Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 69
Văn bản gốc(Tây Tạng)
Trang 17 / 23 (50.000 ký tự/trang)
གས་པའི་ཆོས་རྣམས་བདག་མེད་པར་ཆུད་པས་ན་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་ཞེས་པའི་ཚིག་ནི་ཆུད་པ་ཞེས་པའི་གཞུང་ཡིན་པའི་ཕྱིར་རོ། །གཉིས་པོ་ནི་ཆོས་ ཞེས་བྱའོ་ཞེས་པ་ནི་གནས་པའི་སེམས་དེ་བཞིན་པ་ཉིད་ཀྱི་རང་བཞིན་པའི་མཚན་མ་འཛིན་པའི་ཆོས་ཞེས་པའོ། །དེ་དང་ལྷན་ཅིག་ཏུ་འབྱུང་བའི་སེམས་ནི་དགེ་འདུན་ནོ་ཞེས་བསྒྲགས་སོ་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པར་ཆུད་པའི་ཚེ་ཉིད་ན། སྙིང་རྗེའི་དབང་གིས་ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའི་ དགེ་འདུན་གྱི་མཚན་ཉིད་ལྷ་རྣམས་ཀྱི་སྐུར་བསྒྱུར་བ་ལ་བྱའོ། །དཔའ་བོ་དམ་ཚིག་འདི་གསུམ་བཤད་པ་ཁྱོད་ལ་མགོན་པོ་རྣམས་ཀྱིས་ཞེས་པ་ནི། ཇི་སྐད་སྨོས་པ་འདི་དམ་ཚིག་འདི་གསུམ་དཔའ་བོ་ཁྱོད་ལ་ངས་བཤད་པ་འབའ་ཞིག་མ་ཡིན་གྱི། སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་རྣམས་ ཀྱིས་ཀྱང་བཤད་དོ་ཞེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་གཅིག་པུ་བསྟན་པའོ། །དམ་ཚིག་གསུམ་པོ་འདི་གནས་ནས་སྤྱོད་པ་བྱང་ཆུབ་སྤྱོད་པ་དེ་ཚེ་ཚུལ་ཡང་སྒོའི་སྟེ། དཔའ་བོའི་སེམས་ཅན་ཕན་དོན་ཕྱིར། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་རྣམས་དམ་ ཚིག་འདི་གསུམ་ལ་གནས་ནས་འཇིག་རྟེན་པ་རྣམས་ཀྱི་ཚུལ་མང་པོ་དང་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཚུལ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་གྱི་ཕྱིར་སྤྱོད་དོ་ཞེས་པའོ། །ནམ་ཞིག་གྱུར་པ་ཀུན་སངས་རྒྱས། །སྐུ་གསུམ་ལ་ནི་དབང་ཐོབ་པ། དེ་ནས་གསང་ བའི་བདག་པོ་དེ་ཡང་དག་པར་ཀུན་དུ་སངས་རྒྱས་པ་སྟོན་པར་བྱེད་དོ་ཞེས་པ་ལ་སོགས་པ་ནི་འབྲས་བུའི་དམ་ཚིག་གསུམ་བསྟན་པ་སྟེ། ནམ་ཀུན་དུ་སངས་རྒྱས་པར་གྱུར་པ་དེ་ན་སྤྲུལ་པའི་སྐུས་སངས་རྒྱས་ཀྱི་ཡབ་ཟས་གཙང་མའི་སྲས་སུ་སྟོན་པ་ནས་མྱ་ངན་ལས་འདས་པའི་བར་དུ་སྟོན་པ་སྟེ་དེ་ལ། སྐུ་ གསུམ་ལ་ནི་དབང་ཐོབ་པ། །ཞེས་པ་ནི་ནམ་འོག་མིན་གནས་སུ་ཀུན་དུ་སངས་རྒྱས་པར་གྱུར་པ་དེ་ཉིད་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུད་པ་དེ་བཞིན་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ནི་ཆོས་ཀྱི་སྐུ་ལ་དབང་ཐོབ་པའོ། །དེའི་ཚེ་རྫོགས་ལོངས་སྤྱོད་པའི་སྐུར་སྣང་བས་ན། རྫོགས་ལོངས་སྤྱོད་པའི་སྐུའི་དབང་ ཐོབ་པའོ། །དེ་ནས་སྤྲུལ་པའི་སྐུ་འཇིག་རྟེན་དུ་སྣང་བས་ན་སྤྲུལ་པའི་སྐུའི་དབང་ཐོབ་པའོ། །ལུས་གཅིག་བྱིན་གྱིས་བརླབས་པ་ནི་འདི་ལྟ་སྟེ། ཐོག་མར་སྤྲུལ་པའི་སྐུའོ་ཞེས་པ་ནི་ཡང་དག་པར་ཀུན་དུ་སངས་རྒྱས་པའི་བསྟན་པ་སྟོན་པར་བྱེད་དོ་ཞེས་པ་དང་འབྲེལ་ཏེ། ཐོག་མར་ འོག་མིན་གནས་སུ་ཀུན་དུ་སངས་རྒྱས་ནས་སྤྲུལ་པའི་སྐུར་བྱིན་གྱིས་བརླབས་ཏེ་རྒྱལ་པོ་ཟས་གཙང་མའི་སྲས་སུ་སྟོན་པ་དང་། གཞོན་ནུ་རོལ་པ་དང་། རབ་ཏུ་བྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བ་ལ་སོགས་པའི་བསྟན་པ་རྣམས་སྟོན་པར་བྱེད་དོ་ཞེས་པའོ། །གཞན་ ཡང་གསང་བའི་བདག་པོ་ལུས་གཅིག་པོ་དེ་ཉིད་ལ་རྣམ་པ་གསུམ་དུ་སྟོན་ཏེ། འདི་ལྟར་སངས་རྒྱས་པ་དང་ཆོས་དང་དགེ་འདུན་ནོ་ཞེས་པ་ཡང་། ཡང་དག་པར་ཀུན་དུ་སངས་རྒྱས་པའི་བསྟན་པ་སྟོན་པར་བྱེད་དོ་ཞེས་པ་དང་འབྲེལ་ཏེ་སངས་རྒྱས་ནི་སྤྲུལ་པའི་སྐུ་ཉིད་ལ་བྱའོ། །ཆོས་ནི་གསུང་རབ་ཡན་ ལག་བཅུ་གཉིས་གསུང་མི་ཟད་པའི་སྒོ་ནས་འཆད་པའོ། །དགེ་འདུན་འཕགས་པའི་གང་ཟག་བརྒྱད་ཀྱི་དགེ་འདུན་ཏེ། སྤྲུལ་པའི་སྐུ་གཅིག་པུ་དེ་འདི་རྣམས་སུ་བྱིན་གྱིས་བརླབ་ཅིང་ཀུན་དུ་སངས་རྒྱས་པའི་བསྟན་པ་སྟོན་པར་བྱེད་དོ་ཞེས་པའོ། །གཞན་ཡང་གསང་བའི་བདག་པོ་དེ་ཉིད་ཐེག་པ་ གསུམ་དུ་བརྟགས་པ་འཆད་དོ་ཞེས་པ་ནི་སྤྲུལ་པའི་སྐུ་དེ་ཉིད་གང་ཟག་ལ་བདག་མེད་པར་ཆུད་པ་ལ་མོས་པའི་འགྲོ་བ་ཉན་ཐོས་རྣམས་ལ་ནི་ཉན་ཐོས་པའི་ཐེག་པར་བརྟགས་ཤིང་འཆད། ཆོས་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་དུ་བཤིག་སྟེ། མི་རྟག་པར་མཐོང་ནས་གྲོལ་བར་བྱེད་པར་ མོས་པའི་འགྲོ་བ་རྣམས་ལ་ནི་རང་སངས་རྒྱས་ཀྱི་ཐེག་པར་བརྟགས་ཤིང་འཆད། ཆོས་དང་གང་ཟག་གཉིས་ཀ་བདག་མེད་པར་ཆུད་པ་ལ་མོས་པའི་འགྲོ་བ་རྣམས་ལ་ཐེག་པ་ཆེན་པོར་བརྟགས་ཤིང་འཆད་དོ་ཞེས་པའོ། །དེ་ནས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱས་ནས་ཡོངས་སུ་མྱ་ངན་ལས་ འདས་པ་སྟོན་ཅིང་སེམས་ཅན་ཀུན་སྨིན་པར་བྱེད་དོ་ཞེས་པ་ནི། མི་རྟག་པར་མཐོང་ནས་འཁོར་བ་ལས་ཐར་བར་ནན་ཏན་བྱེད་པའི་སེམས་ཅན་རྣམས་སྨིན་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པ་སྟོན་ཏེ། མྱ་ངན་ལས་འདས་པ་དེ་སེམས་ཅན་རྣམས་ཀྱིས་མཐོང་ནས་སངས་རྒྱས་བཅོམ་ལྡན་འདས་ ལྷ་དང་མིའི་བདག་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ཡང་མི་རྟག་ན་གཞན་ལྟ་ཅི་སྨོས་སྙམ་ནས་འཕགས་པའི་ལམ་ལ་ནན་ཏན་བྱེད་ཅིང་སྨིན་པར་འགྱུར་རོ་ཞེས་པའོ། །འདི་དག་ནི་རྒྱུ་དང་འབྲས་བུའི་དམ་ཚིག་གསུམ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། སྔགས་སྤྱོད་པའི་བྱང་ཆུབ་སེམས་དཔའ་ གཉིས་ཀའི་ཕྱིར་བསྟན་པ་སྟེ། རྒྱུའི་དམ་ཚིག་གསུམ་ནི་མོས་པ་སྤྱོད་པའི་སེམས་ཀུན་དུ་བཟང་པོའི་སའི་བར་དུ་སྟེ། དེའི་བར་དུ་འཇུག་པ་ལ་སོགས་པའི་སེམས་གསུམ་དང་ལྡན་པའི་ཕྱིར་རོ། །འབྲས་བུ་དམ་ཚིག་གསུམ་ནི་སྔ་མ་བཞིན་ཏེ། དེ་ལྟར་སྔགས་སྤྱོད་པའི་བྱང་ཆུབ་སེམས་དཔའ་མོས་ པ་སྤྱོད་པའི་ས་ལ་གནས་པ་རྣམས་ལ་གང་དམ་ཚིག་གསུམ་པོ་འདི་ཤེས་ཤིང་དེ་ལ་གནས་པ་དེའི་རྗེས་སུ་བསྔགས་པ་བཤད་པ་དེ་གསུངས་པ། གསང་བའི་བདག་པོ་ཞེས་པ་ནས་རྟོག་པ་ཐམས་ཅད་ལས་བྱུང་བའི་བགེགས་མེད་དོ་ཞེས་པ་སྟེ། སྤྱིར་བགེགས་ལ་རྣམ་པ་གསུམ་སྟེ། རྣམ་པར་རྟོག་ པ་ལས་འབྱུང་བ་དང་། ལས་ལས་འབྱུང་བ་དང་། གང་བག་མེད་པ་མ་སྤངས་པ་ལས་འབྱུང་བ་སྟེ། ལས་ལས་འབྱུང་བ་བགེགས་ནད་མང་པོ་ལ་སོགས་པ་དང་། བག་མེད་པ་མ་སྤངས་པ་ལས་འབྱུང་བའི་བགེགས་དུག་དང་། མཚོན་དང་གཡང་ས་ལ་སོགས་པར་འགྲོ་བ་དང་། དེ་དག་རྣམ་ པར་རྟོག་པ་སྔོན་དུ་སོང་བ་ལས་གྱུར་པས་རྟོག་པ་ཐམས་ཅད་ལས་བྱུང་བའི་བགེགས་ཞེས་བྱ་སྟེ། བགེགས་དེ་དག་མེད་པར་འགྱུར་རོ་ཞེས་པའོ། །མི་འདོད་པ་དང་ལེ་ལོ་ཅན་དང་འདུ་འཛི་ཅན་ཡིད་མི་ཆེས་པ་དང་། ཡོ་བྱད་མང་པོ་ལ་སོགས་པ་རྣམས་ནི་མ་གཏོགས་སོ་ཞེས་པ་ནི། དམ་ཚིག་ གསུམ་པོ་དེ་དག་དང་ལྡན་དུ་ཟིན་ཀྱང་སྒྲུབ་པ་མི་འདོད་པ་དང་། ལེ་ལོ་ལ་སོགས་པའི་མིང་གིས་སྨོས་པ་འདི་རྣམས་དང་ལྡན་པ་ནི་བགེགས་མེད་པ་ནི་ནང་དུ་མ་གཏོགས་ཏེ་སྒྲུབ་པ་མི་འདོད་པ་དང་། ལེ་ལོ་ལ་སོགས་པ་དེ་དག་ཉིད་བགེགས་ཡིན་པའི་ཕྱིར་རོ། །དེས་ན་རྣམ་གཉིས་མི་བྱ་སྟེ་མྱོས་པའི་ བཏུང་བ་དང་ཉལ་བའི་ཁྲིའོ་ཞེས་པ་ནི་མྱོས་པའི་བཏུང་བ་ནི་མ་རུངས་པར་འགྱུར་བ་ཐམས་ཅད་ཀྱི་རྩ་བས་སྤང་ངོ་། །ཇི་ལྟར་དེ་བཞིན་གཤེགས་པ་ལགས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཞུས་པ་ནི་སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་ཀྱིས་སྔགས་གསུངས་པ་ནི། འདི་ནི་དེ་བཞིན་གཤེགས་པའི་སྔགས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔགས་སོ་ཞེས་པ་ལ་སོགས་པ་གསུངས་པ་དེ་ལ་དེ་བཞིན་གཤེགས་པ་དང་། ཀུན་དུ་སངས་རྒྱས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཉིད་བྱེ་བྲག་ཅི་ མཆིས་གང་ལགས་པ་མ་འཚལ་ན། ཐེ་ཚོམ་དེ་བསལ་བར་གསོལ་ཞེས་པའོ། །དེ་བས་ན་ཕྱག་ན་རྡོ་རྗེ་ཉིད་ཀྱིས་མི་མཁྱེན་པ་མ་ཡིན་གྱི་མ་འོངས་པའི་འགྲོ་བ་རྣམས་ཐེ་ཚོམ་བསལ་བའི་ཕྱིར་རོ། །ཞུས་པའི་ཚིག་དེ་བཞི་ཡང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དོ། །ཞེས་པ་ལ་སོགས་པ་ཞེས་ པའི་ཚིགས་སུ་བཅད་པས་རིམ་བཞིན་དུ་གཉིས་གསོལ་ཏོ། །ཐེ་ཚོམ་ཡིད་མི་ཆེས་སྤངས་ནས། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཐེག་ཆེན་ལ་ནི་སྤྱོད་འགྱུར་བ། །སྤྱོད་པའི་རྒྱལ་པོ་བླ་ན་མེད་པའོ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་གྲགས་པ་ཆེན་པོ་རྣམས་ཐེག་ཆེན་སྔགས་ ཀྱི་སྤྱོད་པ་ལ་སྤྱོད་པ་ནི་ཡང་ཐེ་ཚོམ་དང་ཡིད་མི་ཆེས་པ་སྤངས་ནས་དེ་བས་ན་ཐེག་པ་ཆེན་པོ་སྔགས་ཀྱི་སྤྱོད་པ་ལ་སྤྱོད་པའི་ཕྱིར་བདག་གི་ཐེ་ཚོམ་དེ་བསལ་དུ་གསོལ་ཞེས་པ་དང་སྦྱར་རོ། །སྤྱོད་པའི་རྒྱལ་པོ་བླ་ན་མེད། །ཅེས་པ་ནི་སྔགས་ཀྱི་སྤྱོད་པ་ཉིད་ལ་བྱའོ། །བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། རྟོག་པ་ཐམས་ཅད་སྤངས་པ་ཡིན་ཏེ། བདག་གིས་དེ་འདྲའོ་རྟོགས་འདོད་པ། །དེ་ནི་བྱང་ཆུབ་སེམས་དཔའོ། །ཞེས་པ་ནི། ཇི་ལྟར་བྱང་ཆུབ་སེམས་དཔའ་ལགས། །ཞེས་ཞུས་པའི་ལན་ཏེ་འདི་སྐད་གསུངས་པ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུད་པ། དེ་བཞིན་པ་ཉིད་ཀྱི་ཡེ་ཤེས་གཟུང་ བ་དང་འཛིན་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་པ་ནམ་མཁའ་ལྟ་བུར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པ་དེ་ནི་བྱང་ཆུབ་སྟེ། བྱང་ཆུབ་དེ་ལྟ་བུར་གང་ཆུད་པར་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་ཡང་ས་དང་པོ་ལ་ཞུགས་ནས་ས་དགུ་མན་ཆད་ཀྱི་བྱང་ཆུབ་སེམས་ དཔའ་རྣམས་ལ་བྱའོ། །ས་བཅུ་མངོན་པར་བསྒྲུབས་ནས་སུ། །སངས་རྒྱས་ཞེས་སུ་དེ་བསྒྲགས་སོ། །ཞེས་པའི་བར་དུ་ཇི་ལྟར་སངས་རྒྱས་ཞེས་སུ་དེ་བགྱི་ཞེས་ཞུས་པའི་ལན་ཏེ། ས་བཅུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཇི་སྐད་དུ་གྲགས་པའི་དབང་བཅུ་ལ་ཡང་དབང་དུ་གྱུར་ པའི་ཏིང་ངེ་འཛིན་ལ་གནས་པ་དང་། ལངས་པ་གཉིས་ཀའི་ཚེ་ན་ཡང་ཕུང་པོ་ལ་སོགས་པའི་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས་པ་འཇིག་རྟེན་པ་རྣམས་ཀྱི་རྒྱུད་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་དུ་སྟོང་པ་ཉིད་དང་སྒྱུ་མ་ལྟ་བུར་ཤེས་པ་དེ་ནི་སངས་རྒྱས་ཞེས་བྱ་སྟེ་བྱང་ཆུབ་སེམས་དཔའ་ཕལ་རྣམས་ཀྱིས་ ཀྱང་ཆོས་རྣམས་སྟོང་པ་སྒྱུ་མ་ལྟ་བུར་རྟོགས་པ་དང་། འཇིག་རྟེན་ཀུན་གྱི་རྒྱུད་དུ་ཤེས་མོད་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་མ་སྤངས་པས། ཆོས་རྣམས་སྟོང་པ་དང་སྒྱུ་མར་རྟོག་པ་ཡང་མཉམ་པར་གཞག་པ་ལས་ལངས་པའི་ཚེ་མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པར་གྱུར་ཏེ། དེ་བས་ན་ཁྱད་པར་དུ་ གསུངས་པ། ས་བཅུ་དང་ས་བཅུ་ལ་རྫོགས་པར་སངས་རྒྱས་པ་ཞེས་བྱ་སྟེ། སངས་རྒྱས་པ་ཞེས་བྱ་བ་ནི་ལོག་པའི་གཉེན་པོ་ལ་སོགས་པ་སྤངས་ནས་ཕྱིན་ཅི་མ་ལོག་པར་ཆུད་པ་ལ་བྱའོ། །ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །གཉིས་སུ་མེད་དེ་མཚན་ཉིད་གཅིག །སྟོབས་བཅུ་ཀུན་དུ་སངས་ རྒྱས་པ། །དེ་ནི་ཀུན་དུ་སངས་རྒྱས་སོ། །ཞེས་པ་ནི་ཇི་ལྟར་རྒྱལ་བ་མཆོག་ཅེས་ཞུས་པའི་ལན་ཏེ། ས་བཅུའི་བྱང་ཆུབ་སེམས་དཔར་སངས་རྒྱས་ཞེས་བྱ་བ་རྣམས་ཀྱིས་ཆོས་རྣམས་སྟོང་པར་ཆུད་པ་ཡང་སོ་སོར་མཚན་ཉིད་དུ་ཆུད་དེ། དེ་ལས་ལྷག་པར་གང་སོ་སོར་མཚན་ཉིད་དུ་སྟོང་པར་ཆུད་པ་དེ་ རྣམས་གང་གཟུགས་ཀྱི་སྟོང་པ་དེ་ཚོར་བའི་སྟོང་པ་སྟེ། གཟུགས་ཀྱི་སྟོང་པ་དང་ཚོར་བའི་སྟོང་པ་ཉིད་གཉིས་གཉིས་སུ་དབྱེར་མེད་ཅེས་པ་ལ་སོགས་པའི་ཚུལ་དུ་ཆོས་ཐམས་ཅད་ནམ་མཁའི་མཚན་ཉིད་ལྟར་གཉིས་སུ་མེད་དེ། མཚན་ཉིད་གཅིག་ཏུ་སྟོབས་བཅུ་ཡོངས་སུ་རྫོགས་ནས་ཀུན་དུ་ཆུད་པ་དེ་ ནི་ཀུན་དུ་སངས་རྒྱས་ཞེས་བྱ་བ་སྟེ། དེ་ཡང་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཀུན་དུ་བཟང་པོའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །རྒྱལ་བའི་མཆོག་ཅེས་པ་ནི་བདུད་བཞི་ལས་རྒྱལ་བའི་ཕྱིར་རོ། །འདུ་ཤེས་ཙམ་དུ་སྤངས་པ་སུ། །རང་བཞིན་བསྟན་དུ་མེད་ ན་ནི། །གང་གིས་རིག་པའི་ཡེ་ཤེས་ཀྱིས། །ཀུན་དུ་སངས་རྒྱས་པའི་ཚེ་ཆོས་ཐམས་ཅད་སྟོང་པའི་མཚན་ཉིད་གཅིག་ཏུ་ཆུད་པའི་འདུ་ཤེས་ཙམ་པ་དེ་ཡང་སྤངས་ཏེ། རང་གིས་རིག་པ་རང་བཞིན་དུ་བསྟན་པ་མེད་པ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ད་ ནི་གསང་བའི་ཕྱག་རྒྱ་བརྒྱད་པོ་བཤད་པར་བྱ་སྟེ། ཕྱག་རྒྱ་འདི་རྣམས་ཀྱང་སྔགས་པ་ལྷའི་གཟུགས་སུ་བསྒྱུར་བ་དེ་བརྟན་པར་བྱ་བའི་ཕྱིར་སྦྱར་ཏེ། ལྷའི་གཟུགས་སུ་བསྒྱུར་བ་ཡང་རྣམ་པ་གཉིས་ཏེ་དེ་བཞིན་གཤེགས་པའི་སྐུར་བསྒྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐུར་བསྒྱུར་བའོ། ། དེ་བཞིན་གཤེགས་པའི་སྐུར་བསྒྱུར་ལ་ཕྱག་རྒྱ་འདི་རྣམས་ཀྱིས་བྱིན་གྱིས་བརླབས་ན་ཕྱག་རྒྱ་འདི་རྣམས་དེ་བཞིན་གཤེགས་པའི་ཕྱག་རྒྱ་བས་དེ་བཞིན་གཤེགས་པ་ཉིད་ཀྱི་རང་བཞིན་དུ་འགྱུར་རོ། །དེ་ལ་ལྷའི་སྐུ་ཡོངས་སུ་རྫོགས་པར་བྱ་བ་ཡང་རྣམ་པ་གཉིས་ཏེ། གནས་རྫོགས་པར་བྱ་བ་དང་ལུས་ རྫོགས་པར་བྱ་བའོ། །གནས་རྫོགས་པར་བྱ་བ་ནི་རྡོ་རྗེ་མི་ཕྱེད་པའི་ཕྱག་རྒྱ་དང་། པདྨོ་མཛོད་ཀྱི་ཕྱག་རྒྱ་གཉིས་སོ། །ལྷག་མ་དྲུག་གིས་ནི་ལུས་རྫོགས་པར་བྱའོ། །དེ་རྣམས་ལ་རྣམ་པ་གསུམ་དུ་དབྱེ་སྟེ། ལུས་དང་ངག་དང་ཡིད་རྫོགས་པར་བྱའོ། །དེ་ལ་ལུས་རྫོགས་པར་བྱེད་པ་ནི་ཡན་ལག་ཐམས་ ཅད་འབྱུང་བའི་ཕྱག་རྒྱ་དང་འོད་ཀྱི་ཕྱག་རྒྱའོ། །གཟུངས་ཀྱི་ཕྱག་རྒྱ་དང་ཆོས་གནས་པ་གཉིས་ནི་སེམས་རྫོགས་པར་བྱེད་པའོ། །སངས་རྒྱས་ཀྱི་དབྱངས་ཀྱི་རྒྱན་མང་པོའི་ཕྱག་རྒྱ་ནི་ངག་རྫོགས་པར་བྱེད་པའི་ཕྱག་རྒྱའོ། །སྦྱོར་བ་ཆེན་པོའི་ཕྱག་རྒྱ་ནི་ཏིང་ངེ་འཛིན་སྦྱོར་བ་རྫོགས་པར་བྱེད་པའོ། །དེ་རྣམས་ སྦྱར་བར་བྱ་བའི་རིམ་པ་ཡང་ཐོག་མར་རྡོ་རྗེ་མི་ཕྱེད་པའི་ཕྱག་རྒྱས་བདག་གནས་པའི་གཞི་དང་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེའི་གདན་དུ་བྱིན་གྱིས་བརླབས་ཏེ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་བདག་དང་གནས་བསྲུང་བ་དང་། མཆོད་པ་བྱ་བ་དང་། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་ལ་སོགས་ པ་ཇི་སྐད་གསུངས་པའི་རིམ་བཞིན་དུ་བྱས་ལ་དེ་ནས་དེའི་འོག་ཏུ་ཇི་སྐད་བཤད་པའི་རིམ་གྱིས་བདག་ཉིད་ལྷའི་སྐུར་བསྒྱུར་ཏེ། དང་པོར་པདྨོ་ཕྱག་རྒྱས་པདྨོའི་གདན་བྱིན་གྱིས་བརླབ། ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་ལྷའི་སྐུར་བརྟན་པར་བྱིན་གྱིས་བརླབ། དེ་ནས་འོད་འབྱུང་བའི་ཕྱག་རྒྱས་ འོད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབས་ཏེ། དེ་ནས་གཟུངས་ཀྱི་ཕྱག་རྒྱས་ཆོས་མི་བརྗེད་པའི་དྲན་པ་བརྟན་པར་བྱིན་གྱིས་བརླབ། དེ་ནས་སངས་རྒྱས་ཀྱི་དབྱངས་ཀྱི་རྒྱན་མང་པོས་ངག་བྱིན་གྱིས་བརླབ། དེ་ནས་ཆོས་གནས་པའི་ཕྱག་རྒྱས་དེ་བཞིན་ཉིད་ཀྱི་ཆོས་ཉིད་བརྟན་པར་བྱིན་གྱིས་བརླབ། དེའི་ འོག་ཏུ་སྦྱོར་བ་ཆེན་པོའི་ཕྱག་རྒྱས་ཏིང་ངེ་འཛིན་བརྟན་པར་བྱིན་གྱིས་བརླབ་སྟེ་དེ་དག་ནི་བསྡུས་པའི་དོན་ཏོ། །འཁོར་གྱི་དཀྱིལ་འཁོར་འདུས་པ་ཐམས་ཅད་གཟིགས་ནས་ཞེས་པ་ནི་སྔ་མ་བཞིན་ནོ། །ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའི་ཞེས་པ་ཕྱག་ན་རྡོ་རྗེས་ཀྱང་མ་གསོལ་བར་བཅོམ་ལྡན་འདས་ ཉིད་འཆད་པ་ནི་ཕྱག་རྒྱ་དེ་ཆེ་བའི་བདག་ཉིད་དུ་བསྟན་པའི་ཕྱིར་ཏེ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་གྱིས་བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་ཕྱག་ན་རྡོ་རྗེས་ཀྱང་དེ་བཤད་དུ་གསོལ་ཞེས་མ་གསོལ་ཏོ། །གསང་བའི་ཕྱག་རྒྱ་ཞེས་པ་ནི་དམ་ ཚིག་མེད་པ་དང་དབང་མ་བསྐུར་བ་ལ་སོགས་པ་ཀུན་ལ་མི་བསྟན་པའི་ཕྱིར་རོ། །གསང་བ་དང་བཅས་པའི་ཞེས་པ་ནི་རྡོ་རྗེའི་གདན་དང་པདྨོ་དང་འོད་ཀྱི་དཀྱིལ་འཁོར་ལ་སོགས་པ་ལྷ་རང་གི་གཟུགས་སུ་མི་བསྟན་པར་ལག་པའི་ཕྱག་རྒྱར་བསྟན་པའི་ཕྱིར་རོ། །ལྷ་ཡི་གནས་སུ་བྱིན་གྱིས་བརླབ། །ཅེས་ པ་ནི་ལྷའི་གནས་ནི་རྡོ་རྗེའི་གདན་དང་པདྨོ་སྟེ། དེ་ལྟར་ལྷ་རྣམས་གནས་པར་འགྱུར་བས་ན་རྡོ་རྗེ་མི་ཕྱེད་པའི་ཕྱག་རྒྱ་དང་པདྨོའི་ཕྱག་རྒྱ་གཉིས་ལ་བྱའོ། །གཉིས་སུ་ན་ཕྱག་རྒྱ་བརྒྱད་ཅར་ལ་བྱ་སྟེ། ཕྱག་རྒྱ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ན། རང་གི་ལུས་ལ་ལྷ་གནས་པར་འགྱུར་བའི་ཕྱིར་རོ། ། རང་གི་སྔགས་ཀྱི་མཚན་ཉིད་ཀྱིས་བཏབ་ཅེས་པ་ནི་ཕྱག་རྒྱ་དེ་དག་སོ་སོའི་སྔགས་འོག་ནས་འབྱུང་བ་རྣམས་མཚན་ཉིད་ཀྱིས་བཏབ་སྟེ་ཕྱག་རྒྱ་དེ་བཅིངས་ན་སྔགས་ཀྱང་དེར་བསམ་མོ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་དང་ལྡན་པ་ཞེས་པ་ནི་ཕྱག་རྒྱ་དེ་དག་སོ་སོའི་དཀྱིལ་འཁོར་དབང་ཆེན་ལ་སོགས་པ་ཇི་ ལྟར་འོག་ནས་འབྱུང་བ་དང་ལྡན་པ་ཞེས་པ་སྟེ། རང་རང་གི་དཀྱིལ་འཁོར་རྣམས་ཕྱག་རྒྱ་ཉིད་ཀྱི་ནང་དུ་བསམ། རྡོ་རྗེ་དང་པདྨོའི་གདན་དང་། འོད་ཀྱི་དཀྱིལ་འཁོར་ལ་སོགས་པ་སོ་སོའི་གནས་སུ་ཡང་ལྡན་པར་བསམ་མོ་ཞེས་པའི་དོན་ཏོ། །རང་གི་ལས་ལ་ལྷར་སྦྱོར་བ། །ཞེས་པ་ནི་ཞི་བ་དང་རྒྱས་ པ་དང་རབ་དང་འབྲིང་ལ་སོགས་པའི་སྒྲུབ་པའི་ལས་རྣམས་ལ་རང་གི་ལྷ་ཉིད་དུ་སྦྱོར་བ་ཕྱག་རྒྱ་འདི་རྣམས་ལྡན་ཞེས་པའོ། །གང་གི་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་དང་ལྷའི་གཟུགས་སུ་རིག་པ་བསྟན་པར་འགྱུར་རོ་ཞེས་པ་ནི་བདག་གི་ ལྷའི་གཟུགས་བསྒྱུར་བ་ཕྱག་རྒྱ་འདི་རྣམས་ཀྱིས་ཇི་སྐད་དུ་བཤད་པའི་རིམ་པ་བཞིན་དུ་སོ་སོར་བྱིན་གྱིས་བརླབས་ན་ལྷའི་གཟུགས་སུ་བསྟན་པར་འགྱུར་རོ་ཞེས་པའོ། །རིག་ནས་ཀྱང་ལྷའི་རང་གི་བྱ་བ་ལ་གནས་ན་གྲུབ་པ་ཐོབ་པར་འགྱུར་རོ་ཞེས་པ་ནི། དེའི་སྐུར་བསྒྱུར་ཏེ། ཕྱག་རྒྱ་ དེ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་བསྟན་པར་བྱ་བ་ཙམ་གྱིས་ཆོག་པ་མ་ཡིན་གྱི། རང་གི་ལྷའི་བྱ་བ་ཞི་བ་དང་རྒྱས་པ་དང་རབ་དང་འབྲིང་ལ་སོགས་པའི་གྲུབ་པ་དང་ལས་རྣམས་བསྒྲུབས་ན་འགྲུབ་པར་འགྱུར་རོ་ཞེས་པ་སྟེ། དེ་ལྟ་བུའི་ཡོད་དོ་ཞེས་པ་འབྲེལ་ཏོ། །རྡོ་རྗེ་མི་ཕྱེད་པའི་ཕྱག་རྒྱ་དང་། པདྨོ་ མཛོད་ཀྱི་ཕྱག་རྒྱ་དང་། སངས་རྒྱས་ཀྱི་དབྱིངས་ཀྱི་རྒྱན་མང་པོའི་ཕྱག་རྒྱ་བཅིངས་པ་ལ་ཕྱག་རྒྱ་སྔ་མ་ལས་ཞེས་པ་ནི་དེ་དག་གསུམ་ཆར་གྱིས་ཀྱང་འོད་འབྱུང་བའི་ཕྱག་རྒྱ་ལས་ཤེས་པར་བསྙེག་གོ། །དེ་བཞིན་དུ་གཟུངས་ཀྱི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་གསུམ་པོ་ལ་ཕྱག་རྒྱ་སྔ་མ་ལས་ཤེས་པ་ནི་ ཡན་ལག་ཐམས་ཅད་དུ་འབྱུང་བའི་ཕྱག་རྒྱ་ལས་ཤེས་པར་རིག་པར་བྱའོ། །གཟུངས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་འཇའ་ལྟ་བུ་ལ་མཚན་མ་ཐམས་ཅད་དང་ལྡན་ཞིང་རྡོ་རྗེ་དང་བ་དན་གྱིས་བརྒྱན་པ་ཞེས་པ་ནི་གཟུངས་ཏེ་རྡོ་རྗེའི་གདན་དང་པདྨོ་དང་འོད་ཀྱིས་བསྐོར་བ་ལ་སོགས་པའི་དངོས་པོ་ཇི་ ལྟར་བསམས་པ་རྣམས་མི་བརྗེད་པར་བྱ་སྟེ། མཐུ་ཐམས་ཅད་དང་ལྡན་པར་དགོངས་པས་འཇའ་ལྟ་བུའི་དཀྱིལ་འཁོར་བཞི་ཆར་གྱི་དཀྱིལ་འཁོར་ཁ་དོག་དང་ལྡན་པའོ། །མཚན་མ་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་སོ་སོའི་མཚན་ཉིད་རྡོ་རྗེ་དང་། པདྨོ་ལ་སོགས་པ་དང་ལྡན་པའོ་ཞེས་ པའོ། །རྡོ་རྗེ་དང་བ་དན་གྱིས་བརྒྱན་པ་ཞེས་པ་ནི་དཀྱིལ་འཁོར་དེའི་དབྱིབས་དང་འཇའ་འདྲ་བས་རླུང་གི་དཀྱིལ་འཁོར་དེ་རླུང་གི་དཀྱིལ་འཁོར་གྱི་མཚན་མ་བ་དན་རབ་ཏུ་མི་གཡོ་བར་བྱ་བའི་ཕྱིར་རྡོ་རྗེ་ཅན་གྱི་བ་དན་ཆོས་གནས་པའི་ཕྱག་རྒྱའི་དཀྱིལ་འཁོར་གཉིས་ཞེས་པ་ནི་སྟོང་པ་དང་སྟོང་པའི་ཡང་ སྟོང་པའི་མཚན་མ་སྦྱོར་བ་ཆེན་པོ་ཕྱག་རྒྱའི་དཀྱིལ་འཁོར་ནམ་མཁའི་ཁ་དོག་ལས་ཁྱད་པར་དུ་སྔོ་བར་བྱ་བ་ནི་ཏིང་ངེ་འཛིན་གྱི་མཐུ་ཐམས་ཅད་དང་ལྡན་པའི་ཕྱིར་རླུང་གི་དཀྱིལ་འཁོར་གྱི་ཤས་ཆེ་བར་དགོངས་པའོ། །གསང་བའི་བདག་པོ་གསང་བའི་ཕྱག་རྒྱ་འདི་རྣམས་ནི་དེ་བཞིན་གཤེགས་པ་ རྣམས་ཀྱི་ཤིན་ཏུ་གསང་བ་སྟེ། སུ་ལ་ཡང་མི་སྦྱིན་ནོ་ཞེས་པ་ནི་དམ་ཚིག་མེད་པ་དང་དབང་མ་བསྐུར་བ་ལ་སོགས་པ་འོག་ནས་འབྱུང་བའི་ཡོན་ཏན་མིང་གིས་སྨོས་པ་རྣམས་དང་མི་ལྡན་པ་སུ་ལ་ཡང་མི་སྦྱིན་གྱི་ཡོན་ཏན་དེ་རྣམས་དང་ལྡན་པ་ལ་ནི་སྦྱིན་ནོ་ཞེས་པའོ། །དབང་སྦྱིན་ཞེས་པ་ནི་གསང་བའི་ དཀྱིལ་འཁོར་དུ་དབང་བསྐུར་བ་ཞེས་པའོ། །རིགས་དང་ལྡན་པ་ཞེས་པ་ནི་བྲམ་ཟེ་དང་རྒྱལ་རིགས་རྣམས་ལ་སྦྱིན་གྱི། ཉ་པ་ལ་སོགས་པ་རིགས་ངན་པ་རྣམས་ལ་མི་སྦྱིན་ནོ་ཞེས་པའོ། །གཉིས་སུ་རིགས་དང་ལྡན་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་དང་པདྨོའི་རིགས་ཀྱི་ལྷ་རྣམས་ལ་བརྟེན་ ཅིང་དེ་ལ་གནས་པའོ་ཞེས་པའོ། །གསུམ་དུ་ན་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་སྔགས་པའི་སྤྱོད་པ་ལ་བརྩོན་ཞིང་འབད་པ་རྣམས་ལ་ཞེས་པའོ། །སྤྲོ་བ་ཞེས་པ་ནི་སྔགས་སྤྱོད་པ་ལ་བརྩོན་ཞེས་པའོ། །ཡི་དམ་བརྟན་པ་ཞེས་པ་ནི་ཇི་ལྟར་བསམས་པའི་དོན་མ་གྲུབ་ཀྱི་བར་དུ་མི་གཏོང་ བ་ཞེས་པའོ། །བླ་མ་ལ་རིམ་གྲོ་ཆེ་བ་ཞེས་པ་ནི་བླ་མ་ལ་དད་ཅིང་གུས་ན་ཇི་ལྟར་བསྟན་པ་བཞིན་དུ་ཡང་དག་པར་སྦྱོར་ཞིང་ནན་ཏན་བྱེད་པའི་ཕྱིར་རོ། །གཙང་ཞེས་པ་ནི་ལུས་གཙང་ན་སེམས་འདུ་བར་འགྱུར་བའི་ཕྱིར་རོ། །རང་གི་ལུས་དང་སྲོག་ལ་མི་བལྟའོ་ཞེས་པ་ནི་ལས་དང་སྒྲུབ་པ་ལ་སོགས་ པའི་སྔགས་ཀྱི་སྤྱོད་པ་ལ་ལུས་དང་སྲོག་ཀྱང་མི་ཕངས་ཏེ། དེ་ལྟ་བུ་ལ་ཕྱག་རྒྱ་དེ་རྣམས་མི་སྦྱིན་ནོ་ཞེས་པའོ། །ད་ནི་ལྷའི་རང་བཞིན་གྱི་ཏིང་ངེ་འཛིན་བཤད་དོ། །དེ་ལ་ལྷའི་རང་བཞིན་ཀྱང་འོག་ནས་འབྱུང་བའི་ཚུལ་རྣམ་པ་དྲུག་ཏུ་རིག་པར་བྱས་ཏེ། རྣམ་པ་དྲུག་པོ་དེ་ལས་ཀྱང་གང་ཡང་གཟུགས་ དང་ཕྱག་རྒྱ་ལ་སོགས་པའོ། །ལྷའི་རང་བཞིན་གྱི་རྣམ་པ་ལ་ནི་སྔར་བཤད་པའི་ཡན་ལག་རྣམ་པ་བཞི་ལ་སོགས་པར་བཤད་ཟིན་ཏོ། །དེ་ཡང་ཕྱི་རོལ་དུ་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་དང་། བདག་རང་ལྷའི་གཟུགས་སུ་བསྒྱུར་བ་ནི་གཟུགས་ཀྱི་རང་བཞིན་ཟླ་བའི་དཀྱིལ་ འཁོར་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱར་གྱུར་པའི་ལྷའི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལ་ཡིག་འབྲུ་དགོད་པ་ནི་སྒྲའི་རང་བཞིན་བདག་དང་ལྷའི་རང་བཞིན་བདག་ལྷར་བསྒྱུར་བ་ན་ཨུཏྤལ་ལ་སོགས་པའི་ལྷའི་རྣམ་པར་གྲོལ་བའི་ཕྱག་རྒྱ་ནི། རང་གི་གཟུགས་ཀྱི་ཕྱག་རྒྱ་ལྷའི་རང་བཞིན་ཕྱག་རྒྱ་ དེ་ཉིད་ལག་པའི་ཕྱག་རྒྱ་ར་བསྒྱུར་ཏེ་ལྷའི་སྐུར་བྱིན་གྱིས་བརླབ་པ་དང་སྲུང་བ་ལ་སོགས་པ་བྱ་བ་ནི་རང་གི་གཟུགས་མ་ཡིན་པའི་ཕྱག་རྒྱའི་རང་བཞིན་ནོ། །དྲུག་པོ་ནི་ཡོངས་སུ་དག་པའི་ལྷའི་རང་བཞིན་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ། ལྷའི་རང་བཞིན་དེ་སྔར་མ་ བཤད་པས་དེ་སྐབས་འདིར་བཤད་པར་བྱ་བ་དང་། ལྷའི་རང་བཞིན་ལྔ་པོ་སྔར་བཤད་པ་རྣམས་ཀྱང་བསླབ་པའི་ཡན་ལག་ཙམ་དུ་ཤེས་ཀྱི་ལྷའི་རང་བཞིན་ཡིན་པར་མི་ཤེས་ཏེ་ཕྱག་རྒྱ་ལ་སོགས་པ་དེ་རྣམས་ཀྱང་ལྷའི་རང་བཞིན་ཡིན་པར་བསྟན་ཏེ། དེ་ཡང་བཅོམ་ལྡན་འདས་ལ་ཕྱག་ན་ རྡོ་རྗེ་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པའོ། །དེ་ལྷའི་གཟུགས་བྱིན་གྱིས་བརླབས་པར་འགྱུར་བའི་ལྷའི་གཟུགས་བཤད་དུ་གསོལ་ཞེས་པ་ནི། འོག་ནས་འབྱུང་བའི་ལྷའི་གཟུགས་ལ་བྱིན་གྱིས་བརླབ་པར་འགྱུར་བ་དེ་བཤད་དུ་གསོལ་ཞེས་པ་སྟེ་ གཟུགས་ཞེས་པའི་ཚིག་ནི་ལྷའི་རང་བཞིན་ཞེས་པའི་དོན་ཏོ། །ལྷའི་རང་བཞིན་དེ་བཤད་པར་གསོལ་བ་དེ་ཇི་ལྟར་དགོས་ཤེ་ན་གསུངས་པ། གང་གི་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལྷའི་གཟུགས་ལ་དམིགས་ནས་རང་གི་བྱ་བའི་ལྷའི་ གཟུགས་སུ་བདག་ཉིད་བྱས་ནས་ཐེ་ཚོམ་མེད་པར་གྲུབ་པ་རབ་ཏུ་ཐོབ་པར་འགྱུར་བའོ། །དེ་ལ་ལྷའི་གཟུགས་ལ་དམིགས་ནས་ཞེས་པ་ནི་ཕྱི་རོལ་གྱི་དེ་བཞིན་གཤེགས་པའི་སྐུ་དང་། དེ་ལ་ཟླ་བའི་དཀྱིལ་འཁོར་སྔགས་དང་བཅས་པའི་ལྷའི་རང་བཞིན་ལ་དམིགས་ནས་ཞེས་པའོ། །རང་ གི་བྱ་བའི་ལྷའི་གཟུགས་སུ་བྱ་བ་དག་བྱས་ནས་ཞེས་པ་ནི། ཞི་བ་དང་རྒྱས་པ་དང་རབ་དང་འབྲིང་ལ་སོགས་པའི་གྲུབ་པ་དང་ལས་ལ་ལྷའི་གཟུགས་སུ་བསྒྱུར་བ་ཞེས་པའོ། །ཐེ་ཚོམ་མེད་པར་གྲུབ་པ་ཐོབ་པར་འགྱུར་ཞེས་པ་ནི་ལྷའི་རང་བཞིན་དེ་རྣམས་བཤད་དེ། དེ་ཤེས་པར་གྱུར་ན་ཐེ་ཚོམ་ མེད་དོ། །ཇི་ལྟར་བསམས་པའི་དོན་གྲུབ་པར་འགྱུར་བའི་ཕྱིར་ལྷའི་རང་བཞིན་དེ་རྣམས་བཤད་དུ་གསོལ་ཞེས་པ་དང་སྦྱར་རོ། །དེ་ལ་གསང་བའི་བདག་པོ་ལྷའི་གཟུགས་རྣམ་པ་གསུམ་སྟེ། ཡི་གེ་དང་ཕྱག་རྒྱ་དང་གཟུགས་སོ་ཞེས་པ་ལ་ལྷའི་གཟུགས་རྣམ་པ་གསུམ་ཞེས་པ་ལ་ལྷའི་རང་བཞིན་ རྣམ་པ་གསུམ་ཞེས་པའོ། །ཡི་གེ་ཞེས་པ་ནི་རང་བཞིན་མི་འགྱུར་བའི་ཕྱིར་ཞེས་པའི་ཚིག་སྟེ། དེ་ཡང་གང་ཞེ་ན་གསུངས་པ། ཡི་གེ་ལ་ཡང་རྣམ་པ་གཉིས་ཏེ། སྒྲ་དང་བྱང་ཆུབ་ཀྱི་སེམས་སོ་ཞེས་པའོ། །དེ་ལ་སྒྲ་ནི་སྔགས་ཀྱི་ཡིག་འབྲུ་སྟེ། དེའི་སྒྲས་ཀུན་རྫོབ་དང་དོན་དམ་པའི་ལྷ་རྣམས་ གྲོལ་བ་སྟོན་པ་ལ་རང་བཞིན་གཞན་དུ་མི་འགྱུར་བས་ན་ནམ་ཡང་མི་འགྱུར་ཞེས་པ་སྟེ། ཇི་སྐད་དུ་གསུངས་པ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ཡེ་ནས་གནས་པ་ནི་འདི་ལྟ་སྟེ། སྔགས་ཀྱི་ཆོས་ཉིད་དོ་ཞེས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ སེམས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ལ་བྱ་སྟེ། དེ་བཞིན་པ་ཉིད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་ལ་ཟླ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། ཟླ་བའི་དཀྱིལ་འཁོར་དེ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱས་བཏབ་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དེ་མི་འགྱུར་བ་ནི་ཕྱིན་ཅི་མ་ལོག་པ་ ཡོངས་སུ་རྫོགས་པས་སྟོང་པ་ཉིད་ཀྱི་རང་བཞིན་ལ་གཟུང་བ་དང་འཛིན་པ་ལ་སོགས་པའི་ཇི་བཞིན་རྣམ་པར་རྟོག་པ་ཅན་དུ་མི་འགྱུར་བའི་ཕྱིར་རོ། །ཕྱག་རྒྱའི་གཟུགས་ལ་ཡང་རྣམ་པ་གཉིས་ཏེ། གཟུགས་འདྲ་བ་གཟུགས་མི་འདྲ་བའོ་ཞེས་གཟུགས་འདྲ་བ་ཞེས་པ་ནི་ལྷ་རྣམས་སོ་སོར་གྲོལ་བའི་ ཕྱག་རྒྱ་པདྨོ་དང་ཨུཏྤལ་ལ་སོགས་པའོ། །གཟུགས་མི་འདྲ་བ་ཞེས་པ་ནི་པདྨོ་ལ་སོགས་པའི་ཕྱག་རྒྱ་དེ་དག་ཉིད་ལག་པའི་ཕྱག་རྒྱར་བསྒྱུར་བའོ། །ལྷའི་གཟུགས་ལ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་མ་དག་པ་ཞེས་པའོ། །ལྷའི་གཟུགས་ཞེས་པ་ནི་ལྷའི་རང་བཞིན་ཞེས་པ་ སྟེ་དེ་ཡང་གང་ཞེ་ན་གསུངས་པ། དེ་ཡོངས་སུ་དག་པ་ནི་ལྷག་པར་ཆུད་པའི་གཟུགས་མཚན་མ་ཐམས་ཅད་དང་བྲལ་བའོ་ཞེས་པ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཁ་དོག་དང་དབྱིབས་ལ་སོགས་པ་ཇི་བཞིན་པའི་མཚན་མ་ཐམས་ཅད་སྤངས་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་ལྷའི་རང་བཞིན་ཞེས་ པའོ། །ཡོངས་སུ་མ་དག་པ་ནི་མཚན་མ་དང་བཅས་པ་སྟེ། གཟུགས་ཁ་དོག་དབྱིབས་སོ་ཞེས་པ་ནི་འཕགས་པ་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དབང་པོ་ལ་སོགས་པའི་ཆ་ལུགས་ཏེ། ཁ་དོག་དང་དབྱིབས་ལ་སོགས་པའི་མཚན་མ་ལ་དམིགས་པས་ཡོངས་སུ་མ་དག་པ་ཞེས་ བྱ་བའི་དོན་བྱ་བ་བྱེད་པའི་སྒོ་ནས་ཡོངས་སུ་མ་དག་པ་ནི་མ་ཡིན་ནོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་དོན་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ་ཞེས་པ་ནི་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའི་ལྷའི་གཟུགས་རྣམ་པ་དེ་གཉིས་ཀྱིས་འགྲུབ་པར་འགྱུར་རོ་ཞེས་ པའོ། །དེ་ཡང་གང་ཞེ་ན་གསུངས་པ། མཚན་མ་དང་བཅས་པ་ཞེས་ཏེ་ཁ་དོག་དང་དབྱིབས་སུ་ལྡན་པའི་མཚན་མ་དང་ལྷའི་གཟུགས་སུ་བསྒྱུར་བའི་ཏིང་ངེ་འཛིན་གྱི་རལ་གྲི་དང་རྡོ་རྗེ་ལ་སོགས་པའི་གྲུབ་པའི་རྫས་མཚན་མ་དང་བཅས་པ་ཞེས་པ་སྟེ། ཁ་དོག་དང་དབྱིབས་སུ་ལྡན་པའི་མཚན་ མ་དང་ལྷའི་གཟུགས་སུ་བསྒྱུར་བའི་ཏིང་ངེ་འཛིན་གྱི་རལ་གྲི་དང་རྡོ་རྗེ་ལ་སོགས་པའི་གྲུབ་པའི་རྫས་མཚན་མ་དང་བཅས་པ་འགྲུབ་པ་ཞེས་པའོ། །མཚན་མ་མེད་པ་ནི་འགྲུབ་པ་ཉེ་བར་སྐྱེའོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ལྷའི་རང་བཞིན་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ལྔ་མངོན་པར་ཤེས་པ་ དང་གཟུངས་དང་རྣམ་པར་གྲོལ་བ་ལ་སོགས་པའི་རལ་གྲི་དང་རྡོ་རྗེ་ལ་སོགས་པའི་རྫས་ཀྱི་མཚན་མ་ལ་མི་རྟོག་པ་འགྲུབ་པ་ནི་རྣམ་པར་འཐོབ་བོ་ཞེས་པའོ། །སྐབས་འདིར་མཚན་མ་མེད་པ་ཞེས་པ་ནི་ལྔ་མངོན་པར་ཤེས་པ་ལ་སོགས་པ་དམིགས་པ་དང་བཅས་པའི་གྲུབ་པས་མི་དམིགས་ པའི་མཚན་མ་མེད་པ་ལ་ནི་མི་བྱའི་སྒྲུབ་པའི་རྫས་རལ་གྲི་ལ་སོགས་པའི་མཚན་མ་མེད་པའོ། །མཚན་མ་ཡོད་པས་མཚན་མ་ཡོད་པའི་གྲུབ་པ་ལ་རྒྱལ་མཆོག་རྣམས་རྟག་ཏུ་དགྱེས་སོ་ཞེས་པ་ལ་སོགས་པ་ནི་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་ལྷའི་ཏིང་ངེ་འཛིན་ལས་མཚན་མ་ ཡོད་པའི་གྲུབ་པ་དང་མཚན་མ་མེད་པའི་གྲུབ་པ་སོ་སོར་གྱུར་པ་ལས་ཀྱང་ངེས་པར་བཤད་པ་སྟེ། མཚན་མ་ཡོད་པའི་ལྷའི་རང་བཞིན་ལས་གྲུབ་པ་ཡང་མཚན་མ་ཡོད་པ་ཉིད་འབྱུང་བའི་མཚན་མ་མེད་པའི་གྲུབ་པ་མི་འབྱུང་ངོ་ཞེས་པའོ། །རྒྱལ་བ་མཆོག་རྣམས་ཀྱང་རྟག་ཏུ་དགྱེས་སོ་ཞེས་ པ་ནི་དེ་ལྟ་བུ་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགོངས་པའམ་བཞེད་དེ་ཞེས་པའོ། །མཚན་མ་མེད་པ་ལ་གནས་ནས་མཚན་མ་ཡོད་པར་རབ་ཏུ་འབྱུང་ངོ་ཞེས་པ་ནི་མཚན་མ་མེད་པའི་ལྷའི་ཏིང་ངེ་འཛིན་དེ་ལས་ལྔ་མངོན་པར་ཤེས་པ་ལ་སོགས་པ་རྫས་ལ་མི་རྟོག་པ་མཚན་མ་ མེད་པའི་གྲུབ་པ་འབའ་ཞིག་མ་ཡིན་གྱི། རལ་གྲི་ལ་སོགས་པའི་རྫས་ཀྱི་མཚན་མ་དང་བཅས་པ་ཡང་འགྲུབ་བོ་ཞེས་པའོ། །དེ་བས་ན་རྣམ་པ་ཐམས་ཅད་ལ་མཚན་མ་མེད་པ་བསྙེན་པར་བྱའོ་ཞེས་པ་ནི། མཚན་མ་མེད་པའི་ཏིང་ངེ་འཛིན་དེ་ལས་མཚན་མ་ཡོད་པ་དང་མེད་པ་གཉིས་ཀ་འགྲུབ་ པས་རྣམ་པ་ཐམས་ཅད་དུ་མཚན་མ་མེད་པ་དེ་བསྙེན་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་གསང་བའི་བདག་པོ་མཚན་མ་མེད་པའི་ཏིང་ངེ་འཛིན་སྒྲུབ་པར་འདོད་པའི་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལྟར་བསམ་པར་བྱའོ་ཞེས་པ་ལ་སོགས་པ་ནི་གོང་དུ་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་ལྷ་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྒོམ་པའི་ཐབས་ནི་བཟླས་པའི་ཡན་ལག་བཞི་ལ་སོགས་པ་སྔར་བཤད་པའི་སྐབས་སུ་བསྟན་ཟིན་ཏོ། །དེ་ ཡོངས་སུ་དག་པའི་ལྷའི་རང་བཞིན་གྱི་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་བསྟན་པས་དེ་འདིར་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་དེ་བསྒོམས་ན་སླར་ལུས་དང་སེམས་དང་ཡིད་གསུམ་ལ་མཚན་མ་འབྱུང་བ་སོ་སོར་བཤིག་སྟེ། མཚན་མ་འབྱུང་བ་མེད་པར་སུན་ཕྱིན་པར་བྱ་བའི་ཐབས་བསྟན་ཏེ་དེ་ ལ་མཚན་མ་དེ་གང་ལས་འབྱུང་། རང་གི་ལུས་ལས་སམ་སེམས་ལས་སམ་ཡིད་ལས་སམ་ཞེས་པ་ནི། འདི་གང་ལས་མཚན་མ་འབྱུང་ཞེས་པ་ནི་དང་པོར་དམ་བཅས་པའོ། །ལུས་ལས་སམ་ཞེས་པ་ནི་སེམས་དང་ཡིད་གཉིས་མ་གཏོགས་པར་འབྱུང་བ་ཆེན་པོའི་རང་བཞིན་གྱི་ལུས་དེ་ ལས་སྔོན་པོ་དང་སེར་པོ་ལ་སོགས་པའི་མཚན་མ་འབྱུང་ངམ་ཞེས་བརྟགས་པའོ། །སེམས་ལས་མ་ཡིན་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལས་མཚན་མ་འབྱུང་ངམ་ཞེས་བརྟགས་པའོ། །ཡིད་ལས་སམ་ཞེས་པ་ནི་སྒོ་དྲུག་གི་རྣམ་པར་ཤེས་པ་ལས་མཚན་མ་དེ་འབྱུང་ངམ་ཞེས་ བརྟགས་པ་སྟེ་ཡིད་ཅེས་པ་ནི་ཇི་བཞིན་པ་དང་བཅས་པའི་བསམ་པ་ལ་བྱ་སྟེ། གཟུགས་ལ་སོགས་པ་ཇི་བཞིན་པར་སྣང་བའི་སྒོ་དྲུག་གི་རྣམ་པར་ཤེས་པ་ཉིད་ལ་བྱའོ། །དེ་ལ་ཐོག་མར་ལུས་ལས་མཚན་མར་མི་འབྱུང་བར་བརྟག་པ་ནི་དེ་ལ་ལུས་དེ་ནི་ལས་ལས་སྐྱེས་པ་ནས་དེ་ལྟར་གསང་ བའི་བདག་པོ་ལུས་ལས་སུ་དྲན་པ་ཡིན་ཏེ་རང་བཞིན་གྱིས་སྟོང་པར་སྒོམས་ཤིག་ཅས་པའི་བར་དུ་སྟེ། མདོར་ན་ལས་ལས་སྐྱེས་པའི་ལུས་དེ་ནི་རང་བཞིན་གྱིས་བླུན་པ་སྟེ་རྩྭ་དང་ཤིང་དང་བོང་བ་ལྟ་བུ་སྟེ། ཇི་ལྟར་རྩྭ་དང་ཤིང་དང་བོང་བ་དེ་སྔོན་པོ་དང་སེར་པོ་ལ་སོགས་ པའི་མཚན་མ་འབྱུང་བའི་བྱ་བ་མི་བྱེད་པ་བཞིན་དུ་ལུས་དེ་ཡང་མཚན་མ་རྣམས་འབྱུང་བའི་བྱ་བ་མི་བྱེད་དོ་ཞེས་པའོ། །དེ་ཉིད་ཀྱི་དཔེ་ཡང་གསུངས་པ། ཕྱི་རོལ་གྱི་ཇི་བཞིན་པའི་གཟུགས་ལས་སྐྱེས་པ་བཞིན་དུ་བརྟག་གོ་ཞེས་པ་སྟེ། ཇི་ལྟར་གཟུགས་མཁན་གྱིས་རྡོ་དང་ས་ལ་སོགས་པ་ ལ་ལྷ་དང་མིའི་ཇི་བཞིན་པའི་གཟུགས་བྱས་པ་དེ་ལ་སྐྱེས་བུ་འགའ་ཞིག་ཞེ་སྡང་དང་བཅས་པས་མཚོན་དང་མེ་ལ་སོགས་པས་གཏུབ་པ་དང་བསྲེག་པ་ལ་སོགས་པ་བྱས་ཀྱང་གཟུགས་དེ་ལ་ཞེ་སྡང་མི་སྐྱེ་སྟེ། དེ་བཞིན་དུ་སྐྱེས་བུ་འགའ་ཞིག་གིས་བྱམས་པའི་སེམས་དང་བཅས་པས་བཟའ་ བ་དང་བཏུང་བ་ལ་སོགས་པ་དང་གོས་དང་རྒྱན་ལ་སོགས་པ་ལྷ་དང་མིའི་ཡོ་བྱད་ཇི་སྐད་དུ་སྨོས་པ་རྣམས་ཀྱིས་མཆོད་ཀྱང་གཟུགས་དེ་ལ་དྲིན་དུ་གཟོ་བ་དང་། བྱམས་པའི་སེམས་མི་སྐྱེ་བ་དེ་བཞིན་དུ་བདག་གི་ལུས་འདི་ཡང་རང་བཞིན་གྱིས་བླུན་པ་སྟེ་མཚན་མ་ལ་སོགས་པ་བསྐྱེད་པའི་བྱ་བ་བྱེད་ པ་མ་ཡིན་ནོ་ཞེས་ལུས་དེ་ལྟར་བཤིག་ནས། མཚན་མ་མེད་པའི་ཏིང་ངེ་འཛིན་དུ་འཇུག་པར་བྱའོ་ཞེས་དགོངས་པའོ། །གཞན་ཡང་གསང་བའི་བདག་པོ་སེམས་ནི་ངོ་བོ་ཉིད་མེད་པའོ་ཞེས་པ་ནས་རང་བཞིན་གྱིས་མཚན་མ་དང་བྲལ་བར་སོམས་ཤིག་ཅེས་པའི་བར་དུ་སེམས་ལས་བྱུང་བའི་ མཚན་མ་མི་འབྱུང་བར་བྱ་བའི་བསྒོམ་པའི་ཐབས་བསྟན་པ་སྟེ། སེམས་དེ་ནི་དོན་དམ་པར་གཟུང་བ་དང་འཛིན་པའི་རང་བཞིན་སྔོན་པོ་དང་སེར་པོ་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་དང་རང་བཞིན་གྱིས་སྟོང་པ་བས་དུས་གསུམ་པ་ཡང་འདས་པ་སྟེ། གང་དུས་གསུམ་མེད་ཅིང་ རང་བཞིན་གྱིས་སྟོང་པ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་རྣམ་པར་མི་རྟོག་པས་མཚན་མ་འབྱུང་བ་མ་ཡིན་པར་རིག་པར་བྱས་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་བྱའོ་ཞེས་དགོངས་པའོ། །གཞན་ཡང་གསང་བའི་བདག་པོ་ཡིད་ནི་མཚན་མ་དང་བཅས་པའོ་ཞེས་བྱིས་པ་སོ་སོའི་འགྲོ་བ་ རྣམས་རྟོག་པ་ཡང་དག་པ་མ་ཡིན་པར་ཀུན་དུ་བརྟགས་པའི་ཚིག་བླ་དགས་པར་ནི་མི་ཤེས་སོ་ཞེས་པ་ནི་ཡིད་ལས་མཚན་མ་མི་འབྱུང་བའི་རྟོག་པ་བསྟན་པ་སྟེ། མིག་ལ་སོགས་པའི་སྒོ་དྲུག་གི་རྣམ་པར་ཤེས་པ་གཟུགས་ལ་སོགས་པ་ཇི་བཞིན་པར་སྣང་བར་འབྱུང་བ་ནི་བྱིས་པ་རྣམས་ཀྱིས་ འཁྲུལ་པར་རྟོགས་པ་སྟེ། བྱིས་པ་དེ་རྣམས་ཀྱིས་ནི་འཁྲུལ་པ་ཡིན་པར་མི་ཤེས་སོ་ཞེས་པ་གང་ཡང་དག་པར་མ་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་པའི་གོང་དུ་སྒོ་དྲུག་གི་རྣམ་པར་ཤེས་པ་དེ་ཡང་དག་པར་ཡོད་པ་མ་ཡིན་པས་དེ་ཡང་དོན་དམ་པར་མཚན་མ་འབྱུང་བའི་རྒྱུ་མ་ཡིན་ནོ་ཞེས་པའོ། །དེ་ ལྟར་བསམས་ན་གསང་བའི་བདག་པོ་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་བོ་ཞེས་པ་ནི་ཇི་ལྟར་ཡོངས་སུ་མ་དག་པའི་ལྷར་བདག་གི་ལུས་བསྒྱུར་བ་ན། ལྷ་དེའི་ཁ་དོག་དང་དབྱིབས་ཅི་འདྲ་བར་བསྒྱུར་བ་བཞིན་ དུ་མཚན་མ་མེད་པའི་ལྷའི་རང་བཞིན་དུ་བསྒྱུར་བ་ཡང་མཚན་མ་མེད་པའི་ཏིང་ངེ་འཛིན་དུ་ཞུགས་ན་ཡོངས་སུ་དག་པའི་ལྷའི་རང་བཞིན་དུ་བསྒྱུར་བ་མ་ཡིན་ཏེ། མཚན་མ་མེད་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་བོ་ཞེས་པ་ནི་ཡོངས་སུ་དག་པའི་ལྷའི་རང་བཞིན་དུ་གནས་པར་འགྱུར་རོ་ཞེས་པའོ། །ནམ་ མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེ་ནི་གསང་བའི་བདག་པོ་དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་སྔགས་མངོན་དུ་ཕྱོགས་པར་གནས་སོ་ཞེས་པ་ནི་ནམ་ཡོངས་སུ་དག་པའི་ལྷའི་རང་བཞིན་ལ་གནས་ན་དེ་བཞིན་གཤེགས་པས་གསུངས་པའི་ཐབས་ཀྱིས་ལྷ་རྣམས་ འགྲུབ་པར་འགྱུར་རོ་ཞེས་པའོ། །དེ་ལ་གཞོལ་བ་ཞེས་པ་ནི་སྔགས་པ་དེ་ལ་ལྷ་དེ་རྣམས་གཞོལ་ལོ་ཞེས་པའོ། །གཞན་ཡང་གསང་བའི་བདག་པོ་བཟླས་པ་བཤད་དོ་ཞེས་པ་ལ་སོགས་པ་ནི་བཟླས་པའི་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པ་སྟེ། བཟླས་པ་དེ་ཡང་ལྷའི་སྦྱོར་བ་རྣམ་པ་གཉིས་ལ་གནས་ ནས་བཟླས་པ་ནི་གོང་དུ་ཡོངས་སུ་དག་པ་དང་མ་དག་པའི་ལྷའི་རང་བཞིན་བཤད་པ་ལ་གནས་ན་སྟེ། དེ་ཡང་ཡོངས་སུ་མ་དག་པའི་ལྷའི་རང་བཞིན་ལ་གནས་ནས་བཟླས་པའི་ཡན་ལག་བཞིར་ལྡན་པ་ནི་སྔར་ཡང་བཤད་ཟིན་ཏེ། འདིར་བཤད་པ་ནི་ནང་གི་མཚན་མ་མེད་པའི་བཟླས་པ་འདིར་བཤད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་ཏུ་དབྱེ་བའི་ཕྱིར་རོ། །དེ་ལ་གཅིག་གིས་གཅིག་ཏུ་ཞེས་པ་ནི་ཡོངས་སུ་དག་པའི་ལྷའི་སྦྱོར་བ་གཅིག་ལ་གནས་ནས་ཡིད་ཀྱིས་བཟླས་པ་གཅིག་པུ་བྱའོ་ཞེས་པའོ། །གཅིག་པུ་ཡང་ན་གཅིག་གིས་སོ་ཞེས་པ་ནི་ཡོངས་སུ་མ་དག་ པ་ནི་ལྷའི་སྦྱོར་བས་ཡིད་ཀྱིས་བཟླས་པ་བྱའོ་ཞེས་པའོ། །རང་ཐོས་རྣམ་པ་གཉིས་ཀྱིས་བྱའོ་ཞེས་པ་ནི་ཡོངས་སུ་དག་པ་དང་མ་དག་པའི་ལྷའི་སྦྱོར་བ་གཉིས་ཀས་རང་ཐོས་ཀྱི་བཟླས་པ་བྱའོ་ཞེས་པ་སྟེ་དེ་བས་ན་གསུངས་པ། རྟག་ཏུ་སྦྱོར་མཆོག་གཉིས་སུ་བྱའོ། །ཞེས་པ་སྟེ་ཡོངས་སུ་དག་པ་ དང་ཡོངས་སུ་མ་དག་པའི་ལྷའི་སྦྱོར་བ་ལ་རྟག་ཏུ་བརྩོན་པར་བྱའོ་ཞེས་པའོ། །བཟླས་པ་གཞན་དུ་མི་བྱའོ། །ཡན་ལག་འགལ་བར་སྔགས་མཁན་གྱིས། །ཞེས་པ་ནི་ཕྱི་ནང་གི་ཡན་ལག་བཞི་བཟླས་པ་དང་། ནང་གི་དོན་དམ་པའི་བཟླས་པ་འདི་གཉིས་ལས་གཞན་པ་བཟླས་པའི་ཆོ་ག་ལས་ འགལ་བ་དང་ཡན་ལག་མ་ཚང་བ་མི་བྱའོ་ཞེས་པའོ། །ཕྱི་དང་ནང་གི་སྦྱོར་བས་སུ། །ཡན་ལག་བཞི་རུ་ངས་བཤད་པ། །ཞེས་པ་ནས། རང་ཐོས་བཟླས་པ་དམ་པའོ། །ཞེས་པའི་བར་དུ་གོང་དུ་དོན་དམ་པ་དང་ཀུན་རྫོབ་ཀྱི་རང་བཞིན་རྣམ་པ་གཉིས་མདོར་གླེངས་པ་ལས་ཀུན་རྫོབ་ཀྱི་བཟླས་ པ་ཕྱིའི་ཡན་ལག་གསུམ་དང་། ནང་གི་ཡན་ལག་གཅིག་དང་བཞིར་ངས་བཤད་པ་དེ་ནི་འཇིག་རྟེན་གྱི་བཟླས་པ་ནི་ཡིན་ཏེ། དེ་ཡང་དམིགས་པ་དང་བཅས་པའི་བཟླས་པའི་ནང་ནས་མཆོག་གོ་ཞེས་པའོ། །སླར་སྡུད་པ་ཡི་ཤེས་གནས་ཉོན། །ཞེས་པ་ནི་སྔ་མ་བཞིན་ནོ། །ལྷ་ལ་སོང་བའི་ ཡིད་ཀྱིས་སོ། །ཞེས་པ་ནི་འདི་ལ་སེམས་རྩེ་གཅིག་ཏུ་དམིགས་པར་བྱའོ་ཞེས་པའོ། །འཇིག་རྟེན་འདས་པའི་ཡིད་ཀྱིས་བྱའོ། །ཞེས་པ་ནས། གཞན་དུ་བར་ནི་བཤད་པ་མེད། །ཅེས་པའི་བར་དུ་དོན་དམ་པའི་བཟླས་པ་གོང་དུ་བཤད་པ་དེ་ཞིབ་ཏུ་འགྲེལ་པ་སྟེ། དེ་ལ་སླར་སྡུད་པའི་རྣམ་ པ་སྤངས་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་བཟླས་པ་དེ་ཡོངས་སུ་མ་དག་པའི་ལྷའི་རང་བཞིན་མི་དམིགས་པས་ཕྱི་རོལ་གྱི་བཟླས་པའི་ཡན་ལག་ལས་ནང་གི་ཡན་ལག་ཏུ་བསྡུ་བ་མེད་དོ་ཞེས་པའོ། །ལྷ་དང་གཅིག་ཏུ་བྱ་བ་དང་། །ཞེས་པ་ནི་ལྷའི་གཟུགས་དང་བདག་གི་གཟུགས་གཅིག་ཏུ་ བྱའོ་ཞེས་པའོ། །ཐ་དད་མ་ཡིན་པར་ནི་གཟུང་། །ཞེས་པ་ནི་གཟུགས་ལྷ་དང་བདག་གཉིས་གཅིག་ཏུ་བྱ་བ་དང་གཟུགས་ཐ་དད་པ་གནས་གཅིག་འདུག་པ་ཡང་སྲིད་དེ་དེ་ལྟ་བུ་མ་ཡིན་གྱི། ལྷ་དང་བདག་གཉིས་ཐ་མི་དད་པར་བྱའོ་ཞེས་པའོ། །ལྷ་དང་བདག་ཉིད་ཐ་མི་དད་པར་ཡང་གཟུགས་ཀྱི་རང་ བཞིན་དུ་ཐ་མི་དད་པ་སྲིད་དེ། དེ་ལས་གསལ་བར་གསུངས་པ། ཡིད་ལ་རང་བཞིན་འབྱེད་མེད་པར། །ཞེས་པ་སྟེ་གཟུགས་ལ་སོགས་པ་གཅིག་ཏུ་བྱ་བ་ནི་མ་ཡིན་གྱི། ཡིད་ཉིད་ལ་སྟོང་པ་ཉིད་ཀྱི་མཚན་མ་ཉིད་དུ་དབྱེར་མེད་པར་ཞེས་པའོ། །གཞན་དུ་བར་མི་བྱའོ་ཞེས་པ་ནི་འཇིག་རྟེན་ལས་ འདས་པའི་བཟླས་པ་དེ་ཚུལ་འདི་འདྲ་བ་ལས་གཞན་དུ་མི་བྱའོ་ཞེས་པ་སྟེ། མདོར་ན་བདག་ཉིད་ཀྱི་གཟུགས་རང་གི་སྙིང་པོ་གང་ཡིན་པའི་སྒྲའི་དེ་ཁོ་ན་ཉིད་ལ་དམིགས་ནས་སྟོང་པ་ཉིད་དུ་བཤིག་སྟེ། བཤིག་ནས་ཀྱང་ཇི་ལྟར་ཡང་བདག་གི་གཟུགས་སྟོང་པའི་རང་བཞིན་དུ་ཕྱི་ནང་གི་ ཆོས་ཐམས་ཅད་ཀྱང་སྟོང་པའི་རང་བཞིན་དུ་གཅིག་ཏུ་ཆུད་པར་བྱ་སྟེ། དེ་ལྟར་ཆོས་ཐམས་ཅད་སྟོང་པའི་རང་བཞིན་ཏེ། དབྱེར་མེད་པ་བདག་དང་ལྷའི་རང་བཞིན་ཀྱང་སྟོང་པའི་མཚན་ཉིད་དུ་དབྱེར་མེད་པར་ཆུད་པར་བྱས་ལ། སྟོང་པའི་ཏིང་ངེ་འཛིན་རྩེ་གཅིག་པ་ལ་གནས་ནས་ཡིད་ལ་བཟླས་ པར་བྱའོ་ཞེས་པའོ། །འབུམ་ཕྲག་གསུམ་དུ་གྲངས་བཅད་པ། །སྔགས་ནི་མང་དུ་ང་ཡི་སྟེ། །དེ་ནི་སྔགས་པ་དག་པ་སྟེ། །སྡིག་དང་བྲལ་བའི་ལུས་ཅན་ལ། །བཟླས་པའི་གྲངས་སུ་བསྟན་པ་སྟེ། །གཞན་དུ་བཤད་པ་མ་ཡིན་ནོ། །ཞེས་པའི་གྲངས་སུམ་འབུམ་སྔོན་དུ་བསྙེན་པ་བྱས་ནས་ སྒྲུབ་པོ་ཞེས་ངས་རྣམ་པ་མང་དུ་བཤད་པ་དེ་དག་ནི་སྡིག་དང་བྲལ་བ་ཡང་ཚེ་རབས་སྔ་མ་ཚུན་ཆད་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའམ། ཚེ་འདི་ལ་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐབས་སྔར་བཤད་པའི་རིམ་བཞིན་དུ་བསྒོམས་ནས་མཚན་མ་འབྱུང་བ་ལ་བྱའོ། །ད་ནི་དེ་ རྣམས་ཀྱི་རབས་བཤད་དེ། ཡང་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བྲམ་ཟེ་ལ་སོགས་པའི་མུར་འདུག་པ་རྣམས་ལོག་པ་ལ་ཕྱོགས་ཤིང་སེམས་ཅན་རྒྱུན་དུ་གསོད་པ་ལ་སོགས་པའི་སྡིག་པའི་ལས་སྤྱོད་པ་རྣམས་སེམས་ཅན་རྒྱུན་དུ་གསོད་པ་ལ་གྲངས་བསྙུང་ བའི་ཕྱིར་ལྷ་ལ་གཏོར་མ་དབུལ་བའི་ཚེ་སེམས་ཅན་གསོད་པ་མ་གཏོགས་པར་དུས་གཞན་དུ་སེམས་ཅན་མི་གསོད་དོ་ཞེས་པ་ལ་སོགས་པ་མུར་འདུག་གི་གཞུང་ལས་དགེ་བའི་ཕྱོགས་སུ་འཆད་པ་དང་། བྲམ་ཟེའི་སྨྲང་ལས་མེ་བཤད་པ་རྣམས་དང་། བཅོམ་ལྡན་འདས་ཉིད་ ཀྱིས་བསྟན་པ་ཤེས་པར་བྱ་སྟེ། དེ་ཅི་མངོན་ཞེ་ན། འཕགས་པ་འཇམ་དཔལ་གྱི་རྒྱུད་ལས་ཇི་སྐད་དུ་དགེ་བར་སྨྲས་པ། ཆུང་ཟད་དུ་ཞིང་གི་རྣམས་ཡན་ཆད་ཀྱང་ངས་བསྟན་ཏོ་ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་གསུངས་པ། གཞན་ཡང་ཕྱག་ན་རྡོ་རྗེ་དུས་གཅིག་གི་ཚེ་ང་མཁན་པོར་ གྱུར། བྱང་ཆུབ་སེམས་དཔར་གྱུར་ཅིང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཚངས་པའི་འཇིག་རྟེན་ལ་གནས་ཏེ། ཚངས་པས་ང་ལ་དྲིས་པ་ལ་སོགས་པ་སྟེ། དེ་ལ་ཀྱེ་ཚངས་པ་ཆེན་པོ། མེ་ལ་རྣམ་པ་དུ་མར་ཤེས་པར་བྱ། ཞེས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་པ་ན་ཚངས་པའི་འཇིག་རྟེན་ན་ཚངས་པའི་གཟུགས་སུ་གྱུར་ཅིང་བཞུགས་ཏེ། དེ་ན་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ལ་དབང་བ་ཚངས་པའི་རྒྱལ་པོས་ང་ལ་འདི་སྐད་ཅེས་དྲིས་སོ་ཞེས་པའོ། །དེ་ལ་ངས་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནི་ཚངས་པ་དེ་ལངས་འོག་ནས་ འབྱུང་བའི་ཚིག་རྣམས་སྨྲས་སོ་ཞེས་པའོ། །དེ་ལ་གང་མེ་དེ་ང་རྒྱལ་ཅན་དེ་རང་འབྱུང་བ་ཞེས་པ་ནི་བསྐལ་པ་དང་པོའི་ཚེ་འཇིག་རྟེན་ཐམས་ཅད་སུས་ཀྱང་མ་བྱས་པར་རང་བྱུང་ནས་ནམ་མཁའ་ལ་འགྲོ་ཞིང་དགའ་བའི་ཟས་ཟ་སྟེ། དེའི་ཚེ་ཡང་མེ་ཚངས་པའི་འཇིག་རྟེན་དུ་རང་བྱུང་སྟེ། ང་ནི་རང་སྟེ་ སུས་ཀྱང་མ་བྱས་པའི་ང་རྒྱལ་ཡོད་པས་ང་རྒྱལ་ཅན་རང་འབྱུང་བ་ཞེས་པ་སྟེ་མེ་དང་པོར་དེ་ལྟ་བུར་འབྱུང་ཞེས་པའོ། །དེའི་འོག་ཏུ་ཚངས་པའི་བུ་ཀུན་དུ་སྐྱེས་པར་གྱུར་པ་ནི་ཀ་བ་སྟེ་འཇིག་རྟེན་མེ་ནི་ཚངས་པའི་བུ་དང་པོའི་འོ་ཞེས་པ་ནི་རང་བྱུང་བའི་མེ་དེའི་འོག་ཏུ་པ་བ་ཀ་ཞེས་བྱ་བ་འཇིག་རྟེན་པ་ བཙོ་ཞིང་སྲེག་པར་བྱེད་པའི་མེ་ཚངས་པ་ལས་བྱུང་སྟེ། དེ་ཡང་ཚངས་པའི་བུ་དེ་རྣམས་ཀྱི་ནང་ན་དང་པོའི་ཞེས་པའོ། །བྲ་མ་ད་ན་དེ་ཡི་བུ། །ཞེས་པ་ནི་བྲ་མ་ད་ན་ཞེས་བྱ་བའི་མེ་དེ་ནི་འཇིག་རྟེན་པའི་མེ་པ་བ་ཀ་ཞེས་བྱ་བ་དེའི་བུའོ། །དེ་ཡི་ཡང་ནི་བྷ་ར་ཧ། །ཞེས་བྱ་བ་ནི་བྷ་མོ་ད་ན་ཞེས་བྱ་བ་དེའི་བུ་ ཕ་ར་དེ་བ་ཞེས་བྱ་བའོ་ཞེས་པའོ། །དེའི་བུ་ནི་བྷའི་ཤྭ་ན་ར་ཧ་བ་ན་དང་། ཧ་བྷྱ་པ་ཧའོ་ཞེས་པ་ནི་བྷེ་ཤྭ་ན་ར་ན་དང་། ཧ་བྱ་ན་ཞེས་བྱ་བའི་མེ་དེ་རྣམས་ནི་བྷ་ར་ད་ཞེས་བྱ་བ་དེའི་བུའོ་ཞེས་པའོ། །པ་ཤྭ་བ་སམྦྷི་ད་ནི། ཨ་དུར་པའི་བུ་ཨ་ཀ་རའི་རྒྱ་མཚོ་ན་གནས་པར་གྲགས་ཞེས་པ་ནི། པ་ར་ཤྭ་སམྦྷི་ད་ ཞེས་བྱ་བའི་མེ་ནི་ཨ་དར་པ་ཞེས་བྱ་བའི་མེའི་བུ་སྟེ། དེ་ཡང་ཨ་སྐ་ར་ཞེས་བྱ་བའི་རྒྱ་མཚོ་ན་གནས་པར་གྲགས་པའོ། །རླུང་བྱ་བའི་མེ་ཡང་ནི་མངལ་དུ་འཇུག་པ་ལ་བཤད་པའོ་ཞེས་པ་ནི་བྲམ་ཟེའི་ཆོ་ག་ལ་མངལ་དུ་འཇུག་པར་བྱ་བའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་རླུང་ཞེས་བྱ་བའི་ཞེས་པའོ། །དེ་ ནས་བུ་བཀྲུ་བ་ལ་ཞེས་བྱ་བ། པ་བ་མ་ན་ཡང་ནི་དེ་བཞིན་ནོ། །ཞེས་པ་ནི་མངལ་དུ་ཞུགས་ནས་སྦྲུམ་པར་གྱུར་པ་ན་བུ་དེའི་ཕྱིར་ཁྲུས་བྱ་བའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་པ་བ་མ་ན་ཞེས་བྱའོ་ཞེས་པའོ། །མཚམས་ཀྱི་མཐའ་མར་བཀྲ་ཤིས་ཞེས་བྱ་བ་ནི་བུ་བྱུང་བའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་བཀྲ་ཤིས་བྱ་བ་ཞེས་ པའོ། །ཕྲ་ག་ལ་བྷོ་ནི་སྐྱས་པའི་ལས་ལའོ་ཞེས་པ་ནི་བུ་བཙས་ཟིན་པའི་འོག་ཏུ་སྦྱིན་སྲེག་བྱ་བའི་མེ་ནི། སུ་གྷ་བྷི་ཞེས་བྱ་བ་ཡི། །ཞེས་པའོ། །མིང་ལ་ནི་བརྟི་བ་ཞེས་པ་ནི་བུའི་མིང་འདོགས་པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་བརྟི་བ་ཞེས་བྱ་བའོ་ཞེས་པའོ། །དཀན་འབབ་པ་ལ་དེ་བཞིན་གཙང་བའོ་ཞེས་པ་ནི་ བུ་དཀན་འབབ་པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་གཙང་མའོ་ཞེས་བྱ་བའོ། །ཤདྦྷི་ཞེས་ཕུད་བུ་ལའོ་ཞེས་པ་ནི་ཕུད་བུ་འཇོག་པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་ཤད་བྷི་ཞེས་བྱ་བའོ། །བརྟུལ་ཞུགས་སྦྱིན་ལ་ཀུན་འབྱུང་བའོ། །ཞེས་པ་ནི་བུ་ལོ་བརྒྱད་ལོན་ནས་བག་མ་བླངས་ཀྱི་བར་དུ་བརྟུལ་ཞུགས་འཛིན་དུ་ཞུགས་ པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་ཀུན་དུ་འབྱུང་བ་ཞེས་པའོ། །ཕྱུགས་སྦྱིན་པ་ཉི་མའོ་ཞེས་བྱ་བ་ནི་བག་མ་ལེན་པའི་ཚེ་སྦྱིན་སྲེག་བྱ་བ་ནི། སྦྱིན་སྲེག་བྱ་བའི་མེ་ནི་ཉི་མ་ཞེས་བྱའོ། །བག་མ་ལེན་པའི་ཚེ་སྤྲོད་པའོ་ཞེས་པ་ནི་བག་མ་ལེན་པའི་ཚེ་བསྐོར་བར་བྱ་བའི་མེ་ནི་སྤྲོད་པའོ་ཞེས་བྱ་བའོ་ཞེས་པའོ། །ཁྱིམ་ པ་ཁ་བསྲོ་བ་ཞེས་པ་ནི་ཁྱིམ་པ་ཁ་བསྲོ་བའི་ཚེ། སྦྱིན་སྲེག་བྱ་བའི་མེ་ནི་མེ་ཞེས་པའོ། །མེ་ཉིད་ཀྱང་ཞེས་པ་ནི་ཨུཏྤ་ལ་ནི་ཀ་ཞེས་པ་ནི་ཨ་པ་ནི་ཀ་ཞེས་བྱ་བའི་ཆོ་ག་ལ་སྦྱིན་སྲེག་བྱ་བའི་མེ་ནི་མེ་ཉིད་ཅེས་བྱ་བའོ་ཞེས་པའོ། །པ་བ་ཀ་ནི་སྣ་ཚོགས་རྣམས་མེ་ཀུན་དུ་བཤད་པ་ལའོ་ཞེས་པ་ནི་གཟའ་སྐར་ ལ་སོགས་པའི་ལྷ་སྣ་ཚོགས་པ་ལ་སྦྱིན་སྲེག་བྱ་བའི་མེ་ནི་པ་བ་ཀ་ཞེས་བྱ་བ་ཞེས་པའོ། །ཚངས་པའི་མེ་ནི་ཁྱིམ་བདག་ལའོ་ཞེས་པ་ནི་<ཁྱི་མ་བད་ག་ཁྱིམ་བདག་>གི་ཆོ་ག་སྦྱིན་སྲེག་བྱ་བའི་ཚེ་ན་ཚངས་པའི་མེ་ཞེས་བྱ་བའོ། །ཞི་བའི་མེ་ནི་སྦྱིན་པ་ལའོ་ཞེས་བྱ་བ་ནི་སྦྱིན་པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ཞེས་ པའོ། །གཉིས་སུ་དཀྵི་ན་ཞེས་བྱ་བ་ནི་ལྷོ་ཕྱོགས་ལ་ཡང་བྱ་སྟེ། ཚངས་པའི་མེ་དང་ཞི་བའི་མེ་གཉིས་ནི་ལྷོ་ཕྱོགས་ལོགས་སུ་བཞག་ནས་རྟག་ཏུ་གསོ་བའི་མེ་ཞེས་པའོ། །ཨ་བ་ནི་ཀ་ཞེས་བྱ་བའི་མེ་ཕྱུགས་བཅིངས་པ་ལ་ཡང་དེ་བཞིན་ནོ་ཞེས་པ་ནི་ཕྱུགས་གསད་དེ་ལྷ་ལ་ཡོན་འབུལ་བའི་སྦྱིན་ སྲེག་བྱ་བའི་མེ་ཨ་བ་ཀ་ནི་ཀ་ཞེས་བྱའོ་ཞེས་པའོ། །འགྱོད་ཚངས་ལ་ཡང་དབྱེར་བྱེ་རི། །ཞེས་སྨོས་པ་ལ་སོགས་པར་འགྱུར་ཏེ། འགྱོད་ནས་མྱོས་པ་དེ་ལས་ཚངས་པར་བྱ་བའི་སྦྱིན་སྲེག་བྱ་བའི་མེ་ནི་བེ་ཙི་ཞེས་བྱ་བའོ། །བཙོས་པ་སྦྱིན་པ་ལ་ནི་ས་ཧ་ས་ཞེས་པ་ནི་ཟས་བཙོས་པ་སྦྱིན་པའི་ཆོ་ ག་སྦྱིན་སྲེག་བྱ་བའི་མེ་ནི་ས་ཧ་ས་ཞེས་བྱའོ། །ཨདྱ་ས་དྷྱན་ལ་ཧ་བྷི་ར་ཞེས་པར་བྱ་ཞེས་པ་ནི་ཨིད་དི་སནྡྷྱ་ཞེས་བྱ་བའི་ཆོ་ག་ཧ་བི་ཞེས་བྱ་བའི་མེར་ཤེས་པར་བྱའོ། །སོ་བྷ་སཾ་སྟ་ལ་ཡང་དེ་བཞིན་ནོ། །ཞེས་པ་ནི་སོ་སཾ་སྟ་ཞེས་པ་ནི་བྱ་བའི་ཆོ་ག་ལ་བསྲེག་པས་མིན་ན་ནི་དེ་ཞེས་བྱ་བའོ་ཞེས་པའོ། ། གང་སྦྱིན་པ་སྨྲྀ་ཌ་ཞེས་བྱ་བའོ་ཞེས་པ་ནི་སྦྱིན་སྲེག་གི་སྔོན་རོལ་དུ་རྫས་ལས་གང་བའི་སྦྱིན་སྲེག་གསུམ་བྱ་བའི་མེ་སྨྲྀ་སྟ་ཞེས་བྱ་བའོ་ཞེས་པའོ། །ཞི་བ་ལ་ད་རུ་ན་ནི་ཐར་ཞེས་པ་ནི་ཞི་བའི་སྦྱིན་སྲེག་ད་རུ་ན་ཞེས་བྱ་བའི་མེ་མཐར་རོ་ཞེས་པའོ། །བས་མཐའི་མེ་གཤིན་རྗེ་ཞེས་པ་ནི་མེ་ཤི་བའི་ཚེ་སྦྱིན་ སྲེག་བྱ་བའི་ཚེ་མེའི་གཤིན་རྗེ་ཞེས་བྱའོ་ཞེས་པའོ། །རྒྱས་ལ་སྟོབས་སྦྱིན་དེ་བཞིན་ནོ། །ཞེས་པ་ནི་རྒྱས་པའི་སྦྱིན་སྲེག་གི་མེ་ནི་སྟོབས་སྦྱིན་པའོ་ཞེས་པའོ། །མངོན་པར་སྤྱད་པ་ཐམས་ཅད་ལས་ཁྲོ་བོའི་མེ་མངོན་དུ་བསྒྲགས་པ་ཞེས་པ་ནི་མངོན་པར་སྤྱད་པའི་སྦྱིན་སྲེག་ལ་ནི་ཁྲོ་བོའི་ མེའོ་ཞེས་པའོ། །མེ་ནི་འདོད་སྐྱེས་ཞེས་བྱ་བ་ལ་དབང་གི་དོན་དེ་ལ་དེ་བཤད་དོ་ཞེས་བྱ་བ་ནི་དབང་དུ་བྱ་བའི་སྦྱིན་སྲེག་ལ་འདོད་སྐྱེས་ཞེས་པ་ནི་མེ་དེ་བཤད་དོ་ཞེས་པའོ། །ནགས་བསྲེགས་པའི་མེ་ནི་ཕོ་ཉའི་མེ་ཞེས་པ་ནི། གང་ནགས་སྲེག་པར་བྱེད་པའི་མེ་ནི་ཕོ་ཉ་ཞེས་བྱའོ་ཞེས་པའོ། ། ཁོང་པའི་མེ་ནི་ཛི་ཏ་ཏ་ར་ཞེས་པ་ནི་ཁོང་ནད་པ་ཁ་ཟས་ལ་སོགས་པ་འཇུ་བར་བྱེད་པའི་མེ་ནི་ཛི་ཏ་ར་ཞེས་བྱའོ། །ཤ་ཟ་ནི་བྷཀྵ་ཡིན་ཞེས་པ་ནི་ཤ་ཟའི་མེ་ནི་བྷཀྵ་ཞེས་བྱའོ་ཞེས་པའོ། །རྒྱ་མཚོ་ན་ནི་བྷ་ད་བ་ཡི་ཁ། །ཞེས་པ་ནི་བྷ་ཌ་པ་ཞེས་བྱ་བའི་མེ་ནི་རྒྱ་མཚོ་ན་གནས་པའི་ཞེས་པའོ། །འཇིག་ཚེ་ འབྱུང་བའི་ཞེས་བྱ་བ་ནི། དུས་མཐའི་མེ་ཞེས་བསྒྲགས་པའོ། །ཞེས་པ་ནི་བསྐལ་པ་ལ་སོགས་པས་འཇིག་རྟེན་འཇིག་པའི་ཚེ་མེ་ནི་འབྱུང་བ་ཞེས་བྱ་སྟེ་དེ་ཡང་དུས་མཐའི་མེ་ཞེས་བསྒྲགས་པའོ། །འདི་རྣམས་མདོ་རུ་སྨྲས་པ་ནི། དཔའ་བོ་ཁྱོད་ལ་མེ་རྣམས་ཏེ། །སྒྲ་དང་ཐོས་པ་ཀུན་སྤྱོད་ པས། །སྨྲས་པ་ཚངས་པའི་བུ་རྣམས་ཏེ། །བཞི་བཅུ་རྩ་བཞི་འདི་རྣམས་ནི། །ང་ཡིས་དེ་ཚེ་བསྒྲགས་པ་ཡིན། །ཞེས་པ་ནི་འདི་རྣམས་མདོར་ངས་ཁྱོད་ལ་སྨྲས་ཏེ། ང་འབའ་ཞིག་གིས་བཤད་པ་མ་ཡིན་གྱི་སྨྲང་ཐོས་པས་སྤྱད་པ་རྣམས་ཀྱིས་ཀྱང་ཚངས་པའི་བུ་མེ་འདི་རྣམས་བཤད་དེ་ ཚངས་པ་ང་ལ་དྲིས་པ་དེའི་ཚེ་ངས་མེ་འདི་རྣམས་བསྟན་ཏོ་ཞེས་པའོ། །དེ་ལ་གང་མེ་ནི་ང་རྒྱལ་ཅན་རང་བྱུང་ཞེས་པ་ནས་པར་ཤ་སམྦྷི་དོ་ནི་ཨ་ཐར་པ་ནིའི་བུ་སྟེ། པུསྐ་རིའི་རྒྱ་མཚོ་ན་བར་གྲགས་པ་ཞེས་པ་ནི་བར་དུ་མེ་འདི་རྣམས་སྐྱེས་པའི་རབས་བསྟན་པའོ། །རླུང་ཞེས་བྱ་བའི་མེ་ཡང་ནི། ། མངལ་དུ་འཇུག་པ་བཤད་པའོ། །ཞེས་པ་ནས། འདོད་སྐྱེས་ཞེས་པའི་མེ་ཡང་ནི། །དབང་གི་དོན་ལ་དེ་བཤད་དོ། །ཞེས་པའི་བར་དུ་ལས་རྣམས་ལ་མེའི་རྒྱུས་བསྟན་པའོ། །ནགས་སྲེག་པ་ནི་ཕོ་ཉའི་མེ། །ཞེས་པ་ནས། འཇིག་ཚེ་ཀུན་འབྱུང་ཞེས་པ། དུས་མཐའི་མེ་ཞེས་ཀུན་དུ་བསྒྲགས། ། ཞེས་པའི་བར་དུ་མེ་རྣམས་ཀྱི་ངང་ཚུལ་ལས་རྒྱུས་བསྟན་པ་སྟེ་དེ་རྣམས་བྲམ་ཟེ་ལ་སོགས་པ་འཇིག་རྟེན་པའི་གཞུང་ལས་གྲགས་ཤིང་འཇིག་རྟེན་པའི་ལས་བྱེད་པའོ། །དེ་ལ་གསང་བའི་བདག་པོ་མེ་རྣམས་ཀྱི་རང་བཞིན་མི་ཤེས་པར་གང་སྦྱིན་སྲེག་བྱེད་པ་ནི་གང་སྦྱིན་སྲེག་བྱས་པ་ཡང་མ་ཡིན་ནོ་ཞེས་ པ་ནི་མེ་རྣམས་ཀྱི་རྒྱུས་མི་ཤེས་ན་ཆོ་ག་དང་འགལ་བས་སྦྱིན་སྲེག་བྱས་པར་མི་ཆུད་དོ་ཞེས་པའོ། །འདུས་བྱས་པ་ཡང་མ་ཡིན་ནོ། །ཞེས་པ་ནི་སྦྱིན་སྲེག་གི་ཆོ་ག་འཇག་མ་བཏིང་བ་ལ་སོགས་པའི་འདུས་བྱས་པ་རྣམས་ཀྱང་བྱས་པར་མི་ཆུད་དོ་ཞེས་པའོ། །ལས་ཀྱི་འབྲས་བུར་ཡང་མི་འགྱུར། ། ཞེས་པ་ནི་གང་གི་ཕྱིར་སྦྱིན་སྲེག་བརྩམས་པའི་ལས་དེའི་འབྲས་བུར་མི་འགྱུར་རོ་ཞེས་པའོ། །རང་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་ནི་མེ་རྣམ་པ་བཅུ་གཉིས་སྨྲས་སོ་ཞེས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བྲམ་ཟེའི་སྨྲང་ལས་བྱུང་བའི་མེ་གོང་དུ་ སྨོས་པ་རྣམས་བསྟན། མངོན་པར་སངས་རྒྱས་ནི་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་ལ་སོགས་པ་བྱ་བའི་ཕྱིར་མེ་རྣམ་པ་བཅུ་གཉིས་པོ་འདི་སྨྲས་སོ་ཞེས་པའོ། །དེ་ཡང་གང་ཞེ་ན་ཞེས་པ་ལས་ཡེ་ཤེས་རྫོགས་པའི་ཤེས་བྱའི་ཞེས་པའི་བར་དུ་རྒྱས་པའི་སྦྱིན་སྲེག་གི་མེའི་མཚན་ཉིད་གསུངས་པ་ སྟེ། ཡེ་ཤེས་ཀྱི་མེ་ཞེས་པ་ནི་ཡེ་ཤེས་ཀྱི་སེམས་ཅན་ཡིན་པའི་ཕྱིར་རོ། །འཛིན་ཞེས་པ་ནི་བྱ་བ་གཉིས་པོ་དེ་ཞེས་བྱ་བ་ནས། བགྲང་ཕྲེང་དང་ནི་སྤྱི་བླུགས་འཆང་། །ཞེས་པའི་བར་དུ་ཞི་བའི་སྦྱིན་སྲེག་གི་མེའི་མཚན་ཉིད་གསུངས་པའོ། །གསུམ་པོ་དེ་ནི་རླུང་ཞེས་བྱ། །ཁ་དོག་གནག་ལ་སྣུམ་ མེད་པའོ། །ཞེས་པ་ནི་རླུང་ཞེས་པའི་མེ་དེ་དང་པོ་ཞུགས་མ་ཐག་ཏུ་མེ་སྤར་བའི་ཚེ་གཉེར་བའོ། །བཞི་པོ་དམར་པོ་ཞེས་བྱ་སྟེ་ནང་ཕན་ཚུན་འོད་དང་འདྲ་ཞེས་པ་ནི་དབང་གི་སྦྱིན་སྲེག་གི་མེའོ། །ལྔ་པོ་མི་ཏ་ཞེས་པ་ཁམ་པ་ལ་བྱ་སྟེ། སྐྲ་ཅན་དེ་བཞིན་ཏེ། མགྲིན་པ་རིང་ལ་མདངས་པོ་ཆེ། །ཀུན་དུ་རྗེས་ སུ་བརྩེ་བ་ཡིན། །ཞེས་པ་ནི་གང་བའི་སྦྱིན་སྲེག་བྱ་བའི་མེའོ། །དྲུག་པོ་ཁྲོ་ཅན་ཞེས་སུ་བྱ། །ཞེས་པ་ནས། མཆེ་བ་བཞི་ལྡན་མཐུ་ཆེ་བའོ། །ཞེས་པའི་བར་དུ་མངོན་པར་སྤྱད་པའི་སྦྱིན་སྲེག་གི་མེའི་མཚན་ཉིད་དུ་གསུངས་པའོ། །བདུན་པོ་ལྟ་བ་ཞེས་བྱ་བ་སྟེ། སྡུག་པའི་ཁ་དོག་ཀུན་དང་ལྡན་པ་ ཞེས་བྱ་བ་ནས། བཅུ་གཉིས་སྨྲས་བྱེད་པ་ཞེས་བྱ་བ་སེམས་ཅན་ཀུན་གྱི་སྨྲས་བྱེད་པའོ་ཞེས་པའི་བར་དུ་མེ་ལྷག་མ་ལྔ་པོ་རྣམས་ཀྱི་མཚན་ཉིད་ཉི་ཚེ་སྨོས་པའོ། །དེ་ལྟར་ན་གསང་བའི་བདག་པོ་མེའི་གཟུགས་སུ་བྱིན་གྱིས་བརླབས་ཏེ་ཞེས་པ་ལ་སོགས་པ་ནི་མེ་རྣམས་བཤད་པའི་ཞར་ལ་སྦྱིན་སྲེག་བཤད་པ་ ནི་མེའི་གཟུགས་སུ་བདག་བྱིན་གྱིས་བརླབས་ལ་ཞེས་པ་ནི་ཞི་བ་དང་རྒྱས་པ་གང་ཡང་རུང་བའི་མེ་ལས་བྱེད་པ་དེའི་ཕྱིར་ཁ་དོག་གཉིས་ཀར་བསྒྱུར་རོ་ཞེས་པ་སྟེ། དེ་བས་ན་གསུངས་པ་བདག་དང་རྫས་ཀྱང་མེའི་རང་བཞིན་དུ་སྦྱར་རོ་ཞེས་པའོ། །འདི་ནི་ཕྱི་རོལ་སྦྱིན་སྲེག་གོ། །ཞེས་པ་ནི་དེ་ལྟར་བདག་དང་ མེ་དང་རྫས་གསུམ་ཆར་དུ་ལྡན་པ་དེ་ནི་ཕྱི་རོལ་གྱི་སྦྱིན་སྲེག་གོ་ཞེས་པའོ། །ནང་གི་སྦྱིན་སྲེག་ཀྱང་གསང་བའི་བདག་པོ་རང་བཞིན་གཅིག་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་གཅིག་པུའོ་ཞེས་པ་སྟེ་གནས་རྣམས་གཅིག་ཏུ་བསྡུ་ཞེ་ན། གསུངས་པ་རྣམ་པ་གསུམ་དུ་ལྡན་པ་གནས་གསུམ་གཅིག་ཏུ་བྱ་ བའི་སྦྱོར་བ་ནི་ནང་གི་སྦྱིན་སྲེག་གོ་ཞེས་པ་སྟེ། བདག་དང་མེ་དང་རྫས་གསུམ་གཅིག་ཏུ་ལྡན་པའི་གནས་གསུམ་པོ་དེ་སྟོང་པ་ཉིད་ཀྱི་རང་བཞིན་གཅིག་ཏུ་བྱའོ་ཞེས་པ་སྟེ། དེ་ཡང་འོག་ནས་འགྲེལ་ཏོ། །བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ནི་གསང་བའི་བདག་པོ་ཞི་བའོ་ཞེས་པ་ནི་ཞི་ བའི་སྦྱིན་སྲེག་བྱ་བ་ལ་བྱམས་པ་དང་སྙིང་རྗེ་ལྷག་པར་བསྐྱེད་དོ་ཞེས་པའོ། །དགའ་བ་དང་ལྷན་ཅིག་ཏུ་ལྡན་ཞེས་པ་རྒྱས་པའོ་ཞེས་པ་ནི་རྒྱས་པའི་སྦྱིན་སྲེག་ལ་དགའ་བ་ལྷག་པར་བསྐྱེད་དོ་ཞེས་པའོ། །ཁྲོས་པའི་དབང་དུ་བྱས་ཏེ་ཞེས་པ་ནས་ཁྲོ་བ་ཐུལ་བས་བྱའོ་ཞེས་པའི་བར་དུ་མངོན་པར་སྤྱོད་པའི་སྦྱིན་ སྲེག་གསུངས་པ་སྟེ། ཁྲོས་པར་བྱ་བ་ཡང་ལྡང་བར་བྱ་བ་དང་བཅས་པ་མ་ཡིན་ཏེ། དེ་བས་ན་གསུངས་པ་ཁྲོས་པ་ཐུལ་བས་བྱའོ་ཞེས་པའོ། །རླུང་གི་མེ་ནི་ཞབས་སུ་གཞག་པར་བྱའོ་ཞེས་པ་ནི་དང་པོར་ཞུགས་ཐབ་ཏུ་མེ་སྤར་བའི་ཚེ་རླུང་གི་མེ་གཉེར་ནས་རླུང་གཡབ་ཀྱིས་མེ་སྦར་བར་བྱའོ་ཞེས་པའོ། ། དེ་ལྟར་ན་གསང་བའི་བདག་པོ་ཇི་ལྟར་ཡོངས་སུ་བསྒྲགས་པའི་གནས་དེ་དང་དེ་དག་ཏུ་གང་རིགས་པ་དང་ཇི་ལྟར་རིགས་པར་སྦྱིན་སྲེག་བྱའོ་ཞེས་པ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་གནས་ཇི་སྐད་དུ་གསུངས་པ་དེ་དག་གར་རིགས་པར་ཞི་བ་ལ་སོགས་པའི་སྦྱིན་སྲེག་རྣམས་བྱའོ་ཞེས་པའོ། །དེ་ ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། ཇི་ལྟར་བསམས་པ་བཀའ་སྩལ་དུ་གསོལ་ཞེས་པའི་བར་དུ་གོང་དུ་སྦྱིན་སྲེག་མདོར་སྨྲས་པ་དེ་ཞུགས་ཐབ་ཇི་ལྟར་བྱ་བ་དང་། མེ་བསང་བའི་ཕྱིར་ཆུས་གཏོར་བ་ཇི་ལྟར་གཏོར་བ་དང་ཞུགས་ ཐབ་ཀྱི་མཐའ་འཇག་མ་ཇི་ལྟར་གདིང་བ་དང་ཞུགས་ཐབ་ཏུ་མེ་ཇི་ལྟར་གཞུག་པ་ཞུས་པའོ། །དེ་ལ་གསང་བའི་བདག་པོ་ཞུགས་ཐབ་ནི། །ཀུན་དུ་ཁྲུ་གང་ཙམ་ལ་ནི། །ཁ་ཁྱེར་སོར་བཞི་ཙམ་པ་སྟེ། །རྡོ་རྗེའི་མཚན་གྱིས་གདབ་པའོ། །ཞེས་པ་ནི། ཇི་ལྟར་ཞུགས་ཐབ་བསམ་པར་བགྱི། ། ཞེས་ཞུས་པའི་ལན་ཏེ་ཞུགས་ཐབ་ཁོ་ར་ཁོར་ཡུག་ཏུ་ཁྲུ་གང་ཙམ་ལ་ཁ་ཁྱེར་ཡང་ཆུ་ཞེང་དུ་བཅས་པར་སོར་བཞི་པར་བྱ་སྟེ། ཞབས་སུ་རྡོ་རྗེའི་མཚན་མས་བཏབ་པར་བྱའོ་ཞེས་པའོ། །འཇག་མ་རློན་པ་གདིང་བྱ་བ། །ཞུགས་ཐབ་དག་ཀྱང་བསྐོར་བ་སྟེ། །རྩེ་མོ་རྩ་བས་ནོན་པར་བྱ། ། རྩ་བ་རྩེ་མོ་དཀྲི་བར་བྱ། །ཞེས་པ་ནི། འཇག་མ་ཇི་ལྟར་གདིང་བར་བགྱི། །ཞེས་ཞུས་པའི་ལན་ཏེ། གཏོར་མ་འདི་རུ་གཡས་ཕྱོགས་ནས། །འཇག་མ་བསྐོར་བ་བཞིན་དུ་བཤད། །ཅེས་པ་ནི། ཇི་ལྟར་མེ་ལས་གཏོར་བར་བགྱི། །ཞེས་པའི་ལན་ཏེ་མེ་བསང་བའི་ཕྱིར་ཆུས་གཏོར་བ་ཡང་ འཇག་མ་བསྐོར་བའི་ཐབས་སུ་གཡས་ཕྱོགས་ནས་བསྐོར་ཞིང་གདབ་བོ་ཞེས་པའོ། །དྲི་དང་མེ་ཏོག་བདུག་པ་དག །སྨྲྀ་ཌའི་མེ་ལ་རབ་ཏུ་སྦྱིན། །ཞེས་པ་ནས། མཁས་པས་དེ་ལ་སྦྱིན་པར་བྱ། །ཞེས་པའི་བར་དུ་ཇི་ལྟར་བསམས་པ་བཀའ་སྩལ་དུ་གསོལ་ཞེས་ཞུས་པའི་ལན་ཏེ་ཞུགས་ཐབ་དེར་ ཐོག་མར་མེ་ཏོག་ཅིག་བཞག་སྟེ། སྨྲྀ་ཌའི་མེ་གཉེར་བ་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། དེ་ནས་ཡང་ཆུས་གཏོར་ལ་གང་བའི་སྦྱིན་སྲེག་ལན་གསུམ་མེ་དེ་ཉིད་ཀྱི་སྔགས་ཀྱིས་བཏབ་སྟེ་སྦྱིན་ནོ་ཞེས་པའོ། །དེ་ནས་ཞི་བའི་སྦྱིན་སྲེག་གམ་རྒྱས་པའི་ཡང་ནི་རྣམ་པར་བྱའོ། ། འདི་ནི་འཇིག་རྟེན་སྦྱིན་སྲེག་སྟེ་ཕྱི་རོལ་དུ་བཤད་པའོ་ཞེས་པ་ནི་ཇི་སྐད་དུ་སྨོས་པའི་རིམ་བཞིན་དུ་ཞུགས་ཐབ་ཀྱི་ཆོ་ག་བྱ་བ་དང་། སྨྲྀ་ཌའི་མེ་ལ་གང་བའི་སྦྱིན་སྲེག་བྱིན་ཏེ་མེ་དེ་རང་གི་གནས་སུ་བཞག་ལ་དེ་ལས་ཞི་བའམ་རྒྱས་པའི་མེ་གང་ཡང་རུང་བ་གཉེར་ཏེ། ཞི་བ་ལ་སོགས་པའི་ སྦྱིན་སྲེག་གམ་ཅི་འདོད་པ་བྱ་སྟེ། དེ་ནི་ཞུགས་ཐབ་དང་མེ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམས་ལ་དམིགས་པས་འཇིག་རྟེན་པའི་སྦྱིན་སྲེག་ཅེས་གསུངས་པའོ། །ནང་གི་སྦྱིན་སྲེག་ནི་ཞེས་པ་ནས། དེའི་ནང་གི་སྦྱིན་སྲེག་ཅེས་དཔའ་བོ་ལ་བཤད་པའོ་ཞེས་པའི་བར་དུ་ནང་གི་སྦྱིན་ སྲེག་བཤད་པ་སྟེ། དེ་ཡང་བདག་ཉིད་ཀྱི་ལྔ་ཕུང་སྟོང་པ་ཉིད་དུ་བཤིག་སྟེ། ཕྱི་རོལ་གྱི་ཞུགས་ཐབ་ལ་སོགས་པ་ཡུལ་གྱི་གཟུགས་རྣམས་སྟོང་པར་བཤད་དེ། དེ་བཞིན་སྒོ་དྲུག་གིས་རྣམ་པར་ཤེས་པ་འཕྲོ་བ་རྣམས་ཀྱང་སོ་སོར་བཤིག་ནས། མི་འཕྲོ་བར་བཀག་ནས་དེ་ལྟར་འཇིག་ ཅིང་འགོག་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་མི་འཕྲོ་བའི་ཤེས་རབ་ཀྱིས་བཀག་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པར་བྱ་བ་ནི་ནང་གི་སྦྱིན་སྲེག་སྟེ། དེ་བས་ན་གསུངས་པ། མི་འཕྲོ་བའི་ཤེས་རབ་ཀྱི་རླུང་གིས་མེ་གོགས་ལ་ཡིད་མེ་ལ་བསྲེགས་ཤིང་བཤིགས་ཏེ། རླུང་གིས་མེ་གོགས་ལ་ཞེས་པ་ནི་སྲོག་དང་རྩོལ་བས་རབ་ཏུ་བསྡམས་པ་ལ་ཞེས་པའོ། །ཡིད་མེ་ལ་སྲེགས་ཤིག་ཅེས་པ་ནི་སེམས་མི་གཡོ་བར་སྲེག་གོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་ཐམས་ཅད་ལ་བཀའ་སྩལ་པ། བདག་ཡོད་པར་སྤྱད་པས་ཁྱེད་ཀྱིས་ཆོས་ ཀྱི་གཞུང་འདི་ལ་སྤྱད་པར་བྱའོ་ཞེས་པ་ནི་ཆོས་ཀྱི་གཞུང་འདི་ནི་སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ལས་གྱ་ཚོམ་དུ་མི་སྦྱིན་པར་བྱ་སྟེ། དེ་བས་ན་གསུངས་པ་དབང་པོ་ཡོངས་སུ་མ་རྟོགས་པར་སུ་ལ་ཡང་མི་སྦྱིན་པར་ངའི་བུ་རྣམས་མ་བརྟགས་པ་ལ་ཞེས་པ་སྟེ། ངའི་བུ་རྣམས་ཀྱི་མཚན་ཉིད་འོག་ནས་ཇི་ སྐད་དུ་སྨོས་པ་རྣམས་ལ་ནི་དབང་པོ་བརྟག་མི་དགོས་པར་སྦྱིན་གྱིས། དེ་ལས་གཞན་པ་རྣམས་ལ་ཆོས་ཀྱི་གཞུང་ཟབ་མོ་འདི་ཤེས་རབ་དང་ལྡན་ནམ་མི་ལྡན་པ་དང་། དབང་པོ་རྣམས་འདོད་ཆགས་ལ་སོགས་པའི་ཡུལ་རྣམས་ལ་འཕྲོ་བ་ཡིན་ནམ་མ་ཡིན་བརྟགས་ཏེ་ཤེས་པར་བྱས་ནས་དེ་ལ་སོགས་པའི་ སྐྱོན་རྣམས་མེད་ཅིང་སྣོད་དུ་གྱུར་ན་གདོད་བྱིན་ཅིག་ཅེས་པ་སྟེ། བློ་ཆུང་ཞིང་མ་དད་པ་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་ན་བྱང་ཆུབ་སེམས་དཔའི་འཁྲུལ་པའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ནས་དེའི་ཚེ་ཀུན་གྱིས་མཆོད་དེ་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ནས་ཞེས་པ་ནས། ཆོས་ཀྱི་མིག་འདི་ འཇིག་རྟེན་ན་ཡུན་རིང་ཀུན་དུ་གནས་པའི་ཕྱིར་རོ་ཞེས་པའི་བར་དུ་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་རྣམས་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་ཀྱིས་ཆོས་ཀྱི་གཞུང་འདི་འཇིག་རྟེན་གསུམ་ན་མི་ཉམས་ཤིང་ཡུན་རིང་དུ་གནས་པའི་ཕྱིར། བཅོམ་ལྡན་འདས་ལ་བྱིན་གྱིས་ བརླབ་པའི་སྔགས་ཀྱིས་བརླབ་པར་གསོལ་བ་སྟེ། སྔགས་ཀྱིས་འདི་བྱིན་གྱིས་བརླབས་ན་ཆོས་ཀྱི་གཞུང་འདི་བསྲུང་བར་འགྱུར་བའི་ཕྱིར་རོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་ཀྱིས་རྒྱུད་ཆེན་པོ་སློབ་དཔོན་སངས་རྒྱས་གསང་བས་ཕྱིན་ཅི་མ་ལོག་པར་བཤད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། བཻ་རོ་ཙ་ནཱ་བྷི་སཾ་བོ་དྷི་ཏནྟྲ་སྱ་སད་བྲྀཏྟི་ནཱ་མ། བོད་སྐད་དུ། རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་ཐོག་མ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་ འདུལ་བའི་འགྲོ་བ་རྣམ་པ་གཉིས་སུ་གཟིགས་ཏེ། དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་དང་། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་གཙོ་བོར་གྱུར་པའོ། །འདུལ་བའི་འགྲོ་བ་དེ་རྣམས་ལ་ཡང་སྤྱོད་པ་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་སྤྱོད་པ་དང་། སྔགས་ཀྱི་སྒོ་ ནས་འཇུག་ཅིང་སྤྱོད་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་སྤྱོད་པ་ལ་ཡང་རྣམ་པ་གཉིས་ཏེ། དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་དང་། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་གཙོ་བོར་གྱུར་པ་སྟེ། དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་སྤྱོད་པའི་གདུལ་བའི་འགྲོ་བ་ དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་རྣམས་ཀྱི་དོན་དུ་འདུལ་བ་དང་། མདོ་སྡེ་དང་། མངོན་པའི་ཆོས་རྣམས་དང་། དེ་བཞིན་དུ་གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ཁྱིམ་བདག་དཔའ་བོ་ལ་སོགས་པ་བསྟན་ཏོ། །དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་ལ་མོས་པའི་འདུལ་བའི་འགྲོ་བ་རྣམས་ཀྱི་ དོན་དུ་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་སྡོང་པོ་བཀོད་པ་དང་། ས་བཅུ་དང་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པ་རྣམས་བསྟན་ཏོ། །དེ་བཞིན་དུ་སྔགས་ཀྱི་སྒོ་ནས་འཇུག་ཅིང་སྤྱོད་པའི་གདུལ་བའི་འགྲོ་བ་རྣམས་ལ་ཡང་རྣམ་པ་གཉིས་ཏེ། དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་དང་། ཟབ་ ཅིང་རྒྱ་ཆེ་བ་ལ་མོས་པ་གཙོ་བོར་གྱུར་པ་སྟེ། དེ་ལ་དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་རྣམས་ཀྱི་དོན་དུ། འཕགས་པ་ལེགས་པར་གྲུབ་པའི་རྒྱུད་དང་། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་བྱ་བའི་རྒྱུད་རྣམས་བསྟན་ཏོ། །དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བས་འདུལ་བའི་འགྲོ་བ་རྣམས་ ཀྱི་དོན་དུ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལ་སོགས་པ་བསྟན་ཏེ། དམིགས་པ་དང་བཅས་པ་ལ་གཙོ་བོར་གྱུར་པ་ཞེས་པ་ཡང་ཟབ་ཅིང་རྒྱ་ཆེ་བ་ལ་མ་མོས་ཤིང་མི་སྤྱོད་པ་མ་ཡིན་མོད་ཀྱི། དམིགས་པ་དང་བཅས་པ་ལ་སྤྱོད་པར་མོས་པའི་ཤས་ཆེ་བ་ལ་བྱའོ། །ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་ གཙོ་བོར་གྱུར་པ་རྣམས་ལ་ཡང་དམིགས་པ་དང་བཅས་པའི་སྤྱོད་པ་མ་ཡིན་མོད་ཀྱི། ཟབ་ཅིང་རྒྱ་ཆེ་བ་ལ་སྤྱོད་པའི་ཤས་ཆེ་བ་སྟེ། དེ་ལྟ་བུ་ཡིན་པར་ནི་གསལ་པོར་འཕགས་པ་དེ་ཉིད་བསྡུས་པ་ལ་སོགས་པ་ནང་གི་རྣལ་འབྱོར་གཙོ་བོར་གྱུར་པ་མ་ཡིན་མོད་ཀྱི། ཕྱིའི་སྤྱོད་པ་རྣམས་ཀྱང་མེད་པ་ མ་ཡིན་ནོ། །དེ་བཞིན་དུ་བྱ་བའི་རྒྱུད་རྣམས་ཀྱང་ཕྱིའི་སྤྱོད་པ་གཙོ་བོར་གྱུར་པ་ཡིན་མོད་ཀྱི། ནང་གི་སྤྱོད་པ་ཡང་མེད་པ་མ་ཡིན་ཏེ། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པར་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་ལ་གཞོལ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་ འཇུག་ཅིང་སྤྱོད་པ་རྣམས་ལ་ཡང་ཇི་ལྟར་རིགས་པར་སྦྱར་བར་ཤེས་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་འདི་ཡང་ཐབས་དང་ཤེས་རབ་གཙོ་བོར་གྱུར་པ་རྣལ་འབྱོར་གྱི་རྒྱུད་ཡིན་མོད་ཀྱི། བྱ་བ་ལ་མོས་པའི་ གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་བྱ་བའི་རྒྱུད་ཀྱི་རྗེས་སུ་མཐུན་པའི་སྤྱོད་པ་དག་ཀྱང་བསྟན་པས་བྱ་བའི་རྒྱུད་དམ། གཉིས་ཀའི་རྒྱུད་ལྟ་བུར་སོ་སོར་བརྟགས་ཤིང་གྲགས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་རྒྱུད་འདི་ཡང་གདུལ་བའི་འགྲོ་བ་རབ་དང་འབྲིང་དང་ཐ་མ་སྟེ་རྣམ་པ་གསུམ་གྱི་ དོན་དུ་བསྟན་ཏེ། མགོ་སྨོས་པས་གོ་བ་དང་། དོན་རྣམ་པར་ཕྱེ་བས་གོ་བ་དང་། ཚིག་ལྷུར་ལེན་པའི་གདུལ་བའི་འགྲོ་བ་རྣམས་སོ། །དེ་ལ་མགོ་སྨོས་པས་གོ་བ་ནི་ཤེས་རབ་མཆོག་ཏུ་རྣོ་ཞིང་ཐོས་པ་མང་བ་དང་ལྡན་པས་རྒྱུད་འདིའི་མཚན་དོན་དང་རྗེས་སུ་མཐུན་པ་རྣམ་པར་སྣང་མཛད་མངོན་པར་ རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བའི་མཚན་ཙམ་ཐོས་པས་རྒྱུད་འདིའི་དོན་ཐམས་ཅད་གོ་བར་འགྱུར་ཏེ། རྣམ་པར་སྣང་མཛད་ཅེས་བྱ་བའི་ཚིག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ ཡོངས་སུ་རྫོགས་པ་ཐམས་ཅད་མཁྱེན་པའི་རང་བཞིན་དུ་ཤེས་སོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་པ་ལ་མངོན་པར་བྱང་ཆུབ་པ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་མཚན་ཉིད་དུ་ཐུགས་སུ་ཆུད་ པའོ། །རྣམ་པར་སྤྲུལ་པ་ཞེས་བྱ་བའི་ཚིག་གིས་ཀྱང་དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཚེ་ན། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ཆོས་ཉིད་ཀྱིས་ཐོབ་པ་ལྷུན་གྱིས་གྲུབ་པ་ཉིད་དུ་སྐུ་མི་ཟད་པའི་རྒྱན་གྱིས་སུས་ཀྱང་ཟིལ་གྱིས་མི་ནོན་པ་ཉིད་དུ་ཁམས་གསུམ་ཐམས་ ཅད་དུ་ཁྱབ་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ལ་སོགས་པས་ཇི་ལྟར་སྣོད་དུ་གྱུར་པའི་སེམས་ཅན་གང་གིས་འདུལ་བའི་སྐུས་དོན་མཛད་པ་སྟེ། སངས་རྒྱས་ཀྱི་སྐུས་འདུལ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྐུར་སྟོན་པ་ནས་ཉན་ཐོས་དང་རང་སངས་རྒྱས་དང་བརྒྱ་བྱིན་དང་ཚངས་པ་ ལ་སོགས་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་དེ་རྣམས་ཀྱི་ཚུལ་བསྟན་ཅིང་དོན་མཛད་པ་དང་། དེ་བཞིན་དུ་གསུང་མི་ཟད་པའི་རྒྱན་གྱིས་ཀྱང་ཁམས་གསུམ་ཐམས་ཅད་དུ་སངས་རྒྱས་ཀྱི་གསུང་དམ་པས་ཁྱབ་པར་ཆོས་སྟོན་པ་དང་། དེ་བཞིན་དུ་ཐུགས་མི་ཟད་པའི་རྒྱན་གྱིས་ ཀྱང་རྣམ་པ་དང་བཅས་པའི་ཡིད་ལས་བྱུང་བའི་དབང་ཆེན་དང་ཆུའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་བསྟན་པར་གོ་བའོ། །དེ་བཞིན་དུ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཚིག་གིས་ཀྱང་དེ་ལྟར་རྣམ་པར་སྤྲུལ་པ་སྐུ་གསུང་ཐུགས་མི་ཟད་པའི་རྒྱན་གྱིས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པར་ བསྟན་པ་དེ་ནི་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་གྱི། གདུལ་བའི་འགྲོ་བ་འོག་མ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས། སྐུ་ལ་སོགས་པ་མི་ཟད་པའི་རྒྱན་དེ་ཉིད་གདུལ་བའི་འགྲོ་བ་དེ་རྣམས་ཀྱི་དོན་དུ་རྒྱུད་འདིར་དཀྱིལ་འཁོར་ དང་སྔགས་དང་ཕྱག་རྒྱའི་སྒོ་ནས་ལུས་ངག་ཡིད་ཀྱི་མཚན་མར་གྱུར་པ་བསྟན་པ་སྟེ། བྱིན་གྱིས་རློབ་པ་ཞེས་པ་ནི་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱའི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་ཆ་ལུགས་དང་རང་བཞིན་དུ་ལྷག་པར་གཞག་ཅེས་པའི་དོན་ཏོ། །དེ་ལྟར་རྣམ་པར་སྣང་མཛད་མངོན་པར་ རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་པ་དོན་དང་རྗེས་སུ་མཐུན་པའི་མཚན་ཙམ་གྱིས་མགོ་སྨོས་པས་གོ་བའི་གདུལ་བྱ་རྣམས་ཀྱིས་དོན་འདི་ལྟ་བུར་གོ་སྟེ། དེ་དག་གི་དོན་དུ་རྒྱུད་འདིའི་མཚན་ཙམ་སྨོས་པར་ཤེས་པར་བྱའོ། །དེ་ལྟར་ཤེས་པ་འབའ་ཞིག་མ་ཡིན་གྱི། གཞན་ཡང་རྒྱུད་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་བསྟན་པ་དང་དགོས་པ་ཡང་བསྟན་པར་ཤེས་པར་བྱ་སྟེ། རྒྱུད་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་སྐུ་མི་ཟད་པ་ལ་སོགས་པའི་རྒྱུད་དང་འབྲེལ་པར་བལྟ་སྟེ། རང་བཞིན་གྱི་དཀྱིལ་འཁོར་འདི་ནི་རྒྱུད་ འདིའི་རྒྱུ་ཡིན་ལ་རྒྱུད་འདི་ནི་དེའི་འབྲས་བུར་ཤེས་པར་བྱ་སྟེ་དེ་ནི་འབྲེལ་པའོ། །དེ་བཞིན་དུ་རྒྱུད་འདིར་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱའི་སྒོ་ནས་ལུས་དང་ངག་དང་ཡིད་ཇི་ལྟ་བ་བཞིན་དུ་བསྟན་པས་རང་བཞིན་གྱི་དཀྱིལ་འཁོར་གྱི་ཚུལ་ཇི་ལྟ་བུ་ཡིན་པ་རྒྱུད་འདིས་མཚོན་པར་ཤེས་པར་བྱ་སྟེ། དེ་བས་ན་ རྒྱུད་འདི་ནི་རྗོད་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ནི་བརྗོད་པར་བྱ་བའོ། །དེ་ལ་དགོས་པ་ནི་རྒྱུད་འདིར་ཇི་སྐད་དུ་བཤད་པའི་རིམ་གྱིས་སྒྲུབ་པའི་སྤྱོད་པས་རང་གི་ལྷག་པའི་ལྷ་མཉེས་པར་བྱས་ནས་ལྷ་དང་མིའི་ལོངས་སྤྱོད་དང་། རལ་གྲི་དང་རིག་འཛིན་ལ་སོགས་པ་མངོན་ པར་མཐོ་བའི་མཚན་ཉིད་ཐོབ་པ་ནི་དངོས་དང་བརྒྱུད་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཁྱེན་རབ་དམ་པས་བླ་ན་མེད་པའི་ཐམས་ཅད་མཁྱེན་པར་གྱུར་པ་ནི་དགོས་པ་དེའི་ཡང་དགོས་པར་ཤེས་པར་བྱའོ། །དོན་རྣམ་པར་ཕྱེ་བས་གོ་བའི་གདུལ་བ་རྣམས་ཀྱིས་ནི། དོན་དེ་དང་རྗེས་སུ་མཐུན་པའི་ མཚན་ཙམ་སྨོས་པས་རྒྱུད་ཀྱི་དོན་ཤེས་པར་མི་ནུས་ཏེ། དེ་བས་ན་དེ་དག་གི་དོན་དུ་རྒྱུད་ཀྱི་དོན་རྣམས་རྣམ་པར་ཕྱེ་སྟེ་བཤད་པ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་དང་། རང་བཞིན་དང་འབྲས་བུ་དང་དེའི་མངོན་པར་བྱང་ཆུབ་པའི་རྒྱུ་དང་རང་བཞིན་དང་འབྲས་བུ་ལ་སོགས་པ་བཤད་པ་སྟེ། དེ་ལ་རྣམ་པར་སྣང་མཛད་ཀྱི་ རྒྱུ་བཤད་པ་ནི། འཇིག་རྟེན་པའི་སེམས་ཀྱི་རིམ་པ་བརྒྱད་ལ་སོགས་པ་དང་། མོས་པས་སྤྱོད་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་སའི་རིམ་པས་ཀུན་དུ་སངས་རྒྱས་པའི་སའི་བར་དུ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུ་བཤད་པའོ། །རང་བཞིན་བཤད་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་རྣམ་པ་ བཞིའི་མཚན་ཉིད་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་བཤད་པ་སྟེ། གང་གི་ཕྱིར་རྒྱུད་འདིར་སྤྲུལ་པའི་སྐུ་རྣམ་པ་གཉིས་སུ་བརྟགས་ནས་སྐུ་བཞིར་བཤད་པ་ཡིན་ནོ། །ལུས་དང་ངག་དང་ཡིད་མི་ཟད་པའི་རྒྱན་རྣམ་པར་སྤྲུལ་པས་ཁམས་གསུམ་ཐམས་ཅད་ཁྱབ་པ། སེམས་ཅན་དང་སེམས་ ཅན་མ་ཡིན་པའི་ལུས་ལ་སོགས་པར་སྣོད་དུ་གྱུར་པ་ཇི་ལྟར་སྣང་བ་དེ་ནི་དེའི་འབྲས་བུ་བཤད་པའོ། །མངོན་པར་བྱང་ཆུབ་པའི་རྒྱུ་ཡང་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི་ཐབས་སོ་ཞེས་པ་ལ་སོགས་པའོ། །རང་བཞིན་ཡང་དེ་ལ་བྱང་ཆུབ་གང་ཞེ་ན། གང་ རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ་ཞེས་པ་ལ་སོགས་པ་ཇི་སྐད་དུ་གསུངས་པའོ། །དེ་བཞིན་དུ་དེའི་རྣམ་པར་སྤྲུལ་པ་དང་། བྱིན་གྱིས་རློབ་པ་དག་ཀྱང་བཤད་པར་བྱ་སྟེ་ཞིབ་ཏུ་ནི་བསྡུས་པའི་དོན་ཉིད་དུ་བཤད་པས་འདིར་མ་སྨོས་སོ། །ཚིག་ལྷུར་ལེན་པའི་གདུལ་བའི་འགྲོ་ བ་རྣམས་ཀྱིས་དེ་ལྟར་རྒྱུ་དང་རང་བཞིན་དང་འབྲས་བུ་ལ་སོགས་པ་རྣམ་པར་ཕྱེ་སྟེ། བཤད་ཀྱང་ཚིག་དང་དོན་རྣམས་ཞིབ་ཏུ་མི་གོ་སྟེ། དེ་བས་ན་དེ་དག་གི་དོན་དུ་ཚིག་རེ་རེ་ནས་སྤྲོས་ཤིང་རྒྱས་པར་བཤད་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་ཞེས་པ་ལ་སོགས་པ་རྒྱུད་ འདིའི་ཐོག་མ་ནས་མཇུག་གི་བར་དུ་སྤྲོས་ཏེ་བཤད་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་རྡོ་རྗེ་ཆེན་པོ་རྒྱ་ཆེ་བ་ལ་སོགས་པ་རྒྱུད་འདི་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་བཅུ་གཅིག་བསྟན་པ་འདི་ལྟ་སྟེ། སྤོང་བ་ཕུན་ སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། མཐུ་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་གྱི་ཐབས་ཕུན་སུམ་ཚོགས་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་ པ་དང་། བྱང་ཆུབ་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཕུན་སུམ་ཚོགས་པའོ། །དེ་ལ་བཅོམ་ལྡན་འདས་ཞེས་པའི་ཚིག་གིས་སྤོང་བ་ཕུན་སུམ་ཚོགས་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་དོ། ། གནས་ཕུན་སུམ་ཚོགས་པ་ནི་ཡོན་ཏན་རྣམ་པ་བརྒྱད་དང་ལྡན་པ་སྟེ། དེ་ལ་འདིར་གནས་ཕུན་སུམ་ཚོགས་པ་བརྒྱད་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ