིད། །ཇི་ལྟར་ཡང་ནི་དང་བར་འགྱུར། །ཞེས་པ་ནི། ཁྱོད་ལྟ་བུ་དྲག་ཅིང་མཐུ་རྩལ་ཆེ་བ། དངོས་གྲུབ་རབ་འབྲིང་རྣམ་གསུམ་སྩོལ་ཅིང་བླ་ན་མེད་པའི་གོ་འཕང་མཆོག་འཚལ་བའི་ སྒྲུབ་པ་པོས་ཐབས་ཇི་ལྟར་བགྱི་ན། ལྷ་མཉེས་པར་འགྱུར་བ་དང་། ཇི་ལྟར་ན་བྱིན་གྱིས་རློབ་ཅིང་ལྷ་མངོན་དུ་ཕྱོགས་པར་འགྱུར་བའི་སྒྲུབ་པའི་ཐབས་དེ་འཚལ་ཏེ། བདག་ཅག་ཐེ་ཚོམ་ཆེན་པོ་མཆིས། །ཞེས་པ་ནི་ཞུ་བའི་དོན་ཏོ། །ཁྲོ་བོས་ལྷ་རྣམས་ཚིག་གསན་ནས། །གཤིན་རྗེ་གཤེད་ ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནས། གཤིན་རྗེ་གཤེད་པོ་ཁྲོ་བོ་ཡི། །གཙོ་བོའི་སྙིང་པོ་དེ་གཟུང་ངོ་། །ཞེས་བྱ་བའི་བར་དུ་ཞུས་པའི་ལན་འདེབས་ཞེས་བྱ་བའི་དོན་སྟོན་ཏོ། །དེ་ལ། ཁྲོ་བོས་ལྷ་རྣམས་ཚིག་གསན་ནས། །གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་ནས། །ཞེས་པ་ ནི། གོང་དུ་ལྷ་རྣམས་ཀྱིས་ཞུས་པའི་ཚིག་ཁྲོ་བོས་གསན་ནས། སླར་བཀའ་ལན་སྩོལ་པའོ། །གཟི་བརྗིད་ཆེན་པོ་ཁྱེད་རྣམས་ཀུན། །ཞེས་བྱ་བ་ནི་དེ་ལྟར་ལྷ་མ་སྲིན་མ་རུངས་པ་དེ་དག་བཀའ་ཉན་པས་ཁྲོ་བོ་ཞི་བར་གྱུར་ཏོ། །སླར་བཀའ་ལན་འདེབས་པའི་ཚེ་དང་པོར་ལྷ་མ་སྲིན་དེ་དག་གིས་ ཡོན་ཏན་གྱི་སྒོ་ནས་བོས་པའི་ཚིག་ཏུ། ཀྱེ་གཟི་བརྗིད་ཆེན་པོ་ཁྱེད་རྣམས་ཀུན། །ཞེས་བོས་སོ། །གང་ཚེ་གསུམ་ལ་སྐྱབས་སོང་བ། །དེ་ཡི་ཚེ་ནི་མི་བཟད་པ། །ཁྲོ་བོ་ཡིད་ལ་གནས་པར་གྱིས། །ཞེས་པ་ནས། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ང་ཡི་ཡིད་ནི་ཞི་བར་གྱུར། །ཞེས་ བྱ་བའི་བར་དུ་གོང་དུ། ཁྱོད་ཀྱི་བརྩོན་འགྲུས་མཆོག་འཚལ་བས། །ཇི་ལྟ་བུར་ན་མཉེས་པར་བགྱིས། །ཞེས་ཞུས་པའི་ལན་འདེབས་པའི་ཚིག་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་རྣམས་ཀྱིས་དེའི་ཚེ། ངའི་སྐུ་གཟུགས་འབར་ཞིང་མི་བཟད་པའི་ཁྲོ་བོ་དེ་སེམས་ལ་ སྒོམ་པར་གྱིས་ཤིག་ཅེས་པའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡུན་རིང་དུ་གནས་པར་བྱ་བ་དང་། དེའི་བཀའ་སྲུང་བ་དང་། །སྡུག་བསྔལ་ཅན་གྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་བར་བྱ་བའི་ཕྱིར་རོ། །ང་ཡི་ཡིད་ནི་ཞི་འགྱུར་གྱིས། བྱ་བ་ནི་དོན་ དེ་ལྟ་བུའི་ཕྱིར་ན་ངའི་ཡིད་ཞི་བར་འགྱུར་ཞེས་གོང་དུ་སྦྱར། འོག་ཏུ་ཡང་སྦྱར་བར་ཤེས་པར་བྱའོ། །ཁྱེད་རྣམས་སྐྱབས་སུ་དོང་བ་དང་། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །ཞེས་བྱ་བ་ནས། ང་ཡི་སྙིང་པོ་ཡིད་ལས་བྱུང་། །ལྷ་རྣམས་ཀུན་གྱིས་གཟུང་བར་གྱིས། །ཞེས་བྱ་བའི་ བར་དུ། ཇི་ལྟར་ཡང་ནི་དང་བར་འགྱུར། །ཞེས་ཞུས་པའི་ལན་འདེབས་པའི་ཚིག་སྟེ། དེ་ལ་ཁྱེད་རྣམས་སྐྱབས་དོང་སྟེ། བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱིས་དངོས་གྲུབ་རབ་འབྲིང་རྣམ་པ་གསུམ་དང་། བླ་ན་མེད་པའི་གོ་འཕང་མཆོག་མན་ཆད་བསྒྲུབ་པའི་ མཆོག་ཏུ་གྱུར་པའི་ཡི་གེ་འབྲུ་བཅུ་བདུན་པོ་ཁྲོ་བོའི་ཐུགས་ཀ་ནས་བྱུང་བ་དེ་ལྷ་རྣམས་ཀུན་གྱིས་བཟུང་བར་གྱིས་ཤིག་ཅེས་བྱ་བའོ། །གཤིན་རྗེ་གཤེད་པོ་བདག་ཉིད་ཀྱིས། །སྙིང་པོ་རབ་ཏུ་གསུངས་པས་ན། །ཞེས་བྱ་བ་ནས། གཤིན་རྗེ་གཤེད་པོ་ཁྲོ་བོ་ཡི། །གཙོ་ བོའི་སྙིང་པོ་དེ་བཟུང་ངོ་། །ཞེས་བྱ་བའི་བར་དུ་ནི་སྙིང་པོ་མཐུ་ཆེ་བར་བསྟན་པའི་དོན་སྟོན་ཏེ། གཞན་ནི་དཀྱུས་ཉིད་ཀྱིས་འཇལ་བར་བས། །ཡན་ལག་ཀུན་ནས་སྤུ་ལངས་ནས། །ཞེས་པ་ནི་སྙིང་པོ་འབྲུ་བཅུ་བདུན་པོ་གསུངས་པས། ལྷ་རྣམས་ཀུན་དགའ་མགུ་རངས་ནས་ཡན་ལག་གི་ བ་སྤུ་རྣམས་གཡོས་ཤིང་ལངས་སོ་ཞེས་སོ། །གཤིན་རྗེ་གཤེད་པོ་ཁྲོ་བོ་ཡི། །གཙོ་བོའི་སྙིང་པོ་དེ་བཟུང་ངོ་། །ཞེས་པ་ནི། གཤིན་རྗེའི་གཤེད་པོའི་ཁྲོ་བོ་རྣམས་ཀྱི་ནང་ནས་གཙོ་བོ་དེའི་སྙིང་པོ་ལྷས་མནོས་སོ་ཞེས་པའོ། །དེས་ནི་མཁན་པོ་དང་སློབ་མའི་ཚུལ་བསྟན་པའོ། ། སྐབས་འདིར་སྙིང་པོ་མཐུ་ཆེ་བར་བསྟན་པའི་དོན་སྟོན་པ་འདི་གང་དུ་སྔར་བཤད་པ་ལྟར་ཞུས་པའི་ལན་འདེབས་པ་ཞེས་པའི་དོན་གྱི་ནང་དུ་གཅིག་ཏུ་བསྡུས་ན་ཡང་མི་རུང་བ་མེད་ལ། སྙིང་པོ་མཐུ་ཆེ་བར་བསྟན་པའི་དོན་གཅིག་གིས་སྐབས་འདིར་ས་བཅད་དེ་བཤད་ན། ཡང་ཉེས་པ་མེད་པས་ དེ་གཉིས་ཀ་ཡང་རུང་བར་གཟུང་ངོ་། །དེ་ནས་དམ་ཆོས་བསྲུང་བའི་ཕྱིར། །ཁྲོ་བོ་རྣམ་པར་རྒྱལ་བ་ཡི། །རྟོག་པ་འདི་ནི་དེ་དག་ལ། །གཤིན་རྗེ་གཤེད་ཀྱིས་རྒྱས་པར་གསུངས། །ཞེས་བྱ་བ་ནི་རང་གི་ཆོ་ག་རྒྱས་པར་བཤད་པའི་ཞེས་བྱ་བའི་དོན་ཏེ། དེ་ལ་དམ་ཆོས་བསྲུང་ཞིང་བསྐྱང་བའི་ ཕྱིར་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པོ་ལྷ་དེ་རྣམས་ལ་ཆོ་ག་རྒྱས་པར་བསྡུས་སོ་ཞེས་པའོ། །དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི། །རྟོག་པ་ཁྲོ་བོ་ཉིད་ཀྱིས་གསུངས། །ཞེས་པ་ནས། དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར། །སོ་སོ་ཡི་ནི་རྟོག་པ་བཤད། །ཅེས་པའི་བར་དུ་ ལྷ་རྣམས་ཀྱི་ཆོ་ག་རྒྱས་པར་བཤད་པ་བསྟན་པ་ཞེས་བྱ་བའི་དོན་སྟོན་ཏེ། །དེ་ལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ཁྲོ་བོ་ཉིད་ཀྱིས་གསུངས་པ་སྟེ། སྙིང་རྗེ་དང་བྱང་ཆུབ་སེམས་དང་ལྡན་པའི་ལྷ་རྣམས་ཀྱིས་ཐོས་ནས་ཡིད་རབ་ཏུ་དགའ་བར་གྱུར་ཏེ། ལྷ་དེ་དག་གིས་ཀྱང་དྲིན་ལན་ལན་གྱིས་ གླན་པའི་ཚུལ་གྱིས་སོ་སོ་རྟོག་པ་དག་གི་ཆོ་ག་སྨྲས་སོ་ཞེས་པའོ། །ཅིའི་ཕྱིར། སོ་སོ་རང་རང་གི་རྟོག་པ་དག་སྨྲས་ཤེ་ན། དེ་ཡང་དཀོན་མཆོག་གསུམ་བསྲུང་བའི་ཕྱིར་ཏེ། དེ་ལ་འཇིག་རྟེན་པའི་ལྷ་སོ་སོའི་སྙིང་པོ་ལ་སོགས་པའི་ཆོ་ག་རྒྱས་པར་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་དུ་སྨྲས་ པ་ན། ཁྲོ་བོའི་རྒྱུད་དེ་ནི་མུ་སྟེགས་ཅན་གྱིས་མཐོང་བ་ན་རང་རང་གི་ལྷ་གཙོ་བོའི་སྔགས་དང་ཕྱག་རྒྱ་དང་། དེ་བསྒྲུབ་པའི་ཆོ་ག་རྒྱས་པར་གསུངས་པ་ན། དེ་དག་ཀྱང་བསྟན་པ་ལ་འཇུག་པར་འགྱུར་ཏེ། དེ་ཉིད་ཀྱི་དཀོན་མཆོག་གསུམ་བསྲུང་བར་འགྱུར་བ་དང་། དཀོན་མཆོག་གསུམ་གྱི་རྟེན་འཇིག་ པ་ཞིག་ན། ལྷ་དེ་དག་ཕྱག་རྒྱ་དང་སྔགས་ལ་སོགས་པའི་ཆོ་ག་སྦྱར་བ་ལས། ཕ་རོལ་པོ་མ་རུངས་པ་དེ་དག་རྣམས་ཐུལ་བར་འགྱུར་བའི་ཕྱིར་ཡང་དཀོན་མཆོག་གསུམ་བསྲུང་བར་འགྱུར་བ་དང་། དེ་དག་གི་དོན་དུ་འཇིག་རྟེན་པའི་ལྷ་སོ་སོ་རང་རང་གི་ཆོ་ག་རྒྱས་པ་དག་ཀྱང་ཁྲོ་བོ་རྣམ་པར་ རྒྱལ་བའི་རྒྱུད་ཆེན་པོར་སྨྲས་ཤིང་བཤད་དོ་ཞེས་པའོ། །དེ་དག་གི་ནི་རྩ་བའི་རྒྱུད། །ཁྲོ་བོ་ཉིད་ཀྱིས་རབ་གསུངས་པ། །ཞེས་པ་ནས། སྙིང་རྗེ་དེ་བཞིན་རྒྱས་པ་དང་། །རྣམ་པ་མང་པོར་བྱིན་གྱིས་རློབས། །ཞེས་བྱ་བའི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ དོན་ཏེ། དེ་ལ་བདག་གི་རྩ་བའི་རྒྱུད་ཅེས་བྱ་བ་ནི་འཇིག་རྟེན་པའི་ལྷ་དེ་དག་རྩ་བའི་རྒྱུད་དུ་གྱུར་པའི་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་འདི་ཉིད་ལ་བྱའོ། །ཅིའི་ཕྱིར་དེ་དག་གི་རྩ་བའི་རྒྱུད་དུ་གྱུར་པ་ཞེས་བྱ་ཞེ་ན། དང་པོར་ལྷ་དེ་རྣམས་བཏུལ་ནས་སོ་སོའི་སྙིང་པོ་དང་། ཕྱག་རྒྱ་ལ་སོགས་པའི་ཆོ་ གའི་རྟོག་པ་རྣམས་ལྷ་སོ་སོས་ཕུལ་ཞིང་སྨྲས་ཏེ། ཁྲོ་བོའི་རྒྱུད་དུ་བཤད་པས་ན་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཉིད་ལྷ་དེ་དག་གི་རྩ་བའི་རྒྱུད་ཅེས་བྱའོ། །ལྷ་དེ་དག་གི་རྟོག་པ་ནི་དངོས་ནི་རྒྱུད་ཆེན་པོ་ལས་འབྱུང་སྟེ་ལེའུ་སྟོང་པ་འདི་ལས་མི་འབྱུང་ངོ་། །ཁྲོ་བོ་རྣམ་རྒྱལ་ཞེས་བྱ་འདི། ། འཇིག་རྟེན་འདས་དང་འཇིག་རྟེན་པས། །ཁྲོས་པ་ཞེས་པ་ནི། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་དེ། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་དང་། འཇིག་རྟེན་པའི་ལྷ་མ་སྲིན་མཐུ་བོ་ཆེ་རྣམས་ཁྲོ་བོའི་འཁོར་ན་བཞུགས་པ་རྣམས་ཀྱིས་ སྔོན་ཡང་ཁྲོ་བོ་རྣམས་ཕྱག་བྱས་ཤིང་ཁྲོ་བོ་དེའི་ཞལ་ནས། ཇི་སྐད་གསུངས་པ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཐོས་ནས་ཀྱང་ཞེས་པ་སྟེ། དེ་གསུངས་པ། སྔོན་ནི་ཕྱག་བྱས་ཁྲོ་བོ་ཡི། །ཞལ་ནས་ཇི་བཞིན་ཐོས་ནས་ཀྱང་། །ཞེས་གསུངས་སོ། །ཁྲོ་བོ་ཉིད་ཀྱིས་ གསུངས་པའི་རྒྱུད་དང་། བྱང་ཆུབ་སེམས་འདི་རྟོགས་རྣམས་ཀྱིས། །སྙིང་རྗེས་དེ་བཞིན་རྒྱས་པ་དང་། རྣམ་པ་མང་པོས་བྱིན་གྱིས་བརླབས། །ཞེས་པ་ནི་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་གསུངས་པ་དང་། ཡང་ཁྲོ་བོའི་ཆོ་ག་རྒྱས་པ་དང་། རྣམ་པ་ཐ་དད་པ་མང་པོར་བཤད་པ་ བཞིན་དུ། སེམས་ཅན་གྱི་དོན་དུ་འགྱུར་བར་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱིན་གྱིས་བརླབས་སོ། །རྒྱུད་འབྱུང་བ་ཞེས་བྱ་བའི་སྐབས་དང་པོ་ལ། དེ་ལྟར་བསྡུས་པའི་དོན་རྣམ་པ་དགུར་ཕྱེ་སྟེ་བསྟན་པ་བཤད་ཟིན་ཏོ། །ད་ནི་ཡི་དགས་ཕལ་པོ་ཆེའི་སྐབས་ལ་ལ་བསྡུས་ པའི་དོན་རྣམ་པ་བཅོ་ལྔས་བཤད་པ་ལ། མགོ་གླེང་བ་དང་། ས་བརྟག་པ་དང་། ས་སྦྱང་བ་དང་། ཐིག་གདབ་པའི་རིམ་པ་དང་། ཕྱག་རྒྱ་ལ་སོགས་པ་དགོད་པ་དང་། ལས་ཀྱི་བྱེ་བྲག་གིས་དཀྱིལ་འཁོར་གྱི་ཚད་ངེས་པར་བྱ་བ་དང་། མཆོད་པའི་ཡོ་བྱད་བསོགས་པ་དང་། ཕྱག་རྒྱ་ལ་ སོགས་པ་བསམ་པ་དང་། སྤྱན་དྲངས་པ་སྔར་བྱས་ནས་དད་པའི་ལྷའི་རང་བཞིན་བསྒོམ་པ་དང་། མཆོད་པ་དང་སློབ་མ་སྔར་བཙུད་ནས་ཕྱག་རྒྱ་དང་། དམ་ཚིག་བསྟན་པ་དང་། སྔར་དབང་བསྐུར་ནས་གསང་སྔགས་སྦྱིན་པ་དང་། བླ་མ་ལ་མཆོད་པ་དང་། སླར་མཆོད་པ་བྱས་ནས་ ལྷ་སླར་བཏང་བ་དང་། དེ་ལ་མཆོད་པའོ། །དེ་ནས་ཁྲོ་བོ་རྣམ་པར་རྒྱལ། །འཇམ་དཔལ་ཁྲོ་བོས་བཤད་པ་ཡི། །ཞེས་པ་ནས། འཇིག་རྟེན་གསུམ་པོར་འཁྲུག་པར་མཛད། །ཡི་དགས་མང་པོ་ཞེས་བྱ་བའི། །ཞེས་བྱ་བའི་བར་དུ་མགོ་གླེང་བའི་ཞེས་བྱ་བའི་དོན་སྟོན་ཏེ། དེ་ལ་ཡང་གཉིས་ཏེ། སྤྱིར་གླེང་བ་དང་། བྱེ་བྲག་ཏུ་གླེང་བ་རྣམ་པ་གཉིས་སོ། །དེ་ལ་དང་པོ་སྤྱིར་གླེང་བ་སྟོན་ཏེ། དེ་ནས་ཁྲོ་བོ་རྣམ་པར་རྒྱལ། །འཇམ་དཔལ་ཁྲོ་བོས་བཤད་པ་ཡི། །རྟོག་པ་རྨད་དུ་བྱུང་བའི་མཆོག །མདོར་ན་རབ་ཏུ་བཤད་པར་བྱ། །ཞེས་བྱ་བ་ནི། སྤྱིར་གླེང་བ་ཞེས་བྱ་བ་བསྟན་ཏེ། དེ་ལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་འཕགས་པ་འཇམ་དཔལ་ཁྲོ་བོས་བཤད་པ་འདི་ནི་རྟོག་པ་རྨད་དུ་བྱུང་བའི་མཆོག་ཅེས་བྱ་སྟེ། ཅིའི་ཕྱིར་རྨད་དུ་བྱུང་བ་ཞེས་བྱ་ཞེ་ན། སྔགས་དང་ཕྱག་རྒྱ་དང་། རྫས་དག་ཏུ་སྦྱོར་བ་བྱས་པ་ལ་དངོས་གྲུབ་རབ་འབྲིང་རྣམ་གསུམ་དང་། ལས་རྣམ་བཞི་ དང་། སྒྱུ་མ་ལ་སོགས་པའི་ལས་ངོ་མཚར་གྱི་ཡ་མཚན་དག་སྟོན་པས་རྨད་དུ་བྱུང་བ་ཞེས་བྱའོ། །དེ་ལ་འཇིག་རྟེན་པའི་ལྷ་སོ་སོའི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྦྱོར་བ་བྱས་པ་ལས་ཀྱང་རྨད་དུ་བྱུང་བའི་ཡ་མཚན་དག་སྟོན་པར་བྱེད། དེ་དག་ལས་ཀྱང་ཁྱད་པར་དུ་བསྟན་པས་ན་ མཆོག་ཅེས་བྱའོ། །མ་འོངས་པའི་སེམས་ཅན་སྤྱོད་པ་དམན་ཞིང་བློ་ཞན་པ་རྣམས་ལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་གཉིས་པོ་དང་། ཤློ་ཀ་སྟོང་ཕྲག་བཞུགས་པ་ཟབ་ཅིང་རྒྱ་ཆེ་བ་སྟེ། ཤེས་རབ་རྣམ་གསུམ་གྱི་སྒོ་ནས་དེ་དག་སྤྱོད་པར་མི་ནུས་པས་དེ་ནས་མདོ་ཉུང་ ངུར་བཏུས་ནས། སེམས་ཅན་སྤྲོ་ཞིང་དེ་ལ་འཇུག་པར་འགྱུར་བའི་དོན་དུ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཀྱི་ཆོ་ག་ཉི་ཚེ་ཙམ་ཞིག་མདོར་བསྡུས་ནས་བཤད་དོ་ཞེས་པའོ། །དེ་ལ་འདི་ཡི་དཀྱིལ་འཁོར་ནི། །ཞེས་བྱ་བ་ནས། ཡི་དགས་མང་པོ་ཞེས་བྱའོ། །ཞེས་བྱ་བའི་བར་དུ་བྱེ་བྲག་ཏུ་ གླེང་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ཡི་དཀྱིལ་འཁོར་ནི། །ཞེས་བྱ་བ་ནི་འདི་ཞེས་བྱ་བ་ནི་རྒྱུད་འདི་ཉིད་ཀྱི་དཀྱིལ་འཁོར་ལ་བྱ་བའམ། ཡང་ན་ཁྲོ་བོ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། གསུངས་པ། དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །ཞེས་པ་སྟེ། འོ་ན་དཀྱིལ་འཁོར་དེ་བྲིས་པ་ཙམ་གྱིས་དངོས་གྲུབ་སྩོལ་བར་འགྱུར་རམ་ཞེ་ན། མ་ཡིན་ཏེ་ཇི་སྐད་དུ་གསུངས་པ་བཞིན་དུ་དཀྱིལ་འཁོར་བྲིས་ནས་དེ་ལྟར་སྤྱན་དྲངས་ཏེ་ཚུལ་བཞིན་བསྒྲུབས་ན་དངོས་གྲུབ་སྩོལ་བར་འགྱུར་བ་ལ་བྱའོ། ། དེར་ཡང་མ་ཟད་དེ། འཇིག་རྟེན་གསུམ་པོ་འཁྲུག་པར་མཛད། །ཅེས་པ་སྟེ། དངོས་གྲུབ་བསྒྲུབ་པའི་ཚེ་ས་འོག་གི་འཇིག་རྟེན་དང་། མིའི་འཇིག་རྟེན་དང་། ལྷའི་འཇིག་རྟེན་དང་། འཇིག་རྟེན་གསུམ་པོ་དག་ཀྱང་འཁྲུག་པར་མཛད་དོ་ཞེས་པ་སྟེ། དེ་དག་ནི་དཀྱིལ་འཁོར་ གྱི་ཡོན་ཏན་ནོ། །ཡི་དགས་མང་པོ་ཞེས་བྱ་བའི། །ཞེས་བྱ་བ་ནི་དཀྱིལ་འཁོར་དེ་ཡི་དགས་མང་པོའི་དཀྱིལ་འཁོར་ཞེས་བྱ་སྟེ། དེ་ལ་ཅིའི་ཕྱིར་ཡི་དགས་མང་པོ་ཞེས་བྱ་ཞེ་ན། དཀྱིལ་འཁོར་འདིར་ཡི་དགས་མང་པོ་འབྱུང་བས་ན་ཡི་དགས་མང་པོ་སྨོས་ཏེ། དཀྱིལ་འཁོར་ ཉིད་དུ་ཡང་བེ་ཅོན་ཕྱག་རྒྱ་འདྲི་བ་ནི་ཉུང་ཡི་དགས་ནི་མང་དུ་འདྲི་བས་ན་ཉུང་ངུའི་བཟླས་པ་མང་པོ་སྨོས་ཏེ། དེ་བས་ན་ཡི་དགས་མང་པོའི་དཀྱིལ་འཁོར་ཞེས་བྱའོ། །ཡི་དགས་དེས་ཀྱང་སེམས་ཅན་འདུལ་བའི་དབང་གི་སླད་དུ་ཡེ་ཤེས་ཀྱི་སྤྲུལ་པ་ཡིན་པར་བཤད་དོ། །ཐམས་ཅད་དུ་ནི་ དཀྱིལ་འཁོར་འདི། །གནས་ནི་གང་དུ་འགྲུབ་འགྱུར་བ། །ཞེས་བྱ་བ་ནས། གང་དུ་ཡིད་ནི་དགའ་བར་ཡང་། །དེར་ནི་དཀྱིལ་འཁོར་རབ་ཏུ་བྱ། །ཞེས་བྱ་བའི་བར་དུ་ས་བརྟག་པའི་དོན་བསྟན་ཏེ། དེ་ལ། ཐམས་ཅད་དུ་ནི་དཀྱིལ་འཁོར་འདི། །གནས་འདི་གང་དུ་འགྲུབ་འགྱུར་བ། ། ཞེས་པ་ནི་དུས་ཐམས་ཅད་དུ་དཀྱིལ་འཁོར་གནས་གང་དུ་བྱས་ན་འགྲུབ་པར་འགྱུར་བའི་དཀྱིལ་འཁོར་གྱི་གནས་དེ་སྔགས་པས་ཐོག་མ་ཉིད་དུ་ས་བརྟག་པར་བྱའོ་ཞེས་པ་སྟེ། དེ་བས་ན་གསུངས་པ། སྔགས་པས་ཐོག་མ་ཉིད་དུ་ནི། །དེ་ཡི་གནས་ནི་བརྟག་པར་བྱ། །ཞེས་གསུངས་ སོ། །དེ་ལ་ཐམས་ཅད་དུ་ནི་ཞེས་པ་དུས་ཐམས་ཅད་དུ་ཞེས་བྱ་བ་སྟེ། དངོས་གྲུབ་བསྒྲུབ་པའི་གནས་ཐམས་ཅད་ལ་བྱའོ། །དེ་ལ་ཤིང་གཅིག་ཅེས་བྱ་བ་ནི་ཤིང་རིགས་ཆེ་བ་ཨ་ཤྭ་ཏྠ་ལ་སོགས་པ་དང་། བོད་ན་ཤུག་པ་དག་ལ་བྱ་སྟེ། དེ་ལྟ་བུའི་ཤིང་གཅིག་ཏུ་སྐྱེས་པ་ལ་བྱ་སྟེ། དེ་ཡང་ཤིང་ སྐམ་པོ་དང་། བཀྲ་མི་ཤིས་པའི་སྐྱོན་མེད་པ་ཤིང་གཞན་གྱི་ལོ་མ་དང་མ་འདྲེས་པ་སྔ་དྲོ་ཤིང་གཞན་གྱི་གྲིབ་མས་མ་ཕོག་པའི་ཤིང་གཅིག་འགྲེད་ལོ་མ་མང་པོ་མགོ་ཟླུམ་པོར་སྐྱེས་པ་ལ་བྱའོ། །བཞི་མདོ་དང་ཞེས་པ་ནི། རྒྱུན་ལུགས་ཀྱི་ལམ་པོ་ཆེ་བཞིན་རྒྱ་གྲམ་དུ་ཡོད་པ་ལ་བྱའོ། ། མུ་གཉིས་དང་ཞེས་པ་ནི། ཆུ་རླུང་འབབ་པའི་ཕ་རོལ་ཚུ་རོལ་གྱི་འགྲམ་གཉིས་ལས་གང་ཡང་རུང་བའི་འགྲམ་དུ་བསྒྲུབ་པ་ལ་བྱའོ། །རྣམ་པ་གཅིག་ཏུ་ན་ཆུ་བོ་གཉིས་འབབ་པའི་བར་གྱི་མདོ་ལ་བྱ་སྟེ། དེ་ཡང་གཡས་གཡོན་ནས་འབབ་པའི་འགྲམ་དང་ཉེ་བའི་བར་གྱི་མདོར་གནས་ཏེ་ བསྒྲུབ་པར་བྱའོ་ཞེས་པའོ། །ཐིབས་པོ་སྟོང་པ་ལམ་སྲང་རྙིང་། །ཞེས་པ་ནི་ནགས་ཚལ་སྟུག་པོ་མི་ལ་སོགས་པས་མི་ཐར་བ་ཙམ་གྱི་ཚོད་ཀྱི་ནགས་ཚལ་ལ་བྱ་སྟེ། ཐིབས་པོ་ལ་ཡང་བྱ་སྟེ་དེར་གནས་ཏེ། བསྒྲུབ་པ་དང་། དེ་ལྟ་བུའི་གནས་ན་ཡང་མི་དག་མེད་པར་གནས་པ་ལ་བྱའོ། ། སྔོན་གྱི་ལམ་སྲང་རྙིང་པའི་བཞི་མདོ་དེ་དག་དུ་ཡང་བསྒྲུབ་ཅིང་གནས་པ་ལ་བྱའོ། །ལྷ་ཆེན་གྱི་ནི་གནས་ཀྱང་རུང་། །ཞེས་པ་ནི། མ་ཧཱ་དེ་བའི་རྟེན་གྱི་གནས་ཀྱང་རུང་། །སྔོན་མཆོད་པའི་རྟེན་རྙིང་པ་དག་ཀྱང་རུང་བའི་གནས་སུ་བསྒྲུབ་ཅིང་གནས་པར་བྱའོ། །ཁྱད་པར་དུ་ཡང་ཡུལ་ གཙང་མར། །གང་དུ་ཡིད་ནི་དགའ་བར་ཡང་། །ཞེས་བྱ་བ་ལ་གནས་མིང་གིས་བཤད་པ་རྣམས་ལ་ཁྱད་པར་དུ་ཡུལ་སྨེ་བག་མེད་པའི་ཡུལ་གཙང་མ་གང་དུ་སྔགས་པ་ཡིད་དགའ་ཞིང་དད་པའི་གནས་དེར་དཀྱིལ་འཁོར་བྲིའོ་ཞེས་པའོ། །དེ་ནས་རིག་འཛིན་ནན་ཏན་གྱིས། །ས་ནི་ རབ་ཏུ་སྦྱང་བྱས་ཏེ། །ཞེས་པ་ནས། བ་ཡི་ལྔ་དང་ལྡན་པ་ཡི། །བ་ཡི་ལྕི་བས་བྱུག་པར་བྱ། །ཞེས་པའི་བར་དུ་ས་སྦྱང་བ་ཞེས་བྱ་བའི་དོན་སྟོན་ཏོ། །དེ་ནས་རིག་འཛིན་ནན་ཏན་གྱིས་ས་ཞེས་བྱ་བ་ནི་སྔགས་པ་དེས་ས་གཞི་བ་ཚྭ་མེད་པ་དང་མ་གས་པ་དང་། ཐག་ཐུག་དང་། ལྦང་ལྦུང་མེད་ཅིང་མཉམ་པ་དང་། སྡོང་དུ་མ་ལ་སོགས་པའི་ཟུག་རྔུ་མེད་པའི་གནས་བཟང་པོ་དག་ཏུ་ཇི་སྐད་དུ་གསུངས་པ་བཞིན་དུ་ས་བརྐོས་ཏེ་སླར་ས་མཉན་བཟང་པོས་བླུགས་པ་ལ་སོགས་པ་ཚུལ་བཞིན་དུ་བྱའོ་ཞེས་པའོ། །ཁ་དོག་སྣུམ་པ་ལྷག་པར་བཟང་། །ཞེས་བྱ་བ་ནི་མཎྜལ་གྱི་ ས་གཞི་བསྙམས་ཏེ། ཤར་དང་བྱང་མཐོ་བར་བྱས་པའི་ས་གཞི་དེ་ལྟ་བུའི་ཁ་དོག་སྡུག་ཅིང་མཛེས་པར་བྱས་ན་ལྷག་པར་བཟང་ངོ་ཞེས་པའོ། །བ་ཡི་ལྔ་དང་ལྡན་པ་ཡི། །བ་ཡི་ལྕི་བས་བྱུག་པར་བྱ། །ཞེས་པ་ནི། བ་སེར་མོའི་ལྕི་བ་གཤེར་བ་བཙིར་བའི་ཁུ་བ་དང་། འོ་མ་དང་། གཅིན་དང་། མར་དང་། ཞོ་དང་། འདི་རྣམས་ལྔ་ཆ་བསྙམས་ཏེ། བའི་ལྕི་བ་དང་བསྲེས་པས་མཎྜལ་ལ་བྱུག་པར་བྱའོ་ཞེས་པའོ། །ཅི་རིགས་པར་ནི་བྱུག་པར་བྱ། །སློབ་དཔོན་གྱིས་ནི་ཁྲུས་བྱས་ལ། །ཞེས་བྱ་བ་ནས། ཉེ་བ་ཡི་ནི་མཛེས་བྱེད་ཀྱང་། །མཛེས་བྱེད་དང་ནི་འདྲ་ བར་བྱ། །ཞེས་བྱ་བས་ཐིག་གདབ་པའི་རིམ་པའི་དོན་སྟོན་ཏོ། །དེ་ལ། ཅི་རིགས་པར་ནི་བྱུགས་ནས་ཀྱང་། །སློབ་དཔོན་གྱིས་ནི་ཁྲུས་བྱས་ལ། །སྨྱུང་བ་བྱས་ཏེ་མཉམ་བཞག་ནས། །ཁྲོ་བོའི་སྲུང་བ་བྱིན་གྱིས་བརླབ། །ཅེས་བྱ་བ་ནི་དེ་ལ་ཅི་རིགས་པར་ནི་ཞེས་བྱ་བ་ འོག་ནས་འབྱུང་བའི་ཚིག་གིས་དཀྱིལ་འཁོར་ནུབ་མོ་བྲི་ཞེས་འབྱུང་བ་ལ་ཡང་སྦྱར་ཏེ། དེ་ཡང་དུས་ཚད་མེད་དེ་གང་དུ་བྲི་ཡང་རུང་ངོ་། །དེ་ལ་སློབ་དཔོན་ཉིད་ཀྱིས་ཁྲུས་བྱས་ལ། དཀྱིལ་འཁོར་བྲི་ཞིང་སློབ་མ་དཀྱིལ་འཁོར་དུ་འཛུད་པའི་ཚེ་ན་ཞག་གཅིག་སྨྱུང་བར་འདུག་ནས་འདོད་ ཆགས་དང་ཞེ་སྡང་གཏི་མུག་ལ་སོགས་ཏེ། དེའི་ཕྱི་རོལ་གྱི་ཡུལ་ལ་རྟོག་པ་མི་བཏང་བར་སེམས་རྩེ་གཅིག་པར་མཉམ་པར་བཞག་ནས་ཁྲོ་བོ་ཆེན་པོའི་སྐུར་བསྒྱུར་ཏེ། ཡན་ལག་ལྔ་ལ་སོགས་པའི་སྔགས་ཀྱིས་ཀྱང་སྐུའི་ཡན་ལག་རྣམས་སུ་བྱིན་གྱིས་བརླབ་བོ་ཞེས་པས་སོ། །ཡི་ དགས་ཕལ་ཞེས་བྱ་བ་ཡི། །དཀྱིལ་འཁོར་གསང་མཆོག་ནུབ་མོ་བྲི། །ཞེས་བྱ་བ་ནི། ཡི་དགས་མང་པོའི་དཀྱིལ་འཁོར་གསང་བའི་མཆོག་དེ་དུས་གང་དུ་བྲི་ཞེ་ན། ནུབ་མོ་བྲི་ཞེས་པའོ། །ཅིའི་ཕྱིར་ནུབ་མོ་བྲི་ཞེ་ན། ཐམས་ཅད་ཀྱིས་མཐོང་བར་མི་བྱ་བའི་ ཕྱིར་ཡང་ནུབ་མོ་བྲི་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནུབ་མོ་ལྷག་པར་བྱིན་གྱིས་རློབ་པའི་ཕྱིར་ནུབ་མོ་བྲིའོ་ཞེས་པའོ། །ཟར་མའི་རས་སམ་རས་བལ་ལམ། ཐིག་སྐུད་སུམ་སྒྲིལ་མཛེས་པ་ཡིས། །ཞེས་བྱ་བ་ནི་དཀྱིལ་འཁོར་ཐིག་སྐུད་སྨོས་པ་སྟེ། དེ་ཡང་རྒྱུ་ གང་ལས་བྱ་ཞེ་ན། ཟར་མའི་རས་སམ་རས་བལ་གྱི་སྐུད་པ་སུམ་སྒྲིལ་དུ་བྱས་ལ་ཐིག་སྐུད་བྱའོ་ཞེས་པའོ། །གྲྭ་བཞི་དང་ནི་སྒོ་བཞི་པར། །མཁས་པས་དཀྱིལ་འཁོར་ཐིག་གདབ་བྱ། །ཞེས་བྱ་བ་ནི། གྲུ་བཞི་པ་སྒོ་བཞི་ཡོད་པར་དཀྱིལ་འཁོར་ཐིག་གདབ་པར་བྱའོ་ཞེས་པ་ སྟེ། དེ་ཡང་ཇི་ལྟར་ཐིག་གདབ་པར་བྱ་ཞེ་ན། གསུངས་པ། ཐོག་མར་ཤར་དང་བྱང་ནས་ནི། །ལྷོ་དང་ནུབ་ཀྱི་བར་དུའོ། །ཞེས་གསུངས་པ་འདི་ནི་དཀྱིལ་འཁོར་གྱི་ཐིག་འདེབས་པའི་ཚེ་སློབ་མ་འདུག་པའི་གནས་བསྟན་པ་སྟེ། དེ་ཡང་གནས་གང་དུ་འདུག་པར་བྱ་ཞེ་ན། ཤར་ དང་བྱང་གི་མཚམས་སུ་སྟེ། ཨ་ཤ་ནར་སློབ་མ་འདུག་པར་བྱ་བ་དང་། ལྷོ་དང་ནུབ་ཀྱི་མཚམས་ཏེ་བདེན་བྲལ་ཕྱོགས་སུ་སློབ་མ་འདུག་པར་བྱ་བ་སྟེ། ངོས་གཉིས་སུ་སློབ་མ་འདུག་སྟེ་ཐིག་གདབ་པར་བྱའོ། །འོ་ན་སློབ་དཔོན་གནས་གང་དུ་འདུག་པར་བྱ་ཞེ་ན། ཤར་དང་ལྷོ་ཡི་མཚམས་དང་ ནི། །ནུབ་དང་བྱང་གི་མཚམས་དག་ཏུ། །ཞེས་པ་ནི་སློབ་དཔོན་དེ་ཤར་དང་ལྷོའི་མཚམས་སུ་སྟེ། མེའི་ཕྱོགས་སུ་འདུག་པར་བྱ་བ་དང་། ནུབ་དང་བྱང་གི་མཚམས་སུ་སྟེ། རླུང་གི་ཕྱོགས་སུ་འདུག་པར་བྱ་སྟེ། དཀྱིལ་འཁོར་གྱི་ཐིག་གདབ་བོ་ཞེས་གསུངས་སོ། །དེ་ལྟར་སློབ་དཔོན་དང་སློབ་ མའི་གནས་ངེས་པར་གསུངས་པ་ལས། སློབ་དཔོན་གྱི་གནས་གུད་དུ་འདུག་པར་མི་བྱའོ་ཞེས་པའོ། །དེ་ལྟར་སློབ་དཔོན་དང་སློབ་མ་གནས་སོ་སོར་འཆད་པར་གསུངས་ནས། དེ་ནས་ཕྱོགས་དང་མཚམས་ཀྱི་ཐིག་གདབ་པར་བྱ་བར་གསུངས་པར་ཤེས་པར་བྱའོ། །དེ་ཡང་གསུངས་པ། ཐིག་ སྐུད་དེ་ནི་ཕྱོགས་མཚམས་གནས། དེ་ནས་ཀྱང་ནི་དྲང་བར་བྱ། །ཞེས་གསུངས་ཏེ། དེ་བས་ན་ཕྱོགས་བཞིར་རྒྱ་གྲམ་དུ་ཐིག་གཉིས་གདབ་པ་དང་། མཚམས་བཞི་ནས་ཐིག་གཉིས་གདབ་པར་བྱ་བ་སྟེ། དེ་ལྟར་རྒྱ་གྲམ་དུ་སྔར་ཐིག་བཏབ་ནས་དེའི་འོག་ཏུ་དཀྱིལ་འཁོར་ཆེ་ཆུང་ཚད་དང་གནས་ འགྲས་འགྲུས་མེད་པར་ཐིག་གདབ་པའི་ཕྱིར། ཐིག་གི་ཚད་བྱས་ནས་གྲུ་བཞི་པོར་གདབ་པར་བྱ་སྟེ། དེ་བས་ན་གསུངས་པ། ཐིག་གིས་རབ་ཏུ་ཚད་བྱས་ཏེ། །གྲུ་བཞི་པོར་ནི་ཐིག་གདབ་བོ། །ཞེས་གསུངས་སོ། །ཐིག་གདབ་པའི་ཐབས་འདི་ནི་སེང་གེ་ལྟ་འོག་ཡན་མན་བསྣོར་ཏེ་དཀྲུགས་ནས་ བསྡུས་ཏེ། ཐིག་གདབ་པའི་རིམ་པ་འདི་ལྟར་བྱའོ་ཞེས་བྱ་བ་ལ། སློབ་དཔོན་ཁ་ཅིག་འཆད་པ་ཡོད་དེ་དེ་ལྟར་ཡང་བྱའོ། །ཡང་ཁ་ཅིག་འདི་ལྟར་ཡང་འཆད་པ་ཡོད་དེ། དེ་ལ། ཐོག་མར་ཤར་དང་བྱང་ནས་ནི། །ལྷོ་དང་ནུབ་ཀྱི་བར་དུའོ། །ཞེས་པ་ནི་དང་པོར་ཐིག་གདབ་པའི་གོ་རིམས་ བསྟན་པ་སྟེ། དེ་ལ་དང་པོ་ཤར་ཕྱོགས་ངོས་ཀྱི་ཐིག་གདབ་བོ། །དེ་ནས་ལྷོ་ཕྱོགས་ངོས་ཀྱི་ཐིག་གདབ། དེ་ནས་ནུབ་ཕྱོགས་ངོས་ཀྱི་ཐིག་གདབ་པོ་ཞེས་པའོ། །དེ་ནས་དེའི་འོག་ཏུ་ཕྱོགས་བཞིའི་ཐིག་གཉིས་གདབ་པ་དང་། མཚམས་བཞིར་ཐིག་གཉིས་གདབ་པར་བྱ་སྟེ། དེ་ བས་ན་གསུངས་པ། ཐིག་སྐུད་དེ་ནི་ཕྱོགས་མཚམས་ནས། །དེ་ནས་ཀྱང་ནི་དྲང་བར་བྱ། །ཞེས་གསུངས་པས་སོ། །ཤར་དང་ལྷོ་ཡི་མཚམས་དང་ནི། །ནུབ་དང་བྱང་གི་མཚམས་དག་ཏུ། །ཞེས་བྱ་བ་དེ་ལྟར་ཐིག་འདེབས་པའི་ཚེ་སློབ་དཔོན་གནས་གང་དུ་འདུག་པར་བྱ་བའི་ གནས་བསྟན་པ་སྟེ། ཤར་དང་ལྷོའི་མཚམས་ཏེ་མེ་ལྷའི་ཕྱོགས་སུ་འདུག་པ་དང་། ནུབ་དང་བྱང་གི་མཚམས་ཏེ་རླུང་གི་ཕྱོགས་སུ་སློབ་དཔོན་འདུག་ལ་ཐིག་གདབ་པར་བྱའོ་ཞེས་པའོ། །སློབ་མའི་གནས་ནི་འཆད་པ་མེད་དེ། བསྐོར་ཞིང་འདེབས་པར་ཟད་དོ། །དཀྱིལ་འཁོར་ཆེ་ ཆུང་མེད་པ་དང་། ཡ་ཡོ་དང་འགྲས་འགྲུས་མེད་པར་ཐིག་གིས་ཚད་བྱས་ཏེ། དེ་ལྟར་ཐིག་མ་འགྲུས་པར་གདབ་པར་བྱའོ་ཞེས་པ་སྟེ། དེ་བས་ན་གསུངས་པ། ཐིག་གིས་རབ་ཏུ་ཚད་བྱས་ཏེ། །གྲུ་བཞི་པོར་ནི་ཐིག་གདབ་པོ། །ཞེས་གསུངས་སོ། །དེ་ལ་ཁ་ཅིག་བཤད་པ། ཐོག་ མར་ཤར་དང་བྱང་ནས་ནི། །ལྷོ་དང་ནུབ་ཀྱི་བར་དུའོ། །ཞེས་པ་ནི། སྤྱིར་ཐིག་ཇི་ལྟར་གདབ་པའི་རྩིས་མགོ་སྟེ། ཐོག་མར་ཤར་གྱི་ངོས་ཐིག་གདབ། དེ་ནས་ལྷོའི་ངོས་ཀྱི་ཐིག་གདབ། དེ་ནས་ནུབ་ཀྱི་ངོས་ཀྱི་ཐིག་གདབ་པ་སྟེ། དེ་ལྟར་ཐིག་གདབ་པོ་དགོས་པ་ཡང་གསུངས་པ། ཐིག་སྐུད་དེ་ནི་ཕྱོགས་མཚམས་ནས། །དེ་བཞིན་དུ་ནི་དྲང་བར་བྱ། །ཤར་དང་ལྷོ་ཡི་མཚམས་དག་ཏུ། །ཐིག་གིས་རབ་ཏུ་ཚད་བྱས་ཏེ། །གྲུ་བཞི་པོར་ནི་ཐིག་གདབ་པོ། །ཞེས་གསུངས་ཏེ། དེ་ལ་ཤར་ལྷོའི་མཚམས་སུ་འདུག་པ་དང་། ནུབ་བྱང་གི་མཚམས་རླུང་གི་ཕྱོགས་སུ་ འདུག་པ་དང་། ཤར་ཕྱོགས་དང་བྱང་ཕྱོགས་ཀྱི་ངོས་ཐིག་སྔར་གདབ་པའོ། །ལྷོ་དང་ནུབ་གཉིས་སུ་སྨོས་སུ་ཟིན་ཀྱང་གོང་དུ་སྨོས་པའི་སྤྱིའི་རྩིས་མགོ་གདབ་པར་མངོན་པས་ལྷོ་དང་ནུབ་གཉིས་ཀྱང་ཐིག་གདབ་པར་བྱའོ། །ཐིག་གདབ་པའི་ཐབས་དག་ནི་གོང་དུ་གནས་པ་དག་དང་མཐུན་ པར་ཟད་དོ། །དཀྱིལ་འཁོར་གྱི་ངོས་གཅིག་གི་ཚད་ཇི་ཙམ་ཡོད་པ་ལས་དགུ་ཆར་བགོས་ལ། དེའི་ཆ་གཅིག་སྒོར་བགོས། སྒོ་དེའི་ཕྱེད་ཀྱི་ཚད་ཀྱིས་སྒོ་ཁྱུད་ཀྱི་མར་འདྲེན་པ་དང་། ཐད་ཀར་འདྲེན་པ་དག་གི་ཚད་ཀྱང་དེ་དང་འདྲ་བར་བྱའོ་ཞེས་པའོ། །རིམ་པ་གཅིག་པ་མཛེས་ པ་ལ། །ཞེས་བྱ་བ་ནས། ལྷག་མ་རྣམས་ནི་བཅད་པར་བྱ། །ཞེས་པའི་བར་དུ་ནི་དེ་ལྟར་གོང་དུ་དཀྱིལ་འཁོར་ཐིག་གདབ་པ་དེ་ཡང་རིམ་པ་གཅིག་པ་སྒོ་བཞི་བཏོད་པ་ལ་ལྷོ་ཕྱོགས་ཀྱི་སྒོ་ཕྱེ་ལ། སྒོ་ལྷག་མ་གསུམ་པོ་རྣམས་བཅད་པའོ། །དེ་ལ་ལྷོ་ཕྱོགས་ཀྱི་སྒོ་དབྱེ་བ་ཡང་སློབ་མ་རྣམས་ དེ་ནས་བཟུང་བའི་ཕྱིར་སྒོ་དབྱེ་སྟེ། ལྷོ་ཕྱོགས་ཀྱི་སྒོ་ཚོན་གྱིས་བཅད་ལ་སྔགས་དང་ཕྱག་རྒྱས་ཕྱེ་སྟེ། སློབ་མ་བཅུག་ཀྱང་རུང་། ཡང་ན་ཚོན་མི་འབྱེད་པར་སྒོ་ཕྱེ་ལ་བྱ་སྟེ། དེ་གཉི་ག་ལྟར་སྒོ་ཕྱེ་ཡང་རུང་སྟེ། སློབ་མ་གཟུང་བར་བྱའོ། །གོང་དུ་སྨོས་པའི་ལས་བརྒྱད་པ་གང་བྱེད་ཀྱང་རུང་སྟེ། ལྷོ་ཕྱོགས་ཀྱི་སྒོར་འདུག་ལ་ལས་བྱའོ། །དཀྱིལ་འཁོར་དང་ནི་འཚམ་པ་ཡི། །དབུས་སུ་པདྨ་འདྲི་བར་བྱ། །པདྨོ་དང་ནི་ཕྱོགས་བཞིའི་སྒོ། །ཐེ་ཚོམ་མེད་པར་མཉམ་པར་བྱ། །ཞེས་པ་ནི་ཡ་ཡོ་འགྲས་འགྲུས་མེད་པར་དཀྱིལ་འཁོར་དེ་རེའུ་མིག་དགུར་བགོས་ལ། དབུས་ཀྱི་ རེའུ་མིག་ལ་པདྨ་འདབ་བརྒྱད་པ་བྲིའོ་ཞེས་པའོ། །དེ་ལྟར་རེའུ་མིག་དགུར་བགོས་པའི་ངོས་བཞི་དབུས་ཆ་གཅིག་གི་ཚད་དུ་བྱའོ། །དབུས་ཀྱི་པདྨོ་དེ་དང་ཕྱོགས་བཞི་སྒོ་བྱང་ཐད་སྒོར་ཁར་དྲང་དུ་འབབ་པར་འགྲས་འགྲུས་དང་། ཡ་ཡོ་མེད་པར་མཉམ་པར་བྱའོ་ཞེས་པའོ། །མཛེས་ བྱེད་སྒོ་ཡི་ཕྱེད་དུ་བྱ། །འགྲམ་པ་འདབ་མའི་ཚད་དང་མཉམ། །ཉེ་བ་ཡི་ནི་མཛེས་བྱེད་ཀྱང་། །མཛེས་བྱེད་ཀྱང་ནི་འདྲ་བར་བྱའོ། །ཞེས་པ་ནི་དེ་ལྟར་དཀྱིལ་འཁོར་གྲུ་བཞི་ལ་སྒོ་བཞི་བཏོད་པ་སྒོ་ཁྱུད་བཅད་པ་དང་བཅས་པར་བྱས་ལ། །སྒོ་གཏོད་པ་ནི་ཁ་དྲང་དུ་སྒོའི་བྱང་ཐད་ཀྱིས་ མ་འགྲུས་པ་དེའི་ས་སྟོང་པ་ལ་མཛེས་བྱེད་ཅེས་བྱའོ། །ཅིའི་ཕྱིར་མཛེས་བྱེད་ཅེས་བྱ་ཞེ་ན། སྒོའི་ས་སྟོང་པ་དེས་དཀྱིལ་འཁོར་མཛེས་པར་བྱེད་པའམ། དཀྱིལ་འཁོར་ཀྱི་རྒྱན་དུ་གྱུར་པས་ན་མཛེས་བྱེད་ཅེས་བྱའོ། །མཛེས་བྱེད་དེའི་ཚད་ཇི་ཙམ་དུ་བྱ་ཞེ་ན། སྒོའི་ཕྱེད་དུ་བྱ་ཞེས་ གསུངས་ཏེ། སྒོའི་ཕྱེད་ཀྱི་ཆ་གཅིག་གི་ཞིང་གིས་མཛེས་བྱེད་ཀྱང་དེ་ཙམ་དུ་བྱའོ་ཞེས་པའོ། །འགྲམ་པ་ནི་སྒོ་ཁྱུད་དུ་མར་འདྲེན་པ་ལ་བྱའོ། །འདབ་མ་ནི་པདྨའི་འདབ་མ་སྟེ། སྒོ་ཁྱུད་ཀྱི་འགྲམ་པ་གཉིས་དང་པདྨ་གཅིག་ཞིང་མཉམ་པར་བྱ་སྟེ། སྒོ་ཁྱུད་དུ་ཐད་ཀར་དྲངས་པ་དང་། སྒོ་ཁྱུད་དུ་ བྱ་བར་མར་དྲངས་པ་གཉིས་ཀྱི་ཚད་ཀྱང་སྒོ་ཕྱེད་དུ་ཞེས་པའོ། །དེ་བས་ན་གསུངས་པ། འགྲམ་པ་འདབ་མའི་ཚད་དང་མཉམ། །ཞེས་གསུངས་པ། རྟ་བབས་ལ་ཉེ་བར་མཛེས་བྱེད་ཅེས་བྱ་སྟེ། དེའི་ཚད་ནི་ཇི་ཙམ་དུ་བྱ་ཞེ་ན། དེ་ཡང་སྒོའི་བྱང་ཐད་དུ་མཛེས་བྱེད་དེའི་ཚད་ དང་མཉམ་པར་བྱའོ། །རྟ་བབས་ཀྱི་རྒྱན་དུ་ཆུ་སྲིན་གྱིས་བརྒྱན་པར་བྱ་སྟེ། རྒྱན་དེ་དག་ཀྱང་སྒོ་དབབ་པའི་ཚད་དང་མཉམ་པར་ཆུ་སྲིན་གྱི་རྒྱན་རྣམས་ཀྱི་རྟ་བབས་ཀྱིས་བརྒྱན་པར་བྱའོ། །དེ་བས་ན་གསུངས་པ། ཉེ་བ་ཡི་ནི་མཛེས་བྱེད་ཀྱང་། །མཛེས་བྱེད་དང་ནི་འདྲ་བར་བྱ། །ཞེས་ གསུངས་སོ། །ཆོ་ག་བཞིན་དུ་དཀྱིལ་འཁོར་དེ། །ཀུན་དུ་ཐིག་ནི་གདབ་ནས་ཀྱང་། །ཞེས་གསུངས་པ་ནས། དུར་ཁྲོད་ཐལ་བས་དངར་ཏེ་བྲི། །དེ་ཕྱིར་ཡི་དགས་ཕལ་ཆེན་ཡིན། །ཞེས་བྱ་བའི་བར་དུ་ཕྱག་རྒྱ་ལ་སོགས་པའི་དགོད་པའི་དོན་སྟོན་ཏེ། དེ་ལ། ཆོ་ག་བཞིན་དུ་དཀྱིལ་འཁོར་དེ། ། ཀུན་དུ་ཐིག་ནི་བཏབ་ནས་ཀྱང་། །ཞེས་པ་ནི། སློབ་དཔོན་ཉིད་ཁྲུས་བྱ་བ་དང་ལྷའི་སྐུར་བསྒྱུར་བ་ལ་སོགས་པ་ཆོ་ག་བཞིན་དུ་བྱས་པས་དཀྱིལ་འཁོར་དེ་གོང་དུ་སྨོས་པའི་ཚུལ་དུ་ཐིག་བཏབ་ནས་སུ་ཞེས་བྱའོ། །དེ་ནས། དེ་འོག་སྔགས་པས་དུར་ཁྲོད་ཀྱི། །ཐལ་བ་གཅིག་པུས་དཀྱིལ་ འཁོར་བྲི། །ཞེས་པ་སྟེ། དེ་བས་ན་གསུངས་པ། ཕྱི་ནས་ཚུལ་བཞིན་རིག་འཛིན་གྱིས། །དུར་ཁྲོད་ཐལ་བས་བྲི་བ་ནི། །ཞེས་གསུངས་ཏེ། དེ་ལ་དུར་ཁྲོད་ཀྱི་ཐལ་བ་ནི་མི་རོ་བསྲེགས་པའི་ཐལ་བ་ལ་བྱའོ། །རྟག་ཏུ་ཤར་བྱང་ལ་སོགས་པ། །གྲུ་བཞིའི་ནང་ནི་དེ་དག་ཏུ། །མཁས་ པས་བེ་ཅོན་ཕྱག་རྒྱ་བྲི། །ཞེས་པ་ནི་བསྒྲུབ་པའམ་ལས་གང་བྱེད་ཀྱང་རུང་སྟེ། ལས་དེ་དག་བྱེད་པའི་ཚེ་རྟག་ཏུ་དཀྱིལ་འཁོར་དེའི་ནང་གི་ཤར་བྱང་གི་མཚམས་དང་། ཤར་ལྷོ་ལ་སོགས་པའི་མཚམས་ལ་ནང་རོལ་གྱི་གྲྭ་བཞིར་སྔགས་པས་བེ་ཅོན་གྱི་ཕྱག་རྒྱ་བཞི་དུར་ཁྲོད་ཀྱི་ཐལ་བས་བྲི་ བར་བྱ་སྟེ། དེ་ཡང་ཇི་ལྟ་བུ་བཞི་བྲི་ཞེ་ན། དབྱུག་པའི་མགོ་ལ་སྐྱུ་རུ་རའི་འབྲས་བུ་རྒྱས་པ། ཤུན་པ་ཤུས་པ་ལྟ་བུའི་སུལ་ཅན་ཟླུམ་པོས་བརྒྱན་པའི་སྟེང་ན་མིའི་ཐོད་པ་ཅན་གྱི་དབྱུག་པ་བཞི་ཆད་ཟུངས་ཅན་པདྨའི་སྟེང་ན་བཞུགས་པ་བཞི་ཆར་ཡང་ཁ་ནང་དུ་བལྟས་པར་བྲིའོ། ། དབྱུག་པ་འདི་བཞི་ཡང་ཨཱརྱ་མཉྫཱུ་ཤྲཱི་ཡ་མཱནྟ་ཀའི་ཕྱག་རྒྱ་སྟེ། དེ་ལྟར་བྲིས་ནས་བསྒྲུབ་པའམ་ལས་བྱེད་པའི་ཚེ་ཕྱོགས་བཞི་ནས་བྱིན་གྱིས་བརླབ་ཅིང་གདོན་བགེགས་ཀྱིས་མི་ཚུགས་པའི་ཕྱིར་རོ། །ཕྱོགས་ཀྱི་སྒོར་ནི་ཡི་དགས་གཞག །ཅེས་པ་ནི་ཕྱོགས་ཀྱི་སྒོ་བཞིར་ཡི་དགས་རེ་རེ་སྟེ་བཞི་བྲིའོ་ ཞེས་པ་སྟེ། དེ་དག་ཀུན་ཀྱང་ཁ་ནང་དུ་བལྟས་པར་བྲིའོ། །གཞན་ཡང་ཡི་དགས་ལྔ་པ་ནི། །པདྨའི་སྟེང་དུ་བསམ་པར་བྱ། །ཞེས་པ་ནི་གོང་དུ་སྒོའི་ཡི་དགས་བཞི་པོ་མ་གཏོགས་པའི་ཡི་དགས་ལྔ་པ་དེའི་དབུས་ཀྱི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་བསམ་པར་བྱའོ་ཞེས་པ་སྟེ་ཡི་དགས་ དེ་ཡང་གློ་གཡོན་པ་པདྨ་ལ་ཕབ་པ་སྟེ། མགོ་ཤར་དུ་བསྟན་པ། གདོང་ལྷོ་ཕྱོགས་སུ་ལྟ་བར་བྲིའོ། །དེ་ལ་བསམ་པ་ནི་རི་མོ་བྲིས་ལ་བྱས་པས་ན། བསམ་པ་གཅིག་པུ་མི་བྱ་བར་དུར་ཁྲོད་དུ་ཐལ་བས་ཕྱིའི་རི་མོ་ཡང་བྱའོ་ཞེས་པ་སྟེ། ཕྱག་རྒྱའི་མཚན་མ་ཀུན་ལ་དེ་བཞིན་དུ་སྦྱར་བར་ བྱའོ། །དེ་བཞིན་ཕྱི་སྒོའི་ནང་དག་ཏུ། །ཕྱོགས་རྣམས་དེ་དག་ཐམས་ཅད་དུ། །ཞེས་པ་ནི་གོང་དུ་ཡི་དགས་བྲི་བ་དེར་ཡང་མ་ཟད་དེ། དེ་བཞིན་དུ་དཀྱིལ་འཁོར་དུ་སྒོའི་ནང་བེ་ཅོན་བཞིའི་བར་བར་དུ་ཕྱོགས་བཞིའི་གནས་སུ་དེ་དག་ཐམས་ཅད་དུ་བེ་ཅོན་ལ་ཐུག་ཐུག་ཏུ་མི་རོ་མགོ་ མེད་པ་དང་། ཡི་དགས་གཉིས་སྤེལ་ཞིང་དུར་ཁྲོད་ཀྱི་ཐལ་བས་ཇི་ཙམ་ཤོང་ཤོང་དུ་དངར་ཏེ་བྲིའོ་ཞེས་པ་སྟེ། དེ་བས་ན་གསུངས་པ། །མི་རོ་མགོ་མེད་ཡི་དགས་རྣམས། །དུར་ཁྲོད་ཐལ་པས་དངར་ཏེ་བྲི། །ཞེས་གསུངས་སོ། །དཀྱིལ་འཁོར་དེའི་མིང་ཡང་དེའི་ཕྱིར་ན་ཡི་ དགས་ཕལ་བོ་ཆེའི་དཀྱིལ་འཁོར་ཡིན་ཞེས་པ་སྟེ། དེ་བས་གསུངས་པ་སྟེ། དེའི་ཕྱིར་ཡི་དགས་ཕལ་ཆེན་ཡིན། །ཞེས་གསུངས་སོ། །ཁྲུ་གང་ལ་སོགས་རིམ་པ་ནས། །ཁྲུ་བརྒྱད་པ་ཡི་རིམ་པ་སྟེ། །དེ་ལས་ལྷག་པར་ཡོངས་མ་གསུངས། །ཞེས་པ་སྟེ། ཁྲུ་བརྒྱད་པ་ནི་ དངོས་གྲུབ་ཀུན། །སྦྱིན་བྱེད་མཆོག་ཏུ་ཤེས་པར་བྱ། །ཞེས་བྱ་བའི་ཕྱིར་དུ་ལས་ཀྱི་བྱེ་བྲག་གི་དཀྱིལ་འཁོར་གྱི་ཚད་ངེས་པར་བྱ་ཞེས་པའི་དོན་ཏེ། དེ་ལ། ཁྲུ་གང་ལ་སོགས་རིམ་པ་ནས། །ཁྲུ་བརྒྱད་པ་ཡི་བར་དུ་སྟེ། །དགུ་པའི་དཀྱིལ་འཁོར་ཡང་མི་བྲི། །ཞེས་པ་ནི་འོག་ནས་ འབྱུང་བའི་ལས་རྣམས་ལ་དཀྱིལ་འཁོར་སོ་སོར་བྱ་བའི་ཚད་ཀྱང་ཁྲུ་གང་ནས་ཁྲུ་གསུམ་པ་ལ་སོགས་པ་ཡན་ཆད་བྲི་བར་བྱ་སྟེ། དེ་ལས་ལྷག་པར་ཡང་མི་བྲི་ཞེས་པའོ། །རྟག་ཏུ་བདག་ཉིད་མཆོད་པ་ནི། །ཁྲུ་གང་བར་ནི་བྲི་བར་བྱ། །ཞེས་པ་ནི། བདག་སྔོན་ དུ་སྔར་བསྙེན་པའི་ཚེའམ་མཆོད་པ་དག་བྱེད་འདོད་པའི་ཚེ་གོང་དུ་བཤད་པ་བཞིན་དུ་དཀྱིལ་འཁོར་བྲིས་ལ། ངོས་བཞི་ལ་ངོས་གཅིག་གི་ཚད་ཁྲུ་གང་བར་བྲི་ཞེས་པའོ། །ལས་རྣམས་སོ་སོ་ལ་དཀྱིལ་འཁོར་གྱི་ཚད་མི་མཐུན་པར་གསུངས་པ་ཡང་། ལས་གཅེས་པའི་རིམ་པས་སམ། ཆེ་ རིམ་གྱི་དཀྱིལ་འཁོར་གྱི་ཚད་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཞི་བ་དང་ནི་རྒྱས་པ་དང་། །མི་སྐྱོང་བསྒྲུབ་པ་ཁྲུ་དོར་བྱ། །ཞེས་པ་ནི་ཞི་བ་དང་། རྒྱས་པ་དང་། རྒྱལ་པོ་དབང་དུ་བྱ་བའི་ཕྱིར། དེ་དག་བསྒྲུབ་པའི་དཀྱིལ་འཁོར་གྲུ་བཞི་ངོས་གཅིག་གི་ཚད་ལ་ཁྲུ་དོ་བར་བྱའོ་ཞེས་ པའོ། །ཁྲུ་དོ་མན་ཆད་ཁྲུ་བརྒྱད་ཡན་ཆད་གང་ཡང་རུང་སྟེ། །གཅིག་གི་ནང་དུ་སློབ་མ་རྣམས་གཟུད་པར་བྱའོ། །དེ་ལྟར་ཡང་གང་ཡང་རུང་མོད་ཀྱི། ཁྲུ་བརྒྱད་པའི་དཀྱིལ་འཁོར་ཉིད་དུ་སློབ་མ་རྣམས་གཟུད་པར་བསྟན་ཏོ། །སེམས་ཅན་ཀུན་གྱི་བསྐྲད་པ་དང་། །དེ་བཞིན་བཞི་ལ་ཁྲུ་ གསུམ་པ། །ཞེས་བྱ་བ་དེ་ལྷ་འདྲེ་དང་མི་ལ་སོགས་པ་རྣམས་གནས་ནས་བསྐྲད་པར་བྱ་བ་དང་། གནས་དེ་ནས་གཏན་མེད་པར་བྱ་བའམ། ཕུང་བར་བྱ་བའི་ཕྱིར་དཀྱིལ་འཁོར་ཁྲུ་གསུམ་པར་བྱའོ་ཞེས་པའོ། །ཁྲུ་བཞི་དབང་དང་དགུག་པ་ལ། །ལས་རྣམས་ཀྱི་ནི་མཆོག་ཏུ་གསུངས། ། ཞེས་བྱ་བ་ནི་དབང་དུ་བྱ་བ་དང་། དགུག་པའི་ཕྱིར་དཀྱིལ་འཁོར་གྲུ་བཞི་པར་བྲི་བ་ནི་ལས་རྣམས་ཀྱི་མཆོག་ཏུ་གསུངས་ཞེས་བྱའོ། །ཁྲུ་ལྔ་ནད་དང་མི་ནད་དང་། དགྲ་རྣམས་མེད་པར་གསད་པའི་མཆོག །ཅེས་བྱ་བ་ནི། ནད་ཕྲན་ཚེགས་དང་། མི་ནད་ཆེན་པོ་ཀླུང་བ་བྱུང་བ་ དང་། དགྲ་རྣམས་མེད་པར་གསད་པར་བྱ་བའི་ཕྱིར་དཀྱིལ་འཁོར་ཁྲུ་ལྔ་པར་བྱ་བ་ནི་མཆོག་ཅེས་བྱའོ། །ཁྲུ་དྲུག་བགེགས་རྣམས་ཐམས་ཅད་དང་། །གདོན་བགེགས་ངེས་པར་ཟློག་པར་བྱེད། །ཅེས་བྱ་བ་ནི། གདོན་བགེགས་རྣམས་ངེས་པ་བཟློག་པར་བྱ་བའི་ཕྱིར། དཀྱིལ་འཁོར་ ཁྲུ་དྲུག་པར་བྲི་བར་བྱ་ཞེས་པའོ། །ཁྲུ་བདུན་པ་ནི་ལྷ་ཡི་རྣམས། །དབང་དུ་དགུག་པའི་ལས་རྣམས་བྱེད། །ཅེས་བྱ་བ་ནི་འཇིག་རྟེན་པའི་ལྷ་རྣམས་དགུག་པ་དང་། དབང་དུ་བྱ་བའི་ཕྱིར་དཀྱིལ་འཁོར་ཁྲུ་བདུན་པར་བྱའོ་ཞེས་པའོ། །ཁྲུ་བརྒྱད་པ་ནི་དངོས་གྲུབ་ཀུན། །སྦྱིན་བྱེད་ མཆོག་ཏུ་ཤེས་པར་བྱའོ། །ཞེས་པ་ནི་དངོས་གྲུབ་རབ་འབྲིང་རྣམ་པ་གསུམ་ལ་སོགས་པ་ཀུན་སྦྱིན་པར་བྱེད་པའི་མཆོག་ཏུ་གྱུར་པ་ནི་དཀྱིལ་འཁོར་ཁྲུ་བརྒྱད་པར་བྲིའོ་ཞེས་པའོ། །ལས་འདི་རྣམས་སོ་སོར་བྱེད་པའི་ཚེ།