Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 69

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
པ་གཉིས་ཏེ། འཇིག་རྟེན་པའི་གཞུང་ལུགས་ཤེས་པ་དང་མི་ཤེས་པའོ། །དེ་ལ་བྱིས་པ་ནི་ངན་པར་སྨྲ་བ་དང་། ངན་པར་བྱེད་
པ་དང་། ངན་པར་སེམས་པ་སྟེ། དེ་དག་ནི་རང་གི་གཞུང་ལུགས་ཀྱང་མི་ཤེས་པའོ། །དེ་ལས་གཞན་པ་ནི་རང་རང་གི་གཞུང་ལུགས་ཤེས་པ་འཕགས་པའི་ལམ་ཐོབ་པ་ལ་བྱ་སྟེ། དེ་དག་འཁོར་བ་ན་སྡུག་བསྔལ་གསུམ་གྱིས་གདུངས་ནས་གདུངས་པ་དེ་ལས་ཐར་པའི་ཕྱིར་བདག་དང་བདག་གིར་བརྟགས་པ་དེ་དག་ལ་བརྟེན་ནས་
སྦྱིན་པ་ལ་སོགས་པ་བྱས་ཏེ་ཐར་བར་རེ་བའོ། །བདག་དང་བདག་གི་བ་ལ་མངོན་པར་ཆགས་ནས་བདག་ཏུ་འཛིན་པ་གྲངས་མེད་པ་ལ་རྟོག་པ་དེ་དག་ཀྱང་བདག་ཅེས་པའི་རང་བཞིན་ཅི་འདྲ་བ་མ་དཔྱད་པར་ཆགས་པ་སྐྱེ་བ་ནི་རང་རང་གི་གཞུང་ལུགས་མི་ཤེས་པའི་བྱིས་པ་རྣམས་སོ། །རང་རང་གི་གཞུང་ལུགས་ཤེས་པ་དེ་རྣམས་ཀྱང་
སོ་སོའི་བདག་ཏུ་བརྟགས་པ་དེ་ལ་བརྟེན་པ་ནི་གཞན་དག་ནི་དུས་ལས་བྱུང་བ་དང་ཞེས་པ་ནས་བརྗོད་པར་བྱ་བ་དང་། བརྗོད་པར་བྱ་བ་མ་ཡིན་པར་རྟོག་སྟེ་ཞེས་པའི་བར་དུའོ། །དེ་དག་ནི་འཇིག་རྟེན་པ་རྣམས་ཀྱི་སོ་སོའི་བདག་ཏུ་བརྟགས་པ་སྟེ། ཇི་སྐད་དུ་སྨོས་པའི་བདག་དང་བདག་གི་ངོ་བོ་དེ་དག་གིས་བདག་ཅག་འགྲོ་བ་རྣམས་བསྐྱེད་དེ། །

དེ་དག་ཉིད་ཀྱིས་འཇིག་པར་ཡང་བྱེད་པར་རྟོག་གོ། །གསང་བ་པའི་བདག་པོ་བདག་གི་ཁྱད་པར་དེ་ལྟ་བུ་ལ་སོགས་པ་ཞེས་པ་ནི་གོང་དུ་སྨོས་པའི་བདག་གི་དངོས་པོ་རྣམས་ལ་བྱའོ། །ཐར་པ་འདོད་པས་ཞེས་པ་དེ་ལྟ་བུར་བདག་ཏུ་བརྟགས་པ་ཉིད་ལ་བརྟེན་ནས་ཐར་བ་རེ་བའོ། །རྣལ་འབྱོར་འདོད་པའི་རྣལ་འབྱོར་པ་དག་གིས་
ཞེས་པ་ནི་འཇིག་རྟེན་པའི་ཚུལ་དུ་ལུས་ངག་ཡིད་གསུམ་ཡུལ་ལ་འཇུག་པ་ལས་འགོག་པ་དང་། དངོས་པོ་གང་ལ་དམིགས་པ་དེ་ལ་སེམས་རྩེ་གཅིག་ཏུ་དམིགས་པ་འཛག་པ་ནི་རྣལ་འབྱོར་ཏེ། ལུས་ངག་ཡིད་གསུམ་ཡུལ་ལ་མི་འཇུག་པར་འགོག་པའི་རྣལ་འབྱོར་འདོད་པ་རྣམས་ཀྱིས་དེ་ལྟ་བུའི་བདག་རྣམས་རབ་ཏུ་རྟོག་
པ་ལ་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་རྣམས་ཞེས་པ་ནི་རང་གི་གཞུང་ལུགས་མི་ཤེས་པ་ལ་བྱ་སྟེ། ཕྱུགས་དང་མཚུངས་པ་ཞེས་པ་ནི་ངན་པར་སྨྲ་བ་དང་། ངན་པར་སེམས་པ་དང་། ངན་པར་བྱེད་པའི་དཔེ་སྟེ་ཕྱུགས་ནི་ཟ་བ་དང་། གཡེམ་པ་དང་འཇིགས་པ་ལས་བསམ་པ་གཞན་མེད་དེ།
བྱིས་པ་རྣམས་ཀྱང་དེ་ལྟ་བུའི་མཚན་ཉིད་དང་ལྡན་པས་ཕྱུགས་དང་མཚུངས་ཞེས་པའོ། །བརྒྱ་ལམ་ན་རེས་འགའ་ཞིག་ལ་ཞེས་པ་དེ་ལྟ་བུའི་བྱིས་པ་ཕྱུགས་དང་མཚུངས་པ་འཁོར་བ་ན་འཁྱམས་པ་ན་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི་དཀོན་པའི་མཆོག་སྟེ། ཆོས་ཀྱི་འདུ་ཤེས་སྐྱེ་བ་ཡང་སྨྱུང་བར་གནས་ནས་བསོད་ནམས་
སུ་འགྱུར་བ་ལ་བྱ་སྟེ། སྨྱུང་བར་གནས་པ་དེ་ཙམ་གྱིས་སེམས་མགུ་སྟེ་སྨྱུང་བར་གནས་པ་ཉིད་ལ་ཡང་དང་ཡང་དུ་དུས་དུས་སུ་སྒོམ་པར་བྱེད་དེ། དེ་བས་ན་སྨྱུང་བར་གནས་པ་ལ་གནས་པར་བྱའོ་ཞེས་དེ་ཙམ་ཞིག་སེམས་ལ་བྱས་ནས་མགུ་བ་བསྐྱེད་ཅིང་ཕྱི་ཕྱིར་དེ་ཉིད་ལ་གོམས་པར་བྱེད་དེ་ཞེས་གསུངས་པ་ཡིན་ནོ། །
གསང་བ་པའི་བདག་པོ་དེ་ནི་དགེ་བའི་ལས་སྐྱེ་བའི་ས་བོན་ལྟ་བུ་སྟེ། སེམས་དང་པོའོ་ཞེས་པ་ནི་སེམས་བདུན་པའི་ཚེ་ཚུལ་ཁྲིམས་བསྲུངས་པའི་དགེ་བ་འབྱུང་བའི་ས་བོན་དུ་གྱུར་པ་ལ་བྱའོ། །དེ་ལ་འགའ་ཞིག་སྨྱུང་བར་གནས་པ་ནི་བརྟུལ་ཞུགས་ཀྱི་མཚན་ཉིད་དེ་ཉོན་མོངས་པའི་ཕྱོགས་གཅིག་ཡིན་ན་ཇི་ལྟར་དགེ་
བའི་ས་བོན་དུ་འགྱུར་སྙམ་དུ་དོགས་པ་སྐྱེ་བ་ལ། དོགས་པ་བསལ་བ་ནི་སྨྱུང་བར་བྱས་པའི་འོག་ཏུ་མཆོད་པ་དང་སྦྱིན་པའི་སེམས་འབྱུང་བ་སྟེ། སྨྱུང་བ་དེ་ནི་སྦྱིན་པ་ལ་སོགས་པའི་དགེ་བའི་དེ་མ་ཐག་པའི་རྐྱེན་བྱེད་པས་ཉེས་པ་མེད་དོ། །སྦྱིན་པ་ལ་སོགས་པ་དེ་དག་ཀྱང་ཟག་པ་དང་བཅས་

པའི་དགེ་བ་ལ་བྱའོ། །དེའི་རྒྱུ་ཉིད་ཀྱིས་སྦྱིན་པ་སྦྱིན་པར་བྱེད་དེ་ཞེས་སྦྱར་ཏེ། མཚན་མ་དང་བཅས་པའི་ཉི་མ་ཞེས་པ་སྨྱུང་བར་བྱད་པ་དེ་ཉིད་ལ་གོམས་པར་བྱེད་པའི་རྒྱུས་ཟླ་བ་དང་སྐར་མ་དང་ཉི་མ་ལ་སོགས་པ་བཟང་པོའི་ཉིན་པར་ཕ་མ་ལ་སོགས་པའི་གཉེན་རྣམས་ལ་སྦྱིན་པར་བྱེད་པ་ནི་
ཚུལ་ཁྲིམས་བསྲུངས་པའི་དགེ་བ་ལས་འབྱུང་བའི་མྱུ་གུར་བལྟའོ། །དེ་ནས་གཞན་ཡང་སྦྱིན་པ་དེ་ཉིད་མི་ཤེས་པ་དག་ལ་ཡང་སྦྱིན་པར་བྱེད་ཅེས་པ་ནི་སྦྱིན་པ་སྟེ་མ་ལ་གོམས་པའི་མཐུས་གཉེན་མ་ཡིན་པ་གཞན་ལ་ཡང་སྦྱིན་པ་སྟེ། དེ་ཡང་དགེ་བ་བཅུའི་ལས་འབྱུང་བའི་སྡོང་བུ་ལྟ་བུར་བལྟའོ། །དེ་
ནས་གཞན་ཡང་སྦྱིན་པ་དེ་ཉིད་སྣོད་དུ་རུང་བ་ཡོངས་སུ་ཚོལ་ཞིང་སྦྱིན་པར་བྱེད་དེ་ཞེས་པ་ནི་ཕ་དང་མ་དང་། མཁན་པོ་དང་སློབ་དཔོན་དང་བྲམ་ཟེ་རིག་བྱེད་བཞི་པོ་རྫོགས་པར་ཤེས་པ་ལ་སྦྱིན་ན་དེ་དག་ནི་སྦྱིན་གནས་ཏེ། བསོད་ནམས་མཐའ་མེད་པར་འགྱུར་བས་སྦྱིན་པའི་སྣོད་དོ་སྙམ་ནས་སྦྱིན་པར་བྱེད་
པ་དེ་ཡང་དགེ་བའི་ལས་འབྱུང་བའི་རྒྱུ་སྟེ་ལོ་མ་ལྟ་བུར་བལྟའོ། །དེ་ནས་གཞན་ཡང་སྦྱིན་པ་དེ་ཉིད་བླ་མའམ་རོལ་མོ་མཁན་དག་ལ་དགའ་བཞིན་དུ་སྦྱིན་པར་བྱེད་དེ་ཞེས་པ་དེ་ནི་སྦྱིན་པ་དེ་ནི་སྔ་མ་ལས་རྒྱ་ཆེ་སྟེ། སྣོད་ལ་ཡང་མི་རྟོག་པར་བླ་མ་དང་རོལ་མོ་མཁན་ལ་སོགས་པ་ལ་སེམས་དགའ་བར་སྦྱིན་
པས་དངོས་པོ་ལ་མ་ཆགས་པར་སྦྱིན་པ་སྟེ། དེ་ཡང་དགེ་བའི་ལས་འབྱུང་བའི་རྒྱུ་སྟེ་མེ་ཏོག་ལྟ་བུར་བལྟའོ། །དེ་ནས་གཞན་ཡང་སྦྱིན་པ་དེ་ཉིད་ཡིད་དགའ་བ་དག་ལ་སྦྱིན་པར་བྱེད་དེ་ཞེས་པ་ནི་ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས་ལ་སོགས་པ་ཅི་འདོད་པ་རྣམས་སྦྱིན་པ་ལ་བྱ་
སྟེ། །དེ་ཡང་དགེ་བའི་ལས་འབྱུང་བའི་འབྲས་བུར་བལྟའོ། །དེ་ནས་གསང་བ་པའི་བདག་པོ། གཞན་ཡང་མཐོ་རིས་སུ་སྐྱེ་བར་བྱ་བའི་ཕྱིར་ཚུལ་ཁྲིམས་བསྲུང་སྟེ་ཞེས་པ་ནི་དེ་ལྟ་བུའི་སྦྱིན་པ་རྣམས་བྱས་ནས་ལུས་ཀྱི་ལས་གསུམ་དང་། ངག་གི་ལས་བཞི་དང་། ཡིད་ཀྱི་ལས་གསུམ་གྱི་སྒོ་
ནས་མི་དགེ་བ་འབྱུང་བ་སྤོང་བའི་མཚན་ཉིད་ཀྱི་ཚུལ་ཁྲིམས་བསྲུངས་ནས་དེའི་འབྲས་བུ་མངོན་པར་མཐོ་བའི་མཚན་ཉིད་ལྷ་ལ་སོགས་པའི་ལོངས་སྤྱོད་མཐོ་རིས་སུ་སྐྱེ་བའི་ཕྱིར་ཏེ་ལོངས་སྤྱོད་དེ་ཉིད་གསོས་སུ་འགྱུར་བ་ལ་བྱའོ། །དེ་ནས་ཡང་གསང་བ་པའི་བདག་པོ། གཞན་ཡང་སེམས་དེ་ལྟ་བུ་ཉིད་

ཀྱིས་འཁོར་བར་རྒྱུ་བ་ནི་དགེ་བའི་བཤེས་གཉེན་ལ་ལ་ཞིག་ལས་ཚིག་འདི་སྐད་ཐོས་ཏེ་ཞེས་པ་དེ་ལྟ་བུར་སྦྱིན་པ་བྱེད་ཅིང་ཚུལ་ཁྲིམས་བསྲུང་བ་ལ་མཁན་པོ་འཇིག་རྟེན་པའི་གཞུང་ལུགས་ཤེས་པ་འགའ་ཞིག་གིས་དགེ་བའི་བཤེས་གཉེན་བྱས་ཏེ། རང་གི་སྟོན་པའི་ལྷ་ལ་བརྟེན་དུ་བཅུག་པ་སྟེ། །
དགེ་བའི་བཤེས་གཉེན་དེས་ཀྱང་ལྷ་རྣམས་ཀྱི་རང་བཞིན་བསྟན་པ་ནི། ལྷ་འདི་དག་ནི་ལྷ་ཆེན་ཏེ། །ཐམས་ཅད་ལ་ནི་བདེ་བ་སྟེར། །དེ་ལ་ཁྱོད་ཀྱིས་གུས་མཆོད་དང་། །ཐམས་ཅད་གྲུབ་པ་ཉིད་དུ་འགྱུར། །ཞེས་པ་ནས། དེ་བཞིན་ལྷ་དང་དྲང་སྲོང་མཆོག །རིག་བྱེད་རིག་བྱེད་སྐྱེས་བུ་ཡིན། །ཞེས་
པའི་བར་དུའོ། །མཁས་པའི་མཆོད་པ་གྱིས་ཤིག་ཅེས། །ཞེས་པ་ནི་དེ་ལྟར་གོང་དུ་མིང་གིས་སྨོས་པའི་ལྷ་དེ་རྣམས་གང་ལ་དད་པ་ལ་སྟོན་པ་དང་མཆོད་པའི་གནས་སུ་བྱས་ན་ལྷ་དེ་རྣམས་ཀྱིས་བདེ་བ་སྟེར་བ་དང་བསམ་པ་ཐམས་ཅད་འགྲུབ་པར་བྱེད་དོ་ཞེས་བསྟེན་པའོ། །དེ་ལས་དེ་
འདྲའི་ཚིག་ཐོས་ནས། །ཡིད་ནི་ཡང་དག་མགུ་གྱུར་ཏེ། །དེའི་ཚེ་རབ་ཏུ་གུས་ལྡན་པས། །དེ་དག་ལ་ནི་ནན་ཏན་བྱེད། །ཅེས་པ་ནི་དེ་ལྟར་དགེ་བའི་བཤེས་གཉེན་གྱིས་ལྷ་རྣམས་བསྟན་པ་ཐོས་ནས་བྱིས་པ་དེ་ལ་ཡིད་མགུ་བ་སྐྱེས་ཏེ། དེ་ནས་ལྷ་དེ་དག་ལ་བརྟེན་པ་དང་མཆོད་པ་ནན་ཏན་
བྱེད་ཅིང་ལྷ་དེ་རྣམས་ལ་རབ་ཏུ་དད་པ་དང་ལྡན་པར་འགྱུར་བའོ། །གསང་བ་པའི་བདག་པོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་འཁོར་བ་ནི་ཀུན་དུ་འཁྱམས་པ་རྣམས་ཀྱི་དབུགས་ཕྱིན་པའི་མཆོག་ཡིན་ཏེ། འདི་ནི་སྟོབས་སུ་གྱུར་པ་སྟེ་སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ་ཞེས་པ་ནི་དེ་ལྟ་
བུའི་བྱིས་པ་སོ་སོའི་སྐྱེ་བོ་ཐ་དད་པ་རྣམས་འཁོར་བ་ན་སྐྱབས་དང་མགོན་མེད་པར་འཁྱམས་པ་ལས་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྐྱབས་དང་མགོན་དེ་དག་བསྟན་པས་བྱིས་པ་དེ་རྣམས་ཀྱིས་སྐྱབས་དང་མགོན་རྙེད་དེ་དབུགས་ཕྱིན་པ་ནི་བརྟན་པོར་གྱུར་པས་དགེ་བའི་སྟོབས་སུ་
གྱུར་པའོ་ཞེས་པའོ། །དེ་ནས་གསང་བ་པའི་བདག་པོ་གཞན་ཡང་ཁྱད་པར་རྟོགས་པ་ཇི་སྐད་དུ་ཡོངས་སུ་གྲགས་པའི་ཁྱད་པར་དེ་དང་དེ་དག་ལ་ཁྱད་པར་དུ་གནས་པ་རྣམས་ལ་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཤིང་དེ་ཡང་ཡོད་དོ་ཞེས་སྟོང་པ་ཉིད་ཁོ་ན་ལ་དངོས་པོར་སེམས་ཏེ། སྔར་བདག་

གི་ངོ་བོ་སྨོས་པ་རྣམས་དང་སྟོན་པའི་ལྷ་རྣམས་ཀྱི་རང་བཞིན་ཇི་སྐད་སྨོས་པ་བཞིན་དུ་ཤེས་ནས་བདག་ཏུ་བརྟགས་པ་དང་ལྷ་དེ་རྣམས་ལ་བརྟེན་ཏེ། ལྷ་དེ་རྣམས་ཀྱིས་བསྟན་པའི་གཞུང་གིས་ལས་དང་ཉོན་མོངས་པ་སྤངས་ནས་དག་པའི་བདག་ཏུ་རྟོག་པ་ཡིན་ཏེ། དག་པ་དེ་ཡང་
སྟོང་པ་ཉིད་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་པའི་བློ་སྐྱེ་བ་སྟེ། སྟོང་པ་ཉིད་ལ་བདེ་བ་དང་སྡུག་བསྔལ་མྱོང་བར་བྱེད་པའི་རང་བཞིན་གྱི་བདག་ཅེས་པའི་དངོས་པོ་ཉུངས་འབྲུ་ཙམ་མམ། སྤུའི་ཉག་མ་ལ་སོགས་པ་ཙམ་དུ་ཡོད་པར་རྟོག་སྟེ་དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བདག་དང་ལྷ་
རྣམས་ལ་བརྟེན་ནས་རང་གི་རྣམ་པར་གྲོལ་བ་ཚོལ་བ་སྟེ། རྣམ་པར་གྲོལ་བར་ཚོལ་བའི་བདེ་བ་དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བརྒྱུད་པའི་རྒྱུར་བལྟའོ། །དབང་ཕྱུག་ཆེན་པོ་དང་ཚངས་པ་ལ་སོགས་པའི་ལྷ་དེ་རྣམས་ཀྱང་སྤྱིར་སེམས་ཅན་རྣམ་པ་གཉིས་ཏེ། ལས་ལས་སྐྱེས་པ་དང་། ཡེ་
ཤེས་ཀྱི་སེམས་ཅན་ནོ། །དེ་ལ་སྐབས་འདིར་ནི་ལྷ་དེ་རྣམས་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་འཁྱམས་པ་རྣམས་ལ་སོ་སོའི་མྱ་ངན་ལས་འདས་པའི་ལམ་སྟོན་པ་པོ་སྟེ། ལམ་དེ་སྟོན་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་མཁྱེན་ནས་ཐོབ་པའི་རྒྱུར་སྦྱོར་བ་ཡིན་པས་དབང་པོ་དང་བརྒྱ་བྱིན་
ལ་སོགས་པའི་ལྷ་དེ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལས་སྤྲུལ་པའི་ཡེ་ཤེས་ཀྱི་སེམས་ཅན་དུ་བལྟའོ། །གསང་བ་པའི་བདག་པོ། །དེ་དག་གིས་ནི་སྟོང་པ་ཉིད་རབ་ཏུ་མི་ཤེས་སོ་ཞེས་པ་ནི་སྟོང་པ་ཉིད་ལ་འབའ་ཞིག་པ་ཞེས་བྱ་བའི་བདག་གི་ངོ་བོར་བརྟགས་པས་སྟོང་པར་མི་འགྱུར་
ཏེ། ཇི་ཙམ་དུ་དངོས་པོར་བརྟགས་པ་དེ་ཙམ་དུ་ཡོད་པའི་མཐའ་འཛིན་པས་སྟོང་པ་ཉིད་ཤེས་པར་མི་འགྱུར་རོ་ཞེས་པའོ། །དེ་བས་ན་སྟོང་པ་ཉིད་ནི་དངོས་པོ་ཅན་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་གཉིས་ཀ་ཡང་མ་ཡིན་ཏེ། དེ་ལ་རྟོག་པའམ་
མི་རྟོག་པ་ཡང་མེད་ན་དེ་ལ་ཇི་ལྟར་སྟོང་པ་ཞེས་བཏགས་པར་བྱ་ཞེས་སྟོང་པའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གསུངས་པ་ཡིན་ནོ། །དེ་ལ་དངོས་པོ་ཡང་མ་ཡིན་ཞེས་པ་ནི་བྱིས་པ་རྣམས་ཀྱིས་ཇི་ལྟར་བདག་ཏུ་བརྟགས་པའི་དངོས་པོ་མ་ཡིན་པའོ། །དངོས་པོ་མེད་པ་ཡང་མ་ཡིན་ཞེས་པ་ནི་དེ་ལྟ་བུ་ཡོད་

པའི་དངོས་པོ་སྤངས་པའི་གཞན་ཞིག་ཀྱང་མ་ཡིན་པའོ། །ཡོད་པ་ཡང་མ་ཡིན་ཞེས་པ་ནི་སྟོང་པ་ཉིད་ལ་དེ་ལྟ་བུའི་དངོས་པོ་མེད་པའོ། །མེད་པ་ཡང་མ་ཡིན་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་མེད་པ་མ་ཡིན་པའོ། །གཉིས་ཀ་ཡང་མ་ཡིན་ཞེས་པ་ནི་ཡོད་མེད་གཉིས་ལས་གཞན་ན་ཡང་མེད་པའོ། །
དེ་ལ་རྟོག་པའམ་མི་རྟོག་པ་ཡང་མེད་ན། དེ་ལ་ཇི་ལྟར་སྟོང་པ་ཞེས་བཏགས་པར་བྱ་ཞེས་པ་ནི་དེ་ལྟར་ཡོད་པ་དང་མེད་པ་མ་ཡིན་པས་སྟོང་པ་ཉིད་ལ་དངོས་པོར་གདག་ཏུ་མེད་ཅེས་པའོ། །དོན་འདི་ཉིད་ཚིགས་སུ་བཅད་པས་གསུངས་པ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་
མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །ཞེས་པ་སྟེ། གང་དག་སྟོང་ཉིད་མི་ཤེས་པ། །ཞེས་པ་ནི་སྟོང་པ་ཉིད་ལ་དངོས་པོར་བརྟགས་པ་ན་སྟོང་པ་ཉིད་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་མི་ཤེས་པ་སྟེ། དེ་དག་གིས་ནི་ཆོས་ཀྱི་དབྱིངས་ཞི་བ་མྱ་ངན་
ལས་འདས་པ་རྣམས་ཀྱང་ཤེས་པར་མི་ནུས་པ་ལ་བྱའོ། །སྟོང་པ་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། དངོས་པོ་དང་དངོས་པོ་མེད་པས་བསྡུས་པའི་དངོས་པོ་དང་བྲལ་བས་ཤེས་པར་ནུས་ཏེ། དེ་བས་ན་དངོས་དང་དངོས་མེད་པ། འཇིག་པས་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་
འདས་ལ་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ། བཅོམ་ལྡན་འདས་སེམས་ཀྱི་ཁྱད་པར་དེ་དག་བཤད་དུ་གསོལ་ཞེས་པ་ནི་སྔར་སེམས་ཀྱི་ཁྱད་པར་བརྒྱ་དྲུག་ཅུ་ལས་འདས་ནས་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་གསུངས་ན། སེམས་ཀྱི་ཁྱད་པར་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་པ་བཤད་དུ་གསོལ་
ཞེས་པ་ལ་བྱའོ། །དེ་སྐད་ཅེས་གསོལ་པ་ཞེས་པ་ནས། ཉོན་ཅིག་ཅེས་པའི་བར་དུ་གསོལ་བའི་ལེན་བཤད་པར་གནང་བའོ། །དེ་དག་བཤད་པ་ཡང་གསང་བ་པའི་བདག་པོ། །དེ་ལ་སེམས་ནི་འདོད་ཆགས་ཀྱི་སེམས་དང་། འདོད་ཆགས་དང་བྲལ་བའི་སེམས་དང་ཞེས་པ་ནས་བུ་ག་ལྟ་བུའི་
སེམས་དང་སྐྱེ་བར་གྱུར་པའི་སེམས་སོ་ཞེས་པའི་བར་རོ། །སེམས་དེ་རྣམས་བཤད་པ་ཡང་མིང་དང་། མཚན་ཉིད་དང་སྤོང་བ་དང་ལམ་གྱི་སྒོ་ནས་བཤད་པར་ཤེས་པར་བྱ་ལ། སེམས་དེ་རྣམས་ཀྱི་རང་བཞིན་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་ཅན་དང་། དགེ་བ་དང་། མི་དགེ་བ་དང་། །

ལུང་དུ་མ་བསྟན་པའོ། །དེ་ལ་སེམས་དེ་རྣམས་ལས་འདའ་བར་བྱ་བ་ཡང་སྤྱིར་ན་སྔགས་ཀྱི་སྒོ་ནས་སྤྱོད་པ་ལ་རྣམ་པ་གཉིས་ཏེ། གྲུབ་པ་དང་། དམ་ཚིག་ཅན་ནོ། །དེ་ལ་གྲུབ་པ་ནི་མོས་པས་སྤྱོད་པའི་ས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་གང་དུ་འདོད་པར་འཕར་བས་
རིམ་པ་དང་བསྐལ་པའི་ཚིགས་ཀྱང་མེད་དོ། །དམ་ཚིག་ཅན་ལ་ཡང་རྣམ་པ་གཉིས་ཏེ། དབང་པོ་རྟུལ་པོ་དང་རྣོན་པོའོ། །དེ་ལ་དབང་པོ་རྟུལ་པོ་ནི་ཐོག་མར་འཇིག་རྟེན་པའི་ལམ་སྟོང་པ་ཉིད་འབའ་ཞིག་པར་བློ་སྐྱེས་པ་ལས་འཕར་ནས་གང་ཟག་ལ་བདག་མེད་པར་རྟོགས་ཏེ་སེམས་འདི་རྣམས་
ཀྱང་སྡུག་བསྔལ་བ་ཉིད་དང་། མི་རྟག་པ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པར་རྟོགས་ཏེ། སྤོང་བ་གོམས་པར་བྱེད་ན་འཇིག་རྟེན་པའི་ལམ་ནས་བརྩམས་ཏེ་བསྐལ་པ་གསུམ་གྱི་བར་དུ་གང་ཟག་ལ་བདག་མེད་པར་བསྒོམས་ཏེ། དེ་ནས་ཕུང་པོ་ལ་ཡོད་དོ་སྙམ་པའི་བློ་སྐྱེ་བ་དེ་ཡང་སུན་ཕྱུང་ནས་ཕུང་
པོ་ལ་སོགས་པ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་ཆོས་ལ་བདག་མེད་པར་རྟོགས་ཏེ། སེམས་གསུམ་སྒོམ་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་སྤྱོད་པའི་མཚན་ཉིད་མོས་པས་སྤྱོད་པའི་ས་ལ་འཇུག་གོ། །དབང་པོ་རྣོན་པོ་ནི་ཐོག་མ་ཉིད་ནས་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་
པར་རྟོགས་པས་སེམས་དེ་རྣམས་ཀྱང་སྒྱུ་མ་དང་སྨིག་རྒྱུའི་ཚུལ་གྱིས་སྤོང་ཞིང་སེམས་གསུམ་པོ་སྒོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་རྣམ་པར་སྤྱོད་པའི་རིམ་གྱིས་མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་རྫོགས་ནས་བསྐལ་པ་དེའི་བཞི་ཆ་གཅིག་གིས་ཡེ་ཤེས་ཀྱི་ས་ལ་འཇུག་
གོ། །མོས་པས་སྤྱོད་པའི་ས་ལ་ཞུགས་ནས་ནི་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་རྫོགས་པར་བྱེད་པ་དང་། ཡེ་ཤེས་ཀྱི་ས་ལ་བསྐལ་པ་བཞི་ཆ་གཅིག་གིས་འཇུག་པར་འདྲའོ། །སེམས་ཀྱི་དངོས་པོ་དྲུག་ཅུ་རྣམས་ལས་བརྒྱ་དྲུག་ཅུར་འཕེལ་བ་
ཡང་སྒྲིབ་པའི་ཆ་ཕྲ་རགས་གསུམ་དུ་ཕྱེ་སྟེ་གསུམ་པོ་དེ་རྣམས་རེ་རེ་ཞིང་ཡང་གསུམ་གསུམ་དུ་ཕྱེ་བས་རྣམ་པ་དགུར་བལྟའོ། །དེ་ལ་སྒྲིབ་པ་ཆེན་པོའི་ཆེན་པོ་ལ་སེམས་གཅིག་སྤོང་ལ་ཆེན་པོའི་འབྲིང་པོ་ལ་ནི་གཉིས་སྤོང་། ཆེན་པོའི་ཆུང་ངུ་ལ་ནི་གསུམ་སྤོང་། འབྲིང་གི་ཆེན་པོ་ལ་ནི་བཞི་སྤོང་།

འབྲིང་གི་འབྲིང་ལ་ནི་ལྔ་སྤོང་། འབྲིང་གི་ཆུང་ངུ་ལ་ནི་དྲུག་སྤོང་། ཆུང་ངུའི་ཆེན་པོ་ལ་བདུན་སྤོང་། ཆུང་ངུའི་འབྲིང་ལ་བརྒྱད་སྤོང་། འོག་ནས་འབྱུང་བའི་ཚུལ་གྱིས་དེ་ལྟར་སེམས་བརྒྱ་དྲུག་ཅུ་མོས་པས་སྤྱོད་པའི་ས་ནས་བསྐྱོད་ཅིང་མོས་པས་སྤྱོད་པའི་ས་དེ་རྫོགས་པར་བྱེད་དོ། །དེ་ལ་
དགུ་པོ་རྣམས་ཀྱི་ཐ་མ་ཆུང་ངུའི་ཡང་ཆུང་ངུ་ནི་མོས་པས་སྤྱོད་པའི་ས་ནས་འཕར་ནས་སྤོང་སྟེ་ཡེ་ཤེས་ཀྱི་ས་ལ་འཇུག་པར་ཤེས་པར་བྱའོ། །དེ་ལ་འདོད་ཆགས་ཀྱི་སེམས་གང་ཞེ་ན་ཆགས་པ་ཅན་ཆོས་ཀུན་དུ་བསྟེན་པའོ་ཞེས་པ་ནི་འདོད་ཆགས་དང་ལྡན་པའི་སེམས་ལ་བྱ་སྟེ། དེ་ཡང་དགེ་བ་དང་། མི་
དགེ་བ་དང་། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟེན་པའི་ཆོས་རྣམ་པ་བཞི་ལས་ཇི་ལྟར་རིགས་པར་ཆགས་ནས་བསྙེན་པ་ལ་ཤེས་པར་བྱ་སྟེ། ལྷ་ལ་སོགས་པ་ལ་དད་ཅིང་མཆོད་པར་བྱ་བ་ལ་ཞེན་ནས་མཆོད་པ་ལ་སོགས་པའི་ལས་དེ་དག་བྱེད་པ་ནི་ཆགས་པ་ཅན་ཆོས་ཀུན་དུ་བསྟེན་པ་
ཞེས་བྱ་སྟེ་དགེ་བའོ། །དེ་བཞིན་དུ་བུད་མེད་ལ་སོགས་པ་ལ་ཞེན་ནས་དེའི་བྱ་བ་བྱེད་པ་ནི་ཆགས་པ་ཅན་ཆོས་བསྟེན་པ་སྟེ་ཉོན་མོངས་པ་ཅན་གྱི་སེམས་སོ། །མ་བྱིན་པར་ལེན་པ་དང་བརྫུན་དུ་སྨྲ་བ་ལ་ཆོས་སུ་ཞེན་ནས་དེ་དག་གི་བྱ་བ་བྱེད་པ་ནི་ཆགས་པ་ཅན་ཆོས་བསྟེན་པ་སྟེ་མི་དགེ་བའི་སེམས་སོ། །
བཟོ་ལ་སོགས་པའི་ཆོས་ལ་ཞེན་ནས་དེ་དག་གི་བྱ་བ་བྱེད་པ་ནི་ཆགས་པ་ཅན་ཆོས་བསྟེན་པ་སྟེ་ལུང་དུ་མ་བསྟན་པའོ། །དེ་ལྟར་ཚུལ་འདིས་སེམས་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་དགེ་བ་དང་མི་དགེ་བ་དང་། ཉོན་མོངས་པ་ཅན་དང་ལུང་མ་བསྟན་པར་སྦྱར་བར་བྱའོ། །འདོད་ཆགས་དང་བྲལ་
བའི་སེམས་གང་ཞེ་ན། འདོད་ཆགས་དང་བྲལ་བའི་ཆོས་ཀུན་དུ་བསྟེན་པའོ་ཞེས་པ་ནི་གོང་དུ་སྨོས་པའི་ཆོས་རྣམ་པ་བཞི་ལ་མ་ཆགས་པའམ་མ་མོས་ཀྱང་ཆོས་ཉིད་ཀྱི་སྤྱོད་པའམ། གཞན་གྱི་དབང་དུ་མི་སྤྱོད་བཞིན་དུ་དེ་དག་གི་བྱ་བ་བྱེད་པ་ནི་འདོད་ཆགས་དང་བྲལ་བའི་ཆོས་ཀུན་དུ་བསྟེན་པའོ། །
ཞེ་སྡང་གི་སེམས་གང་ཞེ་ན། སྡང་བས་ཆོས་ཀུན་དུ་བསྟེན་པའོ་ཞེས་པ་ནི་ཞེ་སྡང་དང་ལྡན་པའི་སེམས་ཏེ་གོང་དུ་སྨོས་པའི་ཚུལ་གྱིས་དགེ་བ་དང་མི་དགེ་བ་ལ་སོགས་པར་རིག་པར་བྱའོ། །བྱམས་པའི་སེམས་གང་ཞེ་ན། བྱམས་པ་དང་ལྡན་པའི་ཆོས་ཀུན་དུ་བསྟེན་པའོ་ཞེས་པ་ནི་བྱམས་པ་དང་

ལྡན་པའི་སེམས་ཏེ་དགེ་བ་དང་མི་དགེ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གཏི་མུག་གི་སེམས་གང་ཞེ་ན་གང་མི་དཔྱོད་པར་ཆོས་བསྟེན་པའོ་ཞེས་པ་ནི་གཏི་མུག་དང་ལྡན་པའི་སེམས་སོ། །ཤེས་རབ་ཀྱི་སེམས་གང་ཞེ་ན། ཁྱད་པར་ལས་ཁྱད་པར་གཞན་རྟོགས་པར་བྱ་
སྟེ་ཆོས་བསྟེན་པའོ་ཞེས་པ་ནི་ཤེས་རབ་དང་ལྡན་པའི་སེམས་ཏེ་ཁྱད་པར་ལས་ཞེས་པ་ནི་ཤེས་རབ་མ་ཐོབ་པ་ལས་ཤེས་རབ་ཐོབ་པ་ལ་བྱའོ། །ཁྱད་པར་གཞན་ཞེས་པ་ནི་ཤེས་རབ་དེ་ཐོབ་པ་ལས་ཤེས་རབ་མཆོག་ཁྱད་པར་དུ་རྟོགས་པ་ལ་བྱའོ། །གཏན་ལ་ཕབ་པའི་སེམས་གང་ཞེ་ན། བཀའ་
དང་བླ་མའི་ཚིག་བཞིན་བྱེད་པ་ཉིད་དོ་ཞེས་པ་ནི། རྒྱལ་པོ་ལ་སོགས་པའི་བཀའ་དང་། སློབ་དཔོན་ལ་སོགས་པའི་ལུང་མི་བྱར་མི་རུང་སྟེ། ངེས་པར་བྱ་བའི་ཆོས་དེ་བྱེད་པའོ། །ཐེ་ཚོམ་གྱི་སེམས་གང་ཞེ་ན། ཇི་ལྟར་ཡོངས་སུ་གཟུང་བ་ངེས་པ་དག་ལ་སོམ་ཉི་བསྟེན་པ་དག་གོ་ཞེས་པ་ནི་
ཐེ་ཚོམ་དང་ལྡན་པའི་སེམས་ཏེ་སྔར་ཕྱིན་ཅི་མ་ལོག་པར་ཟིན་པ་ལ་ཕྱིས་བདག་ཉིད་ཀྱིས་ཐེ་ཚོམ་བསླང་སྟེ་དོགས་པ་སྐྱེ་བར་བྱེད་པ་ནི་དེའི་ཆོས་ལ་བརྟེན་པའོ་ཞེས་བྱའོ། །མུན་པར་འགྱུར་བའི་སེམས་གང་ཞེ་ན་སོམ་ཉི་མེད་པ་ལ་སོམ་ཉིར་ཤེས་པའོ་ཞེས་པ་ནི་མུན་པ་ལྟ་བུའི་སེམས་ཏེ་ཇི་ལྟར་མུན་
པའི་ནང་ན་བུམ་པ་ལ་སོགས་པ་ཡོད་ཀྱང་གསལ་བར་མི་སྣང་བས་ཡོད་དམ་མེད་ཐེ་ཚོམ་ཟ་བ་སྟེ། དེ་བཞིན་དུ་དངོས་པོ་ཕྱིན་ཅི་མ་ལོག་པ་ལ་མ་རིག་པའི་མུན་པས་བསྒྲིབས་པས་ཐེ་ཚོམ་སྐྱེ་བའི་སེམས་ནི་མུན་པ་དང་འདྲའོ། །སྣང་བར་གྱུར་པའི་སེམས་གང་ཞེ་ན། སོམ་ཉི་མེད་པ་ལ་
སོམ་ཉི་མེད་པར་བསྟེན་པའོ་ཞེས་པ་ནི་སྣང་བའི་རང་བཞིན་དུ་གྱུར་པའི་སེམས་ཏེ་ཇི་ལྟར་ནམ་མཁའ་སྣང་བ་ལ་རྫས་ཀྱི་དངོས་པོ་གསལ་བར་སྣང་བ་བཞིན་དུ་སྣང་བའི་རང་བཞིན་གྱི་གཟུགས་དེ་ཡང་དེས་ཤེས་པར་བྱ་བའི་དངོས་པོ་ཐེ་ཚོམ་མེད་བཞིན་དུ་སྤྱོད་པ་ནི་སོམ་ཉི་མེད་པར་ཆོས་བསྟེན་
པའོ། །སྡུད་པའི་སེམས་གང་ཞེ་ན། དུ་མ་གཅིག་ཏུ་བྱེད་པའོ་ཞེས་པ་ནི་སྡུད་པའི་རང་བཞིན་གྱི་སེམས་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རང་གི་མཚན་ཉིད་སོ་སོ་བ་ལས་སྟོང་པ་དང་བདག་མེད་པ་ལ་སོགས་པ་སྤྱིའི་མཚན་ཉིད་གཅིག་ཏུ་སྡུད་པའོ། །འཐབ་

པའི་སེམས་གང་ཞེ་ན། ཕན་ཚུན་རྩོད་པ་ཉིད་དོ་ཞེས་པ་ནི་འཐབ་མོ་ཅན་གྱི་སེམས་ཏེ། མི་མཐུན་པའི་མུ་རེ་རེ་གཟུང་ཞིང་རྩོད་པའི་ཆོས་རེ་རེ་བསྟེན་པའོ། །རྩོད་པའི་གང་ཞེ་ན་གང་བདག་ཉིད་དང་བདག་ཉིད་དུ་རྩོད་པའོ་ཞེས་པ་ནི་རྩོད་པའི་རང་བཞིན་གྱི་སེམས་ཏེ་གཞན་དང་ཕན་ཚུན་དུ་
མི་མཐུན་པའི་ཕྱོགས་གཟུང་ཞིང་མི་རྩོད་པར་བདག་རང་གི་སེམས་ལ་སུན་འབྱིན་པའམ་དཔྱོད་པ་ལྟ་བུའོ། །མི་རྩོད་པའི་སེམས་གང་ཞེ་ན། མཉམ་པས་མཚུངས་པར་བལྟ་བའོ་ཞེས་པ་ནི་རྩོད་པ་མེད་པའི་རང་བཞིན་གྱི་སེམས་ཏེ་དངོས་པོ་གང་ཡང་རུང་བ་ལ་གཞན་དང་ལྟ་བ་མཐུན་པས་མཚུངས་
པར་སྤྱོད་དེ་རྩོད་པ་མེད་པའི་ཆོས་བསྟེན་པར་བྱེད་པའོ། །ལྷའི་སེམས་གང་ཞེ་ན། ཡིད་ཀྱིས་བདག་ཉིད་ལ་རློམ་སེམས་སུ་བྱེད་པའོ་ཞེས་པ་ནི་ལྷ་ལྟ་བུའི་སེམས་སམ། ལྷའི་ཕྱིར་སེམས་པ་སྟེ། ལྷ་ལྟ་བུར་སེམས་པ་ནི་ཇི་ལྟར་ལྷ་རྣམས་བདག་ནི་ལྷ་ཡིན་ནོ་སྙམ་དུ་སེམས་པ་བཞིན་དུ་
སེམས་དེ་ཡང་བདག་ཉིད་གང་ཡིན་པ་དེ་ཡིན་ནོ་སྙམ་དུ་སེམས་པའོ། །ལྷའི་ཕྱིར་སེམས་པ་ནི་བདག་གིས་ལྷར་འགྱུར་བར་བྱའོ་སྙམ་དུ་སེམས་པའོ། །ལྷ་མ་ཡིན་གྱི་སེམས་གང་ཞེ་ན་གང་འཁོར་བ་ཉིད་ལ་སྨོད་པའོ་ཞེས་པ་ནི་ལྷ་མ་ཡིན་ལྟ་བུའི་སེམས་ཏེ། དེ་ལྟར་ལྷ་མ་ཡིན་དེ་ལ་སོགས་
པའི་དངོས་པོ་ཐམས་ཅད་ལ་སྨོད་པར་བྱེད་པ་དེ་བཞིན་དུ་སེམས་དེ་ཡང་འཁོར་བ་ལ་སྨོད་པར་བྱེད་པའི་ཆོས་བསྟེན་པའོ། །ཀླུའི་སེམས་གང་ཞེ་ན། གང་ལོངས་སྤྱོད་ཆེན་པོ་ཉིད་དུ་བྱ་བའི་ཕྱིར་སེམས་པའོ་ཞེས་པ་ནི་ཀླུ་ལྟ་བུའི་སེམས་ཏེ་ཇི་ལྟར་ཀླུ་ཕྱུག་པོ་ལ་མགོ་མང་པོ་ཡོད་དེ། མགོ་མང་
པོ་ལོངས་སྤྱོད་ཆེ་བར་ཤེས་པ་དེ་བཞིན་དུ་སེམས་དེ་ཡང་ལོངས་སྤྱོད་ཆེན་པོ་ལ་སྤྱོད་པའི་ཆོས་བསྟན་པའོ། །དེ་ལ་ཀླུའི་མགོ་མང་པོ་ལོངས་སྤྱོད་ཀྱི་དཔེར་ཇི་ལྟར་འགྱུར་ཞེ་ན། རྒྱ་གར་སྐད་དུ་ལོངས་སྤྱོད་ལ་བྷོ་ག །ཀླུའི་མགོ་ལ་ཡང་བྷོ་ག་ཞེས་བྱ་སྟེ། སྐད་ཀྱང་མཐུན་ལ་དོན་དུ་ཡང་ཀླུ་མགོ་
མང་པོ་དེ་ཕྱུག་པས་ལོངས་སྤྱོད་ཆེན་པོ་ལ་ལོངས་སྤྱོད་དོ། །དེ་བཞིན་དུ་སེམས་དེ་ཡང་ལོངས་སྤྱོད་ཆེན་པོའི་ཆོས་ལ་བསྟེན་པར་བྱེད་པས་ཀླུ་ལྟ་བུའི་སེམས་ཞེས་བྱའོ། །མིའི་སེམས་གང་ཡིན་ཞེ་ན། དེ་ཉིད་ཀྱི་དོན་དུ་སེམས་པའོ་ཞེས་པ་ནི་མིའི་ལོངས་སྤྱོད་འདོད་པའི་ཡོན་ཏན་གྱི་ཆོས་

ལ་བསྟེན་པར་བྱེད་པའོ། །བུད་མེད་ཀྱི་སེམས་གང་ཞེ་ན། འདོད་པ་ཁོ་ནའི་ཕྱིར་ཆོས་བསྟེན་པའོ་ཞེས་པ་ནི་བུད་མེད་ལྟ་བུའི་སེམས་ཏེ། བུད་མེད་ནི་འདོད་ཆགས་ཀྱི་ཡུལ་དུ་གྱུར་པའི་ཆོས་རྣམས་འཐོབ་པར་བྱ་བའི་ཕྱིར་ཆོས་དེ་དག་གི་བྱ་བ་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་
འདོད་པའི་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར་ཆོས་དེ་དག་ལ་བསྟེན་པར་བྱེད་དོ། །དབང་ཕྱུག་གི་སེམས་གང་ཞེ་ན། གང་བདག་གིས་ཐམས་ཅད་བསམ་མོ་སྙམ་དུ་རློམ་སེམས་སུ་བྱེད་པའོ་ཞེས་པ་ནི་དབང་ཕྱུག་ལྟ་བུའི་སེམས་ཏེ། དབང་ཕྱུག་ནི་འཇིག་རྟེན་ཐམས་ཅད་ཀྱི་སྐྱེ་བ་དང་འཇིག་པ་
ནི་བདག་གིས་བྱས་སོ་བར་སེམས་སོ། །དེ་བཞིན་སེམས་དེ་ཡང་བདག་གིས་མ་བྱས་པ་རྣམས་ཀྱང་བདག་གིས་བྱས་སོ་བའི་ཆོས་བསྟེན་པར་བྱེད་པའོ། །དབང་ཕྱུག་ནི་ལྷ་ཆེན་པོ་ལ་བྱའོ། །ཚོང་པའི་སེམས་གང་ཞེ་ན་གང་བསྡུ་བ་བྱས་ཏེ་རྣམ་པར་སྤེལ་ནས་ཕྱིས་བསྟན་པའོ་ཞེས་པ་ནི་ཚོང་པ་ལྟ་
བུའི་སེམས་ཏེ། ཚོང་པ་ནི་འཚོང་ཞིང་ཉོ་བའི་ཆོས་རྣམས་རིན་ཆུང་བའི་དུས་ན་ཀུན་བསྡུས་ནས་ནམ་རིན་ཆེ་བ་ན་དེ་དག་ཐམས་ཅད་སླར་སྤེལ་ཞིང་འཚོང་བར་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་སྔར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པའི་
ཆོས་ཀྱིས་དེ་རྣམས་ཉིད་ཇི་ལྟར་རིགས་པར་སྤོང་བའི་ཆོས་བསྟེན་པར་བྱེད་པའོ། །ཞིང་པའི་སེམས་གང་ཞེ་ན། གང་ཐོས་པ་རྣམ་པ་དུ་མ་ཚོལ་ཞིང་ཕྱིས་བསྟེན་པའོ་ཞེས་པ་ནི་ཞིང་པ་ལྟ་བུའི་སེམས་ཏེ། སྔར་ཞིང་ཐོག་རྣམས་བསྡུས་ནས་ཕྱིས་ཞིང་ཐོག་དེ་རྣམས་ཉིད་ལ་བཟའ་བ་དང་བཏུང་བ་
ལ་སོགས་པའི་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་སྔར་ཆོས་རྣམས་མང་དུ་ཐོས་པར་བྱས་ཏེ་བསགས་ནས་ཕྱིས་ཇི་ལྟར་ཐོས་པའི་ཆོས་དེ་རྣམས་སེམས་པ་དང་བསྒོམ་པ་ལ་སོགས་པའི་ཆོས་བསྟེན་པར་བྱེད་པའོ། །ཆུ་བོའི་སེམས་གང་ཞེ་ན། གང་མཐའ་གཉིས་ལ་མི་ལྟོས་ཤིང་བསྟེན་
པའོ་ཞེས་པ་ནི་ཆུ་བོ་ལྟ་བུའི་སེམས་ཏེ། ཆུ་བོ་ནི་མཐའ་གཉིས་མི་མཐོ་བར་དབུས་ཀྱི་གཞུང་བཞིན་ལས་འབབ་པའོ། །དེ་བཞིན་དུ་སེམས་དེ་ཡང་རྟག་པ་དང་ཆད་པའི་མཐའ་གཉིས་སྤོང་བར་བྱེད་པའི་ཆོས་བསྟེན་པའོ། །ཡང་ན་ཆུ་བོ་མཐའ་གཉིས་ལ་ལྟོས་ཤིང་འབབ་པ་དེ་བཞིན་དུ།

སེམས་དེ་ཡང་རྟག་པ་དང་ཆད་པའི་མཐའ་བཟུང་ཞིང་དེའི་ཆོས་བསྟེན་པར་བྱེད་པ་ལ་ཡང་བྱའོ། །ལྟེང་ཀའི་སེམས་གང་ཞེ་ན། གང་སྲིད་པས་བསྟེན་པའོ་ཞེས་པ་ནི་ལྟེང་ཀ་ལྟ་བུའི་སེམས་ཏེ། ལྟེང་ཀ་དེ་ནི་གཞན་ལས་འབབ་པའི་ཆུ་རྣམས་བསོགས་ལ་བདག་ལས་གར་ཡང་མི་
འཛག་སྟེ། དེ་བཞིན་དུ་སེམས་དེ་ཡང་གཞན་གྱི་ཐམས་ཅད་ནི་སྡུད་ལ། བདག་ལས་གང་ཅི་ཡང་མི་གཏོང་བའི་ཆོས་བསྟེན་པའོ། །ཁྲོན་པའི་སེམས་གང་ཞེ་ན། གང་མི་ཟབ་པ་ལ་ཟབ་པར་སེམས་པའོ་ཞེས་པ་ནི་ཁྲོན་པ་ལྟ་བུའི་སེམས་ཏེ། ཁྲོན་པ་ཆུས་གང་བ་ནི་མི་ཟབ་
ཀྱང་གཏིང་དཔག་ཏུ་མི་མངོན་པས་ཟབ་པ་དང་འདྲ་སྟེ། དེ་བཞིན་དུ་སེམས་དེ་ཡང་ཟབ་མོའི་བློ་མ་ཡིན་པ་ལ་ཟབ་སྙམ་དུ་སེམས་པའི་ཆོས་བསྟེན་པའོ། །ཀུན་དུ་བསྲུང་བའི་སེམས་གང་ཞེ་ན། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་སྙམ་དུ་སེམས་པའོ་ཞེས་པ་ནི་བསྲུང་བར་གྱུར་པའི་
སེམས་ཏེ། བདག་གིས་ཇི་ལྟར་ཐོས་ཤིང་ཟིན་པ་དེ་ཉིད་མ་ནོར་བའོ་སྙམ་ནས་བརྟན་པར་བཟུང་སྟེ་གཞན་གྱིས་ཟིན་ཅིང་རྟོགས་པ་དེ་མ་ཡིན་པ་སྙམ་དུ་ཆོས་བསྟེན་པའོ། །སེར་སྣའི་སེམས་གང་ཞེ་ན། བདག་ཉིད་བསྟེན་ཅིང་གཞན་ལ་མི་སྟེར་བའོ་ཞེས་པ་ནི་སེར་སྣ་ཅན་གྱི་སེམས་ལ་བྱ་སྟེ་ཇི་
ལྟར་གྲགས་པའོ། །བྱི་བའི་སེམས་གང་ཞེ་ན། གང་མཆོད་པ་ལ་ལྟོས་ཏེ་བསྟེན་པའོ་ཞེས་པ་ནི་བྱི་བ་ལྟ་བུའི་སེམས་ཏེ་བྱི་བ་ལ་སོགས་པ་འཛིན་པ་ན་མཆོང་ཞིང་འཛིན་ཏེ། དེ་བཞིན་དུ་སེམས་དེ་ཡང་འཕགས་པའི་ལམ་ལ་སོགས་པ་ཐོབ་པར་བྱེད་པ་ནི་འཇུག་པའི་དུས་ལས་འཕར་བ་སྟེ། །
རིམ་པ་དེས་འཕར་བའོ། །ཁྱིའི་སེམས་གང་ཞེ་ན་གང་ཆུང་ངུས་ཀྱང་མགུ་བར་འགྱུར་བའོ་ཞེས་པ་ནི་ཁྱི་ལྟ་བུའི་སེམས་ཏེ། ཁྱི་ནི་ཆུང་ངུས་ཀྱང་མགུ་བའོ། །དེ་བཞིན་དུ་སེམས་དེ་ཡང་གང་ཡང་རུང་བའི་དངོས་པོ་ཆུང་ངུས་མགུ་བར་བྱེད་པའི་ཆོས་བསྟེན་པར་བྱེད་པའོ། །ནམ་མཁའ་
ལྡིང་གི་སེམས་གང་ཞེ་ན། གང་ཕྱོགས་འཛིན་པས་ཆོས་ལ་བརྟེན་པའོ་ཞེས་པ་ནི་ནམ་མཁའ་ལྡིང་ལྟ་བུའི་སེམས་ཏེ། ནམ་མཁའ་ལྡིང་ནི་ཀླུ་ལ་སོགས་པ་འཛིན་པ་ན་འདབ་མས་རྡོབ་ཅིང་འཛིན་ཏེ། དེ་བཞིན་དུ་སེམས་དེ་ཡང་གང་བདག་གི་ཡིན་པ་དེའི་ཕྱོགས་འཛིན་པའི་ཆོས་བསྟེན་

པར་བྱེད་དོ། །ནམ་མཁའ་ལྡིང་གི་འདབ་མས་རྡོབ་ཅིང་སྦྲུལ་འཛིན་པ་དེ་ཇི་ལྟར་ཕྱོགས་འཛིན་པའི་དཔེར་འགྱུར་ཞེ་ན། རྒྱ་གར་སྐད་དུ་འདབ་མ་ལ་པཀྵ་ཞེས་བྱ། ཕྱོགས་ལ་ཡང་པཀྵ་ཞེས་བྱ་སྟེ། དེ་ལྟར་སྐད་གཅིག་ལ་དོན་དུ་ཡང་ནམ་མཁའ་ལྡིང་གིས་ཀླུ་དེ་བདག་
གིར་བྱེད་པའི་ཕྱིར་འཛིན་ལ། ཕྱོགས་སུ་གྱུར་པ་ཡང་བདག་གིར་བྱ་བའི་དངོས་པོའི་དོན་ལ་ཕྱོགས་འཛིན་པས་མཐུན་ནོ། །བྱི་བའི་སེམས་གང་ཞེ་ན། བཅིངས་པ་ཐམས་ཅད་བཅད་པའི་ཕྱིར་སེམས་པའོ་ཞེས་པ་ནི་བྱི་བ་ལྟ་བུའི་སེམས་ཏེ་བྱི་བ་ནི་བཅིངས་པ་ཐམས་ཅད་གཅོད་ཅིང་གྲོལ་བར་
བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆིངས་མ་དགྲོལ་བའི་ཆོས་བསྟེན་པར་བྱེད་པའོ། །གླུའི་སེམས་གང་ཞེ་ན། བདག་གི་དབྱངས་སྒྲ་སྣ་ཚོགས་ཀྱི་གླུས་སེམས་ཅན་རྣམས་གཟུད་པར་བྱའོ་སྙམ་པའོ་ཞེས་པ་ནི་གླུ་ལྟ་བུའི་སེམས་ཏེ། ཇི་ལྟར་གླུ་
དེས་སེམས་ཅན་རྣམས་དགའ་ཞིང་འདུ་བ་དེ་བཞིན་དུ་སེམས་དེ་ཡང་བདག་གིས་གང་དང་རྗེས་སུ་མཐུན་པའི་སྒྲ་སྐད་ཀྱི་དབྱངས་མང་པོས་སེམས་ཅན་རྣམས་གང་ལ་དད་པ་ལ་གཟུང་ངོ་སྙམ་པའི་ཆོས་བསྟེན་པར་བྱེད་པའོ། །གར་གྱི་སེམས་གང་ཞེ་ན། བདག་གིས་རྫུ་འཕྲུལ་སྣ་ཚོགས་
ཀྱིས་གཞན་དག་ཡང་དག་པར་འཛིན་དུ་གཞུག་གོ་སྙམ་དུ་སེམས་པའོ་ཞེས་པ་ནི་གར་བྱ་བའི་སེམས་ཏེ། གར་ཞེས་བྱའི་ཚིག་ནི་ལུས་གཡོ་བའི་དོན་ཡིན་ལ། གར་གཅིག་པུར་མ་ཟད་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ལུས་ཀྱི་རྫུ་འཕྲུལ་ཐམས་ཅད་ཀྱང་ལུས་གཡོ་བ་ཡིན་ཏེ། དེ་ལྟ་
བས་ན་ལུས་ཀྱི་རྫུ་འཕྲུལ་དེ་དག་གིས་སེམས་ཅན་རྣམས་རྫུ་འཕྲུལ་སྣ་ཚོགས་སྦྱོར་བར་བྱེད་པའི་ཆོས་བསྟེན་པའོ། །སིལ་སྙན་གྱི་སེམས་གང་ཞེ་ན། བདག་གིས་ཆོས་ཀྱི་རྔ་བརྡུང་ངོ་སྙམ་པའོ་ཞེས་པ་ནི་སིལ་སྙན་གྱི་ཕྱིར་སེམས་པ་སྟེ། ཆོས་རྔ་བསྒྲགས་ཤིང་འཆད་པར་བྱ་བའི་ཆོས་
བསྟེན་པར་བྱེད་པའི་སེམས་སོ། །ཁྱིམ་གྱི་སེམས་གང་ཞེ་ན། བདག་གིས་ལུས་ཀུན་དུ་བསྲུང་བའི་ཕྱིར་བསྟེན་པའོ་ཞེས་པ་ནི་ཁྱིམ་ལྟ་བུའི་སེམས་ཏེ། ཁྱིམ་ནི་རྫས་ལ་སོགས་པ་ཆུད་མི་ཟ་བར་བཟུང་ཞིང་སྐྱོང་བར་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་བདག་གི་ལུས་བསྲུང་བའི་ཆོས་བསྟེན་

པར་བྱེད་པའོ། །སེང་གེའི་སེམས་གང་ཞེ་ན་གང་ཐམས་ཅད་ཟིལ་གྱིས་གནོན་པས་བསྟེན་པའོ་ཞེས་པ་ནི་སེང་གེ་ལྟ་བུའི་སེམས་ཏེ། སེང་གེ་ནི་བདག་གི་སྒྱུ་རྩལ་གྱིས་བྱོལ་སོང་ཐམས་ཅད་ཟིལ་གྱིས་གནོན་པ་དེ་བཞིན་དུ་སེམས་དེ་ཡང་བདག་གིས་ཡང་ཤེས་ཤིང་གྲགས་པའི་ཕྱོགས་ཀྱིས་གཞན་
རྣམས་ཟིལ་གྱིས་གནོན་པའི་ཆོས་བསྟེན་པའོ། །འུག་པའི་སེམས་གང་ཞེ་ན། གང་མཚན་མོ་སེམས་པའོ་ཞེས་པ་ནི་འུག་པ་ལྟ་བུའི་སེམས་ཏེ། འུག་པ་ནི་བདག་གི་ཟས་ཚོལ་བ་ལ་སོགས་པ་བྱ་བ་ཐམས་ཅད་མཚན་མོ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་བདག་གི་བྱ་བ་རྣམས་མཚན་མོ་
བྱེད་པའི་ཆོས་བསྟེན་པའོ། །བྱ་རོག་གི་སེམས་གང་ཞེ་ན། གང་ཐམས་ཅད་དུ་སྐྲག་པས་སེམས་པའོ་ཞེས་པ་ནི་བྱ་རོག་ལྟ་བུའི་སེམས་ཏེ་བྱ་རོག་ནི་ཀུན་གྱིས་འཇིགས་ཤིང་བརྟབས་བཞིན་དུ་རང་གི་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་གང་གིས་དངོས་པོ་སྤྱད་པ་ཐམས་ཅད་ལ་བག་ཚ་ཞིང་བརྟབས་
པའི་ཆོས་བསྟེན་པར་བྱེད་པའོ། །སྲིན་པོའི་སེམས་གང་ཞེ་ན། གང་དགེ་བ་དང་མི་དགེ་བ་རྣམས་སྒྲུབ་པའོ་ཞེས་པ་ནི་སྲིན་པོ་ལྟ་བུའི་སེམས་ཏེ། སྲིན་པོ་ནི་སྔོན་དགེ་བ་ལ་སོགས་པ་སྤྱད་པའི་རྒྱུས་བདག་མཐུ་དང་ལྡན་པར་གྱུར་ལ། མཐུ་དེས་གསོད་པ་ལ་སོགས་པ་མི་དགེ་བའི་ཆོས་རྣམས་
སྤྱད་དེ་སེམས་དེ་ཡང་དེ་ལྟ་བུའི་ཆོས་བསྟེན་པར་བྱེད་པའོ། །ཚེར་མའི་སེམས་གང་ཞེ་ན། གང་ཐམས་ཅད་དུ་འགྱོད་པ་སེམས་པའོ་ཞེས་པ་ནི་ཚེར་མ་ལྟ་བུའི་སེམས་ཏེ། ཚེར་མ་ནི་འཛུགས་ཤིང་གནོད་པར་བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་བྱས་པའི་དངོས་པོ་ལ་འགྱོད་པ་སྐྱེ་སྟ་འགྱོད་པ་
དེ་ཉིད་ཡང་དང་ཡང་དུ་ཡིད་ལ་བྱེད་ཅིང་ཟུག་རྔུར་གྱུར་པའི་ཆོས་བསྟེན་པའོ། །ས་འོག་གི་སེམས་གང་ཞེ་ན། ས་འོག་གི་དོན་དུ་སེམས་པའོ་ཞེས་པ་ནི་ས་འོག་གི་ཕྱིར་སེམས་པ་སྟེ་ས་འོག་ཏུ་སོང་ནས་དེའི་བྱ་བ་བྱེད་པའི་ཆོས་བསྟེན་པའོ། །རླུང་གི་སེམས་གང་ཞེ་ན། གང་ཐམས་ཅད་དུ་ཐམས་
ཅད་སྒྲུབ་པའོ་ཞེས་པ་ནི་རླུང་ལྟ་བུའི་སེམས་ཏེ། རླུང་ནི་རེས་འགའ་མེའི་ནང་དུ་ཞུགས། རེས་འགའ་ཆུ་ལ་སོགས་པའི་ནང་དུ་ཞུགས་པ་དེ་བཞིན་དུ། སེམས་དེ་ཡང་རེས་འགའ་དགེ་བའི་ནང་དུ་ཞུགས་ནས་དཀྲུགས་ཏེ་མི་དགེ་བར་བྱེད། རེས་འགའ་ནི་མི་དགེ་བའི་ནང་དུ་ཞུགས་ཏེ་དགེ་བར་བྱེད་དེ།

མདོར་ན་ཀུན་གྱི་ནང་དུ་འཇུག་ལ་ཀུན་ལ་ཡང་མི་གནས་པར་བྱེད་པའི་ཆོས་བསྟེན་པར་བྱེད་པའོ། །ཆུའི་སེམས་གང་ཞེ་ན། གང་མི་དགེ་བའི་སེམས་ཐམས་ཅད་བཀྲུ་བའི་ཕྱིར་བསྟེན་པའོ། །མེའི་སེམས་གང་ཞེ་ན། གང་དཀའ་ཐུབ་ཉིད་ཀྱིས་གདུང་བར་བྱེད་པའོ་ཞེས་པ་ནི་མེ་
ལྟ་བུའི་སེམས་ཏེ། མེ་ནི་རང་གི་ཚ་བས་གདུང་བར་བྱེད་དེ་དེ་བཞིན་དུ་སེམས་དེ་ཡང་རང་གི་དཀའ་ཐུབ་ཀྱིས་ལུས་དང་སེམས་གདུངས་ཤིང་སྨ་འབབ་པར་བྱེད་པའི་ཆོས་བསྟེན་པའོ། །མེ་དཀའ་ཐུབ་ཀྱི་དཔེར་ཇི་ལྟར་འགྱུར་ཞེ་ན། རྒྱ་གར་སྐད་དུ་ཚ་བ་ལ་ཏ་པ་ཞེས་བྱ། དཀའ་ཐུབ་ལ་ཡང་ཏ་པ་ཞེས་
བྱ་སྟེ་སྐད་མཐུན་པས་དཔེར་བྱའོ། །འདམ་གྱི་སེམས་གང་ཞེ་ན་གང་བདག་གི་ཉེས་པས་གཞན་ལ་སྐུད་པའོ་ཞེས་པ་ནི་འདམ་ལྟ་བུའི་སེམས་ཏེ་འདམ་ནི་བདག་གི་ངོ་བོ་ངན་པ་དེ་གཞན་ལ་བསྒོས་ནས་ཆགས་པར་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་རང་གི་ཉེས་པ་གཞན་ལ་གོས་པར་བྱེད་པའི་
ཆོས་བསྟེན་པར་བྱེད་པའོ། །རྙོག་པའི་སེམས་གང་ཞེ་ན། གང་ཕ་རོལ་གྱི་ཉེས་པ་འཛིན་པས་སེམས་ལ་རྙོག་པ་སྐྱེས་པའོ་ཞེས་པ་ནི་རྙོག་པ་ལྟ་བུའི་སེམས་ཏེ། གཞན་གྱི་ཉེས་པས་བདག་གི་སེམས་འཁྲུགས་པར་བྱེད་པའོ། །ཚོན་རྩིའི་སེམས་གང་ཞེ་ན། གང་དེ་ལ་ཆགས་པ་ཉིད་དུ་བསྟེན་པའོ་
ཞེས་པ་ནི་ཚོན་རྩི་ལྟ་བུའི་སེམས་ཏེ། ཚོན་དཀར་པོའམ་དམར་པོ་ལ་སོགས་པའི་ཁ་དོག་ནི་གང་ལ་བསྐུས་པ་དེ་ཚོན་དེ་ཉིད་ཀྱི་རང་བཞིན་དུ་འགྱུར་ཏེ། དེ་བཞིན་དུ་སེམས་དེ་ཡང་དངོས་པོ་གང་བསམས་པ་དེ་ལ་ཞེན་ནས་ཇི་ལྟར་བསམས་པ་དེའི་རང་བཞིན་དུ་འགྱུར་བའི་ཆོས་བསྟེན་པའོ། །ཤིང་
ལེབ་ཀྱི་སེམས་གང་ཞེ་ན། གང་དགེ་བ་གཞན་སྤོང་བས་བསྟེན་པའོ་ཞེས་པ་ནི་ཤིང་ལེབ་ལྟ་བུའི་སེམས་ཏེ། ཤིང་ལེབ་ནི་མཚོན་ལ་སོགས་པ་གཞན་རྣམས་ཀྱིས་མི་ཕིགས་པར་སྐྱོབ་པའི་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་དགེ་བ་གཅིག་སྤྱད་པས་དགེ་བ་གཞན་སྒྲིབ་པར་བྱེད་པའི་
ཆོས་བསྟེན་པར་བྱེད་པའོ། །ནོར་བའི་སེམས་གང་ཞེ་ན། གཞན་གཟུང་ཞིང་གཞན་ཁོ་ནར་སེམས་པའོ་ཞེས་པ་ནི་ནོར་བའི་རང་བཞིན་གྱི་སེམས་ཏེ་གང་གི་དངོས་པོ་ཟིན་ཏེ་ནོར་ནས་གཞན་ཡིན་སྙམ་དུ་སེམས་པའོ། །དུག་གི་སེམས་གང་ཞེ་ན། གང་ཤིན་ཏུ་དངོས་པོ་མེད་པ་ཉིད་

སེམས་པའོ་ཞེས་པ་ནི་དུག་ལྟ་བུའི་སེམས་ཏེ། དུག་ནི་གང་གིས་ཟིན་ན་ཤི་སྟེ་མེད་པར་འགྱུར་བའོ། །དེ་བཞིན་དུ་སེམས་དེ་ཡང་གང་ལྟ་བ་ལ་སོགས་པའི་ཉོན་མོངས་རྣམས་སྤངས་ནས་སླར་མི་སྐྱེ་བས་མེད་པར་བྱེད་པའོ། །ཞགས་པའི་སེམས་གང་ཞེ་ན་གང་ཐམས་ཅད་དུ་བདག་
ཉིད་བཅིངས་ཤིང་འདུག་པའོ་ཞེས་པ་ནི་ཞགས་པ་ལྟ་བུའི་སེམས་ཏེ། ཞགས་པ་ནི་འཆིང་བའི་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་བདག་ཉིད་འཆིང་བར་བྱེད་པའི་ཆོས་བསྟེན་པར་བྱེད་པའོ། །ལྕགས་སྒྲོག་གི་སེམས་གང་ཞེ་ན། གང་རྐང་པ་གཉིས་ལ་འདུག་སྟེ་སེམས་
པའོ་ཞེས་པ་ནི་ལྕགས་སྒྲོག་ལྟ་བུའི་སེམས་ཏེ་ལྕགས་སྒྲོག་ནི་རྐང་པ་གཉིས་འཛིན་པར་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་ཡོད་པ་དང་མེད་པའི་ཚིག་གི་མཐའ་གཉིས་འཛིན་པའི་ཆོས་བསྟེན་པའོ། །དེ་ལྕགས་སྒྲོག་གིས་རྐང་པ་གཉིས་འཛིན་པ་སེམས་ཀྱིས་མཐའ་གཉིས་སུ་
འཛིན་པའི་དཔེར་ཇི་ལྟར་འགྱུར་ཞེ་ན། རྒྱ་གར་སྐད་དུ་རྐང་པ་ལ་པཱ་ད་ཞེས་བྱ། ཚིག་ལ་ཡང་པཱ་ད་ཞེས་བྱ་སྟེ་མཐུན་ནོ། །སྤྲིན་གྱི་སེམས་གང་ཞེ་ན། གང་ཆུ་དག་ལ་སེམས་པའོ་ཞེས་པ་ནི་སྤྲིན་ལྟ་བུའི་སེམས་ཏེ། སྤྲིན་ནི་ཆུ་འདུ་ཞིང་ཆུའི་བྱ་བ་བྱེད་དེ་དེ་བཞིན་དུ་སེམས་དེ་ཡང་ཆུའི་
བྱ་བ་བྱེད་པའི་ཆོས་བསྟེན་པའོ། །ཞིང་གི་སེམས་གང་ཞེ་ན་རང་གི་ལུས་ཉིད་ཡོངས་སུ་སྦྱོང་བར་བྱེད་པའོ་ཞེས་པ་ནི་ཞིང་ལྟ་བུའི་སེམས་ཏེ། ཞིང་ནི་འབྲུ་ལ་སོགས་པ་སྐྱེ་བར་བྱ་བའི་ཕྱིར་རྨོས་པ་ལ་སོགས་པའི་བྱི་དོར་གྱི་ལས་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་བདག་གི་ལུས་བཟང་
པོར་བྱ་བའི་ཕྱིར་ཁྲུས་དང་བྱུག་པ་དང་། རྒྱན་ལ་སོགས་པས་བདག་གི་ལུས་བརྒྱན་པར་བྱེད་པའི་ཆོས་བསྟེན་པའོ། །ལན་ཚྭའི་སེམས་གང་ཞེ་ན། གང་ཞིག་གང་གིས་སེམས་པར་བྱེད་པ་དེ་ལ་ཡང་སེམས་པར་བྱེད་པའོ་ཞེས་པ་ནི་ལན་ཚྭ་ལྟ་བུའི་སེམས་ཏེ། བུམ་པ་ལ་སོགས་པའི་
སྣོད་ཀྱི་ནང་དུ་ལན་ཚྭ་གཞན་ན་སྣོད་དེ་ཡང་ལན་ཚྭས་ཟོས་ནས་བྱང་སྟེ་རྡོལ་པ་དང་ལན་ཚྭའི་རོར་འགྱུར་རོ། །དེ་བཞིན་དུ་སེམས་དེས་ཀྱང་གང་གི་དངོས་པོ་ལ་དམིགས་ཤིང་རྟོག་ལ། རྟོག་པའི་སེམས་དེ་ཉིད་ཀྱིས་སྐད་ཅིག་མ་ཕྱི་མའི་ཆ་ལ་རྟོག་པ་དེས་སུན་ཕྱུང་ནས་མེད་པར་བྱེད་པའི་ཆོས་

བསྟེན་པར་བྱེད་པའོ། །སྤུ་གྲིའི་སེམས་གང་ཞེ་ན། གང་རབ་ཏུ་བྱུང་བ་ཙམ་ལ་བསྟེན་པའོ་ཞེས་པ་ནི་སྤུ་གྲི་ལྟ་བུའི་སེམས་ཏེ། སྤུ་གྲི་ནི་རབ་ཏུ་བྱུང་བའི་སྐྲ་འདྲེག་པ་ཙམ་གྱི་བྱ་བ་བྱེད་དེ། རབ་ཏུ་བྱུང་བ་ལས་གཞན་ནན་ཏན་ནི་མི་བྱེད་དོ། །དེ་བཞིན་དུ་སེམས་
དེ་ཡང་རབ་ཏུ་བྱུང་ཏེ། སྐྲ་བྲེགས་ནས་རབ་ཏུ་བྱུང་བ་ཙམ་ལ་གནས་ཀྱི་རབ་ཏུ་བྱུང་བའི་བསླབ་པའི་ནན་ཏན་ཚུལ་ཁྲིམས་བསྲུང་པ་ལ་སོགས་པ་མི་བྱེད་པའོ། །རི་རབ་ལྟ་བུའི་སེམས་གང་ཞེ་ན། གང་མཐོ་བར་གྱུར་ནས་སེམས་པའོ་ཞེས་པ་ནི་རི་རབ་ལྟ་བུའི་སེམས་ཏེ། རི་རབ་ནི་དཔག་
ཚད་སྟོང་ཕྲག་བརྒྱད་བཅུར་གྱེན་དུ་མཐོ་ཞིང་འཕགས་ཏེ། དེ་བཞིན་དུ་སེམས་དེ་ཡང་བདག་གི་ཡོན་ཏན་གྱིས་ཀུན་ནས་འཕགས་སོ་སྙམ་ནས་འགྱིང་ཞིང་ཆེ་བར་བྱེད་པའི་ཆོས་བསྟེན་པར་བྱེད་དོ། །རྒྱ་མཚོ་ལྟ་བུའི་སེམས་གང་ཞེ་ན། གང་རང་གི་ལུས་ཉིད་ལ་མཆོག་ཏུ་འཛིན་ཅིང་འདུག་
པའོ་ཞེས་པ་ནི་རྒྱ་མཚོ་ལྟ་བུའི་སེམས་ཏེ། རྒྱ་མཚོ་ནི་རང་གི་རླབས་ཀྱིས་བདག་ཉིད་ལ་རློབ་ཅིང་རེག་པར་བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་བདག་ཉིད་ཀྱི་ལུས་ལ་མི་རྟག་པ་དང་སྟོང་པ་ལ་སོགས་པར་རྟོག་གོ། །ཕུག་ལྟ་བུའི་སེམས་གང་ཞེ་ན། གང་སྔར་ངེས་པར་གྱུར་པ་ལ་གྱིས་དེ་
ཉིད་ཀྱིས་འགྱུར་བར་བསྟེན་པའོ་ཞེས་པ་ནི་ཕུག་ལྟ་བུའི་སེམས་ཏེ། ཕུག་ནི་སྒོ་ན་ཆུང་ངུར་ངེས་པ་ལས་ཕུག་གི་ནང་ནི་སྒོ་ལས་རྣམ་པ་དུ་མར་ཆེ་བར་འགྱུར་རོ། །དེ་བཞིན་དུ་སེམས་དེ་ཡང་སྔར་བདག་ཉིད་ཚུལ་ཁྲིམས་དང་། ཡོན་ཏན་དང་ལྡན་པ་ངེས་པར་གནས་པ་ལས་ཚུལ་ཁྲིམས་དང་
ཡོན་ཏན་དེ་ཉིད་ཀྱིས་དྲེགས་ནས་དེའི་གཞིས་ང་རྒྱལ་བྱེད་ཅིང་འགྱུར་བའོ། །དེ་ལ་སྐྱེ་བ་གྱུར་པའི་སེམས་གང་ཞེ་ན། གང་གི་སེམས་གང་ཁོ་ན་དང་སྐྱེས་པ་དེ་ཁོ་ན་དང་ལྷན་ཅིག་འགྲོ་བའོ་ཞེས་པ་ནི་སྐྱེ་བར་གྱུར་པའི་རང་བཞིན་གྱི་སེམས་ཏེ། སྔོན་དགེ་བ་དང་མི་དགེ་བ་གང་ཡང་རུང་བ་ལ་
སྤྱད་པའི་བག་ཆགས་ཡོད་པས་གང་དུ་སྐྱེས་ན་ཡང་བག་ཆགས་དེ་ཉིད་དང་ལྷན་ཅིག་ཏུ་སྐྱེའོ། །ཡང་ན་སྔོན་གྱི་དགེ་བ་དང་མི་དགེ་བའི་ལས་གང་ཡང་རུང་བའི་རྣམ་པར་སྨིན་པའི་འབྲས་བུ་མི་འདྲ་བའི་སྐྱེ་བ་རྙེད་ནས་དེ་ལྟ་བུ་དང་ལྷན་ཅིག་ཏུ་སྐྱེ་བ་སྟེ། དཔེར་ན་ཚེ་རབས་སྔ་མ་ལ་སྲོག་

གཅོད་པ་གོམས་ཤིང་མང་དུ་བྱས་པས་ཚེ་ཕྱི་མ་ལ་ནད་མང་ཞིང་ཚེ་ཐུང་བར་འགྱུར་བ་སྟེ་དེ་བཞིན་དུ་དགེ་བ་ལ་ཡང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱིས་འདས་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ་ཞེས་པ་ལ། འཇིག་རྟེན་
ལས་འདས་པའི་སེམས་ཀྱང་རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པར་རྟོགས་པའི་སེམས་ཟག་པ་མེད་པ་རྣམ་པ་དང་བཅས་པའི་སེམས་དང་ཆོས་ལ་བདག་མེད་པར་རྟོགས་པའི་སེམས་ཟག་པ་མེད་པ་རྣམ་པ་མེད་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལ་སྐབས་འདིར་འཇིག་
རྟེན་ལས་འདས་པའི་ཤེས་པ་ནི་གང་ཟག་རྣམས་ཀྱིས་ཤེས་པར་ནུས་སམ་ཞེ་ན། དེ་ནི་རྟོག་གེ་པ་དེ་དག་གིས་ནི་མི་ནུས་ཏེ་དེ་བས་ན། རྟོག་གེ་ཀུན་གྱིས་ཤེས་པར་དཀའ། །ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་སྔོན་བསྟན་པའོ། །ཞེས་པ་ནི་དེ་ལྟར་རྟོག་གེ་པ་རྣམས་ཀྱིས་
ཀྱང་ཤེས་པར་མི་ནུས་ན་སུས་ཤེས་པར་ནུས་ཤེ་ན། རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་ཏེ་གསུངས་པའོ་ཞེས་པའོ། །སངས་རྒྱས་རྣམས་ཀྱིས་སྔོན་ཞེས་པ་ནི་ད་ལྟར་འབའ་ཞིག་གིས་བཤད་པ་མ་ཡིན་གྱི། སྔོན་གྱི་སངས་
རྒྱས་རྣམས་ཀྱིས་ཀྱང་ཚུལ་འདི་ལྟར་མཁྱེན་ནས་བཤད་པའོ་ཞེས་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཁྱེན་པ་གཅིག་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ཆོས་ཀྱི་སྐུ་དང་འགྲོ་བའི་དོན་མཛད་པར་གཅིག་པས་མཉམ་པ་ཉིད་
ཀྱི་ཕྱིར་རོ། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །ཞེས་པ་ནི་དེ་ལྟར་ཟབ་ཅིང་ཞི་བའི་གང་ཟག་ལ་བདག་མེད་པར་རྟོགས་དེ་ཉོན་མོངས་པ་ཉེ་བའི་ཉོན་མོངས་པ་དང་བྲལ་བའོ་ཞེས་པའོ། །གསང་བ་པའི་བདག་པོ། དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་རྣམས་ལ་ཡང་ཕུང་པོ་ལ་
ཡོད་དོ་སྙམ་པའི་བློ་ཉེ་བར་སྐྱེའོ་ཞེས་པ་ནི་དེ་ལྟར་གང་ཟག་ལ་བདག་མེད་པ་རྣམ་པ་དང་བཅས་པ་ཟབ་ཅིང་ཞི་བ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་ན་གོང་དུ་སྨོས་པའི་ཚུལ་གྱིས་ཕུང་པོ་ཙམ་ཞིག་ཡོད་པར་རྟོག་གི། གང་ཟག་ལ་ནི་བདག་མེད་པར་རྟོགས་ཏེ་དེ་ནི་བསྐལ་པ་

གསུམ་གྱིས་རྫོགས་པར་འགྱུར་རོ། །ཕུང་པོ་དག་ལ་འདོད་ཆགས་དང་བྲལ་བ་བསྐྱེད་པ་ཞེས་པ་ནས་རྣལ་འབྱོར་པ་དག་བསྐལ་པ་གཅིག་གིས་འདའ་བར་བྱེད་དོ་ཞེས་པའི་བར་ནི་དེ་ལྟར་ཕུང་པོ་ལ་སྤྱིར་བརྟགས་ཏེ། བརྟགས་པ་ན་དེ་ལ་དངོས་པོ་ཡོད་དོ་སྙམ་དུ་བློ་སྐྱེས་པ་དེ་
ཕུང་པོ་སོ་སོར་ཕྱེ་སྟེ་སུན་ཕྱུང་བ་ན་གཟུགས་ཀྱི་ཕུང་པོ་ནི་དབུ་བ་རྡོས་པ་འདྲ་སྟེ་ཇི་ལྟར་དབུ་བ་ལ་སོ་སོར་གཞིགས་ན་དབུ་བ་ལ་སྙིང་པོ་མེད་པ་བཞིན་དུ་ཕུང་པོ་དེ་ཡང་བཤིག་སྟེ་སོ་སོར་བརྟགས་ན་ཁ་དོག་དང་དབྱིབས་ལ་སོགས་པ་ཆོས་སོ་སོ་བ་རྣམས་ཀྱི་རང་གི་མཚན་ཉིད་ཙམ་དུ་ཟད་ཀྱི་ཕུང་པོ་
ཞེས་བྱ་བའི་དངོས་པོ་གང་ཡང་མེད་པར་ཤེས་སོ། །དེ་བཞིན་དུ་ཚོར་བ་ནི་ཆུའི་ཆུ་བུར་དང་འདྲ་སྟེ། བྱུང་མ་ཐག་ཏུ་ཞིག་ཅིང་མེད་པར་འགྱུར་བ་མི་རྟག་པས་འདུག་པའི་གནས་མེད་པ་ལ་ཕུང་པོར་བརྟགས་པའི་དངོས་པོ་གང་ཡང་མེད་པར་ཤེས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་
པོ་ཡང་སོ་སོར་གཤིག་ན་རྣམ་པར་ཤེས་པ་ནི་སྒྱུ་མ་དང་འདྲ་སྟེ། ཇི་ལྟར་སྒྱུ་མའི་བལ་གླང་ལ་སོགས་ཏེ། དེ་དག་ལ་བལ་གླང་ཡོད་པ་མ་ཡིན་གྱི། དེ་དག་གི་རང་བཞིན་ནི་སྨན་དང་ཤིང་བུ་ལ་སོགས་པར་ཟད་དོ། །རྣམ་པར་ཤེས་པའི་ཕུང་པོ་ཡང་དེ་དང་འདྲ་སྟེ། ཕུང་པོར་བརྟགས་
པའོ། །དངོས་པོ་ཡོད་པ་མ་ཡིན་གྱི་དེ་ནི་རྣམ་པར་ཤེས་པའི་རང་བཞིན་ཙམ་དུ་ཟད་དོ། །འདུ་ཤེས་ཀྱི་ཕུང་པོ་ཡང་སོ་སོར་གཞིགས་ན་སྨིག་རྒྱུ་དང་འདྲ་སྟེ་ཇི་ལྟར་སྐོམ་པས་གདུངས་པའི་སྐྱེས་བུས་སྨིག་རྒྱུ་ལ་ཆུར་མཐོང་མོད་ཀྱི། དེ་ལ་ཆུའི་དངོས་པོ་ཡོད་པ་མ་ཡིན་ཏེ། སྨིག་རྒྱུའི་རང་
བཞིན་ཙམ་དུ་ཟད་དོ། །འདུ་ཤེས་ཀྱི་ཕུང་པོ་ཡང་དེ་དང་འདྲ་སྟེ། འདུ་ཤེས་ཀྱི་ཕུང་པོར་བརྟགས་པའི་དངོས་པོ་ཡོད་པ་མ་ཡིན་པ་མ་ཡིན་གྱི། དེ་ནི་མཚན་མར་འཛིན་པའི་རང་བཞིན་ཙམ་དུ་ཟད་དོ། །དེ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོ་ཡང་ཆུ་ཤིང་གི་སྙིང་པོ་དང་འདྲ་སྟེ། ཀུན་དུ་གྲགས་པས་
འདིར་མ་སྨོས་སོ། །དེ་ལྟར་ཕུང་པོ་དེ་ཡང་དབུ་བལ་སོགས་པའི་དཔེས་སུན་ཕྱུང་ནས་ཕུང་པོར་བརྟགས་པའི་དངོས་པོ་ཡོད་པར་མི་འགྱུར་ཏེ་སོ་སོའི་མཚན་ཉིད་དུ་ཟད་དོ། །དེ་ལྟར་ཕུང་པོར་ཡོད་པར་མ་གྲུབ་ན་ཁམས་དང་སྐྱེ་མཆེད་རྣམས་ཀྱང་དངོས་པོ་ལས་གཞན་མ་ཡིན་པས་ཁམས་དང་

སྐྱེ་མཆེད་དུ་བརྟགས་པའི་དངོས་པོ་ཡོད་པ་མ་ཡིན་གྱི་དེ་རྣམས་ཆོས་སོ་སོ་བའི་རང་བཞིན་ཙམ་དུ་ཟད་དོ། །གཟུང་བ་དང་འཛིན་པ་ཡང་སྟེ། གཟུགས་ཀྱི་ཕུང་པོ་ནི་གཟུང་བའི་དངོས་པོར་བརྟགས། ཚོར་བ་ལ་སོགས་པ་ཕུང་པོ་བཞི་ནི་འཛིན་པར་བརྟགས་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། ཆོས་
སོ་སོ་བའི་རང་བཞིན་ཙམ་དུ་ཟད་དོ། །དེ་ལྟར་ཕུང་པོ་ལ་འདོད་ཆགས་དང་བྲལ་བའི་སེམས་བསྐྱེད་ནས་དབུ་བ་ལ་སོགས་པའི་རང་བཞིན་དུ་བཤིག་ཅིང་བསྒོམས་པས་ཕུང་པོ་ལ་ཡོད་དོ་སྙམ་པའི་ཕུང་པོར་འཛིན་པའི་བློ་སྐྱེས་པ་དེ་ལས་ཀྱང་གྲོལ་བར་འགྱུར་ཏེ་དེ་བས་ན་ནམ་ཕུང་པོ་དག་ལ་
འདོད་ཆགས་དང་བྲལ་བ་བསྐྱེད་པ་དེའི་ཚེ་དབུ་བ་དང་ཆུའི་ཆུ་བུར་དང་། སྒྱུ་མ་དང་སྨིག་རྒྱུ་དང་མཚུངས་པར་བསྒོམས་པས་རྣམ་པར་གྲོལ་བར་འགྱུར་ཏེ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཕུང་པོ་ལས་རྣམ་པར་གྲོལ་ནས་ཕུང་པོ་ལ་སོགས་པར་བརྟགས་པའི་མཚན་ཉིད་ཆོས་རྣམས་ཀྱི་
ངོ་བོའི་རང་བཞིན་ཙམ་འབའ་ཞིག་ཡོད་པར་རྟོག་པ་གཞུང་ལས་གསུངས་པ་འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་ཉིད་ཀྱི་རང་གི་ངོ་བོ་ཞི་བའི་དབྱིངས་རྟོགས་པར་འགྱུར་རོ་ཞེས་པ་སྟེ། དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་
དང་། །གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཞེས་པ་ནི་གོང་དུ་ཕུང་པོ་ལ་སོགས་པར་བརྟགས་པའི་དངོས་པོ་སུན་ཕྱུང་བའི་ཚུལ་གྱིས་ཆོས་ཉིད་ཀྱི་རང་གི་ངོ་བོ་སྔོན་པོ་ལ་སོགས་པའི་རྣམ་པ་ལ་བརྟགས་པའི་དངོས་པོར་ཡོད་པ་མ་ཡིན་པས་རྣམ་པར་སྤངས་པའོ། །དེ་བས་ན་གཟུང་
བ་དང་འཛིན་པ་རྣམ་པར་སྤངས་པ་ཞེས་པ་ཡང་གཟུགས་ཀྱི་ཕུང་པོ་ལ་གཟུང་བར་བརྟགས་པ་དང་། ཚོར་བ་ལ་སོགས་པའི་ཕུང་པོ་བཞི་ལ་འཛིན་པའི་དངོས་པོར་རྣམ་པར་བརྟགས་པ་དེ་རྣམ་པར་སྤངས་པ་ལ་བྱའི། ཆོས་ལ་བདག་མེད་པར་རྟོག་པའི་མཚན་ཉིད་གཟུང་བ་དང་འཛིན་པའི་
རྣམ་པར་སྤངས་པ་ལ་ནི་མི་བྱའོ། །ཆོས་ཉིད་ཀྱི་རང་གི་ངོ་བོ་ཞེས་པ་དེ་ལ་ཆོས་ནི་ཕུང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་ངོ་བོ་ཆོས་ཉིད་ཀྱི་རང་གི་ངོ་བོ་སྟེ། དེ་ཡང་སྔོན་པོ་དང་དམར་པོ་ལ་སོགས་པའི་རང་བཞིན་རྣམས་སོ། །དེ་ལྟར་སྔོན་པོ་དང་དམར་པོ་ལ་སོགས་པའི་རང་བཞིན་ཙམ་

འབའ་ཞིག་ཡོད་ཀྱི་ཕུང་པོ་ལ་སོགས་པའི་དངོས་པོར་བརྟགས་པའི་དངོས་པོ་མེད་པར་རྟོག་པ་ནི་ཞི་བའི་དབྱིངས་རྟོགས་པ་ཞེས་བྱ་སྟེ། ཞི་བ་ཞེས་པ་ནི་སེམས་ཀྱི་རྒྱུད་དེ་ལ་ཕུང་པོ་ལ་སོགས་པར་བརྟགས་པའི་འཁྲུལ་པ་མེད་པས་ཞི་བའོ། །དབྱིངས་ནི་རང་བཞིན་ནོ། །རྟོགས་
པ་ནི་དེ་ལྟ་བུའི་ཚུལ་དུ་ཁོང་དུ་ཆུད་པའོ། །གསང་བ་པའི་བདག་པོ། །འཇིག་རྟེན་ལས་འདས་པའི་སེམས་ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པའི་སེམས་ཀྱིས་ཁྱད་པར་བརྒྱད་དང་འབྲེལ་པ། ལས་དང་ཉོན་མོངས་པའི་དྲ་བ་དང་བྲལ་བ་འདི་ནི་རྣལ་འབྱོར་པ་དག་བསྐལ་པ་གཅིག་གིས་
འདའ་བར་བྱེད་དོ་ཞེས་པ་ནི་ཕུང་པོར་བརྟགས་པའི་དངོས་པོ་ཡོད་པར་འཛིན་པ་ལས་གྲོལ་ནས་ཆོས་རྣམས་ཀྱི་སོ་སོའི་རང་བཞིན་ཙམ་འབའ་ཞིག་ཡོད་པར་རྟོག་པའི་སེམས་ཞི་བ་དེ། ཕུང་པོ་ལ་དངོས་པོ་མེད་པ་ནས་བརྩམས་ཏེ་ཆོས་རྣམས་ཀྱི་སོ་སོའི་རང་བཞིན་སྔོན་པོ་ལ་སོགས་པ་
འབའ་ཞིག་ཏུ་ཟད་པར་རྟོག་པ་ལ་ཞུགས་ནས་བསྐལ་པ་གཅིག་གིས་སེམས་དེ་ཉིད་ལས་འདས་ཏེ་ཆོས་ལ་བདག་མེད་པར་རྟོགས་པ་མོས་པས་སྤྱོད་པའི་ས་ལ་འཇུག་པར་འགྱུར་རོ། །དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའི་ཁྱད་པར་བརྒྱད་དང་
ཞེས་པ་ནི་རྒྱུན་དུ་ཞུགས་པ་ལ་ཞུགས་པ་ནས་དགྲ་བཅོམ་པའི་བར་གྱི་སེམས་བརྒྱད་ལ་བྱ་སྟེ། སེམས་དེ་དག་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་ཡང་ཕུང་པོ་ལ་སོགས་པར་བརྟགས་པའི་དངོས་པོ་ཡོད་པར་འཛིན་པས་ཕྱིན་ཅི་ལོག་པའོ། །ཉོན་མོངས་སྤངས་པས་ཕྱིན་ཅི་མ་ལོག་པའོ། །
ཉོན་མོངས་པའི་བག་ཆགས་དང་བཅས་པས་ན་ལོག་པའོ། །འབྲེལ་པ་ཞེས་པ་ནི་ཕུང་པོ་ལ་བདག་མེད་པར་རྟོགས་པའི་སེམས་ཞི་བ་དེ་ཕུང་པོ་ལ་ཡོད་པར་འཛིན་པའི་སེམས་ཀྱི་རིམ་པ་བརྒྱད་པོ་དེས་བསྐྱེད་པ་ལ་བྱ་སྟེ་དེ་ལྟ་བས་ན། འཇིག་རྟེན་ལས་འདས་པའི་སེམས་དེ་ཕྱིན་ཅི་
ལོག་དང་ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཁྱད་པར་བརྒྱད་དང་འབྲེལ་པ་ཞེས་གསུངས་སོ། །དེ་དག་ནི་སྔགས་ཀྱི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་རྣམས་གང་ཟག་ལ་བདག་མེད་པར་རྟོགས་པའི་རིམ་གྱིས་སེམས་བརྒྱ་དྲུག་ཅུ་ལ་སོགས་པའི་ཉོན་མོངས་པ་རྣམ་སྤོང་

བའི་རིམ་པའོ། །ད་ནི་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་ཤེས་རབ་རྣོན་པོ་རྣམས་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་སྒོམ་ཞིང་མོས་པས་སྤྱོད་པའི་ས་ལ་འཇུག་པའི་རིམ་པ་བཤད་དེ། དེ་ཡང་
གསང་བ་པའི་བདག་པོ་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཞུགས་པ་ཐོས་པ་རབ་ཏུ་མང་ཤིང་ཤེས་རབ་མཆོག་ཏུ་རྣོ་བ་གཞན་གྱི་དྲིང་མི་འཇོག་པར་རང་གི་བློས་ཆོས་རྣམས་
སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་མཚན་ཉིད་དུ་ཤེས་ནས་ཆོས་ལ་བདག་མེད་པར་རྟོགས་པར་འགྱུར་བ་ལ་བྱའོ། །དེ་ལ་གང་ཟག་ལ་བདག་མེད་པར་རྟོགས་པའི་རིམ་པ་བསྐལ་པ་གསུམ་གྱིས་འདའ་བར་བྱ་བ་དང་། གང་ཟག་ལ་བདག་མེད་ཀྱང་ཕུང་པོ་ཙམ་ཡོད་པར་འདུ་ཤེས་པ་ཡང་བསྐལ་
པ་གཅིག་གིས་སྤང་པར་བྱ་དགོས་ན། དེ་དག་གི་བྱ་བ་མ་བྱས་པར་ཇི་ལྟར་ཆོས་ལ་བདག་མེད་པ་རྟོགས་པར་འགྱུར་ཞེ་ན། ལན་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་འཇིག་པ་ན་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སྒྱུ་མ་དང་། སྨིག་རྒྱུ་དང་།
གཟུགས་བརྙན་དང་། བྲག་ཅ་དང་། མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུའི་འདུ་ཤེས་སྐྱེས་སོ་ཞེས་པ་ནི་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་བཤིག་ནས་སྒྱུ་མ་དང་སྨིག་རྒྱུ་ཞེས་པ་ནི་དང་པོར་དད་པས་རྩོལ་ཞིང་འཇུག་པའི་སྤྱོད་པ་སྤྱད་པ་ན་ཕུང་པོའི་རང་བཞིན་སྒྱུ་མ་
ལ་སོགས་པ་ལྟ་བུར་ཤེས་ཤིང་གོམས་པར་བྱས་པས་གང་ཟག་ལ་བདག་མེད་པར་རྟོགས་པའི་རིམ་པ་མ་སྤྱད་ཀྱང་ཆོས་ལ་བདག་མེད་པར་རྟོགས་པར་འགྱུར་རོ་ཞེས་པའོ། །དེ་ལ་སྒྱུ་མ་ཞེས་པ་ནི་ཆོས་རྣམས་ལ་སྒྱུ་མ་ལྟ་བུར་འདུ་ཤེས་སྐྱེས་ཏེ་སྒྱུ་མའི་བལ་གླང་དང་རྟ་ལ་སོགས་པ་རྡོ་དང་
ཤིང་ལ་སོགས་པ་ལས་བྱས་ཀྱང་རྡོ་ཤིང་རྣམས་སུ་མི་མངོན་པར་བལ་གླང་དང་རྟ་ལ་སོགས་པའི་གཟུགས་སུ་སྣང་མོད་ཀྱི་ཡང་དག་པར་ན་བལ་གླང་དང་རྟ་ལ་སོགས་པའི་དངོས་པོ་ཡོད་པ་མ་མིན་ཏེ་རྡོ་ཤིང་ལ་སོགས་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པའི་ཆོས་རྣམས་སྣང་ཡང་རྣམ་

པར་ཤེས་པར་འཁྲུལ་པའི་དབང་གིས་སྣང་སྟེ། ཡང་དག་པར་ན་ཆོས་ཀྱི་ངོ་བོ་སྒྱུ་མའི་བལ་གླང་དང་འདྲ་སྟེ་སྣང་དུ་ཟིན་ཀྱང་ཡོད་པ་མ་ཡིན་ནོ། །རྣམ་པར་ཤེས་པ་དེ་ནི་རྡོ་དང་ཤིང་ལ་སོགས་པ་དང་འདྲ་སྟེ་མི་མངོན་ཡང་གཟུགས་ལ་སོགས་པར་སྣང་བའི་ཆོས་རྣམས་ནི་ཡོད་པ་མ་ཡིན་
གྱི་རྣམ་པར་ཤེས་པ་འཁྲུལ་པའི་རྣམ་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་སྨིག་རྒྱུ་ཡང་འབྲོག་དགོན་པ་ན་སྐྱེས་བུ་སྐོམ་གྱིས་གདུངས་པས་སྨིག་རྒྱུ་ལ་ཆུར་མཐོང་སྟེ་ཆུའི་དངོས་པོ་ཡོད་པ་མ་ཡིན་ན་སྨིག་རྒྱུ་ཙམ་དུ་ཟད་དོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པའི་ཆོས་རྣམས་སང་ཡང་ཡོད་པ་ནི་མ་ཡིན་གྱི་རྣམ་པར་
ཤེས་པ་འཁྲུལ་པའི་རྣམ་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་གཟུགས་བརྙན་དང་། བྲག་ཅ་དང་། མགལ་མེ་བསྐོར་བ་དང་། དྲི་ཟའི་གྲོང་ཁྱེར་རྣམས་ཀྱང་གོང་དུ་སྒྱུ་མ་ལ་སོགས་པ་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། མདོར་ན་ཕུང་པོ་ལ་སོགས་པའི་ཆོས་རྣམས་སྣང་བ་ནི་རྣམ་པར་ཤེས་པ་འཁྲུལ་པའི་
སྣང་བ་ཙམ་དུ་ཟད་དོ། །རྨི་ལམ་ན་གཟུགས་ལ་སོགས་པའི་ཡུལ་མེད་ན་ཡང་གཟུགས་ལ་སོགས་པར་མཐོང་བ་དེ་དག་གི་བྱ་བ་བྱེད་མོད་ཀྱི། རྨི་ལམ་གྱི་ཚེ་ན་གཟུགས་ལ་སོགས་པ་མེད་པར་གསལ་བར་མངོན་ཏེ། དེ་དག་ཐམས་ཅད་རྣམ་པར་ཤེས་པའི་དབང་གིས་གྱུར་པ་ཙམ་དུ་ཟད་དོ་སྙམ་
ནས་དེ་ལྟར་མོས་པས་སྤྱོད་པའི་ས་ལ་ཞུགས་ནས་ཕུང་པོ་ལ་སོགས་པའི་ཆོས་རྣམས་ལ་བདག་མེད་པར་རྟོགས་པ་ནི་སྒྱུ་མ་ལ་སོགས་པ་ནས་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟ་བུའི་འདུ་ཤེས་སྐྱེས་ཏེ། ཆོས་རྣམས་ནི་ཡང་དག་པར་ཡོད་པ་མ་ཡིན་མོད་ཀྱི་རྣམ་པར་ཤེས་པ་ཙམ་ཡོད་
པར་འཛིན་ཏེ། དེ་ལྟ་བུར་ཆོས་ལ་བདག་མེད་པར་རྟོགས་པ་མོས་པས་སྤྱོད་པའི་ས་དེ་ལ་ཡང་དེ་ལྟ་བུར་ཆོས་རྣམས་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ཚུལ་དུ་འཇིག་ཅིང་འཇུག་པའི་སེམས་དང་། ཆོས་རྣམས་དེ་ལྟ་བུར་བཤིག་ནས་དེའི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ལ་གནས་པའི་སེམས་
དང་། དེ་ནས་སྙིང་རྗེའི་དབང་གིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་སྤྱོད་ཅིང་ས་བཅུ་ལ་སོགས་པའི་ཡོན་ཏན་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱིས་ཤེས་ནས་དེ་དག་ལ་རབ་ཏུ་མོས་པར་བྱེད་ཅིང་འཇུག་པ་དང་གནས་པ་དང་ལྡང་བའི་སེམས་དེ་གསུམ་རྣམ་པར་

བསྒོམས་པས་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལ་སོགས་པ་རྣམས་ཡོངས་སུ་མི་ཤེས་པ་ནི་ཡོངས་སུ་མི་ཤེས་ཤིང་མངོན་དུ་མ་བྱས་པ་མཉན་པ་དང་བསམས་པ་དང་བསྒོམས་པའི་ཤེས་རབ་ཀྱིས་ཆོས་ལ་བདག་མེད་པར་རྟོགས་ཤིང་རྣམ་པར་ཤེས་པ་ཙམ་ཡོད་པར་འཛིན་པ་དེ་ནི་མོས་པས་སྤྱོད་
པའི་སའི་མཚན་ཉིད་དེ་མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་རྫོགས་པར་འགྱུར་རོ། །དེ་ནས་བསྐལ་པའི་བཞི་ཆ་གཅིག་གིས་མོས་པས་སྤྱོད་པའི་ས་དེ་ནས་འཕར་ཏེ། ཡེ་ཤེས་ཀྱི་ས་དེ་ལ་འཇུག་པའི་རིམ་པ་གསུངས་པ། གསང་བ་པའི་བདག་པོ་དེའི་ཕྱིར་དེ་དག་གི་སེམས་
ཀྱི་དབང་དུ་བྱས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་བར་བྱ་བ་སྟེ། རང་གི་སེམས་ནི་གཟོད་མ་ནས་མ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་དམིགས་ཏེ་རྣལ་འབྱོར་པ་དག་འདི་ཡང་
བསྐལ་པ་གཉིས་ཀྱིས་འདའ་བར་བྱེད་དོ་ཞེས་པའོ། །དེ་ལ་དེ་དག་གི་སེམས་ཀྱི་དབང་དུ་བྱས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་བར་བྱ་བ་སྟེ་རང་གི་སེམས་ནི་གཟོད་མ་ནས་མ་སྐྱེས་པའོ་ཞེས་པ་ནི་སྔར་ཆོས་ལ་བདག་མེད་པར་རྟོགས་ཏེ་རྣམ་པར་ཤེས་པ་འབའ་ཞིག་གཟུང་བ་
དང་འཛིན་པའི་རྣམ་པ་ཡོད་པར་སེམས་པ་དེ་ཡང་རང་གི་དབང་དུ་གྱུར་པས་རྣམ་པར་ཤེས་པ་དེ་གཟོད་མ་ནས་མ་སྐྱེས་པར་རྟོགས་པས་རྣམ་པར་ཤེས་པ་ཙམ་དུ་ཡོད་པར་འདུ་ཤེས་པ་དེ་ཡང་སྤངས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤངས་སོ། །ཅིའི་ཕྱིར་རྣམ་པར་ཤེས་པ་ཙམ་དུ་
འདུ་ཤེས་པ་དེ་སྤངས་པས་ཆོས་ལ་བདག་མེད་པ་སྤངས་ཞེས་བྱ་ཞེ་ན་ཕུང་པོ་ལ་སོགས་པ་རྣམས་བདག་མེད་པར་རྟོགས་པའི་རྒྱུས་རྣམ་པར་ཤེས་པ་ཙམ་དུ་ཡོད་པར་འདུ་ཤེས་སྐྱེས་ཏེ། དེ་བས་ན་རྣམ་པར་ཤེས་པ་ཙམ་ཡོད་པར་འདུ་ཤེས་པ་དེ་སྤངས་ན་ཆོས་ལ་བདག་མེད་པ་ཉིད་སྤངས་
པ་ཡིན་ཏེ་འབྲས་བུ་ལ་རྒྱུས་བཏགས་པའོ། །རྣམ་པར་ཤེས་པ་ཙམ་ཡོད་པར་འདུ་ཤེས་པ་དེ་ཡང་ཇི་ལྟར་སྤོང་ཞེ་ན། དེ་ཅིའི་ཕྱིར་ཞེ་ན་གསང་བ་པའི་བདག་པོ། །ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་དམིགས་ཏེ་ཞེས་གསུངས་པ་ཡིན་

ཏེ། །དེ་ལྟར་རང་གི་སེམས་དེ་ཐོག་མ་གང་ནས་སྐྱེས་པའི་མཐའ་བཙལ་ན་མཐའ་དེ་མི་རྙེད་ལ། དེ་ལྟར་ཐོག་མའི་མཐའ་མེད་པས་ཐ་མ་འགག་པའི་མཐའ་ཡང་རྙེད་པར་མི་འགྱུར་ཏེ་ཐོག་མ་དང་ཐ་མའི་མཐའ་མི་རྙེད་དོ། །དེ་ལྟར་ཐོག་མའི་མཐའ་མེད་པས་སེམས་དེ་མ་སྐྱེས་
པར་མངོན་ཏེ་དེ་ལྟར་ཐོག་མ་ནས་མ་སྐྱེས་ན་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་ཤེས་པ་དེ་གང་ན་ཅི་ཞིག་ཡོད་སྙམ་ནས་རྣམ་པར་ཤེས་པ་ཙམ་ཡོད་པར་འདུ་ཤེས་པ་དེ་སྤངས་པས་ཆོས་ལ་བདག་མེད་པ་ཡང་སྤངས་ཞེས་བྱའོ། །དེ་ལྟ་བུའི་ཚུལ་དུ་སྒོམ་ཞིང་ཆོས་ལ་བདག་མེད་པ་སྤོང་པ་
ཡང་བསྐལ་པ་གཉིས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་རོ། །ད་ནི་རབ་ཏུ་དགའ་བའི་ས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རིམ་པ་བཤད་པར་བྱ་སྟེ། དེ་ཡང་གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་བསྐལ་པ་བྱེ་
བ་ཁྲིག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ཞེས་པ་ནས་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་སྐྱེ་སྟེ། གསང་བ་པའི་བདག་པོ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོའོ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས་སོ་ཞེས་པའི་བར་གྱིས་ས་དང་པོའི་
བྱང་ཆུབ་ཀྱི་སེམས་དེའི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། མཚན་ཉིད་ཕུན་སུམ་ཚོགས་པ་དང་། མཚན་ཉིད་དེའི་སྒྲུབ་པ་ཕུན་སུམ་ཚོགས་པ་རྣམས་བཤད་པར་རིག་པར་བྱ་སྟེ་དེ་ལ་རྒྱུ་ཕུན་སུམ་ཚོགས་པ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་
མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ཞེས་བྱའོ། །རང་བཞིན་ཕུན་སུམ་ཚོགས་པ་ནི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་ཡོངས་སུ་གཟུང་བ་ཞེས་པ་ནས་དབང་པོ་དང་ཉེ་བའི་དབང་པོ་ལ་སོགས་པས་ཕྱག་བྱས་པ་ཞེས་པའི་བར་ཏེ། རང་བཞིན་ཕུན་
སུམ་ཚོགས་པ་དེས་སྤོང་བ་ཕུན་སུམ་ཚོགས་པ་དང་མཐུ་ཕུན་སུམ་ཚོགས་པ་ཡང་བསྡུས་ཏེ་སྤོང་བ་ཕུན་སུམ་ཚོགས་པ་ནི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་ཡོངས་སུ་གཟུང་བ་ཞེས་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལས་ཡང་དག་པར་འདས་པ་ཞེས་པའོ། །མཐུ་ཕུན་

སུམ་ཚོགས་པ་ནི་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱས་པ་ཞེས་དང་། བརྒྱ་བྱིན་དང་ཚངས་པ་དང་དབང་པོ་དང་ཉེ་བའི་དབང་པོ་ལ་སོགས་པས་ཕྱག་བྱས་པ་ཞེས་པའོ། །མཚན་ཉིད་ཕུན་སུམ་ཚོགས་པ་ནི་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་སྐྱེ་ཞེས་པའོ། །མཚན་
ཉིད་དེའི་སྒྲུབ་པ་ཕུན་སུམ་ཚོགས་པ་ནི་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་རྫས་མེད་པ་ཞེས་པ་ནས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་བྲལ་བ་ཞེས་པའི་བར་རོ། །དེ་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་
པ་བསགས་པ་ཞེས་པ་ལ། བསྐལ་པ་བྱེ་བ་ནི་འབུམ་ཕྲག་བརྒྱ་ལ་བྱའོ། །བརྒྱ་སྟོང་ནི་བསྐལ་པ་བྱེ་བ་ཁྲིག་ཕྲག་འབུམ་ལ་བྱ་སྟེ་དཔག་ཏུ་མེད་ཅེས་པ་ནི་བསྐལ་པ་བྱེ་བ་ཕྲག་འབུམ་དེ་ཡང་ཚད་ཀྱིས་གཞལ་དུ་མེད་གྲངས་ཀྱིས་བགྲང་དུ་མེད་པར་སེམས་དང་པོ་བསྐྱེད་པའམ། གང་ཟག་
ལ་བདག་མེད་པར་བསྒོམ་པ་ནས་བརྩམས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུས། ས་དང་པོ་རབ་ཏུ་དགའ་བའི་སེམས་ཤིན་ཏུ་དགའ་བའི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་དང་ཐབས་དཔག་ཏུ་མེད་པས་
ཡོངས་སུ་གཟུང་བ་ཞེས་པ། ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཀུན་ཆུབ་པར་བྱེད་པ་ཡིན་ལ། ཐབས་ནི་སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་གྲོལ་བར་བྱེད་པ་སྟེ། དཔག་ཏུ་མེད་པ་ནི་ཤེས་རབ་དང་ཐབས་དེ་དག་ཉིད་འདི་ཙམ་ཞེས་དཔག་ཏུ་མེད་དོ། །
དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་ཉོན་མོངས་པ་ལ་སོགས་པ་སྤངས་པ་དང་ཐབས་ཀྱིས་སེམས་ཅན་སྨིན་ཅིང་གྲོལ་བར་བྱས་པས་ངན་སོང་ལ་སོགས་པ་སྤངས་པའི་ཡོན་ཏན་དང་ལྡན་པས་དེའི་སྤོང་བ་ཕུན་སུམ་ཚོགས་པའོ། །ཡོངས་སུ་གཟུང་བ་
ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་དེ་ལྟ་བུའི་ཤེས་རབ་དང་ཐབས་དཔག་ཏུ་མེད་པ་སྤོང་པ་ཕུན་སུམ་ཚོགས་པ་དེས་ཡོངས་སུ་གཟུང་བ་ལ་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་ཤིན་ཏུ་འདས་པ་དང་ཞེས་པ་ཡང་དེ་ལྟ་བུའི་ཤེས་རབ་དང་དཔག་ཏུ་མེད་པ་དང་ལྡན་

པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་ལས་འདས་ཏེ་འཕགས་པའམ་དེ་དག་གི་སྤྱོད་ཡུལ་མ་ཡིན་པ་ལ་བྱ་སྟེ། དེ་ཡང་སྤོང་བ་ཕུན་སུམ་ཚོགས་པའོ། །ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱས་པ། བརྒྱ་བྱིན་དང་ཚངས་པ་དང་དབང་པོ་དང་ཉེ་བའི་
དབང་པོ་ལ་སོགས་པས་ཕྱག་བྱས་པ་ཞེས་པ་ནི་དེ་ལྟ་བུའི་འཇིག་རྟེན་གྱི་དབང་པོ་ལ་སོགས་པ་སེམས་ཅན་མཐུ་ཆེན་རྣམས་ཀྱིས་མཆོད་ཅིང་ཕྱག་བྱས་པའི་མཐུ་དང་ལྡན་པས་མཐུ་ཕུན་སུམ་ཚོགས་པའོ། །བྱང་ཆུབ་ཀྱི་སེམས་དེ་ལ་གཟུགས་མེད་ན་ཇི་ལྟར་དེ་དག་གིས་ཕྱག་བྱ་ཞེ་ན་གཟུགས་
མེད་ཀྱང་དེའི་ཡོན་ཏན་དང་རྫུ་འཕྲུལ་ཆེན་པོ་དག་ཐོས་ནས་འདུད་ཅིང་ཕྱག་འཚལ་བར་འགྱུར་རོ། །ཡང་ན་དེ་ལྟ་བུའི་སེམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བ་ལ་ཡང་བྱའོ། །འདི་ལྟ་སྟེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་གཟུང་བ་དང་
འཛིན་པའི་རང་བཞིན་མེད་དེ། ནམ་མཁའ་དང་འདྲ་བས་སྟོང་པའི་རང་བཞིན་ནོ། །རྫས་མེད་པ་ཞེས་པ་ནི་དེ་ལྟར་སྟོང་པའི་རང་བཞིན་ཡིན་པས་རྡུལ་ཕྲ་མོ་ལ་སོགས་པའི་རྫས་ཀྱི་རང་བཞིན་མ་ཡིན་པའོ། །མཚན་ཉིད་མེད་པ་ཞེས་པ་ནི་མུ་སྟེགས་ཅན་ལ་སོགས་པས་བརྟགས་པའི་
བདག་ལ་སོགས་པ་ཁམས་གསུམ་ཐམས་ཅད་སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པའི་མཚན་ཉིད་མ་ཡིན་པའོ། །མཚན་མ་མེད་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པའི་མཚན་མ་མེད་པའོ། །སྤྲོས་པ་ཐམས་ཅད་ལས་འདས་པ་ཞེས་པ་ནི་
སྤྲོས་པ་ནི་རྣམ་པར་རྟོག་པ་ལ་བྱ་སྟེ་རྣམ་པར་རྟོག་པ་མེད་པའོ། །ནམ་མཁའ་ལྟར་དཔག་ཏུ་མེད་པ་ཞེས་པ་ནི་དེ་ལྟར་རྣམ་པར་རྟོག་པ་མེད་པས་ན་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་ཚད་འདི་ཙམ་ཞེས་དཔག་ཏུ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དེའི་ཡོན་
ཏན་ཡང་ཚད་གཟུང་དུ་མེད་དོ། །ཆོས་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པ་ཞེས་པ་ལས་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་ཆོས་ལ་བྱ་སྟེ། འདུས་བྱས་ཀྱི་ཆོས་དེ་རྣམས་རྡུལ་ཕྲན་གྱི་ཕྱོགས་ཆ་ལ་སོགས་པར་བཤིག་གམ། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ཚུལ་དུ་བཤིག་ན་

སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་ཏེ། དེ་དང་བྱང་ཆུབ་ཀྱི་སེམས་རོ་གཅིག་པས་ཆོས་དེ་དག་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པའོ། །གཉིས་སུ་ཆོས་ཐམས་ཅད་ཅེས་བྱ་བ་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་
ཀྱི་ཡོན་ཏན་གྱི་ཆོས་རྣམས་བྱང་ཆུབ་ཀྱི་སེམས་དེ་ལ་གནས་པས་ན་ཆོས་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པའོ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དང་བྲལ་བ་ཞེས་པ་ལ། འདུས་བྱས་དང་བྲལ་བ་ནི་ས་དང་པོའི་སེམས་ཐོབ་པའི་མི་མཐུན་པའི་གཉེན་པོར་གྱུར་པས་དེ་རྣམས་
དང་བྲལ་བའོ། །འདུས་མ་བྱས་དང་བྲལ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་མ་སྤངས་པས་མྱ་ངན་ལས་འདས་པའི་ཁམས་ལ་མི་གནས་པའོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་བྲལ་བ་ཞེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྟར་
མིག་ལ་སོགས་པས་རྒྱུ་བྱས་ནས་སྐྱེད་པ་མ་ཡིན་པས་དེ་རྣམས་དང་བྲལ་བའོ། །ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་ཞེས་པ་ནི་དེ་ལྟར་གོང་དུ་སྨོས་པའི་ཆོས་རྣམས་གང་དང་ཡང་མི་ལྡན་པས་དེ་རྣམས་ཀྱི་རྣམ་པའམ་རང་བཞིན་མེད་པ་སྟེ། དེ་བས་ན་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་
སོ། །སྐྱེ་སྟེ་ཞེས་པ་ནི་དེ་ལྟར་ངོ་བོ་ཉིད་མེད་པའི་སེམས་ཀྱི་མཚན་ཉིད་དེ་གོང་དུ་སྨོས་པའི་བསྐལ་པ་སྙེད་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུས་ས་དང་པོའི་ཡོན་ཏན་རྣམས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་སེམས་དེ་སྐྱེ་བར་རིག་པར་བྱའོ། །དེ་དག་ཉོན་མོངས་
ལས་ལས་གྲོལ། །ལས་དང་ཉོན་མོངས་ལྡན་པའང་ཡིན། །དེ་དག་འཇིག་རྟེན་སྦྱིན་གནས་ཏེ། །དེ་དག་རྟག་མཆོད་རི་མོར་བྱ། །ཞེས་པ་ལ། ཉོན་མོངས་ལས་ལས་གྲོལ་ཞེས་པ་ནི་ངན་སོང་ལ་སོགས་པའི་ལས་དང་ས་དང་པོའི་མི་མཐུན་པའི་ཕྱོགས་དང་བྲལ་བའོ། །
ལས་དང་ཉོན་མོངས་ལྡན་པའང་ཡིན། །ཞེས་པ་ལ་གོང་མ་རྣམས་ཐོབ་པར་བྱེད་པའི་ལས་དང་དེ་དག་ལས་སྒྲིབ་པའི་ཉོན་མོངས་པ་དང་ལྡན་པའོ། །དེ་དག་འཇིག་རྟེན་སྦྱིན་གནས་ཏེ། །ཞེས་པ་ནི། དེ་ལྟ་བུའི་སེམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནོར་

དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་ཡོན་དབུལ་བའི་སྣོད་དུ་གྱུར་པའོ། །མཆོད་ཅེས་པ་ནི་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པའི་གནས་སོ། །རི་མོར་བྱ་ཞེས་པ་ནི་ཕྱག་བྱ་ཞིང་ཐལ་མོ་སྦྱར་བ་དང་། བསུ་ཞིང་བསྐྱལ་བ་ལ་སོགས་པའི་བཀུར་
སྟིའི་གནས་སོ། །དེ་ལ་རྟག་མཆོད་ནི་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ལ་འཇིག་རྟེན་པ་རྣམས་ཀྱིས་མཆོད་པ་དང་བཀུར་སྟི་ལ་སོགས་པ་བྱའོ། །ད་ནི་ཉོན་མོངས་པས་སྤྱོད་པའི་སའི་མཚན་ཉིད་དང་ཡོན་ཏན་ཡང་བཤད་དེ་གསང་བ་པའི་བདག་པོ་གཞན་ཡང་། མོས་
པ་ཡིས་ནི་སྤྱོད་པའི་ས། །ཞེས་པ་ནས། བློ་ལྡན་བསྐལ་པ་གཅིག་གིས་ནི། །ས་ལས་ཡང་དག་འདའ་བར་འགྱུར། །ཞེས་པའི་བར་རོ། །དེ་ལ་མོས་པ་ཡིས་ནི་ཞེས་པ་མཉན་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་
པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤེས་ན་དེ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ་སྙམ་དུ་དེ་ལ་ཤིན་ཏུ་མོས་པ་སྐྱེ་བའོ། །དེ་ལ། སེམས་གསུམ་རྣམ་པར་སྒོམ་པ་སྟེ། །ཞེས་པ་ནི་འཇུག་པ་དང་། གནས་པ་དང་། ལྡང་བའི་སེམས་ཏེ་དེ་དག་རྣམ་པར་སྒོམ་པའི་ཐབས་ནི་སྔར་ཆོས་ལ་བདག་མེད་
པའི་སྐབས་སུ་བཤད་ཟིན་ཏོ། །མོས་པས་སྤྱོད་པ་ཞེས་པ་ནི་ཆོས་དེ་ལ་མོས་པ་ཙམ་མ་ཡིན་གྱི། དེ་རྣམས་ཀྱི་ཡོན་ཏན་གོམས་པར་བྱ་བ་ལ་ནན་ཏན་བྱེད་པ་སྟེ། དེ་བས་ན། ཕ་རོལ་ཕྱིན་རྣམས་སྤྱོད་པ་དང་། །བསྡུ་བ་དག་ནི་བཞི་པོ་ཡིས། །ཞེས་གསུངས་པ་ཡིན་ནོ། །དེ་ལ། ཕ་རོལ་ཕྱིན་
རྣམས་སྤྱོད་པ་དང་། །ཞེས་པ་ནི་ས་དང་པོ་ནས་བརྩམས་ཏེ་བཅུ་པའི་བར་དུ་ས་རེ་རེ་ལ་ཕྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རེ་རེ་སྤྱོད་དེ། བདག་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་བཞིན་དུ། སེམས་ཅན་གཞན་རྣམས་ཀྱང་བསྡུ་བ་རྣམ་པ་བཞིའི་སྒོ་ནས་བསྡུས་ཏེ་སྤྱོད་དུ་འཇུག་གོ། །དེ་
ལ་རབ་ཏུ་དགའ་བའི་ཡོན་ཏན་སེམས་དགའ་བཞིན་དུ་ཆོས་དང་ཟང་ཟིང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་སྟེ། མོས་པས་སྤྱོད་པའི་ས་ལ་གནས་པ་ན་བདག་ཀྱང་སྤྱོད་ལ། སེམས་ཅན་གཞན་རྣམས་ཀྱང་བསྡུ་བ་རྣམ་པ་བཞིའི་སྒོ་ནས་བསྡུས་ཏེ་སྤྱོད་དུ་འཇུག་གོ། །ས་གཉིས་པ་དྲི་མ་

མེད་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲི་མ་མེད་པ་ལ་སྤྱོད་པ་ཡང་། མོས་པས་སྤྱོད་པའི་ཚེ་བདག་ཀྱང་སྤྱོད་ལ་གཞན་རྣམས་ཀྱང་སྤྱོད་དུ་འཇུག་གོ། །ས་གསུམ་པ་འོད་བྱེད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་དེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ཡང་མོས་པས་སྤྱོད་པའི་ཚེ་བདག་
ཀྱང་སྤྱོད་ལ་གཞན་ཡང་སྤྱོད་དུ་འཇུག་གོ། །ས་བཞི་པ་འོད་འཕྲོ་བ་ཅན་ལ་ཡེ་ཤེས་ཀྱི་འོད་འཕྲོ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་ལྔ་པ་སྦྱང་དཀའ་བ་ལ་བདུད་ལ་སོགས་པས་ཤིན་ཏུ་རྒྱལ་བར་དཀའ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་
དྲུག་པ་མངོན་དུ་གྱུར་པ་ཤེས་རབ་མངོན་དུ་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་བདུན་པ་རིང་དུ་སོང་བ་ལ་སེམས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱེད་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ས་བརྒྱད་པ་མི་གཡོ་བ་ལ་སྨོན་ལམ་གྱི་དབང་ཐོབ་ནས་ས་གོང་
མ་རྣམས་ཐོབ་པའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་དགུ་པ་ལེགས་པའི་བློ་གྲོས་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མངོན་སུམ་དུ་ཡེ་ཤེས་ཀྱི་ཆོས་འདྲི་ཞིང་། སྤྱོད་ཡུལ་དུ་གྱུར་
པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་རྣམས་མོས་པས་སྤྱོད་པའི་ཚེ་ཉིད་ན་བདག་ཀྱང་སྤྱོད་པ་ལ་གོམས་པར་བྱེད་ལ་སེམས་ཅན་གཞན་རྣམས་ཀྱང་བསྡུ་བ་རྣམས་བཞིའི་སྒོ་ནས་བསྡུས་ཏེ་སྤྱོད་དུ་འཇུག་པའོ། །བསྡུ་བ་རྣམ་པ་བཞི་ཞེས་པ་ནི་སྦྱིན་པ་དང་སྙན་པར་སྨྲ་བ་དང་། དོན་སྤྱོད་པ་
དང་། དོན་མཐུན་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་དུ་འཇུག་པའོ། །ས་དེ་རྣམས་ཀྱི་མཚན་ཉིད་དང་ཡོན་ཏན་རྒྱ་ཆེར་ནི་ས་བཅུ་པའི་མདོ་སྡེ་ལ་སོགས་པར་ཤེས་པར་བྱའོ། །མོས་པའི་ས་ནི་མཚུངས་པ་མེད། །ཅེས་པ་ནི་མོས་པས་སྤྱོད་པའི་ས་དེ་འཇིག་རྟེན་ཕལ་པ་རྣམས་དང་མི་
མཉམ་པའོ། །དཔག་ཏུ་མེད་ཅིང་ཞེས་པ་དེའི་ཡོན་ཏན་གྱི་སྤྱི་གྲངས་ཀྱིས་གཞལ་བ་ལས་འདས་པའོ། །བསམ་མི་ཁྱབ་ཅེས་པ་ནི་སེམས་ཀྱིས་བསམས་ཤིང་དཔག་པ་ལས་འདས་པའོ། །དཔག་མེད་ཡེ་ཤེས་འབྱུང་བ་ཞེས་པ་ནི་མོས་པས་སྤྱོད་པའི་ས་དེ་ལ་བྱ་སྟེ། དཔག་མེད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །

སེམས་བཅུ་དག་གིས་ཐོབ་པར་འགྱུར། །ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་སྤྱོད་པའི་སེམས་ཀྱི་རིམ་པས་སོ། །ངས་གང་ཅུང་ཟད་བརྗོད་པ་ནི། །ཐམས་ཅད་འདི་ཡིས་ཐོབ་པར་འགྱུར། །ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་
བཅོ་བརྒྱད་ལ་སོགས་པའི་ཆོས་གང་ཅུང་ཟད་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཐམས་ཅད་ནི་མོས་པས་སྤྱོད་པ་དེས་འཐོབ་པར་འགྱུར་རོ། །དེ་ཕྱིར་ཐམས་ཅད་མཁྱེན་པའི་ས། །མོས་པ་ཞེས་ནི་བྱ་བར་བཤད། །ཅེས་པ་ནི་དེ་ལྟར་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་མོས་པས་འཐོབ་
པས་ན་མོས་པས་སྤྱོད་པའི་ས་དེ་ཐམས་ཅད་མཁྱེན་པའི་ས་དེའི་རྒྱུ་སྟེ་དེ་བས་ན་རྒྱུ་ལ་འབྲས་བུར་བཏགས་ཏེ། མོས་པ་ཞེས་ནི་བྱ་བར་བཤད། །ཅེས་གསུངས་པ་ཡིན་ནོ། །བློ་ལྡན་བསྐལ་པ་གཅིག་གིས་ནི། །ས་ལས་ཡང་དག་འདའ་བར་འགྱུར། །ཞེས་པ་ནི་ཤེས་རབ་ཅན་གྱིས་མོས་པས་
སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་ཡོངས་སུ་རྫོགས་པར་འགྱུར་ཞེས་པའོ། །འདི་ཡི་ཡང་ནི་བཞི་ཆ་ཡིས། །མོས་པའི་ས་ལས་འདའ་བར་འགྱུར། །ཞེས་པ་ནི་བསྐལ་པ་དེའི་བཞི་ཆ་གཅིག་གིས་མོས་པས་སྤྱོད་པའི་ས་ཆོས་བདག་མེད་པར་ཆུད་པའི་ས་དེ་ལས་འཕར་ཏེ་ཡེ་ཤེས་ཀྱི་ས་ལ་འཇུག་
པའི་སྟེགས་སུ་གྱུར་པའི་ཆོས་ལ་བདག་མེད་པ་ཡང་སྤངས་ནས་རང་གི་སེམས་གཟོད་མ་ནས་མ་སྐྱེས་ཤིང་མ་བྱུང་བར་བསྒོམ་པར་ཞུགས་པ་ལ་བྱའོ། །མོས་པས་སྤྱོད་པའི་སའི་རིམ་པ་དང་། ཡོན་ཏན་དེ་དག་སྔར་མོས་པས་སྤྱོད་པའི་ས་བདག་མེད་པ་ལ་འཇུག་པའི་སྐབས་སུ་མི་བཤད་པར་རབ་
ཏུ་དགའ་བའི་ས་བཤད་པའི་འོག་ཏུ་ཅིའི་ཕྱིར་བཤད་ཅེ་ན། རབ་ཏུ་དགའ་བའི་ས་ནི་མོས་པས་སྤྱོད་པའི་སའི་འབྲས་བུ་སྟེ། དེ་ལྟར་འབྲས་བུ་དེ་ཅི་འདྲ་བ་ཤེས་ནས་དེའི་རྒྱུ་གང་ཡིན་པ་དེ་གདོད་བརྟག་པར་བྱ་སྟེ། དེ་བས་ན་མོས་པས་སྤྱོད་པའི་ས་དེའི་རྗེས་སུ་བཤད་དོ། །དེ་དག་གིས་ནི་
རྣམ་པར་སྣང་མཛད་ཀྱི་རྒྱུ་སྦྱིན་པ་ལ་སོགས་པ་སེམས་བརྒྱད་པོ་བཤད་པ་དང་། སོ་སོའི་བདག་ཏུ་བརྟག་པ་ལ་བརྟེན་ནས་འབའ་ཞིག་པའི་བློ་སྐྱེ་བ་བཤད་པ་དང་། དེ་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེས་ཏེ། བདག་ཏུ་བརྟགས་པ་རྣམས་མེད་པར་རྟོགས་ནས་ཕུང་པོ་ཙམ་དུ་

འཛིན་པ་གང་ཟག་ལ་བདག་མེད་པར་རྟོགས་པ་བཤད་པ་དང་། ཕུང་པོ་ཙམ་པོ་དེ་ལ་ཡང་དབུ་བ་དང་ཆུའི་ཆུ་བུར་ལ་སོགས་པའི་ཚུལ་དུ་བཤིག་ནས་ཆོས་རྣམས་སོ་སོའི་རང་བཞིན་སྔོན་པོ་ལ་སོགས་པ་ཙམ་དུ་ཟད་པར་རྟོགས་པ་བཤད་པ་དང་། ཆོས་ལ་བདག་མེད་པར་རྟོགས་ནས་རང་གི་སེམས་
གཟོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་རྟོགས་པར་བཤད་པ་དང་། ས་དང་པོའི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་དེ་ཡང་ངོ་བོ་ཉིད་མེད་པར་མཉམ