Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 60

Văn bản gốc(Tây Tạng)

Trang 22 / 23 (50.000 ký tự/trang)
གས་པ་སྔར་བཤད་པའི་ཆོ་ག་ཐམས་
ཅད་བྱས་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱའོ། །དེ་ནས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་སྙིང་པོ་བཟླ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར། །རྡོ་རྗེ་པདྨའི་རིགས་ཆེན་པོ། །སངས་རྒྱས་
ཀུན་མཆོག་བཤད་དུ་གསོལ། །ཞེས་བྱ་བས་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་། ཡ་ཐཱ་རཀྟ་མི་དཾ་པདྨཾ་རཱ་ག་ཏོ་ཤེ་ནཱ་ལི་བྱ་ཏེ། བཱ་ས་དོ་ཤེ་ཥཱ་བི་བཱི་དྷེ་ཏ་ཐཱ་ཤུདྡྷཾ་ཏྲི་དྷཱ་ཏུ་ཀཱཾ། བཛྲོད་ཏིཥྛ་མཎྜ་ལ་ཨུ་ཐ་པ་ཡ་ཞེས་བརྗོད་ལ་དཀྱིལ་འཁོར་བཏེག་སྟེ་བར་

སྣང་གི་ཕྱོགས་སུ་བཞག་ལ་རང་གི་སྔགས་དང་། རང་གི་དམ་ཚིག་གི་ཕྱག་རྒྱས་སྙིང་ག་དང་དཔྲལ་བ་དང་ལྐོག་མར་བདག་ཉིད་བྱིན་གྱིས་བརླབ་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་དྲྀཥྚྀ་མ་ཊ་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ་ཨ་ཞེས་བྱ་བས་རང་གི་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་བསམས་ལ།
རྐང་མཐིལ་གཉིས་གནོན་པའི་རི་རབ་ནས་བརྩམས་ཏེ། ས་གཞི་གཏན་པ་ལ་ཐུག་པའི་བར་གྱི་ས་ཕྱོགས་ཐམས་ཅད་རྡོ་རྗེའི་རང་བཞིན་ཅན་དུ་བྱས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །སྙིང་པོ་ཀུན་དུ་ཟློས་བྱེད་ཅིང་། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་
བསྐོར། །རྡོ་རྗེ་ལྟ་བས་ཀྱང་ཕྱོགས་དང་མཚམས་དང་ནམ་མཁའ་དང་ས་འོག་དང་དཀྱིལ་འཁོར་བཅིང་བ་དང་ར་བ་དང་དྲ་བ་བྱའོ། །ཡང་རྡོ་རྗེ་མེ་ལྟར་འབར་བའི་སྙོམས་པར་ཞུགས་པས་ལངས་ལ་བགེགས་གཞོམ་པ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ལ་གསང་བའི་
གཟུགས་ཅན་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ནས་སྔ་མ་བཞིན་དུ་ཕུར་བུས་གདབ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཐམས་ཅད་བྱས་ལ་སློབ་མ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པར་བྱའོ། །དེ་ནས་ཉི་མ་གཉིས་པ་ལ་མལ་ནས་ལངས་ལ་སྔ་མ་བཞིན་དུ་རྣལ་འབྱོར་
ཆེན་པོ་བྱས་ནས་ཡང་དཀྱིལ་འཁོར་ཐམས་ཅད་སྔ་མ་བཞིན་དུ་བཏེག་སྟེ། བར་སྣང་གི་ཕྱོགས་སུ་བཞག་སྟེ་སྔ་མ་བཞིན་དུ་ཐིག་གདབ་པའི་སྔགས་དང་། ཚོན་སྣ་ལྔའི་སྲད་བུ་ལ་བདག་པོ་ལྔ་ཡོངས་སུ་བླངས་ལ་ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་དྲིས་བྱུག་ཅིང་མེ་ཏོག་སིལ་མ་བཀྲམ་པ་བྱས་
ལ། ཛ་ལས་མིག་གཡོན་དང་གཡས་སུ་ཟླ་བ་དང་ཉི་མ་སེར་པོ་སྣང་བ་བསྐྱེད་ནས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་ཟློས་ཤིང་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལས་སྒྲུབ་པའི་གྲོགས་མཆོག་པདྨའི་གར་གྱི་དབང་ཕྱུག་གི་གཟུགས་སུ་ཡིད་ཀྱིས་ཕྱུང་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཚོན་སྣ་ལྔའི་
སྐུད་པ་བླངས་ལ། དང་པོར་སྔགས་ཀྱིས་སྦྱངས་ཤིང་དྲི་དང་བཅས་པའི་ཚོན་དཀར་པོའི་ནང་དུ་སྦངས་ལ། ཛཿཞེས་བྱ་བས་སྲད་བུ་གྲོགས་པོའི་ལག་ཏུ་བཏང་ལ་སྔ་མ་བཞིན་དུ་ཕྱིའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དེའི་དབུས་སུ་སྔ་མ་བཞིན་དུ་ཀ་བ་བརྒྱད་ཀྱི་ཚུལ་གྱིས་པདྨ་འདབ་

མ་བརྒྱད་པ་པདྨའི་ཕྲེང་བས་བསྐོར་བས་ཐིག་བཏབ་ལ་ཚོན་སྣ་ལྔའི་ཕྱེ་མས་ཕྱི་དང་ནང་གི་དཀྱིལ་འཁོར་ཐམས་ཅད་སྔ་མ་བཞིན་དུ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པདྨ་ལ་འཇིག་རྟེན་དབང་ཕྱུག་གི་སྐུ་ལུགས་མའམ། བརྐོས་པའམ་བྲིས་པ་
སྐུ་མདོག་གསེར་བཙོ་མ་འདྲ་བ་ཕྱག་གཡོན་པ་པདྨའི་ཁུ་ཚུར་གྱིས་པདྨ་བསྣམས་ཤིང་དཀུར་བསྟེན་ནས་དེ་ལ་གཟིགས་པའི་ཚུལ་གྱིས་ཕྱག་གཡས་པའི་མཐེ་བོང་དང་དེའི་མཛུབ་མོས་དེའི་འདབ་མ་ཕྱེ་བ་མཛད་པ། རྒྱན་ཐམས་ཅད་ཀྱིས་སྤྲས་པ། པདྨའི་ཕྲེང་བ་དང་། བཅོམ་ལྡན་འདས་འོད་
དཔག་ཏུ་མེད་པ་དང་ལྡན་པའི་ཅོད་པན་དང་དར་དཔྱངས་ཀྱི་དབང་བསྐུར་བས་དབང་བསྐུར་བར་འཛུམ་པར་གཟིགས་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་རང་གི་སྙིང་པོས་དགོད་པར་བྱའོ། །དེའི་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སུ་ཤར་གྱི་པདྨའི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་
བཟང་པོ་ཞེས་བྱ་བ་སངས་རྒྱས་ཀྱི་སྐུ་གཟུགས་ཅན་སྣ་ཚོགས་པདྨ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡོན་པས་རྡོ་རྗེ་པདྨ་བསྣམས་ཤིང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། དེའི་གཡས་ལོགས་སུ་ཀཱི་ལི་ཀཱི་ལའི་གནས་སུ་དེ་བཞིན་གཤེགས་པ་པདྨ་ཆེན་པོ་ཞེས་བྱ་བ་
ཐུགས་ཀའི་ཕྱོགས་སུ་པདྨའི་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་པདྨ་གཉིས་བསྣམས་ནས་བཞུགས་པའོ། །དེའི་རྒྱབ་ཏུ་རྡོ་རྗེ་དྲན་མའི་གནས་སུ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཞེས་བྱ་བ་ཕྱག་གཡོན་པས་རྡོ་རྗེ་པདྨ་བསྣམས་ཤིང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེའི་
གཡོན་ལོགས་སུ་རྡོ་རྗེ་བསྙེམས་མའི་གནས་སུ་དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པ་ཞེས་བྱ་བ་སངས་རྒྱས་ཀྱི་ཚུལ་ཅན་པདྨའི་ཁུ་ཚུར་གཉིས་ཀྱིས་རིན་པོ་ཆེའི་པདྨ་གཉིས་བསྣམས་ནས་རིན་པོ་ཆེའི་པདྨ་སྩོལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་
པར་མཛད་པའི་སྦྱོར་བས་བཞུགས་ཤིང་། སྣ་ཚོགས་པདྨ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །འདི་དག་ཐམས་ཅད་ཀྱང་འཇིག་རྟེན་དབང་ཕྱུག་གི་གཟུགས་འཛིན་པར་བྲི་བར་བྱའོ། །དེ་ཡང་། ཡོངས་སུ་འཇིག་རྟེན་དབང་ཕྱུག་གཟུགས། །སངས་རྒྱས་ལ་སོགས་རིགས་ཀྱི་ལྷ། །ཞེས་

གསུངས་པ་ཡིན་ནོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི། སརྦ་ཏ་ཐཱ་ག་ཏ་པདྨ་ཛཿཧཱུཾ་བཛྲ་པདྨ་མ་ཧེ་པདྨ་པདྨ་བཾ་ཧོཿ པདྨ་མ་ནོ་ར་ཛ་ཞེས་བྱ་བ་ཡིན་ནོ། །ཡང་དཀྱིལ་འཁོར་འདི་ཉིད་ཀྱི་རྡོ་རྗེ་སྦྲང་རྩི་མའི་གནས་སུ་འཕགས་པ་དོན་ཡོད་པའི་ཞགས་པ་ལྷ་ཆེན་པོའི་གཟུགས་འཛིན་པ་སྐུ་མདོག་
དཀར་པོ་ཕྱག་བཞི་པ། ཕྱག་གཡས་པ་གཉིས་ཀྱིས་རྩེ་གསུམ་འཆང་ཞིང་མཆོག་སྩོལ་བ། གཡོན་གཉིས་ཀྱིས་ཞགས་པ་དང་པདྨ་བསྣམས་པ། བདེན་བྲལ་གྱི་མཚམས་སུ་ཁྱབ་འཇུག་གི་གཟུགས་འཛིན་པ་སྐུ་མདོག་ནག་པོ་ཕྱག་བཞི་པ་ཕྱག་གཡས་གཉིས་ན་འཁོར་ལོ་དང་དབྱུག་པ་བསྣམས་
པ། གཡོན་གཉིས་ན་པདྨ་དང་དུང་བསྣམས་པ། རླུང་གི་མཚམས་སུ་འཇིག་རྟེན་དབང་ཕྱུག་ཚངས་པའི་གཟུགས་ཅན་སྐུ་མདོག་དཀར་པོ་ཞལ་བཞི་དང་ཕྱག་བཞི་མངའ་བ་གཡས་གཉིས་ན་ཕྲེང་བ་དང་དབྱུག་པ་བསྣམས་པ། གཡོན་གཉིས་ན་པདྨ་དང་སྤྱི་བླུགས་བསྣམས་པའོ། །
དབང་ལྡན་གྱི་མཚམས་སུ་འཇིག་རྟེན་དབང་ཕྱུག་འདོད་པའི་གཟུགས་འཛིན་པ་ཞལ་གཉིས་པ་ཕྱག་བཞི་པ། དེ་ལ་ཕྱག་གཡས་གཉིས་ཀྱིས་མདའ་དང་ལྕགས་ཀྱུ་བསྣམས་པ། གཡོན་གཉིས་ཀྱིས་གཞུ་དང་པདྨ་བསྣམས་པའོ། །ཞལ་དང་པོ་ནི་འདོད་པའི་ལྷའི་གདོང་འདྲ་བ།
སྤྱི་བོ་ན་རྟ་མགོ་ལྗང་གུའི་མགྲིན་པ་བཏེག་སྟེ་མཚེར་བར་བྱེད་པའི་ཚུལ་ཅན་ནོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི། ཧཱུཾ་པདྨ་ནརྟེ་ཤྭ་ར་ཧཱུཾ་ཕཊ། ཧེ་མ་ཧཱ་པདྨེ་བི་ཤྭ་མུརྟེ་སིདྡྷྱ་ཧཱུཾ་ཕཊ། ཧྲཱིཿཔདྨ་པདྨ་ཧཱུཾ་ཨཿ ཧོ་པདྨ་ཨ་ཤྭཱ་གྲ་མ་ཧཱུཾ་ཛ་ཞེས་བྱའོ། །སྒེག་མོ་ལ་སོགས་པ་ནས་པདྨའི་དྲིལ་བུ་མའི་
བར་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་ཉིད་ཀྱིས་དགོད་པར་བྱའོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ་འདི་ལྟ་སྟེ། ཕྱག་མཚན་རྣམས་པདྨས་མཚན་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ཕྱི་རོལ་དུ་སྔ་མ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་དཀྱིལ་འཁོར་
གྱི་སྒོ་ཕྱེ་ལ་དེ་བཞིན་དུ་ཐམས་ཅད་བྱས་ནས་བསྡུ་བ་བྱའོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ལ་སྤྱན་འདྲེན་པའི་ཕྱག་རྒྱའི་དྲིལ་བུ་དང་བཅས་པའི་སྔགས་འདིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས་ལ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཨོཾ་

སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཤྭ་ར་པདྨ་ཧསྟ་ཨ་ཡ་ཏི་ཤཱི་གྷྲཱཾ། ཨི་མེ་བཛྲ་མུ་དྲ་བ་ཏྲེ་དྷཱ་ཀྲྀ་ཥུ་ས་མ་ཡེ་བདྡྷ་བ་ཤི་ཀ་རོ་མི་ཏ། ཛཿཧཱུཾ་བཾ་ཧོཿཤོ་དྷ་ཡ་སརྦ་སིདྡྷྱ་ཡ་པདྨཾ་མ་ཧཱ་བཛྲ་དྷ་ར་སྟྭཾ། དེ་ནས་འདིའི་ཕྱག་རྒྱ་བཤད་པར་བྱ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་གཤིབས་
ཏེ། ལྕགས་ཀྱུར་བྱས་ལ་མཐེའུ་ཆུང་གཉིས་ཤིན་ཏུ་བརྐྱང་བ་ནི་རྒོད་མའི་ཁ་གདངས་པ་ཞེས་བྱ་བ་ཡིན་ཏེ། ཁ་བསྐྱོད་པའི་ཚུལ་དུ་བྱ་བ་འདི་ནི་པདྨ་ལྕགས་ཀྱུར་ཞེས་བྱ་སྟེ། འདི་མཛུབ་མོ་གཉིས་ཀྱིས་སྤྱན་དྲང་བར་བྱའོ། །དེ་ནས་པདྨའི་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་བགེགས་
བསྐྲད་པ་ལ་སོགས་པ་བྱས་ལ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ། རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ་ཚིགས་སུ་བཅད་པ་དང་། སྔགས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་
འཁོར་དང་བཅས་པ་བསྒྲུབ་པར་བྱའོ། །ད་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་ཨོཾ་བཛྲ་དྷརྨ་ཨ་བྷི་ཥིཉྩ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དམ་ཚིག་གི་ཕྱག་རྒྱ་དང་འོད་དཔག་ཏུ་མེད་པའི་དབང་བསྐུར་བས་དབང་བསྐུར་རོ། །དེ་ནས་མཆོད་ཡོན་ཕུལ་ལ་
བུམ་པ་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། པདྨའི་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ་པདྨ་ཆེན་པོ་མེ་ཏོག་དང་བཅས་པ་བཅིངས་ལ་ཡིད་མ་ཡེངས་པར་ཨོཾ་པདྨ་སུ་ཁཾ་ཞེས་བྱ་བ་ཟློས་ཤིང་ཕྱག་བྱའོ། །དེ་ནས་ཕྱག་བཞི་བྱས་ནས་ཕྱི་
རོལ་ཏུ་གཏོར་མ་ལ་སོགས་སྦྱིན་པར་བྱའོ། །དེ་ནས་པདྨའི་གནོད་སྦྱིན་དང་རྡོ་རྗེ་མེ་ཏོག་དང་ན་བཟའ་དཀར་མོས་སྦྱིན་སྲེག་གི་ཆོ་གས་སྦྱིན་སྲེག་བྱས་ལ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དབུས་སུ་བཅོམ་ལྡན་འདས་མེ་ཏོག་གིས་མཆོད་ལ་བཞུགས་སུ་གསོལ་ཏེ། བཅོམ་
ལྡན་འདས་ཀྱི་སྔགས་ཀྱིས་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཏིང་ངེ་འཛིན་བཟང་པོ་ལ་སོགས་པ་ལ་ནི་རང་གི་སྙིང་པོས་སྦྱིན་སྲེག་བདུན་བདུན་དབུལ་བར་བྱའོ། །དེ་ནས་ཡང་ལྷ་ཐམས་ཅད་ཀྱི་སྙིང་པོ་ཟློས་ཤིང་མེ་ཏོག་གི་དཀྱིལ་འཁོར་དེ་བྲི་བའི་དཀྱིལ་འཁོར་དང་ལྷན་ཅིག་ཏུ་

གཅིག་ཏུ་བྱའོ། །དེ་ནས་ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བླངས་ལ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་ནས། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷྱ་ཡ་ཐ་སུ་ཁཾ་ཞེས་བྱ་བ་དང་། པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བླངས་ལ་རང་གི་སྙིང་གར་བཞག་སྟེ། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་
པདྨ་བསྐྱེད་ནས། ཤར་ཀྱི་ཕྱོགས་ཀྱི་སྒོར་བལྟས་ཏེ་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་ཐལ་མོ་ཁོང་སྟོང་གི་གུང་མོ་དང་། མཐེ་བོང་དང་མཐེ་ཆུང་ཁ་ཕྱེ་ལ་འདབ་མ་བཞི་པ་མེ་ཏོག་དང་བཅས་པ་བཅིང་བར་བྱའོ། །དེ་ནས་དེས་མེ་ཏོག་གི་ཕྲེང་བ་བླངས་ལ་འཇུག་
པའི་གླུའི་མཆོད་པ་བླངས་ལ་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནི་འདི་ཡིན་ཏེ། ཀ་ཙིཏ་ཨ་ཏི་རོ་ཏྲི་དྷ་ནུ་ཨུ་གྲ་ཛཱི་ན་སུ་ཧ་རི་མ། པྲ་པ་དྱེ་སི་ཀ་པཱ་དྷི་ཏིཥྛ་ཙཀྲ་དྷ་ར་མུརྟི་ས་མནྟ། ཨཱ་གཙྪ་བི་ནི་ཡ་ཏཾ། ཀ་ཙིཏ་ནི་སོ་མྱ་ཤཱནྟ་བཱ། པཱུ་ར་ཀ་རི་དཾ་ཀ་མི་ལ་ས་ནི་སྱ་བེ་ཀ་ཙིཏྟ་དི་བཏྟེ།
ཀཱ་མ་ས་མ་ཡཾ་པྲ་སིདྡྷྱ་མ་ཧཱ་པདྨ་རཱ་ཛ་ཧོཿ ཞེས་བྱ་བ་དང་པདྨའི་ལྕགས་ཀྱུ་མ་ཟློས་ཤིང་འཇུག་པར་བྱའོ། །ཡང་ལྷོ་ཕྱོགས་ཀྱི་སྒོ་ནས་པདྨའི་ཞགས་པ་མའི་སྙིང་པོ་ཟློས་ཤིང་འཇུག་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་པདྨའི་ལྕགས་སྒྲོག་མའི་སྙིང་པོ་ཟློས་ཤིང་འཇུག་པར་བྱའོ། །
ཡང་བྱང་ཕྱོགས་ཀྱི་སྒོ་ནས་པདྨའི་དྲིལ་བུ་མའི་སྙིང་པོ་ཟློས་ཤིང་འཇུག་པར་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་ཡིད་ཀྱིས་མ་ཡེངས་པར་ཕྱག་བྱའོ། །དེ་ནས་དེའི་འོག་ཏུ་ཨོཾ་བི་ཤྭ་དྷ་ཡ་ཙིཏྟཾ་མེ་སརྦ་དྷརྨེ་ཤྱ་བཛྲ་ཎི་ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་
གསུམ་བྱས་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་ཐོགས་བདག་གྲུབ་མཛོད། །ཡང་འདི་སྐད་ཅེས་བརྗོད་དོ། །ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་
མཾཿདེ་ནས་རྡོ་རྗེ་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པར་བྱའོ། །དང་པོར་རེ་ཞིག་ས་མ་ཡ་སྟྭཾ་ཞེས་བརྗོད་དེ་དམ་ཚིག་གི་ཕྱག་རྒྱ་རྣམས་བཅིང་ངོ་། །དེ་ནས་ཨོཾ་པདྨ་ས་ཡོ་ཏ་ཨ་ཏིཥྛ་ཨ་ཞེས་ཟློས་ཤིང་སེམས་མ་རྡོ་རྗེ་མའི་སྦྱོར་བ་བྱས་ནས་ཨ་ཞེས་བྱ་བ་ལན་བརྒྱ་བཟླ་བར་བྱའོ། །དེ་ནས་འཇིག་

རྟེན་དབང་ཕྱུག་གི་སྙིང་པོ་ལན་བརྒྱ་བཟླས་ནས་དབབ་པར་བྱའོ། །དེ་ནས་འཇིག་རྟེན་དབང་ཕྱུག་གི་སྙིང་པོས་མེ་ཏོག་དོར་རོ། །དེ་ནས་དེ་བླངས་ལ་དེ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་
ཕྱོགས་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་ལོ། །དེ་ནས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བདེ་བས་བཞིན་རས་དང་བཞིན་ཡིད་ཙམ་འཛུམ་པའི་ཡེ་ཤེས་ཀྱིས་རྡོ་རྗེ་
བླངས་པས་བཅོམ་ལྡན་འདས་ལ་ལྟ་ཞིང་མཆུ་མཉམ་པར་བཞག་སྟེ། ཇི་སྲིད་བཅོམ་ལྡན་འདས་ཀྱིས་མཐོང་བ་སྩལ་ནས་རང་གིས་དངོས་གྲུབ་སྩོལ་བར་མཛད་པ་དེ་ཉིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད་པའི་ཚུལ་དུ་རང་གི་སྙིང་གར་བཞག་སྟེ།
མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས་པདྨའི་མཚོན་ཆ་མ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ལ་གླུ་དང་རོལ་མོ་ལ་སོགས་པའི་མཆོད་པས་ཀྱང་ལེགས་པར་མཆོད་པར་བྱའོ། །དེ་ནས་བདག་ཉིད་ལ་དབང་བསྐུར་བ་ལ་སོགས་པའི་ཆོ་
ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་བཤད་པར་བྱ་སྟེ། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་ན། །སྙིང་ནས་བསམ་གཡོས་བཞིན་གྱིས་ནི། །མགོ་བོས་ལེགས་པར་
ཕྱག་བྱས་ན། །དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད། །ཞུགས་ནས་དཀྱིལ་འཁོར་ལན་གསུམ་ནི། །བསྐོར་བ་བྱས་ཏེ་འདི་བརྗོད་བྱ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འགྲོ་བ་ཀུན་ཀྱང་འགྲུབ་པར་མཛོད། །དེ་ནས་དུས་ཀྱི་མཆོད་པ་ཡིས། །བདེ་བ་ཆེན་པོ་ཡང་དག་མཆོད། །དེ་
བཞིན་པདྨའི་དབང་བསྐུར་ཞིང་། །སློབ་མ་བླངས་ཏེ་འཇུག་པར་བྱ། །དེ་ནས་སློབ་མ་བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བའམ། དགེ་ཚུལ་ལམ་དགེ་སློང་གི་སྡོམ་པ་ཡོངས་སུ་བཟུང་ལ། རིག་པའི་སྡོམ་པ་དོན་དུ་གཉེར་བས་སློབ་དཔོན་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །

དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་པདྨའི་གནོད་སྦྱིན་ཡོངས་སུ་བཟླས་པའི་རས་ཀྱིས་
སྨད་གཡོགས་དང་སྟོད་གཡོགས་བྱས་ལ། ཡང་པདྨའི་གནོད་སྦྱིན་དང་སྒོ་སྲུང་མ་རྣམས་བཟླས་པའི་དར་གྱིས་གདོང་གཡོགས་བཅིངས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་ཤིང་གདོང་དྲི་ཞིམ་པར་བྱས་ལ་སློབ་མ་ཕྱག་བཞི་བྱེད་དུ་གཞུག་གོ། །དེ་ནས་སྔ་མ་བཞིན་དུ་སྡོམ་པ་འཛིན་དུ་གཞུག་གོ། །དེ་ནས་
སྔར་བཞིན་དུ་རང་གི་ཆོ་གས་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་བྱེད་དུ་བཅུག་ལ། དེའི་སྙིང་གར་རྡོ་རྗེ་པདྨ་བསྐྱེད་དེ། བུམ་པའི་ཆུས་དབང་བསྐུར་ལ་ཡོན་གྱི་མཆོག་བླངས་ནས་འཇིག་རྟེན་དབང་ཕྱུག་ཏུ་བྱིན་གྱིས་བརླབས་ལ་པདྨ་ཆེན་པོ་མེ་ཏོག་དང་བཅས་པ་འཆིང་དུ་གཞུག་གོ། །དེ་ནས་དེས་
མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ་སློབ་དཔོན་གྱི་འཇུག་པའི་ཆོ་གའི་ཚུལ་ལྟར་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་པར་བྱའོ། །དེ་ནས་ཞུགས་ནས་དེ་སྐད་ཅེས་བརྗོད་དོ། །བི་ཤྱ་ད་ཡ་ཙིཏྟ་མ་མེ་སརྦ་རྨེ་ཤྱ་ཛ་ན་ཞེས་སྨྲོས་ཤིག །དེ་ནས་འཇུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་བྱའོ། །
སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་གསུངས་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་དངོས་གྲུབ་
མ་གྲུབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་ཡིན་ཏེ། འདི་སྐད་དུ་བཤད་པའི་ཆོ་གས་ཆོས་ཀྱི་ཕྱག་རྒྱ་མ་དང་ཕྱག་རྒྱ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱའམ། ལས་ཀྱི་ཕྱག་རྒྱ་མཚན་ཐོག་ཐག་བཟླས་པའམ། བསྒོམ་
པའི་བར་གྱིས་བསྒྲུབས་པ་ན་གང་གི་ཚེ་འགྲུབ་པར་མ་གྱུར་ན་དེའི་རྗེས་ཐོགས་ལ་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱ་བའི་དོན་ཉིད་དུ་ལས་འདི་དག་བཤད་པར་བྱའོ་ཞེས་བྱའོ། །དངོས་གྲུབ་མ་གྲུབ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་ཕྱག་རྒྱ་

བཞི་བསྒྲུབས་ན། གང་གི་ཚེ་མ་གྲུབ་པ་དེའི་ཚེ་ནི་མ་གྲུབ་པ་ཡིན་ལ། སྒྲིབ་པ་ཐམས་ཅད་གཞིག་པ་ལ་སོགས་པ་ནུས་པ་གང་ཡིན་པ་དེ་ནི་གྲུབ་ཅེས་བྱའོ། །དངོས་གྲུབ་ཀྱང་ཡིན་ལ་མ་གྲུབ་པ་ཡང་ཡིན་པས་ན་དངོས་གྲུབ་མ་གྲུབ་པའོ། །དེའི་ཏིང་ངེ་
འཛིན་ནི་དངོས་གྲུབ་མ་གྲུབ་པའི་ཏིང་ངེ་འཛིན་ཏོ། །ལས་འདྲེན་མ་ནི་ལས་རྣམ་པ་སྣ་ཚོགས་ཀྱི་རྒྱུན་ནོ། །དང་པོར་ནི་ཐོག་མར་རོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པའོ། །ནི་ཞེས་བྱ་བ་ནི་ངེས་པར་བཟུང་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པ་ཉིད་དོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་
ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སོ། །རབ་བཤད་བྱ་ཞེས་པ་ནི་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ་ཞེས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སྒྲིབ་པ་ཐམས་ཅད་ནི་ཉོན་མོངས་པ་ལ་སོགས་པ་སྒྲིབ་པ་ཐམས་ཅད་དང་སྡིག་པ་ནི་སྔར་བཤད་པའི་མཚན་ཉིད་ཅན་ནོ། །རྨི་ལམ་ངན་པ་ནི་བཤད་
ཟིན་ཏོ། །ལྟས་ངན་པ་ནི་གནོད་པ་སྐྱེད་པར་བྱེད་པ་སྟེ་འུག་པའི་སྒྲ་སྒྲོགས་པ་ལ་སོགས་པའོ། །ཡམས་དང་འཚེ་བ་དང་ནད་འགོ་བ་དང་། ཉོན་མོངས་པ་དང་དུས་མ་ཡིན་པར་འཆི་བ་ནི་བཤད་ཟིན་ཏོ། །འཇིགས་པ་ནི་ངན་སོང་དུ་འགྲོ་བ་ལ་སོགས་པ་བྱེད་པའོ། །སྐྲག་པ་ནི་རོ་ལངས་ལ་
སོགས་པ་འཇིགས་པའི་གཟུགས་མཐོང་བའོ། །རྩོད་པ་ནི་ཚིག་མི་སྙན་པར་བརྗོད་པའོ། །འཐབ་པ་ནི་གཡུལ་འགྱེད་པའོ། །དིམ་པ་ནི་བྱིས་པ་ཆུང་ངུ་ལ་འཚེ་བའོ། །དམར་ནི་རྒྱལ་ཕྲན་ནམ། བློན་པོ་རྒྱལ་པོའི་དབང་འོག་ཏུ་མ་འདུས་པའོ། །ཉོན་མོངས་པ་ནི་འདོད་ཆགས་པས་གཟིར་
བའོ། །ངལ་བ་ནི་ལམ་གྱིས་དུབ་པས་ཉེན་པའོ། །སྡུག་བསྔལ་ནི་ལུས་ཀྱི་མི་བདེ་བ་ཉམས་སུ་མྱོང་བའོ། །ཡིད་མི་བདེ་བ་ནི་སེམས་ཀྱིས་མི་བདེ་བ་ཉམས་སུ་མྱོང་བའོ། །དབུལ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །འདི་དག་ཞི་བར་ཇི་ལྟར་འགྱུར་ཞེ་ན། པདྨ་ཆེན་པོ་བཞི་པས་སོ་ཞེས་བྱ་བ་
གསུངས་སོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། པདྨ་ཆེན་པོ་བཅིངས་ལ་ཡིད་ཀྱིས་སྦྱིན་སྲེག་བྱའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ་སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་ནས་མདུན་དུ་བཅོམ་ལྡན་འདས་སྤྱན་དྲངས་ཏེ།

མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། པདྨ་ཆེན་པོའི་ཕྱག་རྒྱ་བཅིངས་ལ་ཡིད་ཀྱིས་རང་བཞིན་གྱི་མེ་ཐབ་མེ་སྟག་ཀུན་དུ་འཁྲུག་ཅིང་འབར་བའི་དབུས་ན་བཞུགས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དེའི་ལྗགས་ལ་ཡི་གེ་ཧཱུཾ་བསམས་ནས་པདྨ་ཆེན་པོ་དེས་
ཡིད་ཀྱི་སྒྲིབ་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། ཡམས་དང་གནོད་པ་དང་ནད་འགོ་བ་དང་། ཉོན་མོངས་པ་དང་། དུས་མ་ཡིན་པར་འཆི་བ་དང་། འཇིགས་པ་དང་། སྐྲག་པ་དང་། རྩོད་པ་དང་། འཐབ་པ་དང་། དིམ་པ་དང་། དམར་དང་། ཉོན་མོངས་པ་དང་།
ངལ་བ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། དབུལ་བ་དང་། བརྙས་པ་དང་། རེག་པ་ངན་པ་དང་། སྐལ་བ་ངན་པ་དང་། ནད་མྱོང་བ་དང་། ནོར་བརླག་པ་རྣམས་སྦྱིན་སྲེག་བྱས་ནས་དེ་རྣམས་འཇིག་པར་གྱུར་ཏོ། །དེ་ལྟར་པདྨ་ཆེན་པོ་ཞི་བས་ལྷ་སྒྲུབ་པ་བསྟན་ནས་ད་ནི་རླུང་དང་
མཁྲིས་པ་ཞེས་བྱ་བ་ལ་སོགས་པས་པདྨ་ཆེན་པོ་སྨན་གྱི་ཕྱག་རྒྱས་བཟུང་བ་ལས་བསྒྲུབ་པ་གསུངས་པ་ཡིན་ནོ། །དེའི་མཚན་ཉིད་བཤད་པར་བྱ་སྟེ། སེམས་ཀྱིས་ཞི་བར་བྱའོ་ཞེས་བྱ་བ་ཡིན་ནོ། །འདི་སྐད་སྟོན་པར་འགྱུར་ཏེ། སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ལ་དེ་
ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་བཟུང་སྟེ་པདྨ་ཆེན་པོ་བཅིངས་ལ་བདག་དང་གཞན་གྱི་རླུང་ནད་ཐམས་ཅད་གསོ་བའི་བསམ་པས་ལུས་ལ་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོས་ལུས་ཐམས་ཅད་ཁྱབ་པར་བཞུགས་པར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་དེ་ཞི་བར་འགྱུར་རོ། །དེ་
བཞིན་དུ་དེ་བཅིངས་ལ་འཇིག་རྟེན་དབང་ཕྱུག་གིས་བསྒྲུབ་པར་བྱ་བའི་ལུས་ལ་ཁྱབ་པས་ཤིན་ཏུ་བསིལ་བར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མཁྲིས་པ་སེལ་ཏོ། །དེ་བཞིན་དུ་ཁྲག་ཞི་བར་བྱ་བའི་བསམ་པས་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། འཇིག་རྟེན་དབང་ཕྱུག་
གིས་ཁྱབ་པར་བསམས་ནས་དེ་ལྟ་བུས་ནི་ཁྲག་སེལ་ཏོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། འཇིག་རྟེན་དབང་ཕྱུག་འབར་བའི་གཟུགས་ཅན་བསམས་ན། དེ་ལྟ་བུས་ནི་བད་ཀན་གྱི་ནད་གསོ་བ་ཡིན་ནོ། །དེ་བཞིན་དུ་འདུས་པ་བསལ་བའི་བསམ་པས་བསྒྲུབ་པར་བྱ་

བའི་ལུས་ལ་འཇིག་རྟེན་དབང་ཕྱུག་གིས་ཁྱབ་ནས་ཀུན་དུ་འབར་ཞིང་གསལ་བར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་འདུ་བའི་ནད་བསལ་བ་ཡིན་ནོ། །དེ་བཞིན་དུ་མ་ཞུ་བ་བསལ་བའི་བསམ་པས་འཇིག་རྟེན་དབང་ཕྱུག་མེ་ལྟ་བུས་བསྒྲུབ་པར་བྱ་བའི་ལུས་
ལ་ཁྱབ་ནས་འབར་བར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མ་ཞུ་བ་བསལ་བར་གྱུར་ཏོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། རྐང་པའི་མཐིལ་གྱི་བར་དུ་འཇིག་རྟེན་དབང་ཕྱུག་གིས་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རིམས་གསོ་བ་ཡིན་ནོ། །དེ་
བཞིན་དུ་འཇིག་རྟེན་དབང་ཕྱུག་གིས་བསྒྲུབ་པར་བྱ་བའི་ལུས་ལ་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་སྦྱར་བའི་དུག་གསོ་བའོ། །དེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། རྐང་པའི་མཐིལ་གྱི་བར་དུ་ཁྱབ་པར་བསམ་
ཞིང་དུག་གི་སྐྱེས་བུ་ནག་པོ་ར་སྐྱེས་ལ་ཞོན་པ་ལྟ་བུ་ཞིག་བསྒྲུབ་པར་བྱ་བའི་ལུས་ལས་བྲོས་པར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་དུག་གི་ནད་གསོ་བ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ལ་འཇིག་རྟེན་དབང་ཕྱུག་བཅུག་སྟེ། བསྒྲུབ་པར་བྱ་བ་འཇིག་རྟེན་དབང་ཕྱུག་ཏུ་གྱུར་པར་
བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མཛེ་དང་འབྲུམ་བུ་ཕྲ་མོ་དང་། གཡན་པ་དང་། རྐང་ཤུ་དང་། སྐྲན་དང་། ཆུའི་དམུ་རྫིང་དང་། མཚན་པར་རྡོལ་བ་དང་། ཤ་བཀྲ་དང་། ཟད་བྱེད་དང་། ཁྲག་ཟད་པ་དང་། ཁུ་བ་ཟད་པ་དང་། ནད་ཐམས་ཅད་དང་། གནོད་པ་དང་། གདོན་དང་།
ཕྲ་མེན་མ་རྣམས་གསོ་བར་འགྱུར་བ་ཡིན་ནོ། །དེ་ལྟར་པདྨ་ཆེན་པོ་སྨན་གྱི་ཕྱག་རྒྱ་འཛིན་པ་ལས་སྒྲུབ་པར་གསུངས་ནས། ད་ནི་ཐམས་ཅད་རྡོ་རྗེར་བྱ་བ་དང་ཞེས་བྱ་བ་ལ་སོགས་པས་པདྨ་ཆེན་པོས་ཐམས་ཅད་བསྲུང་བའི་ལས་གསུངས་པ་ཡིན་ནོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ།
བསམ་པས་བསྲུང་བར་བྱའོ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ལ་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་སྟེ། པདྨ་ཆེན་པོ་བཅིངས་ལ་འཇིག་རྟེན་དབང་ཕྱུག་བསྒོམ་པའི་སྙིང་པོ་ཟློས་ཤིང་ཐམས་ཅད་རྡོ་རྗེར་བྱ་བའི་བསམ་པས་

ཐམས་ཅད་རྡོ་རྗེར་བྱས་པའི་བསྲུང་བར་འགྱུར་རོ། །སྦྱོར་བ་སྔ་མ་དང་ཕྱི་མ་ཐམས་ཅད་ལ་སྒོམ་པའི་སྙིང་པོ་བཟླས་ནས་ལས་འགྲུབ་པར་འགྱུར་བར་ཤེས་པར་བྱའོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་ཆོས་སྐྱེད་པའི་བསམ་བས་ནི་ཆོས་ཀྱིས་བསྲུང་བར་འགྱུར་རོ། །ཆོ་ག་སྐྱེད་པའི་བསམ་པས་ནི་ཆོ་
གའི་བསྲུང་བར་འགྱུར་རོ། །དེ་བཞིན་དུ་གཙུག་ཏོར་དང་གཙུག་ཕུད་དང་། མཚམས་དང་ཕྱོགས་དང་དཀྱིལ་འཁོར་དང་ས་དང་ནམ་མཁའ་དང་རྡོ་རྗེའི་གདན་དང་ཁང་པ་ཆེན་པོ་དང་། རྡོ་རྗེ་ར་བ་དང་། མེ་འབར་བ་དང་། ཐལ་བའི་ར་བ་དང་། རྡོ་རྗེ་དང་། རི་བོ་དོན་ཡོད་པ་ལ་སོགས་པ་
དང་། སྲད་བུས་ཡོངས་སུ་བསྐོར་བ་དང་། ཕུར་བུས་གདབ་པ་དང་། ཟས་དང་བཏུང་བ་དང་གོས་དང་རྒྱན་དང་ཕྱག་རྒྱ་དང་། བསྲུང་བ་བསྐྱེད་པའི་བསམ་པས་དེ་དག་ཏུ་འགྱུར་རོ། །དེ་ལྟར་པདྨ་ཆེན་པོ་ཐམས་ཅད་སྲུང་བས་ལས་ཐམས་ཅད་འགྲུབ་པར་གསུངས་ནས། ད་ནི་ཚེ་དང་
ཞེས་བྱ་བ་ལ་སོགས་པ་པདྨ་ཆེན་པོ་མཆོག་གྲུབ་པས་ལས་སྒྲུབ་པ་གསུངས་པ་ཡིན་ནོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བས་བསྒྲུབ་པོ་ཞེས་བྱ་བ་འདིས་དོན་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་
དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་བཟུང་ནས་པདྨ་ཆེན་པོ་བཅིངས་ཏེ། བདག་ཉིད་ཀྱི་བཅིང་བའི་འཇིགས་པ་ལ་སོགས་རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བས་བསམ་པ་སྐྱེད་ལ་སྒོམ་པའི་སྙིང་པོ་ཟློས་ཤིང་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་ཚེ་དང་
ལྡན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསམས་ཏེ། དེ་ལྟ་བུས་ནི་ཚེ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་གྱུར་པའི་འཇིག་རྟེན་དབང་ཕྱུག་གི་ཁ་དོག་དང་ལྡན་པར་བསམས་ན་དེ་ལྟ་བུས་ནི་ཁ་དོག་འགྲུབ་པོ། །དེ་བཞིན་དུ་འཇིག་རྟེན་
དབང་ཕྱུག་ཏུ་གྱུར་ཅིང་། དེའི་སྟོབས་དང་ལྡན་པས་བསམས་ན། དེ་ལྟ་བུས་ནི་བདེན་པའི་སྟོབས་འགྲུབ་བོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་གྱུར་ཅིང་འཇིག་རྟེན་དབང་ཕྱུག་གི་གཟི་བརྗིད་དང་ལྡན་པར་བསམས་ན། གཟི་བརྗིད་གྲུབ་པོ། །དེ་

བཞིན་དུ་དེའི་མདངས་དང་། ལང་ཚོ་དང་། བརྩོན་འགྲུས་དང་། སྤྲོ་བ་དང་། ནད་མེད་པ་དང་། དཔལ་དང་། སྐལ་བ་བཟང་པོ་དང་། ནོར་དང་། འབྲུ་དང་། དབང་ཕྱུག་དང་། འབྱོར་པ་དང་། དངོས་གྲུབ་དང་། འཕེལ་བ་དང་། བློ་དང་། རྙེད་པ་དང་། བཀྲ་
ཤིས་དང་། མིང་དང་། གྲགས་པ་དང་། སྙན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དམ་པ་འགྲུབ་པ་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཐམས་ཅད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་
བྱུང་བ་དང་པདྨའི་རིགས་སོ། །དེ་རྣམས་ཀྱི་སྒྲིབ་པ་མེད་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ངེས་པར་འགྱུར་བའོ། །དེ་ལས་བྱུང་བའི་པདྨའི་རིགས་ནི་མི་ཕྱེད་པས་ན་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེའོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྟག་པའོ། །དེ་ཉིད་
བསྒྲུབ་པར་བྱ་བ་དང་། སྟོན་པར་བྱེད་པའི་ཆོ་གའོ། །དེའི་རྒྱས་པ་ནི་རྒྱུན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་དུམ་བུ་གཉིས་པའི་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་རྒྱུད་ཀྱི་རྩ་བའི་རྒྱུད་ལས་གསུངས་པའི་འགྲོ་བ་འདུལ་བའི་རྟོག་པ་བཤད་པ་
རྫོགས་སོ།། །།དེ་ལྟར་ལོག་པར་ལྟ་བའི་གཉེན་པོར་གྱུར་པར་འགྲོ་བ་འདུལ་བའི་དཀྱིལ་འཁོར་གསུངས་ནས། ད་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཞེས་བྱ་བ་ལ་སོགས་པས་སེར་སྣའི་གཉེན་པོར་གྱུར་པ་ནོར་བུའི་རིགས་གསུངས་པ་ཡིན་ནོ། །
དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟོན་པའི་ཚིག་ཡིན་ཏེ། དང་པོར་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཉིད་ཡིན་ནོ། །ཐམས་ཅད་ནམ་མཁའ་ཞེས་བྱ་བ་ནི་ཐམས་ཅད་ཀྱང་ཡིན་ལ་ནམ་
མཁའ་ཡང་ཡིན་པས་ན་ཐམས་ཅད་ནམ་མཁའ་སྟེ། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་དང་ནོར་བུའི་རིགས་སོ། །དེ་འདི་ལ་མངའ་བས་ན་ཐམས་ཅད་ནམ་མཁའོ། །ནམ་མཁའ་ཐམས་ཅད་ཡིན་པ་ཉིད་ཀྱིས་ན་མི་འགྱུར་ཆེ་སྟེ་བརྟན་

ཞིང་རྟག་པའོ། །ཐམས་ཅད་དབང་བསྐུར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ཐམས་ཅད་ནི་ནོར་བུའི་རིགས་ཡིན་ཏེ། དེ་ལྟར་ན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་གདུལ་བྱ་རྣམས་ཀྱི་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་ཀུན་གྱི་དོན་ཏེ་ནོར་བུའི་རིགས་
ལ་སོགས་པ་ཐམས་ཅད་ཀྱི་དོན་ཉིད་ཀྱི་རང་བཞིན་དུ་གྱུར་པས་ཀྱང་ཀུན་གྱི་དོན་ཏོ། །ཀུན་དབང་ཞེས་བྱ་བ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་མཐུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དབང་ཐོབ་པས་ན་ཀུན་དབང་ངོ་། །རིན་པོ་ཆེ་ཐམས་ཅད་འཛིན་ཞེས་བྱ་
བ་ལ་རིན་པོ་ཆེ་ཐམས་ཅད་ནི་རིན་པོ་ཆེའི་རིགས་ཏེ་དེ་ཐུགས་སུ་ཆུད་པའི་ཚུལ་གྱིས་དེའི་བདག་ཉིད་ཀྱི་རང་བཞིན་གྱིས་འཛིན་པར་མཛད་པས་ན་རིན་ཆེན་ཐམས་ཅད་འཛིན་ནོ། །དེ་ལྟ་བུས་ནི་རྡོ་རྗེ་འཆང་དབང་བ་ནམ་མཁའ་ཉིད་དུ་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན་ཏིང་ངེ་འཛིན་
གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་པདྨ་དམར་པོའི་འོད། །འདམ་གྱི་ཉེས་པས་མི་གོས་པ། །དེ་བཞིན་ཁམས་གསུམ་དག་པ་ནི། །གནས་ཀྱི་ཉེས་པས་མི་གོས་སོ། །ཞེས་བྱ་བ་ནི་བསྒོམ་པའི་སྙིང་པོ་འདིའི་དོན་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་
འཛིན་གྱིས་ཤིན་ཏུ་ལྷག་པར་ཡང་བྱིན་གྱིས་བརླབས་པས་ན། རང་བྱིན་རླབས་ཞེས་བྱ་བ་སྟེ་བརྟན་པར་བྱ་བའོ། །དག་པ་ཆེན་པོས་རབ་སད་མཛད། །ཅེས་བྱ་བ་ནི་པདྨའི་འདབ་མ་དབྱེ་བ་སྒོམ་པའི་རང་བཞིན་གྱི་བདག་པོ་ཆེན་པོས་རབ་ཏུ་སད་པར་མཛད་པས་སོ། །ཆོས་རྣམས་ལ་ནི་རྣམ་
གཟིགས་པས། །ཞེས་བྱ་བ་ནི་པདྨའི་རིགས་ཀྱི་རང་བཞིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ལ་རྣམ་པར་གཟིགས་ཤིང་སོ་སོར་རྟོག་པར་མཛད་པས་སོ། །ཅིའི་ཕྱིར་ནམ་མཁའ་ཉིད་དུ་གྱུར་པ་ཡིན་ཞེ་ན་ཀུན་གྱི་དབང་དོན་ཞེས་བྱ་བ་
གསུངས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་དང་བདག་ཉིད་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་རབ་ཏུ་གྲུབ་པའི་དོན་ནི་ཀུན་དོན་དབང་ཕྱུག་གོ། །ནམ་མཁའ་ཉིད་དུ་གྱུར་པ་དེ་ཡང་ཁྱབ་པ་ཇི་ལྟ་བུ་ཞེ་ན། གདོད་ནས་བྱུང་ཞེས་བྱ་བ་གསུངས་ཏེ་སྔར་སྒྲ་

བཤད་པའི་ཚུལ་གྱིས་ད་ལྟར་བྱུང་བའི་ངོ་བོ་བཞུགས་པས་ན་གདོད་ནས་བྱུང་བའོ། །ནམ་མཁའ་ཉིད་དུ་གྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ནི་ནམ་མཁའི་ངོ་བོ་ཉིད་ནི་ནམ་མཁའ་ཉིད་དེ། འཇིག་རྟེན་ན་གྲགས་པའི་ཚུལ་གྱིས་ནམ་མཁའི་འོད་ཟེར་གྱི་རང་བཞིན་ཉིད་དུ་གྱུར་པའོ། །ནམ་
མཁའ་ཉིད་དེ་ཁྱབ་པར་ཇི་ལྟ་བུ་ཞེ་ན། ཉི་ཟླ་དང་ནི་གཟའ་སྐར་ཅན། །ཞེས་བྱ་བ་སྨོས་ཏེ་ནམ་མཁའ་གང་ལ་ཉི་མ་དང་ཟླ་བ་དང་གཟའ་དང་སྐར་མ་ཡོད་པར་འཇིག་རྟེན་ན་གྲགས་པའི་ནམ་མཁའ་ཉིད་དུ་གྱུར་པས་ན་ཉི་ཟླ་དང་གཟའ་སྐར་དང་བཅས་པའི་ནམ་མཁར་གྱུར་པ་ཡིན་ནོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་ལ་དེ་ལྟར་བཤད་མ་ཐག་པའི་སྒོམ་པའི་སྟོབས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཉི་མ་དང་ཟླ་བ་དང་སྐར་མ་ཅན་གྱི་ནམ་མཁའ་དང་གཅིག་ཏུ་གྱུར་པའི་རྗེས་ཐོགས་ཉིད་ལ་སྒོམ་པའི་རང་བཞིན་ཅན་གྱི་ཤེས་རབ་ཀྱི་མཐར་ཐུག་པ་ལས་བྱུང་བའི་ངེས་པའི་མཆོག་གིས་རྡོ་རྗེ་རིན་ཆེན་གྱི་རྣམ་པར་ཐུགས་
རྩེ་གཅིག་པ་ཉིད་ཀྱིས་རྡོ་རྗེ་མཛད་ཅིང་མི་ཕྱེད་པ་ཉིད་དུ་མཛད་ནས་དེ་ནས་ཡང་ནམ་མཁའི་རྡོ་རྗེ་དེ་ལས་རིན་ཆེན་དུ་གྱུར་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བཻ་ཌཱུརྱ་སྔོན་པོ་འདྲ་བས་ཞེས་བྱ་བ་ནི་མདོག་སྔོ་ལྗང་ངོ་། །ནམ་མཁའི་སྙིང་པོ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུའི་ཡང་དག་འབྱུང་བ་ནི་དེ་
ལྟར་འབྱུང་བའོ། །རྡོ་རྗེ་རིན་ཆེན་བསྣམས་པ་ནི་ནོར་བུ་རིན་པོ་ཆེ་བསྣམས་པའོ། །དགེ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པར་བྱང་བའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་ཐོག་མ་འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ནམ་མཁའི་སྙིང་པོ་ནི་བདུད་བཞི་བཅོམ་
པས་ན་བཅོམ་ལྡན་འདས་སོ། །ད་ལྟར་བྱུང་བའི་ཚུལ་གྱིས་རྟག་ཏུ་ཞུགས་པས་ན་ཐོག་མའོ། །མཛོད་སྤུ་ཀུན་གྱི་གནས་ན་བཞུགས། །ཞེས་བྱ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐྱེས་བུ་ཆེན་པོའི་མཛོད་སྤུ་ནི་མཛོད་སྤུ་ཀུན་ནོ། །དེའི་གནས་ནི་ཐིག་ལེའི་ཕྱོགས་མཛོད་སྤུའི་གནས་སུ་གྱུར་
པའོ། །དེར་ཡང་དག་པར་གནས་པ་ནི་དེ་ན་གནས་པའོ། །གང་གི་སྟོབས་ཀྱིས་ན་མཛོད་སྤུ་ཐམས་ཅད་ཀྱི་གནས་སུ་ཡང་དག་པར་གནས་ཤེ་ན། ཏིང་འཛིན་ལ་ནི་རྣམ་གཟིགས་པས། །འཇིག་རྟེན་དབང་ཕྱུག་བདག་པོ་ཉིད། །ཅེས་བྱ་བ་གསུངས་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་

པར་དག་པའོ་ཞེས་སོ་སོར་རྟོག་པ་ནི་རྣམ་པར་གཟིགས་པས་སོ། །རྣམ་པར་གཟིགས་པ་དེ་ལས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ངེས་པར་བསྐྱེད་པའོ། །ཏིང་ངེ་འཛིན་དེ་ལས་ནི་གཙོ་བོ་འཇིག་རྟེན་དབང་ཕྱུག་ཉིད་དེ་དེས་བདག་པོར་གྱུར་པ་ཉིད་ནི་རིགས་ཐམས་ཅད་ཀྱི་རྒྱལ་པོ་ཉིད་དོ། །དེ་བས་ན་
འཇིག་རྟེན་དབང་ཕྱུག་ཉིད་ཀྱི་བདག་པོ་ཉིད་དུ་གྱུར་པས་ན་བཅོམ་ལྡན་འདས་སྤྱི་གཙུག་ཀུན་གྱི་གནས་ན་ཡང་དག་པར་ཞུགས་པ་ཡིན་ནོ། །དེར་ཞུགས་ནས་ཅི་ཞིག་མཛད་ཅེ་ན། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་
པའོ། །སྲས་བཅས་ནི་བྱམས་པ་ལ་སོགས་པའོ། །རྡོ་རྗེ་འཆང་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་ལྟ་བུའི་སངས་རྒྱས་ཐམས་ཅད་དང་རྡོ་རྗེ་འཆང་ཆེན་པོ་ནི་མཆོག་སྟེ་དམ་པའོ། །རྡོ་རྗེ་རིན་ཆེན་དེ་ཡིས་ནི་ཕྱག་ན་གནས་པའི་རྡོ་རྗེ་རིན་ཆེན་དེས་སོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་
པར་གཟུང་བ་སྟེ། རྡོ་རྗེ་རིན་ཆེན་དེ་ཉིད་ཀྱིས་སོ། །དེ་ཚེ་དེ་ལ་དབང་བསྐུར་རོ། །ཞེས་བྱ་བ་ནི་དུས་དེའི་ཚེ་དབང་བསྐུར་བར་གྱུར་པའོ། །ཅིའི་ཕྱིར་ཞེ་ན། རིགས་ཀུན་གྱིས་དབང་བསྐུར་ཕྱིར་དང་། །ཞེས་བྱ་བ་གསུངས་ཏེ་རིགས་ཀུན་ནི་ནོར་བུའི་རིགས་རྣམས་སོ། །དེ་ནས་དབང་བསྐུར་བ་ནི་
རིགས་ཀུན་གྱིས་དབང་བསྐུར་བ་སྟེ་དེའི་འོག་ཏུའོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་རིན་པོ་ཆེའི་རིགས་ཀྱི་ངོ་བོར་སྐྱེད་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་རིན་པོ་ཆེའི་རིགས་དེར་སྐྱེས་པ་ལ་དགོས་པ་ཅི་ཡོད་ཅེ་ན། བསམ་པ་ཐམས་ཅད་
རྫོགས་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། རིག་འཛིན་ལ་སོགས་པའི་དངོས་གྲུབ་ལ་སྲེད་པ་སྐྱེ་བ་ནི་གདུལ་བྱ་རྣམས་ཀྱི་བསམ་པ་ཐམས་ཅད་དེ་དེ་ཡོངས་སུ་རྫོགས་པ་ནི་རིག་འཛིན་ལ་སོགས་པའི་དངོས་གྲུབ་ཐོབ་བོ། །དོན་དེའི་ཕྱིར་དབང་བསྐུར་བ་དེས་སངས་རྒྱས་སྲས་དང་བཅས་པ་ཐམས་
ཅད་དང་རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་ཞིང་རིན་པོ་ཆེའི་རིགས་ཀྱི་རང་བཞིན་དུ་མཛད་པས་ན། ཀུན་མཆོག་ཀུན་ལ་དབང་བསྐུར་ནས། །ཤིས་པར་བརྗོད་པ་འདི་གསུངས་སོ། །ཞེས་བྱ་བ་དང་། ཨོཾ་སརྦ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་གསུངས་པ་ཡིན་ནོ། །དེ་ནས་བཟང་པོ་འདི་

གསུངས་ཤིང་། །ལེགས་པར་ཤིས་བརྗོད་དབང་བསྐུར་བས། །ཞེས་བྱ་བ་ནི་སྙིང་པོ་བཟང་པོ་འདི་གསུངས་པའི་རྗེས་ཐོགས་ཉིད་ལ་ཤིས་པ་བརྗོད་པའི་རང་བཞིན་ཅན་གྱི་དབང་བསྐུར་བའི་རྒྱུད་ནས་དབང་བསྐུར་བའོ། །རྡོ་རྗེ་རིན་ཆེན་དེ་ལས་ཞེས་བྱ་བ་ནི་བཅོམ་ལྡན་
འདས་ནམ་མཁའི་སྙིང་པོའི་ཕྱག་ན་གནས་པ་དེ་ལས་སོ། །ཆོས་ཀྱི་གཙོ་བོ་འབྱུང་བར་འགྱུར། །ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ནི་ཆོས་སོ། །དེ་ལས་བྱུང་བ་དང་དེ་སྟོན་པར་བྱེད་པ་དང་། དེ་ཐོབ་པར་བྱ་བའི་དབང་བསྐུར་བ་ལ་སོགས་པའི་སེམས་དཔའ་ནི་ཆོས་ཀྱི་གཙོ་བོ་སྟེ། དེ་དག་
སྙིང་པོ་འདི་གསུངས་པའི་རྗེས་ཐོགས་ཉིད་ལ་དེ་ལས་བྱུང་བ་ཡིན་ནོ། །བྱུང་ནས་དེ་རྣམས་ཀྱིས་ཅི་ཞིག་མཛད་ཅེ་ན་བྱུང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་གཙོ་བོ་དེ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་ཆེན་པོ་དེ་ལས་བྱུང་ནས་འགྲོ་བ་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་དང་རིན་
པོ་ཆེའི་རིགས་ཀྱི་རང་བཞིན་དུ་བསྐྱེད་པར་དབང་བསྐུར་རོ། །ཇི་ལྟར་ཞེ་ན་ཅི་རིགས་པར་ནི་ཞེས་བྱ་བ་སྨོས་ཏེ། ཕྱོགས་བཅུར་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་བསྐྱེད་ནས། དེ་རྣམས་དཀྱིལ་འཁོར་དུ་བཅུག་པའི་ཆོ་གས་བཅུག་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །འགྲོ་བ་ཐམས་ཅད་དབང་
བསྐུར་བ་ཇི་ཙམ་གྱིས་དབང་བསྐུར་ཞེ་ན། རྡོ་རྗེ་ཀུན་གྱི་དབང་བསྐུར་བས། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཀུན་ནི་འཕགས་པ་ནམ་མཁའི་སྙིང་པོ་ལ་སོགས་པའི་ནོར་བུའི་རིགས་ཀྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་དབང་བསྐུར་བ་ནི་དབང་བསྐུར་བ་ཐམས་ཅད་དེ། དེ་རྣམས་རྫོགས་པར་བྱ་བ་
ཉིད་དུ་གྱུར་པའོ། །སླར་ཡང་དཀྱིལ་འཁོར་ཚུལ་གྱིས་བཞུགས། །ཞེས་བྱ་བ་ནི་དེ་ལྟར་རྡོ་རྗེ་རིན་པོ་ཆེ་དེ་ལ་སོགས་པ་ཆོས་ཀྱི་གཙོ་བོ་དེ་རྣམས་བྱུང་ནས་སེམས་ཅན་གྱི་དོན་མཛད་དེ་ཕྱོགས་བཅུ་ནས་སླར་བྱོན་ཏེ་དཀྱིལ་འཁོར་གྱི་ཚུལ་གྱིས་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོས་
བསྐོར་ནས་ཞུགས་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྷ་མོའི་དཀྱིལ་འཁོར་གྱི་ཚུལ་གྱིས་འདོད་ཆགས་ཀྱིས་འདོད་ཆགས་སྤངས་པའི་གདུལ་བྱ་རྣམས་ཀྱི་དོན་མཛད་ནས་གཏི་མུག་ཟིལ་གྱིས་གནོན་པའོ། །སེམས་ཅན་གྱི་ཁམས་རྣམས་ལ་འཇིག་རྟེན་

དབང་ཕྱུག་ཏུ་གྱུར་ནས་སོ་སོར་རྟོག་པ་མཛད་པ་ཡིན་ནོ། །དེ་ནས་སེར་སྣའི་གཉེན་པོར་གྱུར་པ་ནོར་བུའི་རིགས་ནི་ཉི་མ་དང་ཟླ་བ་དང་། སྐར་མའི་གཟུགས་ཅན་གྱི་ནམ་མཁར་གྱུར་པ་རྡོ་རྗེ་རིན་ཆེན་བསྐྱེད་དེ་དེ་ལས་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་སྐུར་ཞུགས་ནས་དེ་ཐམས་
ཅད་མཛད་དེ་རང་གི་སྙིང་པོ་གསུངས་ནས་ཉིད་ཀྱི་ཕྱག་ན་གནས་པའི་རྡོ་རྗེ་རིན་པོ་ཆེ་ལས་རང་གི་དཀྱིལ་འཁོར་གྱི་ལྷའི་ངོ་བོར་གྱུར་ནས་དེས་སེམས་ཅན་གྱི་ཁམས་ཐམས་ཅད་ནོར་བུའི་རིགས་སུ་བཅུག་ནས། ནོར་བུའི་རིགས་ལས་ནོར་བུའི་རིགས་ཀྱི་རང་བཞིན་དུ་མཛད་ནས་སླར་བྱུང་སྟེ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཐིག་ལེའི་གནས་སུ་བཞུགས་ནས་དེ་ཐམས་ཅད་མཛད་དོ། །ཡང་ནོར་བུའི་རིགས་ཀྱི་ལྷའི་ཚུལ་གྱིས་ཕྱོགས་བཅུ་ནས་བྱོན་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་པ་ཡིན་ནོ། །དེ་ལྟར་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་གྱིས་ཀྱང་བཞུགས་པ་ཡིན་ནོ་ཞེས་བྱ་བའི་
བར་གྱི་བཤད་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་གསུམ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་
ཞེས་བྱ་བའི་ཆོ་ག་བསྟན་པའི་ཕྱིར། །བདེ་གཤེགས་ཀུན་གྱིས་བྱིན་བརླབས་པས། །ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་འབྱུང་བའི་རྒྱུར་གྱུར་པ་དང་།
རྡོ་རྗེ་རིན་ཆེན་གྱིས་ཉེ་བར་མཚན་པ་ཡིན་པའི་ཕྱིར་རྡོ་རྗེ་རིན་ཆེན་ནི་འཕགས་པ་ནམ་མཁའི་སྙིང་པོའོ། །འདིའི་གོང་ན་མཆོག་ཏུ་གྱུར་པ་གཞན་མེད་པས་བླ་ན་མེད་པའོ། །བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ།
རྟོག་པ་དེ་གསུངས་པ་ཡིན་ནོ། །རྟོག་པ་དེ་གསུངས་པ་གང་ཡིན་ན་རྟོག་པ་འདིའི་ལས་ཅི་ཞིག་ཡིན་ཞེ་ན། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །དབང་ཕྱུག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དབང་ཕྱུག་ཆེན་པོ་སྟེ་ཁམས་

གསུམ་པའི་ཆོས་ཀྱི་རྒྱལ་པོ་ནོར་བུའི་རིགས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་བའོ། །དེའི་ངོ་བོ་ཉིད་ཡིན་པས་ན་དབང་ཕྱུག་ཆེན་པོའོ། །ཤིན་ཏུ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཤིན་ཏུ་དབང་ཕྱུག་ཆེན་པོའོ། །དེ་ཡོངས་སུ་རྫོགས་པར་གྱུར་པ་ནི་དངོས་
གྲུབ་མཆོག་སྟེ། དེ་སྩོལ་བར་མཛད་པས་ན་ཤིན་ཏུ་དབང་ཕྱུག་ཆེན་པོའི་དངོས་གྲུབ་མཆོག་སྩོལ་ཏོ། །ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པ་དང་། བསྒྲུབ་པར་བྱ་བའི་རྟོག་པ་ཞེས་བྱའོ། །དེ་གསུངས་པ་ནི་རྟོག་པ་དེ་བཀའ་སྩལ་པའོ། །དཀྱིལ་འཁོར་ཆེན་པོ་ནི་རྡོ་རྗེ་
སེམས་དཔའ་ཕྱིའི་དཀྱིལ་འཁོར་རོ། །གང་གི་ཕྱི་རོལ་དེ་དང་འདྲ་བ་དེ་ཕྱིའི་དཀྱིལ་འཁོར་ཆེན་པོ་སྟེ་ཞེས་བྱའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། ཕྱི་རོལ་ནི་དཀྱིལ་འཁོར་ཆེན་པོ་དང་འདྲ་བ་ཉིད་ཡིན་ནོ། །ནམ་མཁའི་འཁོར་ལོར་ཞེས་བྱ་བ་ནང་གི་དཀྱིལ་འཁོར་ཆེན་པོ་ནམ་
མཁའ་དང་འདྲ་བ་ལ་ནོར་བུའི་དབྱིབས་ཟུར་བརྒྱད་པ་དང་འདྲ་བར་འདུག་པའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའི་མདོག་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་མདོག་ནི་བཻ་ཌཱུརྱའི་མདོག་སྟེ་མདོག་སྔོན་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཉི་མ་དང་ཟླ་བ་ནི་ཉི་མའི་དཀྱིལ་འཁོར་དང་། ཟླ་བའི་
དཀྱིལ་འཁོར་གྱིས་སོ། །སྐར་མ་དང་གཟའ་རྣམས་ཀྱིས་བརྒྱན་པར་བྲི་ཞེས་བྱ་བ་ནི་ནམ་མཁའི་ངོས་ལ་ཤར་ཞིང་འཇིག་རྟེན་ན་གྲགས་པའི་སྐར་མ་དང་གཟའ་རྣམས་ཀྱིས་ཀྱང་བརྒྱན་ཅིང་མཛེས་པར་བྱ་བའི་ནམ་མཁའི་དཀྱིལ་འཁོར་དེ་ཡང་དག་པར་བྲི་བར་བྱའོ། །དེའི་དབུས་ཞེས་བྱ་བ་ནི་
དབུས་ནི་དཀྱིལ་འཁོར་གྱི་ལྟེ་བའི་དབུས་སུའོ། །ནམ་མཁའི་སྙིང་པོ་ནི་ཞེས་བྱ་བ་ནི་འཕགས་པ་ནམ་མཁའི་སྙིང་པོའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་ནམ་མཁའི་སྙིང་པོ་ཉིད་དོ། །བདག་ཉིད་ཐམས་ཅད་དགྱེས་པར་གཞག །ཅེས་བྱ་བ་ནི་བདག་ཉིད་ཀྱང་ཡིན་ལ་ཐམས་ཅད་
ཀྱང་ཡིན་པས་ན་བདག་ཉིད་ཐམས་ཅད་དེ། བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོའི་སྐུ་ཐམས་ཅད་དོ། །དེ་ལ་དགྱེས་པ་ནི་ཡིད་བདེ་བ་དང་ལྡན་པ་གང་ཡིན་པ་དེ་ལ་བདག་ཉིད་ཐམས་ཅད་དགྱེས་པ་ཞེས་བྱ་བ་སྟེ། དེ་གཞག་ཅིང་དགོད་པར་བྱའོ། །དག་པའི་བཻ་ཌཱུརྱའི་མདོག་

འདྲ་བ། །ཞེས་བྱ་བ་ནི་རིན་པོ་ཆེ་བཻ་ཌཱུརྱ་ནག་ནོག་གི་དྲི་མ་ཐམས་ཅད་དང་བྲལ་བ་ནི་དག་པའི་བཻ་ཌཱུརྱ་སྟེ། དེ་དང་འདྲ་བའི་མདོག་འདི་ལ་མངའ་བས་ན། དག་པའི་བཻ་ཌཱུརྱའི་མདོག་འདྲ་བ། །ཞེས་བྱའོ། །ཡང་། དེ་ཡི་འོད་ཟེར་འབར་བ་སྣ་ཚོགས་འཁུག །ཅེས་བྱ་སྟེ། གང་གི་
འོད་ཟེར་ཁ་དོག་སྣ་ལྔ་པས་སྣ་ཚོགས་དེ་ཉིད་ཀུན་དུ་འཁྲུག་ཅིང་ཕན་ཚུན་ཁྱབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དེ་ཉིད། གཡོན་པས་རིན་ཆེན་ཐུགས་ཀར་སྟོད། །ཅེས་བྱ་བ་ཕྱག་གཡོན་པས་རྡོ་རྗེ་རིན་ཆེན་གྱི་ཐུགས་ཀའི་ཕྱོགས་སུ་སྟོད་པའི་ཚུལ་གྱིས་བསྣམས་པ་འདི་ལ་
མངའ་བས་ན། གཡོན་པས་རིན་ཆེན་ཐུགས་ཀར་སྟོད། །ཅེས་བྱ་བ་ལ། གཡས་པས་ནོར་ཆེན་རབ་སྩོལ་བ། །ཞེས་བྱ་བ་དེ་ཕྱག་གཡས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པའི་ནོར་འདོད་པ་རྣམས་ལ་ནམ་མཁའ་ཁྱབ་པའི་ནོར་སྩོལ་བ་འདི་ལ་མངའ་བས་ན་དེ་སྐད་ཅེས་
བྱའོ། །དེའི་ཞེས་བྱ་བ་ནི་ནམ་མཁའི་སྙིང་པོའོ། །ངོས་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུའོ། །སེམས་ཅན་མཆོག་ཅེས་བྱ་བ་ནི་སེམས་དཔའི་དམ་པ་ཡིན་ནོ། །བཞི་པོ་གཟུངས་བཅས་དམ་པ་ཞེས་བྱ་བ་ནི་སེམས་དཔའ་མཆོག་བཞི་པོ་རང་གི་རིག་པའི་ལྷ་མོ་དང་བཅས་པ་དམ་པར་གྱུར་ཅིང་
ཕུལ་དུ་བྱུང་བ་དགོད་པར་བྱའོ། །དབང་བསྐུར་བ་དང་ཞེས་བྱ་བ་ནི་གོ་བར་ཟད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཚུལ་གྱི་ཆོ་ག་རྒྱས་པ་ཇི་བཞིན་བྱ་ཞེས་ཤུགས་ཀྱི་སྦྱང་བར་བྱ་སྟེ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་
བྲིས་ལ་སྒོ་དབྱེ་བ་བྱས་ནས་བསྡུ་བར་བྱའོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ལ། སྤྱན་དྲང་བའི་ཕྱག་རྒྱས་སྤྱན་དྲངས་ནས་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་སྡོམ་པ་བླངས་ཏེ། འཇུག་པའི་ཕྱག་རྒྱ་བཅིངས་ནས་བདག་ཉིད་དབང་བསྐུར་
བར་བྱ་བ་འདི་ནི་འདིར་ཆོ་ག་རྒྱས་པ་ཡིན་ནོ། །ནོར་བུའི་ཁུ་ཚུར་གྱིས་ཞུགས་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོང་གཉིས་མཉམ་པོར་གཞིབས་ཏེ་མཐེ་བོང་གཉིས་ཀྱི་རྩེ་མོ་ལ་མཛུབ་མོ་གཉིས་ཀྱི་གདོང་གཞག་པ་འདི་ནི་ནོར་བུའི་ཁུ་ཚུར་ཏེ་དེ་ལྟ་བུའི་ནོར་བུའི་ཁུ་ཚུར་གྱིས་ཞུགས་པའོ། །

ནམ་མཁའ་ལས་བྱུང་ཞེས་བྱ་བ་ནི་ནམ་མཁའི་སྙིང་པོ་ནི་ནམ་མཁའ་སྟེ། དེ་ལས་བྱུང་བའི་དམ་ཚིག་ནི་ནམ་མཁའ་ལས་བྱུང་བའོ། །ནམ་མཁའ་ལས་བྱུང་བའི་དམ་ཚིག་དེ་མཆོག་ཡིན་པས་ན་དམ་པའོ། །ཞུགས་ནས་དམ་ཚིག་བརྗོད་པར་བྱ། །ཞེས་བྱ་བ་ནི་དཀྱིལ་
འཁོར་དུ་ཞུགས་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱོད་ནི་ནམ་མཁའ་ལས་བྱུང་བ། །ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་ནམ་མཁའ་སྟེ་དེ་ལས་ཁྱོད་བྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཀྱི་ནི་ལྔ་པ་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་
དང་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་པདྨའི་རིགས་ནི་ཐམས་ཅད་དེ་དེའི་ལྔ་པ་ཞེས་བྱ་བ་ལྔ་པའི་གྲངས་བཀོད་པར་བྱེད་པའོ། །ཨོཾ་སིདྡྷི་ཧཱུཾ་བྷུ་ཞེས་བྱ་བ་ནི་སའི་འཇིག་རྟེན་གྱི་རང་བཞིན་གྱི་དངོས་གྲུབ་ཀྱི་བར་རོ། །བྷུ་བ་ཞེས་བྱ་བ་ནི་བར་སྣང་གི་དངོས་གྲུབ་ཀྱི་བར་དུའོ། །ས་ཞེས་བྱ་བ་ནི་
མཐོ་རིས་ཀྱི་འཇིག་རྟེན་གྱི་ངོ་བོ་ཉིད་ཀྱི་དངོས་གྲུབ་ཀྱི་བར་རོ། །བཛྲ་རཏྣ་ཞེས་བྱ་བ་ནི་འཕགས་པ་ནམ་མཁའི་སྙིང་པོ་འདི་དབང་བསྐུར་བའི་རིན་པོ་ཆེའི་འབྱོར་པ་དང་ལྡན་པའི་ལྷ་མོའི་རང་བཞིན་གྲུབ་པས་སོ། །བཱ་བཱ་ཞེས་བྱ་བ་ནི་གཏེར་གྱི་རིན་ཆེན་དཔལ་གྱི་ལྷ་མོ་གྲུབ་པས་སོ། །ཌ་
ཌ་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་ནོར་བུ་ཆེན་པོའི་ཕུན་སུམ་ཚོགས་པའི་ལྷ་མོ་གྲུབ་བོ། །ཏཾ་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་བླ་ན་མེད་པ་ཞེས་བྱ་བའི་མཆོད་པའི་ལྷ་མོའི་རང་བཞིན་གྲུབ་པས་ཀྱང་གྲུབ་པར་མཛོད་ཅེས་གསོལ་བ་འདེབས་སོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་
དམ་ཚིག་གི་སྔགས་སོ། །བཟླས་པ་ཙམ་གྱིས་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་སྟེ། མཚན་ཐོག་ཐག་བཟླས་པ་མ་ཡིན་པས་སོ། །ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི་ནམ་མཁའི་སྙིང་པོ་ལ་སོགས་པའི་དངོས་གྲུབ་རྣམས་ནི་དངོས་གྲུབ་ཐམས་ཅད་དེ་དངོས་གྲུབ་དེ་ཐམས་ཅད་ལའོ། །ཕུན་
སུམ་ཚོགས་པ་ཀུན་ལའང་ཤིན་ཏུ་ནི། །ཞེས་བྱ་བ་ནི་རིག་པའི་ལྷ་མོ་རྣམ་པ་སྣ་ཚོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རྣམས་ནི་ཕུན་སུམ་ཚོགས་པ་ཀུན་ཏེ་དེ་རྣམས་ལ་ཤིན་ཏུ་ཞེས་བྱ་བ། མཉམ་པར་གྲུབ་འགྱུར་འདི་ནི་ཐེ་ཚོམ་མེད། །

ཅེས་བྱ་བ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་གྲུབ་པར་གྱུར་པའོ། །དེ་ནས་ནོར་བུའི་ཁུ་ཚུར་ཆེན་པོ་གཡས་པའི་ལྕགས་ཀྱུས་དགུག་པར་བྱའོ་ཞེས་བྱ་བའི་དཀྱིལ་འཁོར་བྲིས་ནས་སྒོ་དབྱེ་བ་བྱས་ལ་བསྡུ་བ་བྱ་བ་དང་། མཚན་བརྒྱ་རྩ་བརྒྱད་པའི་རྗེས་ཐོགས་ཉིད་ལའོ། །དེ་
ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དགུག་པར་བྱས་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་བྱོན་ནས་དོན་ཞེས་བྱ་བ་ནོར་བུའི་རིགས་ཆེན་པོའི་རང་བཞིན་ནམ་མཁའི་སྙིང་པོ་གྲུབ་པར་གྱུར་པ་ནི་ནོར་བུའི་རིགས་ཆེན་པོ་གྲུབ་པར་གྱུར་པའི་ཚུལ་གྱིས་འགྲུབ་པར་གྱུར་པའོ། །དེ་ཁོ་
ན་ཉིད་མཆོག་གི་སྙིང་པོས་ལན་ཅིག་ཅེས་བྱ་བ་ནི། ཁྱེད་ནི་ནམ་མཁའ་ལས་བྱུང་བ། །ཐམས་ཅད་ཀྱི་ནི་ལྔ་པ་ཡིན། །ཞེས་བྱ་བ་ནས། བྷ་བ་ད་ཧ་ཏྲཾ་ཞེས་བྱ་བའི་བར་ནི་དེ་ཁོ་ན་ཉིད་ཀྱི་མཆོག་གི་སྙིང་པོ་སྟེ། དེ་སློབ་དཔོན་གྱིས་སློབ་མ་དཀྱིལ་འཁོར་དུ་ཞུགས་པ་ན་ལན་ཅིག་ཟློས་
སུ་གཞུག་གོ། །དེ་ནས་འབྱོར་པའི་མཆོག་ཅེས་བྱ་བ་ནི་ལྷ་མོའི་འབྱོར་པའི་རང་བཞིན་ནོ། །རྟག་པར་བརྟན་པའི་དཔལ་ནི་ལྷ་མོ་དཔལ་མོའི་རང་བཞིན་ནོ། །ཕུན་སུམ་ཚོགས་པ་ནི་ལྷ་མོ་ཤིན་ཏུ་ཕུན་སུམ་ཚོགས་པའི་རང་བཞིན་ནོ། །མཆོད་པ་ཆེན་པོ་ནི་ལྷ་མོ་མཆོད་པའི་རང་བཞིན་
ནོ། །དངོས་གྲུབ་རྣམས་ནི་ནམ་མཁའི་སྙིང་པོ་ལ་སོགས་པའི་རང་བཞིན་ནོ། །མཆོག་ནི་དམ་པའོ། །ཐོབ་ཅེས་བྱ་བ་ནི་སློབ་མ་རྣམས་ཀྱིས་འཐོབ་པར་འགྱུར་བའོ། །བདེ་བར་གཤེགས་པ་ཤིན་ཏུ་ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ནོར་བུའི་རིགས་
ཆེན་པོའི་དངོས་གྲུབ་བརྙེས་པ་དེ་བཞིན་དུ་སློབ་མ་དཀྱིལ་འཁོར་དུ་བཅུག་ནས་དམ་ཚིག་གི་སྔགས་བཟླས་ན་འཐོབ་པའོ། །ཡང་འདིའི་དོན་བརྗོད་པར་བྱ་སྟེ་གནས་དང་བདག་བསྲུང་བ་བྱས་ན་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་མངོན་
སུམ་དང་འདྲ་བ་མདུན་དུ་བསྐྱེད་ལ། གལ་ཏེ་འབྱོར་ན་མེ་ཏོག་ལ་སོགས་པ་དངོས་སུ་མཆོད་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ་ལ་སོགས་པ་ནས་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་

བཅིངས་པའི་བར་གྱི་ཕྱག་རྒྱ་བཅིང་བ་ཐམས་ཅད་བྱའོ། །དེ་ནས་སྡིག་པ་དྲལ་བའི་བར་གྱི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་བཟླས་པར་བྱ་བའི་སྔགས་ཡིད་ཀྱིས་བྲིས་ནས་དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་
ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་རང་གི་ལྷའི་སྙིང་པོ་དེ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ་ལས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་བསམ་པར་བྱའོ། །དེའི་སྟེང་དུ་ཡང་རང་གི་སྙིང་པོ་ཀ་ལ་སོགས་པ་ནས་ཀྵའི་བར་གྱི་གསལ་བའི་ཡི་གེ་དང་བཅས་པ་ལ་ཟླ་
བའི་དཀྱིལ་འཁོར་གཉིས་པའོ། །ཡང་དེ་རང་གི་སྙིང་པོ་དང་བཅས་པ་ལ་དང་པོའི་རྡོ་རྗེ་དེ་ཉིད་རང་གི་ལྷའི་མཚན་མའི་ཕྱག་རྒྱའི་གཟུགས་སུ་བསམ་པར་བྱའོ། །རང་གི་ལྷའི་མཚན་མའི་ཕྱག་རྒྱའི་ནང་དུ་རང་གི་ཕྱག་རྒྱའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་སེམས་དཔར་བྱིན་གྱིས་རློབ་
པའི་སྦྱོར་བས་རང་གི་ལྷའི་ཕྱག་རྒྱ་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ་ཡང་རང་གི་ལྷའི་སྙིང་པོ་ཟློས་ཤིང་རྡོ་རྗེ་སེམས་དཔར་རང་གི་ལྷའི་སྐུར་བསྒོམ་པར་བྱའོ། །དེ་ནས་ས་མ་ཡ་ཧོ་ཧཾ་ཞེས་བརྗོད་དོ། །དེ་ནས་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ས་མ་ཡ་ཧཾ་ཞེས་བརྗོད་དོ། །
ཡང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བརྗོད་ཅིང་སྙིང་ག་དང་དཔྲལ་བ་དང་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་རང་གི་ལྷའི་སྙིང་པོ་ཨའི་མཐའ་ཅན་བརྗོད་ནས་མདུན་དུ་སྣ་ཚོགས་པདྨ་ལ་རང་གི་ལྷའི་མཚན་མའི་ཕྱག་རྒྱ་
བསམས་ལ་སྙིང་པོ་དེ་ཟློས་ཤིང་ཕྱག་རྒྱའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་པོ་བརྗོད་དེ། ཕྱག་རྒྱ་དེ་རང་གི་ལྷའི་སྐུར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེར་རིན་ཆེན་ལྕགས་ཀྱུ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་རང་གི་ལྷ་དགུག་པ་དང་། གཞུག་པ་དང་བཅིང་
བ་དང་དབང་དུ་བྱས་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་དང་རང་གི་སྙིང་པོ་བརྗོད་ཅིང་དྲྀ་ཤྱ་ཞེས་ཀྱང་བརྗོད་ལ་བལྟ་བར་བྱའོ། །དེ་ནས་དྲིལ་བུ་དང་སྤྱན་དྲང་བའི་ཕྱག་རྒྱས་སྤྱན་དྲངས་ལ་རང་གི་ལྷ་རང་གི་སྔགས་ཀྱིས་རང་གི་ལུས་ལ་བཅུག་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ས་མ་ཡ་སྟྭཾ་

ཞེས་བརྗོད་ཅིང་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ས་མ་ཡ་སྟྭཾ་ཨ་ཧཾ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་དང་རང་གི་ལྷའི་སྙིང་པོའི་མཐར་ལན་གསུམ་བརྗོད་ལ་རང་གི་ལྷར་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་རང་གི་སྙིང་གའི་ཟླ་བར་ཡིད་ཀྱིས་ཞུགས་ལ་རྡོ་རྗེ་འཁོར་
ལོའི་ཕྱག་རྒྱ་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་བསྐྱེད་ལ་འཇུག་པའི་ཆོ་གས་མེ་ཏོག་གི་ཕྲེང་བ་བླངས་ཏེ་ཞུགས་ནས་རང་གི་མགོ་བོར་མེ་ཏོག་གི་ཕྲེང་བ་དོར་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་པའི་བར་གྱི་ཆོ་ག་རྣམས་བྱས་ལ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་
པའི་ནོར་བུའི་རིགས་ཆེན་པོའི་རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་བའི་བར་གྱི་རང་གི་ཆོ་ག་རྣམས་རྗེས་སུ་སྤྱད་དེ་སྔ་མ་བཞིན་དུ་སྙིང་པོ་གསུམ་བརྗོད་ནས་
དོན་གསུམ་རྣམ་པར་བསྒོམ་སྟེ། རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་བཟླས་པར་བྱ་བའི་སྙིང་པོ་ཡིད་ཀྱིས་བྲིས་ལ། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་བདག་པོ་མཆོག །རྡོ་རྗེ་སྙིང་ཁྱོད་བདག་གྱུར་ཅིག །ཅེས་བརྗོད་ལ་ཉིན་རེ་བྱ་བའི་སྦྱོར་བས་ལྷ་ཐམས་
ཅད་ཀྱི་བཟླས་བརྗོད་འབུམ་འབུམ་བྱའོ། །དེ་ལྟར་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །ཡང་ན་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་རང་གི་སྙིང་གར་དཀྱིལ་འཁོར་སྤྲུལ་ལ་ལྷ་ཐམས་ཅད་ཀྱི་སྙིང་པོ་ཟློས་ཤིང་ཡིད་ཀྱིས་བཀོད་ལ་སྔ་མ་བཞིན་དུ་སྙིང་པོ་གསུམ་ཟློས་ཤིང་དོན་གསུམ་བསྒོམས་ལ་
བདག་ནི་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ཟླ་བ་ལ་རྡོ་རྗེ་རིན་པོ་ཆེ་དེར་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོ་ཡིད་ཀྱིས་བྲིས་ལ། དེ་ཉིད་ཟློས་ཤིང་དོན་དམ་པར་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་
ཇི་སྲིད་ཉིན་རེ་ཞིང་དཀྱིལ་འཁོར་གྱི་རང་བཞིན་དུ་བདག་ཉིད་བསྒོམ་པའི་དུས་སུ་མངོན་སུམ་ཉིད་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟ་བུས་ནི་ལྷག་པར་ཡང་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ་ཡང་ཞག་

བདུན་བསྒོམ་པར་བྱའོ། །དེ་ནས་ཉིན་རེའམ་ཟླ་བ་རེ་རེར་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་དང་པོར་ཁྱེད་རེ་ཞིག་ཡོ་བྱད་ཐམས་ཅད་དང་ལྡན་པས་མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ། རྡོ་རྗེ་མེ་ལྟར་འབར་བར་སྙོམས་པར་འཇུག་པ་
ལས་ལངས་ཏེ། བགེགས་བསལ་བ་ལ་སོགས་པ་བྱས་ལ་མཆོད་པ་རྣམ་པ་ལྔ་དང་མཆོད་ཡོན་དང་ལས་ཐམས་ཅད་པའི་ཆུ་སྣོད་ལ་བཟླས་བརྗོད་བྱས་ནས་རྡོ་རྗེ་ལས་ནོར་བུ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་སྤྲུལ་ལ་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་
སྟེ། སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་ནས་ཇི་ལྟ་བ་བཞིན་དུ་རི་རབ་བསྐྱེད་དེ། དེའི་སྟེང་དུ་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་བསྐྱེད་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་སྔར་བཤད་པའི་
སྤྲོ་བ་བསྐྱེད་པ་ལ་སོགས་པའི་ཆོ་ག་རྣམས་བྱས་ལ། ལུས་ཐམས་ཅད་ཀྱིས་ཕྱག་བྱས་ནས་ཏིང་ངེ་འཛིན་གསུམ་པོ་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་སྙིང་པོ་ཟློས་ཤིང་། དབང་ཕྱུག་ཆེན་པོ་དངོས་གྲུབ་
མཆོག །རྟོག་པ་ཐམས་ཅད་བཤད་དུ་གསོལ། །ཞེས་བྱ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་རང་གི་དམ་ཚིག་གི་ཕྱག་རྒྱས་རང་གི་སྙིང་པོ་ཟློས་ཤིང་དཀྱིལ་འཁོར་
བཏེག་ལ་བར་སྣང་གི་ཕྱོགས་སུ་བཞག་ནས་དེ་ཉིད་དང་རང་གི་སྙིང་པོས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བདག་ཉིད་བྱིན་གྱིས་བརླབས་ནས་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཛྲ་དྲྀཥྚ་མ་ཊ་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། ཨ་ཞེས་བྱ་བ་ལས་རང་གི་
རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་བསམས་ལ་རྐང་མཐིལ་གཉིས་ཀྱིས་མནན་པའི་རི་རབ་ཀྱི་སྟེང་ནས་བརྩམས་ཏེ། ས་གཞི་གཏན་པ་ལ་ཐུག་གི་བར་དུ་རྡོ་རྗེའི་རང་བཞིན་དུ་འགྱུར་རོ། །ཕྱག་རྒྱ་ལ་གནས་དེ་བཞིན་གནས། །ཀུན་དུ་རྣམ་པར་བལྟས་ནས་ནི། །སྙིང་པོ་ཀུན་ཏུ་

ཟློས་བྱེད་ཅིང་། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །ལྷག་མ་རྣམས་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ནོར་བུ་མཆོད་པའི་གཟུགས་ཅན་རྡོ་རྗེ་ལས་ལྟ་བུའི་སྒྲུབ་པའི་གྲོགས་མཆོག་རང་གི་སྙིང་ག་ནས་ཡིད་ཀྱིས་ཕྱུང་ལ་སྔར་བཤད་པའི་ཆོ་གས་ཕྱིའི་དཀྱིལ་
འཁོར་ཐིག་གདབ་པར་བྱའོ། །དེ་ནས་དུམ་བུ་དང་པོ་ལས་བཤད་པའི་ཐིག་གདབ་པའི་ཆོ་གས་ནང་གི་དཀྱིལ་འཁོར་ནོར་བུ་ཟུར་བརྒྱད་པའི་དབྱིབས་ཅན་ནོར་བུའི་ཀ་བ་བརྒྱད་དང་ལྡན་པ། རིན་པོ་ཆེའི་མྱུ་གུས་ཡོངས་སུ་བསྐོར་བ་རྡོ་རྗེ་རིན་པོ་ཆེའི་ར་བ་དང་རྩེ་མོ་དང་ལྡན་པའི་ཐིག་ལེགས་པར་
བཏབ་ལ། དེ་བཞིན་དུ་ཁྲོ་བོའི་ལྟ་བས་སྒོ་རྣམས་བསྐྱེད་ལ་ཚོན་རྩི་དགྱེ་བར་བྱའོ། །དཀྱིལ་འཁོར་གྱི་ཕྱི་ནང་དུ་བཅས་པའམ། དེའི་ནང་གི་དཀྱིལ་འཁོར་གྱི་ས་གཞི་ཚོན་རྩི་སྔོན་པོས་ནམ་མཁའི་མེ་ཏོག་ལྟར་སྔོ་བ་བྱས་ལ་ཉི་མ་དང་ཟླ་བ་དང་སྐར་མས་བརྒྱན་པར་བྱའོ། །དེ་ནས་ནང་གི་
དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་བཻ་ཌཱུརྱ་སྣ་ཚོགས་པདྨའི་སྟེང་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡོན་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་རང་གི་ཐུགས་ཀའི་ཕྱོགས་སུ་རྡོ་རྗེ་རིན་པོ་ཆེ་བསྣམས་ནས་སྟོད་པའི་ཚུལ་གྱིས་འཛིན་པ་ལ་བརྩོན་པས་
ཕྱག་གཡས་པས་རིན་པོ་ཆེའི་མཆོག་སྩོལ་བ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ། འོད་ཟེར་འབར་བ་སྣ་ཚོགས་ཀུན་དུ་འཁྲུག་པ། ཐུགས་རབ་ཏུ་དགྱེས་པའི་ཚུལ་ཅན་དགོད་པར་བྱའོ། །དེའི་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སུ་དབང་བསྐུར་བའི་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ། ཕྱག་
གཡས་ཀྱིས་རིན་པོ་ཆེའི་ཅོད་པན་བསྣམས་པ། གཡོན་པས་གདན་ལ་བསྙེམས་པའི་ཚུལ་གྱིས་བཞུགས་པའོ། །དེའི་གཡས་ལོགས་སུ་ཀཱི་ལི་ཀཱི་ལའི་གནས་སུ་གཏེར་རིན་པོ་ཆེ། རིན་པོ་ཆེའི་བུམ་པ་བསྣམས་པའོ། །དེའི་རྒྱབ་ཏུ་རྡོ་རྗེ་དྲན་པའི་གནས་སུ་ནོར་བུ་ཆེན་པོ་ཕྱག་
གཡས་པ་ན་རྡོ་རྗེ་རིན་པོ་ཆེ་བསྣམས་པ་གཡོན་པས་རང་གི་ཐུགས་ཀར་གླེགས་བམ་བསྣམས་པའོ། །གཡོན་དུ་རྡོ་རྗེ་བསྙེམས་པའི་གནས་སུ་བླ་ན་མེད་པ་ཞེས་བྱ་བ། ཕྱག་གཡོན་པ་ནོར་བུས་མཚན་པའི་སྣ་ཚོགས་རྡོ་རྗེ་དྲིལ་བུ་བསྣམས་ནས་དཀུར་བརྟེན་པར་བཞུགས་པ། ཕྱག་

གཡས་པས་རང་གི་ཐུགས་ཀར་སྣ་ཚོགས་ནོར་བུ་རང་གི་ཐུགས་ཀར་སྟོད་པའི་ཚུལ་གྱིས་འཛིན་ཅིང་བཞུགས་པའོ། །མེའི་མཚམས་སུ་ལྷ་མོ་རྣལ་འབྱོར་མ་ཞེས་བྱ་བ་རིན་པོ་ཆེའི་ཅོད་པན་འཆང་བའོ། །བདེན་བྲལ་གྱི་མཚམས་སུ་དཔལ་མོ་རིན་པོ་ཆེའི་བུམ་པ་
བསྣམས་པའོ། །རླུང་གི་མཚམས་སུ་ལྷ་མོ་ཤིན་ཏུ་ཕུན་སུམ་ཚོགས་མ་ཞེས་བྱ་བ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་དབུ་རྒྱན་བསྣམས་ནས་བཞུགས་པའོ། །དབང་ལྡན་གྱི་མཚམས་སུ་ལྷ་མོ་མཆོད་མ་ཞེས་བྱ་བ་རིན་པོ་ཆེའི་གཞོང་ཟླུམ་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་
ཅིང་བཀང་བ་བསྣམས་ནས་བཞུགས་པ་བྲི་བར་བྱའོ། །རིན་པོ་ཆེའི་སྒེག་མོ་ལ་སོགས་པ་ནས་རིན་པོ་ཆེའི་དྲིལ་བུ་མའི་བར་དུ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་སྙིང་པོ་རང་རང་གི་མཚན་ནོར་བུས་མཚན་པ་ཐོགས་པ་བྲི་བར་བྱའོ། །དེ་ནས་བཅོམ་ལྡན་འདས་
ནམ་མཁའི་སྙིང་པོ་ལ་སོགས་པའི་སྙིང་པོ་བཤད་དོ། །ཨོཾ་སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་བ་སྭཿ། བཛྲ་སཏྭ་ཛཿ། བཛྲ་རཏྣ་ཧཱུཾ། བཛྲ་དྷརྨཱ་བཾ། བཛྲ་ཀརྨ་ཧོཿ། བཛྲ་ཨ་བྷི་ཥིཉྩ་མ་ཧཱ་བཛྲ་ནི་དྷ་རི་ཧཱུཾ། བཛྲ་མ་ཎི་རཏྣ་དྷྭ་ཛཱ་གྲ་ཀེ་ཡཱུ་རེ་བཾ་མ་ཧཱ་བཛྲ་མ་ཧཱ་མ་ཧེ་ཧོ། ཞེས་བྱ་བ་འདི་
ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་ནས་བརྩམས་ཏེ། མཆོད་པའི་ལྷ་མོའི་བར་གྱི་སྙིང་པོ་ཡིན་ནོ། །འདི་དག་ཐམས་ཅད་ཀྱང་མར་གད་དག་ཅིང་རྙོག་པ་མེད་པའི་རིགས་ཅན་རྡོ་རྗེ་རིན་ཆེན་གྱི་རང་གི་ཅོད་པན་གྱིས་དབང་བསྐུར་བ་རིན་པོ་ཆེའི་མཚན་མ་བསྣམས་པ་སྣ་
ཚོགས་པདྨ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་རབ་ཏུ་དགྱེས་པར་བཞུགས་མ་ནམ་མཁའི་སྙིང་པོ་ནས་བརྩམས་ཏེ། ནོར་བུའི་དྲིལ་བུའི་བར་དུ་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ཕྱི་དྲོའི་དུས་སུ་སྔར་བཤད་པའི་ཧཱུཾ་མཛད་ཀྱི་སྦྱོར་བས་སྒོ་དབྱེ་བ་བྱས་ལ་བསྡུ་བ་
དང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ནས། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་མདུན་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ནོར་བུའི་དམ་ཚིག་གི་ཁུ་ཚུར་རིན་པོ་ཆེའི་དྲིལ་བུ་དང་བཅས་པའི་གཡས་པའི་མཛུབ་མོ་ལྕགས་ཀྱུ་དང་སྔགས་འདིས་བཅོམ་

ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཨོཾ་བྷུ་ཨ་ཧི་ཛ་བྷུ་བ་པྲ་ཐི་ཤ་ཧཱུཾ་སྭ་གྲི་ན་ཕཾ་བ་བཏྟ་སིདྡྷྱ་ཏྲཾ། དེ་ནས་ནོར་བུའི་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་བགེགས་བསལ་བ་ལ་སོགས་པ་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ་
རྡོ་རྗེ་གོ་ཆས་བསྲུང་བ་ཐམས་ཅད་གོ་བགོས་ལ་འཕགས་པ་ནམ་མཁའི་སྙིང་པོའི་སྔགས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ཏེ་རང་གི་དམ་ཚིག་གི་ཕྱག་རྒྱས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ། །ཨོཾ་སརྦ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་
བ་སྭཿ དྲྀ་ཤྱ་ས་མ་ཡ་སྟྭཾ་ཧཾ་ཛཿཧཱུཾ་བཾ་ཧོཿ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་བ་སྭཿ། ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་བཞིན་དུ་བཛྲ་གྷཎྚེ་ཧོཿ དྲྀ་ཤྱ་ས་མ་ཡ་སྟྭཾ་ས་མ་ཡཾ་སྟྭཾ་ཨ་ཧཾ་ཛཿཧཱུཾ་བཾ་ཧོཿ། བཛྲ་གྷཎྚེ་ཧོཿ། ཞེས་བྱ་བའི་བར་དུ་ལན་གསུམ་བཟླས་ལ།
བཅོམ་ལྡན་འདས་ལྷ་མོ་དྲིལ་བུ་མའི་བར་དུ་རང་གི་དམ་ཚིག་གིས་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བའི་ཕྱག་རྒྱས་བཅོམ་ལྡན་འདས་
འཁོར་དང་བཅས་པ་ལ་དབང་བསྐུར་ནས་ཡང་མཆོད་ཡོན་ཕུལ་ལ་བུམ་པ་གང་བ་དང་། ཇི་སྙེད་པའི་མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པ་རྣམས་དང་རིན་པོ་ཆེའི་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་རིན་པོ་ཆེའི་ཁུ་ཚུར་གཉིས་ལས་བྱུང་བས་ཡང་དག་
པར་མཆོད་ལ། ཨོཾ་པ་ར་མ་སུ་ཁ་ཨ་ཤ་ཡ་སུ་ལ་ལི་ཏ་བི་ལ་ས་ན་མི་ཏེ་ར་ན་མ་མཾ་བྷ་ག་ཝཱནྟཾ་ཛཿཧཱུཾ་བཾ་ཧོཿ། ཧི་ཧི་ཧི་ཧི་པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཞེས་བྱ་བ་གླུ་དང་བཅས་པ་ཟློས་ཤིང་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་བྱས་ལ་ཕྱག་བཞི་བྱའོ། །དེ་ནས་ཕྱི་རོལ་དུ་
གཏོར་མ་བྱིན་ལ་ཉེ་རེག་བྱས་ནས་ནོར་བུའི་གནོད་སྦྱིན་དང་རྡོ་རྗེ་མེ་དང་འདོད་པའི་རྡོ་རྗེ་མས་ཆོ་ག་བཞིན་དུ་སྦྱིན་སྲེག་བྱས་ལ་ཐབ་ཀྱི་དབུས་སུ་དཀྱིལ་འཁོར་འདི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་ཟློས་ཤིང་མེ་ཏོག་གིས་བཞུགས་སུ་གསོལ་ནས་བཅོམ་ལྡན་འདས་ཀྱི་སྙིང་

པོས་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་ལོ། །ལྷག་མ་རྣམས་ལ་ནི་རང་གི་སྙིང་པོ་ཟློས་ཤིང་སྲེག་བླུགས་བདུན་བདུན་དབུལ་ལོ། །དེ་ནས་ཡང་དཀྱིལ་འཁོར་དེ་མེ་ཏོག་དང་ལྷ་ཐམས་ཅད་ཀྱི་སྙིང་པོ་ཟློས་ཤིང་བྲིས་པའི་དཀྱིལ་འཁོར་དང་གཅིག་ཏུ་གྱུར་པར་
བསམ་མོ། །དེ་ནས་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བླངས་ལ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་ནས་རང་གི་སྙིང་གར་རིན་པོ་ཆེ་བསྐྱེད་ལ་ཤར་སྒོར་བལྟས་ཏེ་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་ལ་རྡོ་རྗེ་ནོར་བུའི་དམ་ཚིག་གི་ཁུ་ཚུར་
གྱི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ་འཇུག་པའི་གླུ་ལེན་ཅིང་རྡོ་རྗེ་ནོར་བུའི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་འདི་ཡིན་ཏེ། དབང་ཕྱུག་དམ་པ་དབང་བསྐུར་ཐམས་ཅད་ཉིད། །མི་ཟད་གཏེར་གྱི་དམ་པ་ལེགས་གྲུབ་མཛོད། །རྒྱལ་མཛད་
ཀུན་མཆོག་རྣམ་རྒྱལ་བསྒྲེང་མཛད་པ། །རྡོ་རྗེ་རིན་ཆེན་དཔལ་མཆོག་མཆོག་བདག་མཛོད། །རིན་པོ་ཆེའི་ལྕགས་ཀྱུ་མའི་སྙིང་པོས་བདག་ཉིད་དགུག་པར་བྱའོ། །དེ་ནས་དེ་བཞིན་དུ་རིན་པོ་ཆེའི་སྙིང་པོ་ཟློས་ཤིང་ལྷོ་ཕྱོགས་ཀྱི་སྒོ་ནས་འཇུག་པར་བྱའོ། །དེ་ནས་རིན་པོ་ཆེ་
ལྕགས་སྒྲོག་མའི་སྙིང་པོ་ཟློས་ཤིང་ནུབ་ཕྱོགས་ཀྱི་སྒོ་ནས་འཇུག་པར་བྱའོ། །དེ་ནས་དེ་བཞིན་དུ་རིན་པོ་ཆེ་དྲིལ་བུ་མའི་སྙིང་པོ་ཟློས་ཤིང་བྱང་ཕྱོགས་ཀྱི་སྒོ་ནས་འཇུག་པར་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་ཨོཾ་པ་ར་མ་སུ་ཁ་ཨ་ཤ་ཞེས་བྱ་བ་ལ་སོགས་པ་ཟློས་
ཤིང་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་བྱས་ལ་དམ་ཚིག་བརྗོད་པར་བྱའོ། །ཁྱོད་ནི་ནམ་མཁའ་ལས་བྱུང་བས། །ཐམས་ཅད་ཀྱི་ནི་མཆོག་གྱུར་ཡིན། །ཨོཾ་སིདྡྷྱ་བྷུ་བ་སིདྡྷ་སྭ་དྷ་མ་ཧཱ་བཛྲ་རཏྣ་བྷ་བ་ཏྲཊ་ཏཾ། དེ་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ལ་བཅོམ་ལྡན་
འདས་གྱི་སྤྱན་སྔར་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་ཐོག་བདག་གྲུབ་མཛོད། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿ། པྲ་སིདྡྷ་མཾ། དེ་ནས་

རྡོ་རྗེ་ཆུ་འཐུངས་ལ་ཨ་ཞེས་བྱ་བ་ལན་བརྒྱ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་གཡས་པའི་ཁྲོ་བོ་ཁུ་ཚུར་གྱིས་རྡོ་རྗེ་ནོར་བུ་དྲལ་ཞིང་ཨཱ་ཞེས་བྱ་བ་འཕགས་པ་ནམ་མཁའི་སྙིང་པོ་དང་བཅས་པ་ལན་བརྒྱ་ཟློས་ཤིང་དབབ་པར་བྱའོ། །དེ་ལྟར་བདག་ཉིད་ལ་དབབ་
པ་བྱས་ནས་རང་གི་སྙིང་པོས་མེ་ཏོག་དོར་བར་བྱའོ། །དེས་ནི་བླངས་ཏེ་ནམ་མཁའི་སྙིང་པོ་ཉིད་ཀྱིས་རང་གི་མགོ་བོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་འཇུག་
པའི་ཕྱག་རྒྱ་བཅིངས་ལ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྙེམས་པ་དང་བཅས་པས་དཔྲལ་བར་འཇོག་པས་ལྟ་བའི་རྒྱུ་བཞིན་དུ་འཛུམ་པ་དང་བཅས་པས་བཅོམ་ལྡན་འདས་
ལ་ལྟ་ཞིང་ཇི་སྲིད་བཅོམ་ལྡན་འདས་ཀྱིས་མཐོང་བར་སྩལ་ནས་རང་གི་དངོས་གྲུབ་ཐམས་ཅད་སྩལ་བར་མཛད་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ་མཚན་བརྒྱ་རྩ་བརྒྱད་པས་བཅོམ་
ལྡན་འདས་ལ་བསྟོད་པ་བྱའོ། །དེ་ནས་རིན་པོ་ཆེའི་མཚོན་ཆ་མ་ལ་སོགས་པས་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ལ། བདག་ཉིད་དབང་བསྐུར་བ་ལ་སོགས་པའི་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ། །
སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་འབྱུང་སྟེ། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་ནས། །སྙིང་ནས་བསམ་པ་ཐག་པ་ཡིས། །མགོ་བོས་ཡང་དག་ཕྱག་བྱ་བ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་
ཡིན། །ཞུགས་ནས་དཀྱིལ་འཁོར་ལན་གསུམ་ནི། །བསྐོར་བ་བྱས་ནས་བརྗོད་པར་བྱ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འགྲོ་བ་ཀུན་ལས་འགྲུབ་པར་མཛོད། །དེ་ནས་དུས་ཀྱི་མཆོད་པ་ཡིས། །དེ་བཞིན་གཤེགས་པ་ཡང་དག་མཆོད། །དེ་བཞིན་ཉིད་

དབང་རྡོ་རྗེ་ནི། །བཟུང་སྟེ་སློབ་མ་གཞུག་པར་བྱའོ། །དེ་ནས་སློབ་མ་བསླབ་པའི་གཞི་ལྔའམ། དགེ་ཚུལ་ལམ་དགེ་སློང་གི་བསླབ་པ་དང་ལྡན་པས་སློབ་དཔོན་ལ་ཕྱག་བཙལ་ལ། དགའ་ཆེན་བདག་ཉིད་སྟོན་པ་བས། །ཞེས་བྱ་བ་ལ་སོགས་པ་
བརྗོད་པར་བྱའོ། །དེ་ནས་ནོར་བུའི་གནོད་སྦྱིན་ཡོངས་སུ་བཟླས་པའི་གོས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་ལ་ཡང་ནོར་བུའི་གནོད་སྦྱིན་དང་སྒོ་སྲུང་མའི་སྙིང་པོ་བཟླས་པའི་དར་གྱིས་གདོང་གཡོགས་ཏེ་མེ་ཏོག་གི་ཕྲེང་བ་བཏགས་པ་དང་། ཁ་དྲི་ཞིམ་པོར་ཡང་བྱས་ལ་སློབ་མ་
ཕྱག་བཞི་བྱེད་དུ་ཡང་གཞུག་གོ། །དེ་ནས་སྔ་མ་བཞིན་དུ་རང་གི་དམ་ཚིག་འཛིན་དུ་གཞུག་གོ། །དེ་ནས་དེ་བཞིན་དུ་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་དུ་བཅུག་ལ། གཡས་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བླངས་ལ་དེའི་སྙིང་གར་བཞག་ནས། སློབ་མའི་སྙིང་གར་རྡོ་རྗེ་
རིན་པོ་ཆེ་བསྐྱེད་ནས། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། ཡོན་གྱི་མཆོག་བླངས་ཏེ། འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱས་དེ་འཕགས་པ་ནམ་མཁའི་སྙིང་
པོ་བསྐྱེད་དེ། དང་པོའི་རྡོ་རྗེས་བཛྲ་སཏྭ། བཛྲ་རཏྣ། བཛྲ་དྷརྨ། བཛྲ་ཀརྨ་ཞེས་བྱ་བས་བྱིན་གྱིས་བརླབས་ལ། ནོར་བུའི་ཁུ་ཚུར་གྱིས་དམ་ཚིག་གི་ཕྱག་རྒྱ་མེ་ཏོག་དང་བཅས་པ་འཆིང་དུ་གཞུག་གོ། །དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ་སློབ་དཔོན་
འཇུག་པའི་ཆོ་ག་དང་། རྡོ་རྗེ་ཤུགས་ཀྱིས་འཇུག་པའོ། །དེ་ནས་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱེད་ནི་ནམ་མཁའ་ལས་བྱུང་བས། །ཐབས་ཀུན་གྱི་ནི་མཆོག་གྱུར་ཡིན། །ཨོཾ་སིདྡྷ་སུ་སིདྡྷྱ་མ་ཧཱ་བཛྲ་རཏྣ་བྷ་བ་ཏྲཊ་ཏྲཾ་ཞེས་སྨོས་ཤིང་དེ་འཇུག་པ་ལ་སོགས་པའི་ཆོ་
ག་ཐམས་ཅད་འདིར་རྗེས་སུ་སྤྱད་པར་བྱའོ། །དེ་ལྟར་སློབ་མ་བཅུག་ནས་དབང་བསྐུར་ཏེ། ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པར་བསླབ་པར་བྱའོ་ཞེས་བྱ་བ་འདི་བརྟན་པར་བྱ་བའི་ཕྱིར། དེ་ནས་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་

ཐག་པ་སྟེ། དབང་བསྐུར་བའི་རྗེས་ཐོགས་ཉིད་ལའོ། །དེའི་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ། གང་གི་ཕྱིར་སྒྲུབ་པར་བྱེད་པར་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་འབྱུང་བར་མི་འགྱུར་བས་རྒྱུ་དེའི་ཕྱིར་སྒྲུབ་པ་བཤད་དོ་ཞེས་བྱའོ། །རྡོ་རྗེ་རིན་ཆེན་ནི་ནམ་མཁའི་སྙིང་པོ་སྟེ་དེའི་ཕྱག་རྒྱའི་མཆོག་ནི་དམ་
པ་སྟེ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའི་མཆོག་དེས་དཔག་ཏུ་མེད་པ་བཟླས་པས་འགྲུབ་ཅེས་བྱའོ། །ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་ཟློས་ཤིང་། ཞེས་བྱ་བ་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པ་པོས་བསྒྲུབ་པར་བྱའོ། །ཇི་སྙེད་
པ་ཡིས་རབ་ཏུ་གྲུབ། །ཅེས་བྱ་བ་ནི་འཕགས་པ་ནམ་མཁའི་སྙིང་པོའི་རྒྱན་ཇི་སྙེད་པས་རྣམ་པར་