Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 60
Văn bản gốc(Tây Tạng)
Trang 10 / 23 (50.000 ký tự/trang)
ད་སྒྲུབ་པར་བྱེད་པ་ཡིན་ནོ། །བདེ་བ་ཆེན་པོའི་རྡོ་རྗེ་ ནི་ཇི་ལྟར་བཤད་པའོ། །དེའི་གསང་བའི་རྟོག་པ་ནི་སེམས་དཔའི་གསང་བའི་འཁོར་གྱི་རྟོག་པའི་རྗེས་ལ་བཤད་པའོ། །དེའི་མཆོག་ནི་ཕུལ་དུ་བྱུང་བ་སྟེ། ཡི་གེ་ཧཱུཾ་གི་རང་བཞིན་གྱི་སྙིང་པོའོ། །དེ་ཅིའི་ཕྱིར་ཕུལ་དུ་བྱུང་བ་ཡིན་ཞེ་ན། ཕྱི་མ་ཞེས་བྱ་བ་ལ་ཕྱི་མ་ནི་མཆོག་ཏུ་གྱུར་ པ་སྟེ། ཐུགས་ཀྱི་གསང་བ་སྟོན་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་དོན་ཡོད་དམ་ཚིག་ནི། །ཞེས་བྱ་བ་ལ། སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སྟེ། འབྲས་བུ་ཡོད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དོན་ཡོད་པའི་དམ་ཚིག་གོ། །དོན་ཡོད་པའི་དམ་ ཚིག་ཡིན་པའི་ཕྱིར་དེ་ཉིད་སྙིང་པོས་སྐད་ཅིག་དངོས་གྲུབ་ཅེས་བྱ་བ་ཡིན་ནོ། །རྩ་བའི་རྒྱུད་ཅེས་བྱ་བ་ནི་འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་བཅུ་གཅིག་གི་རྒྱུད་དེ་ནི་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་ནི་འོག་ནས་འཆད་པར་འགྱུར་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ དཀྱིལ་འཁོར་སྟོན་པར་བྱེད་པའོ། །འདི་གཉིས་དང་བཅས་པ་འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུད་ནི་བླ་ན་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་མཆོག་ནི་འདི་བཞིན་དུ། །ཞེས་བྱ་བ་ལ། རང་གི་རྟོག་པའི་ཆོ་གས་ཕྱག་རྒྱའི་རྒྱུད་འདི་ཇི་ལྟར་ཕྱག་རྒྱ་ཆེན་ པོ་ལ་སོགས་པའི་དངོས་གྲུབ་རྫོགས་པར་བྱེད་པས། མཆོག་ཏུ་གྱུར་པ་དེ་བཞིན་དུ་དེ་དག་དང་བཅས་པ་ཡང་བླ་ན་མེད་པའི་ཡེ་ཤེས་སྒྲུབ་པར་བྱེད་པ་ཡིན་ནོ། །དཔལ་མཆོག་དང་པོའི་རྒྱུ་ཆེར་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དུམ་བུ་གཉིས་ པ་རྩ་བའི་འ་རྒྱུད་ལས། དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བཤད་པ་རྫོགས་སོ།། །།ད་ནི་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་གསུངས་པའི། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ནས་བརྩམས་ཏེ། ཕྱག་རྒྱའི་མཚན་ཉིད་ བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་ལ་སྟེ་གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་བཅིངས་པའི་རྗེས་ཐོགས་ལའོ། །དང་པོའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་རྒྱུད་ནི་སྟོན་པར་བྱེད་པའི་སྒྲའི་ཚོགས་ཏེ། དེའི་ཆོ་ག་རྒྱས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྒྲུབ་པར་བྱེད་པའི་འབྲས་བུ་སྟོན་པའི་རྒྱུན་ནོ། །དེ་ལ་བཅོམ་ལྡན་འདས་ ཀྱི་ཕྱག་རྒྱ་ཆེན་པོའི་རྒྱུད་ནི་ཞེས་བྱ་བ་ལ། དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དཔལ་རྡོ་རྗེ་སེམས་དཔའི་རྟོགས་པ་དང་ཡེ་ཤེས་ཀྱི་བརྩོན་འགྲུས་ཀྱི་ལས་སོ། །དེ་སྟོན་པར་བྱེད་པ་དང་། དེ་དང་རྒྱུ་མཐུན་པ་དང་། དེ་སྐྱེད་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་ནི་ལས་ཀྱི་ ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་མེད་པ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་དང་བྲལ་བའི་རྡོ་རྗེ་ཁུ་ཚུར་རྣམས་ནི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་མེད་པ་རྣམས་སོ། །དེ་དག་གིས་ལས་ཀྱི་ཕྱག་རྒྱ་རྣམས་རྟོགས་པར་བྱ་སྟེ། ལས་ཀྱི་ཕྱག་རྒྱ་ཐམས་ ཅད་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བ་སློབ་མ་རྣམས་ལ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཡོན་དུ་རྡོ་རྗེ་སྙེམས་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྙེམས་པར་བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་རང་གི་སྙིང་གར་ སྟོད་པའི་ཚུལ་གྱིས་འཛིན་པ་འདི་ནི་རྡོ་རྗེ་སྙེམས་པ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །འདིའི་ལས་བསྟན་པར་བྱ་བའི་ཕྱིར་རབ་ཏུ་དགའ་བ་བརྟན་པར་བྱེད་ཅིང་དངོས་གྲུབ་ཐམས་ཅད་སྟེར་བའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བ་ནི་བཤད་ཟིན་ ཏོ། །དེ་བརྟན་པར་བྱེད་ཅིང་བརྩོན་འགྲུས་ཀྱི་སྟོབས་ཀྱིས་གང་གི་ཕྱིར་རྣལ་འབྱོར་པ་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་བསྐྱོད་པའི་ཕྱིར་རབ་ཏུ་དགའ་བ་མི་ཕྱེད་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །དངོས་གྲུབ་ཐམས་ཅད་སྟེར་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ ཅད་སྩོལ་བའོ། །འདིས་ནི་དོན་འདི་བསྟན་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པས་ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱ་བ་ཡིན་ནོ། །གཞུ་དང་མདའ་གཏོད་པས་རྡོ་རྗེ་མཚོན་ཆ་མའོ་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཞུ་ འཛིན་པའི་ཚུལ་དུ་བྱས་ལ་རྡོ་རྗེ་ཁུ་ཚུར་དེ་སྙིང་གའི་ཕྱོགས་སུ་གྱེན་དུ་ཁ་བལྟས་པར་བཞག་ནས་དེའི་སྟེང་དུ་གཡས་པའི་རྡོ་རྗེ་ཁུ་ཚུར་འོག་ཏུ་བལྟ་བ་བཞག་སྟེ། སླར་ཡང་དེས་མདའ་གསོར་བའི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་ཡིད་ལས་བྱུང་བའོ། །འོག་ཏུ་འཁྱུད་པ་ཞེས་བྱ་བ་ནི་རྡོ་ རྗེ་ཁུ་ཚུར་གཉིས་ཀྱིས་མཆན་ཁུང་གི་འོག་ཏུ་འཁྱུད་པ་འདི་ནི་ཀི་ལི་ཀི་ལའིའོ། །རྒྱལ་མཚན་གྱེན་དུ་བསྒྲེང་བ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་རྒྱལ་མཚན་གྱེན་དུ་བསྒྲེང་བའི་ཚུལ་དུ་འཛིན་པ་འདི་ནི་རྡོ་རྗེ་དྲན་པའིའོ། །རྡོ་རྗེ་བསྙེམས་པ་གཉིས་བསྟོད་པ། །ཞེས་བྱ་བ་ནི་རྡོ་རྗེ་ ཁུ་ཚུར་གཉིས་བཅིངས་ཏེ་ནང་དུ་མངོན་པར་ཕྱོགས་ཤིང་སྟེང་དུ་ཁ་བལྟ་བ་དེས་ལག་པ་གཉིས་དཀུ་ལ་བརྟེན་པར་བྱས་པ་ནི། རྡོ་རྗེ་བསྙེམས་པའིའོ། །སྒེག་པ་དང་བཅས་པས། མཐའ་ལ་སོགས་པ་དགྲོལ་བར་བྱ། །ཞེས་པ་ལ་སོགས་པ་ལ་ཁུ་ཚུར་གཉིས་བཅིངས་ནས། སྒེག་ པ་དང་བཅས་པས་མཐའ་མ་ལ་སོགས་པའི་སོར་མོ་ཐམས་ཅད་བཀྲོལ་ནས་ཀློག་འགྱུ་བའི་ཚུལ་གྱིས་གར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། གཡས་སུ་ཡོངས་སུ་བསྐོར་བས་ཞེས་བྱ་བ་ནི་གཡས་སུ་བསྐོར་བ་ནི་གཡས་སུ་ཡོངས་སུ་བསྐོར་བ་སྟེ། དེས་མེ་ཏོག་ལ་སོགས་པའི་ཀ་པུ་ཊ་གཡས་སུ་ཡོངས་སུ་བསྐོར་བ་ནི་མེ་ ཏོག་ལ་སོགས་པའི་ཀ་པུ་ཊའོ། །མེ་ཏོག་ལ་སོགས་སྟོན་པར་བྱེད་པའི་ཀ་པུ་ཊ་ནི་མེ་ཏོག་ལ་སོགས་པའི་ཀ་པུ་ཊའི་ཐལ་མོའོ། །སོགས་པའི་སྒྲས་ནི་སྤོས་དང་མར་མེ་དང་དྲི་སྟོན་པར་བྱེད་པའི་ཀ་པུ་ཊ་ཤེས་པར་བྱའོ། །མེ་ཏོག་ལ་སོགས་པའི་ཀ་པུ་ཊ་དེ་སྤྱི་བོའི་ཕྱོགས་སུ་འཛིན་ཞིང་ དེ་ནས་ཕབ་ལ་དེ་བཞིན་དུ་སྒེག་པ་དང་བཅས་པས་མཆོད་པ་དོར་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ཞེ་ན། རྡོ་རྗེ་ཐལ་མོས་ཞེས་བྱ་བའི་མེ་ཏོག་ལ་སོགས་པའི་ཀ་པུ་ཊ་དེ་ཕབ་ནས་རྡོ་རྗེ་ཐལ་མོ་བྱས་ཏེ། བྱེད་པར་གྱུར་པའི་རྡོ་རྗེ་ཐལ་མོ་དེ་རྣམ་པར་འགྱུར་བ་ཡིན་ནམ་མ་ ཡིན་ཞེ་ན། དཀྲོལ་བ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པ་དཀྲོལ་བའི་ཚུལ་དང་བཅས་པས་སོ། །སྒེག་པ་དང་བཅས་པས་མཆོད་པ་དོར་བའོ་ཞེས་བྱ་བ་ནི་སྒེག་པ་དང་བཅས་པས་མེ་ཏོག་ལ་སོགས་པ་འབུལ་བའི་ཚུལ་གྱིས་དོར་བར་བྱའོ། །དེ་ལ་རྡོ་རྗེ་ཐལ་མོས་སྒེག་པ་དང་བཅས་ པས་མཆོད་པ་དོར་བ་ཇི་ལྟ་བུ་ཞེ་ན། དེ་བཞིན་དུའོ་ཞེས་བྱ་བ་སྟེ། ཇི་ལྟར་དམ་ཚིག་གི་ཕྱག་རྒྱའི་སྐབས་སུ་སྒེག་པ་དང་བཅས་པས་མཆོད་པ་དོར་བར་བསྟན་པ་དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་སྐབས་སུ་འདིར་ཡང་བྱ་བ་ཡིན་ནོ། །འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ་རྡོ་རྗེ་ཁུ་ཚུར་གཉིས་ ཀྱིས་ཇི་སྐད་བཤད་པའི་རྡོ་རྗེ་མཚོན་ཆ་མའི་སྙིང་པོ་བརྗོད་ཅིང་གར་བྱ་སྟེ། ཀ་པུ་ཊའི་ཐལ་མོ་བཅིངས་ལ་སྤྱི་བོར་གཟུང་བར་བྱ་སྟེ། དེ་ནས་དེ་ལས་ཕབ་ནས་རྡོ་རྗེ་ཐལ་མོ་བཅིངས་ཏེ། དེ་ནས་རྗེས་ལ་སྒེག་པ་དང་བཅས་པས་མེ་ཏོག་འབུལ་བའི་ཚུལ་གྱིས་སྟེང་དུ་གཏོར་བར་བྱ་སྟེ། དེ་ནས་རྡོ་རྗེ་མཚོན་ཆ་མའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་ཀཱི་ལི་ཀཱི་ལའི་སྙིང་པོ་བརྗོད་ཅིང་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བཅིངས་ལ་དེ་ཉིད་སྒེག་མས་སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་ལྡུགས་པ་སྟེ། དེ་ནས་ཀཱི་ལི་ཀཱི་ལའི་ལས་ཀྱི་ཕྱག་རྒྱ་བཅིང་ བར་བྱའོ། །དེ་ནས་རྡོ་རྗེ་དྲན་མའི་སྙིང་པོ་བརྗོད་ཅིང་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བཅིངས་ལ་དེ་ཉིད་སྒེག་པས་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་ནས་བསྐོར་བར་བྱ་སྟེ། རྡོ་རྗེ་དྲན་མའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སྙེམས་མའི་སྙིང་པོ་བརྗོད་ཅིང་དེ་བཞིན་དུ་རྡོ་རྗེ་ ཐལ་མོ་བཅིང་ནས་དེ་ཉིད་སྒེག་པས་སྙིང་གའི་ཕྱོགས་སུ་བརྐྱང་ལ་དྲིས་བྱུག་པའི་ཚུལ་དུ་སྦྱར་ཏེ། རྡོ་རྗེ་ཐལ་མོ་སྤྱི་བོར་གཟུང་བར་བྱ་སྟེ། དེ་ནས་རྡོ་རྗེ་སྙེམས་མའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །རྡོ་རྗེ་ཡིད་ལས་བྱུང་བ་དང་། ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་ སྙེམས་མའི་ལས་ཀྱི་ཕྱག་རྒྱ་རྣམས་གང་ཡིན་པ་དེ་ཉིད་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་མཚོན་ཆ་དང་། ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་སྙེམས་མ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་པར་གཟུང་བར་བྱའོ། །དེ་ལྟར་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ བསྟན་ནས། ད་ནི་དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་གར་ནི་ནང་གི་མཚམས་རྣམས་ལའོ་ཞེས་བྱ་བ་ལ་རྡོ་རྗེ་གར་ནི་འདས་མ་ཐག་ཏུ་བཤད་པའི་མཚན་ཉིད་ཅན་དེ། ནང་གི་མཚམས་བཞི་པོ་ལ་དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པ་བཞི་དང་། ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞི་ལ་སྒེག་མོ་ལ་སོགས་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བསྐྱེད་པའི་རྒྱུར་གྱུར་པ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྫོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱིའི་ཡོ་བྱད་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དང་ལྡན་པ་ནི་རྫོགས་པའོ། ། མ་ཚང་བ་ནི་དེ་དང་བྲལ་བའོ། །ཡང་ན་ཇི་ལྟར་རྙེད་པའི་ཞེས་བྱ་བ་ལ་མེ་ཏོག་ལ་སོགས་པའི་མཆོད་པའི་རྫས་རྣམས་ལས་ཕྱོགས་གཅིག་ཐོབ་པ་ནི་ཇི་སྙེད་པ་སྟེ་ཇི་སྙེད་པ་དེས་ཀྱང་ངོ་། །མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱི་མཚན་མ་ནི་མེ་ཏོག་ལ་སོགས་པའི་མཆོད་པའི་མཚན་མ་སྟེ། མེ་ཏོག་ལ་སོགས་པའི་ཚུལ་རྣམས་སོ། །སོགས་པའི་སྒྲས་ནི་སྤོས་ལ་སོགས་པ་གཟུང་བར་བྱའོ། །མེ་ཏོག་ལ་སོགས་པའི་མཆོད་པའི་མཚན་མ་དེ་རྣམས་ཀྱི། དངོས་གྲུབ་ཀུན་གསོལ་ཐུན་མོང་ཡིན། །ཞེས་བྱ་བ་ནི་དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་གྲུབ་ པའི་ཕྱིར། ཐུན་མོང་གི་རྒྱུར་གྱུར་པ་རྡོ་རྗེ་ཡིན་པས་ན། དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་བསྐྱེད་པའི་རྒྱུར་གྱུར་པ་ཡིན་ནོ། །དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་མ་རྣམས་ཀྱི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། དམ་ཚིག་གི་ཕྱག་རྒྱའི་སྦྱོར་ བས་མཚན་མ་ཡོངས་སུ་གཟུང་བ་ཞེས་བྱ་བ་ལ་ཇི་ལྟར་དཔྱིད་ཀའི་རྡོ་རྗེ་མ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱའི་སྦྱོར་བ་བསྟན་པ་དེ་བཞིན་དུ་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡང་དེ་བཞིན་ནོ། །འདིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། དཔྱིད་ ཀ་རྡོ་རྗེ་མའི་སྙིང་པོ་བརྗོད་ཅིང་གར་བྱས་ཏེ་སྔ་མ་བཞིན་དུ་ཀ་པུ་ཊའི་ཐལ་མོ་སྤྱི་བོའི་ཕྱོགས་སུ་བཅིང་བར་བྱ་ཞིང་དེ་ནས་དེ་ཕབ་ལ་རྡོ་རྗེ་ཁུ་ཚུར་གཉིས་བསྐོར་བས་བཅིངས་ཏེ་མེ་ཏོག་འབུལ་བའི་ཚུལ་གྱིས་སྟེང་དུ་གཏོར་བར་བྱ་སྟེ། འདིས་ནི་དཔྱིད་ཀ་རྡོ་རྗེ་མའི་ལས་ཀྱི་ཕྱག་རྒྱ་ཡིན་ ནོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་སྤྲིན་མའི་སྙིང་པོ་བརྗོད་ཅིང་། རྡོ་རྗེའི་གར་བྱ་སྟེ་ཀ་པུ་ཊའི་ཐལ་མོ་སྤྱི་བོའི་ཕྱོགས་སུ་བཅིངས་ལ་ཕབ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བསྐོར་བ་བཅིངས་ཏེ། སྤོས་འབུལ་བའི་ཚུལ་གྱིས་བླུགས་པར་བྱ་སྟེ། འདིས་ནི་རྡོ་རྗེ་སྤྲིན་མའིའོ། །དེ་ནས་དེ་བཞིན་ དུ་སྟོན་ཀའི་རྡོ་རྗེ་མའི་སྙིང་པོ་བརྗོད་ཅིང་སྤྱི་བོའི་ཕྱོགས་སུ་ཀ་པུ་ཊའི་ཐལ་མོ་བཅིངས་ནས་ཕབ་ལ། རྡོ་རྗེ་ཁུ་ཚུར་གཉིས་བསྐོར་བ་བཅིངས་ཏེ་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་ལ་བསྐོར་བར་བྱ་སྟེ། འདི་ནི་སྟོན་ཀའི་རྡོ་རྗེ་མའིའོ། །དེ་བཞིན་དུ་དགུན་མའི་སྙིང་པོ་བརྗོད་ ཅིང་གར་བྱས་ལ་སྤྱི་བོའི་ཕྱོགས་སུ་ཀ་པུ་ཊའི་ཐལ་མོ་བཅིངས་ནས་ཕབ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཤིང་སྙིང་གའི་ཕྱོགས་སུ་བརྐྱང་སྟེ། སླར་ཡང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། སྤྱི་བོར་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་དགུན་མའི་ལས་ཀྱིས་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་ གཉིས་ཀྱིས་བསྐོར་བ་དེ་བཞིན་དུ་སྒེག་མོའི་སྙིང་པོ་བརྗོད་ཅིང་། ཀ་པུ་ཊའི་ཐལ་མོ་བཅིངས་ཤིང་ཕབ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་སྙིང་གའི་ཕྱོགས་སུ་བསྐོར་བས་གཟུང་བར་བྱ་སྟེ་འདི་ནི་སྒེག་མོའིའོ། །དེ་བཞིན་དུ་བཞད་མའི་སྙིང་པོ་བརྗོད་ཅིང་ཀ་པུ་ཊའི་ ཐལ་མོ་བཅིངས་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བསྐོར་བས་བཅིངས་ལ་དགོད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ཏེ། ཁའི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་བཞད་མའིའོ། །དེ་བཞིན་དུ་གླུ་མའི་སྙིང་པོ་བརྗོད་ཅིང་ཀ་པུ་ཊའི་ཐལ་མོ་བཅིངས་ནས་ཕབ་ལ་རྡོ་རྗེ་ཁུ་ཚུར་གཉིས་བསྐོར་ བ་བཅིངས་ཏེ་ཚིག་འབྱིན་པའི་ཚུལ་གྱིས་ཁའི་ཕྱོགས་ནས་གྱེན་དུ་འདྲེན་པའི་ཚུལ་དུ་བྱ་སྟེ་འདི་ནི་གླུ་མའིའོ། །དེ་བཞིན་དུ་རྡོ་རྗེ་གར་མའི་སྙིང་པོ་བརྗོད་ཅིང་གར་མའི་ལས་བྱུང་བའི་ཀ་པུ་ཊའི་ཐལ་མོ་བཅིངས་ནས་ཕབ་ལ་རྡོ་རྗེ་ཁུ་ཚུར་གཉིས་བསྐོར་བ་བཅིངས་ཏེ། གར་གྱི་ཚུལ་གྱིས་ བསྐོར་བར་བྱས་ཏེ་འདི་ནི་གར་མའིའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་མའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུར་བྱས་ཏེ། འདི་ནི་རྡོ་རྗེ་ལྕགས་ཀྱུ་མའིའོ། །དེ་ནས་རྡོ་རྗེ་ཞགས་པའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡས་ པའི་མཛུབ་མོ་ལྕགས་ཀྱུས་གཡོན་པའི་མཛུབ་མོ་བསྒྲེང་བ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་ཞགས་པའིའོ། །དེ་ནས་ལྕགས་སྒྲོག་གི་སྙིང་པོ་རྗེས་སུ་དྲན་ཞིང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་དང་མཐེ་བོ་དག་གིས་མདུད་པ་བཅིངས་པའི་ཚུལ་དུ་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་སྒྲོག་ གིའོ། །དེའི་རྗེས་ལ་རྡོ་རྗེ་དྲིལ་བུའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ཕན་ཚུན་ཡང་དག་པར་སྦྱོར་བ་འདི་ནི་རྡོ་རྗེ་དྲིལ་བུ་ལས་ཀྱི་ཕྱག་རྒྱའོ། །འདི་རྣམས་ཀྱི་དོན་ཡོད་པའི་ལས་ལ་གྲུབ་པ་རྣམས་སོ་ཞེས་བྱ་བ་ནི་ཇི་ལྟར་ཕྱག་རྒྱ་ཆེན་པོ་རྣམས་དང་དམ་ཚིག་དང་ ཆོས་ཀྱི་ཕྱག་རྒྱ་རྣམས་དོན་ཡོད་པའི་ལས་གྲུབ་པའི་རྒྱུར་གྱུར་པ་དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་རྣམས་ཀྱང་དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་གྱུར་པ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གྱིས་བདུད་རྩིའི་ཆུ་བཟླའོ་ཞེས་བྱ་བ་ལ། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་མེ་ཏོག་གི་ཡལ་ག་གཅིག་བཟུང་སྟེ་བུམ་ པའི་སྔགས་ཀྱིས་བུམ་པ་ལ་མངོན་པར་བསྔགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པའི་མཆོག་ནི་ཕྱག་རྒྱ་བཤད་པ་ཡིན་ཞེས་བྱ་བ་ལ་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་སྟེ་དེ་སྔར་བཤད་ཟིན་ཏོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་ འཁོར་ཆེན་པོ་སྟེ། དེར་ཐམས་ཅད་ཀྱི་སློབ་དཔོན་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་ཡིན་ནོ། །དེ་བྱིན་གྱིས་བརླབས་པ་ནི་བསྟན་པར་བྱ་བ་སྟེ། ཕྱི་མའི་མཐའི་བར་དུའོ། །དེའི་དོན་དུ་གསང་བའི་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱ་གང་ཡིན་པ་དེ་བཤད་ཟིན་ ཏོ། །འཇུག་པའི་ཕྱག་རྒྱ་གཉིས་པ་ཞེས་བྱ་བ་ནི། སློབ་མ་འཇུག་པའི་དོན་དུ་དཀྱིལ་འཁོར་བརྟགས་ལ་འཇུག་པའི་ཕྱིར་བཤད་པའི་ཕྱག་རྒྱ་གཉིས་པ་ཡིན་ནོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་ གཡོན་པའི་མཛུབ་མོ་དང་མཐེ་བོ་དག་གིས་དེ་བཞིན་དུ་སྐྱེ་གནས་དེར་གཡས་པའི་མཐེ་བོ་འོག་ཏུ་ཁ་ལྟ་བ་བཅུག་ལ་བཙིར་ཏེ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་བྱས་ལ་དཀྱིལ་འཁོར་ཆེན་པོར་འཇུག་པར་བྱའོ། །ཡང་ན་སེམས་དཔའ་གང་ལ་འཇུག །དེ་ནི་མྱུར་དུ་འགྲུབ་པར་ འགྱུར། །ཞེས་བྱ་བ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གང་ལ་ཡང་འདི་བཅིངས་ནས། རྣམ་པར་སྣང་མཛད་ལ་སོགས་པའི་འཇུག་པའི་ཆོ་གས་འཇུག་ན། སེམས་དཔའ་དེ་རྣམ་པར་སྣང་མཛད་ལ་སོགས་པའི་རང་གི་དངོས་གྲུབ་ཀྱི་རྣམ་པར་སྣང་མཛད་ ལ་སོགས་པའི་དཀྱིལ་འཁོར་དེར་མྱུར་བ་ཁོ་ནར་འགྲུབ་པར་འགྱུར་རོ། །འདིས་ནི་དཀྱིལ་འཁོར་ཐམས་ཅད་ལ་འཇུག་པའི་ཐུན་མོང་གི་ཕྱག་རྒྱ་འདི་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རབ་ཏུ་དགའ་བའི་རྡོ་རྗེ་མ། །ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་སེམས་དཔའ་སྟེ། དེའི་ ཕྱག་རྒྱ་གང་ཡིན་པ་དེ་ནི་རབ་ཏུ་དགའ་བའི་རྡོ་རྗེ་མ་ཡིན་ནོ། །རང་གི་ཁུ་ཚུར་གྱིས་རྡོ་རྗེའི་བདུད་རྩིའི་ཆུ་བླངས་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ནས་དེས་བདག་ཉིད་དང་སློབ་མ་རྣམས་ལ་དབང་ བསྐུར་བར་བྱའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་ཁུ་ཚུར་དང་། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་དང་པདྨ་རིགས་ཀྱི་དཀྱིལ་འཁོར་དུ་པདྨ་རིགས་ཀྱི་ཁུ་ཚུར་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་རིན་པོ་ཆེའི་ ཁུ་ཚུར་དང་། ཕྱི་རོལ་དུ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་ཕྱི་རོལ་གྱི་རྡོ་རྗེའི་ཁུ་ཚུར་གྱིས་ཆུ་བླངས་ཏེ། རང་དང་གཞན་དག་ལ་དབང་བསྐུར་བར་བྱའོ། །དེ་ཉིད་ཀྱིས་ཆུ་དེ་རང་འཐུངས་པ་དང་གཞན་འཐུང་དུ་བཅུག་ནས་རྣལ་འབྱོར་པ་དང་ཕ་རོལ་པོ་ཡང་དབང་བསྐུར་བར་འགྱུར་རོ། ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐྱིལ་མོ་ཀྲུང་གིས་གར་དང་མཆོད་པ་དབུལ་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་དུ་སེམས་དཔའི་སྐྱིལ་མོ་ཀྲུང་དང་། དེ་བཞིན་གཤེགས་པ་དང་། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྡོ་རྗེ་དང་། འཇིག་རྟེན་དབང་ ཕྱུག་གི་དཀྱིལ་འཁོར་རྣམས་སུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ་མཆོད་པ་དང་གར་དབུལ་བར་བྱ་བ་ཡིན་ནོ། །ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་ཡང་མཆོད་པ་དང་གར་དབུལ་བ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་ཁོ་ནས་བྱ་བ་ཡིན་ནོ། །དེ་བས་མཆོད་པ་རྣམས་ནི་རྡོ་རྗེ་གར་གྱིས་སོ་ ཞེས་བྱ་བ་ལ། ཕྱག་རྒྱ་བཅུ་གཉིས་ཀྱིས་མཆོད་པ་ཐམས་ཅད་དུ་རྡོ་རྗེ་གར་གྱིས་བྱ་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་བསྟན་པ་ཡིན་ནོ། །རྡོ་རྗེའི་གླུ་བླངས་པས་རྡོ་རྗེ་གར་དབུལ་བར་བྱའོ་ཞེས་བྱ་བ་ནི་ཕྱག་རྒྱ་བཅུ་གཉིས་ཀྱིས་མཆོད་པ་དང་གར་དབུལ་བ་ནི། འདོད་ ཆགས་ལ་སོགས་བདེ་ཀུན་ཡིད་ཁྱོད་ནི། །ཀུན་བསྡུས་བདག་ལ་བདེ་བ་སྩོལ་མཛོད་ཅིག །རྡོ་རྗེ་སེམས་དགོངས་མྱུར་དུ་བདག་བསྟན་མཛོད། །བདག་དགྱེས་མཛད་དང་བདེ་མཆོག་གྲུབ་ལ་འདུད། །ཅེས་བྱ་བའི་རྡོ་རྗེའི་གླུ་ལེན་ཅིང་བྱ་བ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཅུ་གཉིས་ཀྱིས་ མཆོད་པ་རྣམས་ཀྱི་ཐུན་མོང་གི་ཆོ་ག་བསྟན་ནས། ད་ནི་གསང་བའི་མཆོད་པ་བཞི་པོའི་ཁྱད་པར་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་གར་གྱི་མཆོད་པ་རྣམས་དབུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་སྔར་བཤད་པའི་རྡོ་རྗེའི་གླུ་ལེན་ ཅིང་། ཇི་སྐད་བཤད་པའི་གར་བྱས་ཏེ་ཀ་པུ་ཊའི་ཐལ་མོ་ཁ་སྦྱོར་སྤྱི་བོར་བཅིངས་ཏེ་དེ་ལས་ཕབ་ལ་རྡོ་རྗེ་ཐལ་མོ་བྱས་ནས་མེ་ཏོག་འབུལ་བའི་ཚུལ་གྱིས་སྒེག་པ་དང་བཅས་པས་སྟེང་དུ་གཏོར་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་རྡོ་རྗེ་སྙེམས་མ་བཅིང་བར་ བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་མའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདའ་གཞུ་འདྲེན་པའི་ཚུལ་ཅན་ནོ། །འདི་ནི་གསང་བའི་མཆོད་པའི་ཕྱག་རྒྱ་དང་པོ་ཡིན་ནོ། །སླར་ཡང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་རྡོ་རྗེའི་གླུ་ལེན་ཅིང་གར་བྱས་ཏེ། ཀ་པུ་ ཊའི་ཐལ་མོ་ཁ་སྦྱར་བ་བཅིངས་ལ་ཕབ་ནས་རྡོ་རྗེ་ཐལ་མོ་བཅིངས་ལ་སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་བླུགས་པར་བྱའོ། །འདིས་ནི་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་དེ་ཉིད་ཀྱི་སྙིང་པོ་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ཀཱི་ལི་ཀཱི་ལའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་ ཀྱིས་བདག་ཉིད་ལ་འཁྱུད་པར་བྱ་སྟེ། འདི་ནི་གསང་བའི་མཆོད་པ་གཉིས་པ་ཡིན་ནོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བཅིངས་ནས་དེ་ཉིད་སྒེག་པས་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་བ་བསྐོར་བར་བྱ་སྟེ། རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ ནས་རྡོ་རྗེ་བྲན་མའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱས་ཏེ་འདི་ནི་གསང་བའི་མཆོད་པ་གསུམ་པའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བཅིངས་ལ་དེ་ཉིད་སྒེག་པས་སྙིང་གའི་ཕྱོགས་སུ་བཅིངས་ཏེ། དྲི་ཆུས་བྱུག་པའི་ཚུལ་གྱིས་རབ་ཏུ་སྦྱར་ ལ། རྡོ་རྗེ་ཐལ་མོ་བཅིངས་ལ་སྤྱི་བོར་གཟུང་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སྙེམས་མའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གྱིས་སྙིམ་པ་གཉིས་བཅིང་བར་བྱ་སྟེ། འདི་ནི་གསང་བའི་མཆོད་པའི་ཕྱག་རྒྱ་བཞི་བའོ། །ལྷ་མོ་རྣམས་ཀྱི་ ལས་ཀྱི་ཕྱག་རྒྱ་དང་། གང་ཞིག་མཆོད་པའི་ཕྱག་རྒྱ་དང་དེ་རྣམས་ཀྱི་ཁྱད་པར་གང་ཞིག་ཡིན་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་ལ་ཁྱད་པར་བརྗོད་པར་བྱ་སྟེ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་སྙིང་པོ་བཟླ་ཞིང་གར་བྱས་ནས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །རྡོ་རྗེ་གླུ་ལེན་ ཅིང་གར་བྱས་ནས་མཐར་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་སྙིང་པོ་བཟླས་ནས་མཆོད་པའི་ཕྱག་རྒྱ་རྣམས་བཅིང་བར་བྱའོ་ཞེས་བྱ་སྟེ། ཁྱད་པར་འདི་ཡིན་ནོ། །གསང་བའི་མཆོད་པ་རྣམས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་འདིའི་ཁྱད་པར་གཉིས་ པ་ཡིན་ནོ། །དེ་ལྟར་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཁྱད་པར་དུ་བྱས་པའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་གསང་བའི་མཆོད་པ་བཞི་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པའི་བདག་ཉིད་ལ་ཡང་དག་པར་མཆོད་ལ་མཐར་སྒེག་མོ་དགའ་བའི་རྡོ་རྗེ་མ་གསང་བའི་ ཕྱག་རྒྱས་ཕྱག་འཚལ་བར་བྱའོ། །སྒེག་མོ་དགའ་བའི་རྡོ་རྗེ་མ་དེ་ཁྱད་པར་ཇི་ལྟ་བུ་ཞིག་ཡིན་ཞེ་ན། བཞད་པ་དང་བཅས་པའི་ཞལ་དང་སྤྱན་གཡོ་བ་གང་ཡིན་པ་དེས་འདུད་པའམ་ཡང་ན་སྤྱི་བོ་བཀུག་པས་ཕྱག་འཚལ་བ་གང་ཡིན་པ་འདིའི་སྒེག་མོ་དགའ་བའི་རྡོ་རྗེ་མའོ། །འདིས་ནི་ བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཕྱག་འཚལ་བའི་གླུ་ལེན་ཅིང་ཕྱག་འཚལ་བར་བྱ་བ་ཡིན་ནོ། །ཕྱག་འཚལ་བ་དེས་ཇི་ལྟར་འགྱུར་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་དགྱེས་པས་དགའ་བ་ཐམས་ཅད་ལ་སོགས་པའི་བདེ་བ་ཐམས་ཅད་དང་ཡིད་བདེ་བའི་དངོས་ གྲུབ་ཐམས་ཅད་སྩོལ་བ་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཡིད་བདེ་བའི་ཁྱད་པར་བ་སྤུ་ལྡང་བའི་རྒྱུར་གྱུར་པ་ནི་དགའ་བ་ཡིན་ནོ། །བདེ་བ་ནི་ལུས་ཀྱི་ཚོར་བ་བདེ་བའོ། །དེ་ལས་གཞན་པ་སེམས་ཀྱི་ཚོར་བ་བདེ་བ་ནི་ཡིད་བདེ་བའོ། ། དགའ་བ་ཐམས་ཅད་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་གང་ལ་ཐོག་མར་ཡོད་པ་དེ་ནི། དགའ་བ་ཐམས་ཅད་ལ་སོགས་པའི་བདེ་བ་ཐམས་ཅད་དང་ཡིད་བདེ་བ་རྣམས་སོ། །དེ་དག་གི་དངོས་གྲུབ་ནི་ཡོངས་སུ་རྫོགས་པ་སྟེ་དངོས་གྲུབ་དེ་རྣམས་སྒེག་མོ་དགའ་བའི་རྡོ་རྗེ་མས་རྡོ་རྗེ་ འཆང་ཆེན་པོ་ལ་ཕྱག་འཚལ་ནས་སྒྲུབ་པ་པོ་ལ་སྩོལ་བ་ཡིན་ནོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་བྲིས་ནས་རང་དང་གཞན་གྱི་ཆོ་ག་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། སྔོན་དུ་བསྙེན་པའི་དུས་སམ་སྒྲུབ་པའི་དུས་སུ་བཟླས་པ་དང་བསྒོམ་ པས། སློབ་དཔོན་ནམ་སློབ་མ་སྐྱོ་བར་གྱུར་པས་ལྷ་གཤེགས་སུ་གསོལ་འདོད་ན། དེའི་ཚེ་རྡོ་རྗེ་བསྡམས་པ་བཅིངས་ནས་རང་གི་ལྷའི་སྙིང་པོ་བཟླ་ཞིང་རང་གི་སྙིང་གའི་ཕྱོགས་སུ་བདེ་བར་བཅིངས་ལ་བཛྲ་མུཿཞེས་བྱ་བ་འདིས་དགྲོལ་བར་བྱའོ། །ཕྱག་རྒྱ་ཐམས་ཅད་རང་རང་གི་གནས་སུ་ དགྲོལ་བར་བསམས་ན། དེ་ལྟར་དཀྱིལ་འཁོར་གྱི་ཕྱག་རྒྱ་ཐམས་ཅད་དཀྲོལ་བར་འགྱུར་རོ། །སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་ཡང་རྣལ་འབྱོར་བ་རྣམས་ཀྱིས་རང་གི་ལྷའི་ཕྱག་རྒྱ་ཐམས་ཅད་ཀྱང་དཀྲོལ་བར་འགྱུར་རོ། །རྡོ་རྗེ་སེམས་དཔའི་བསྒོམ་པས་ཞེས་བྱ་བ་ལ་སོགས་ པ་ལ། བཛྲ་བཛྲ་ཞེས་བརྗོད་ཅིང་བདག་ཉིད་རྡོ་རྗེ་སེམས་དཔའ་བསྒོམས་ལ་རྡུལ་ཚོན་གྱི་རེ་ཁཱ་དང་། ཐིག་སྐུད་ཀྱི་རེ་ཁཱ་དང་། རྡོ་རྗེ་དང་རིགས་ཐམས་ཅད་ཕྱག་མཚན་ཡིད་ཀྱིས་གྱེན་དུ་བཏེག་ལ། རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་གྱི་ནང་དུ་འཇུག་པའམ། ཕྱིར་འབྱུང་བར་བྱས་ནས་རྣལ་ འབྱོར་པའི་དམ་ཚིག་ཉམས་པར་མི་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་བསྒོམ་པས་དཀྱིལ་འཁོར་ཕྱག་ན་དམ་ཚིག་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་ལ་སྔར་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་བྲིས་ནས། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ཕྱག་རྒྱ་བཀྲོལ་བར་བྱས་ནས་ལྷ་ ཐམས་ཅད་གཤེགས་སུ་གསོལ་བར་བྱའོ། །དེ་ནས་སྤྲུལ་པའི་དཀྱིལ་འཁོར་རང་གི་ལུས་ལ་བཅུག་སྟེ། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་གྱི་ར་བ་ལ་སོགས་པ་ཇི་ལྟར་བྲིས་པ་རྡོ་རྗེ་སེམས་དཔའི་སྙིང་པོ་བརྗོད་ཅིང་ཆགས་ན་དམ་ཚིག་ཉམས་པར་མི་འགྱུར་རོ། །དེ་ནས་ ལས་ཀྱི་ཕྱག་རྒྱའི་རྒྱུད་ཅེས་བྱ་བ་ལ་དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབ་པའོ། །ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ་དེ་རྣམས་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དེ། དེ་འདི་ལྟར་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ཇི་ལྟར་ཡིན་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་ ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་སྟེ་དེ་བཅིངས་ལ་སྤྱི་བོར་འཛིན་ན་བདག་ཉིད་བསྲུང་བར་འགྱུར་རོ། །དཔྲལ་བར་འཛིན་ན་གཞན་བསྲུང་བར་འགྱུར་རོ། །སྙིང་གའི་ཕྱོགས་སུ་ཕབ་ནས་བཞག་ན་ཕྱོགས་ཐམས་ཅད་དུ་འབར་བའི་རྣམ་པ་ཅན་གྱི་བྱེད་ པ་དང་ལྡན་པའི་རྡོ་རྗེ་འབར་བ་འབྱུང་བ་ཡིན་ནོ། །རྡོ་རྗེ་ཁྲོ་བའི་རྒྱལ་པོ་རྣམས་ཀྱིས་ཀྱང་འཇུག་པར་མི་ནུས་སོ་ཞེས་བྱ་བར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །འདིས་ནི་ཕྱོགས་དང་མཚམས་ཐམས་ཅད་དང་དཀྱིལ་འཁོར་བཅིངས་པར་འགྱུར་རོ། ། སྙིང་གར་བསྒོམ་པ་རྡོ་རྗེ་དང་བཅས་པའོ་ཞེས་བྱ་བ་ལ། དེ་ཉིད་སྙིང་གའི་ཕྱོགས་སུ་བཞག་ལ་རང་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱས་ན་བདུད་ཐམས་ཅད་ཀྱི་སྟོབས་འཇོམས་པར་འགྱུར་རོ། །གྱེན་དུ་ཁ་བལྟ་བ་བཏུང་བར་བྱའོ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་དེའི་ དབུས་མའི་རྡོ་རྗེའི་སྟེང་དུ་ཁ་བལྟས་པར་བཞག་ནས་འཐུངས་ན་ཚེ་འཕེལ་བར་འགྱུར་རོ། །རང་གི་གདོང་ཡོངས་སུ་སྦྱངས་ནས་གདོང་པར་དགྲོལ་བར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེས་རང་གི་གདོང་པ་ཡོངས་སུ་སྦྱངས་ནས་དེ་ཉིད་རང་གི་གདོང་པ་ཡོངས་སུ་བཀྲོལ་བར་བྱས་ནས། གཟུགས་ཕུན་སུམ་ཚོགས་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །དབུས་མ་རྡོ་རྗེ་ལྡེག་པར་ཡང་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ལྡེག་པར་བྱས་ནས་གཟི་བརྗིད་འཕེལ་བར་འགྱུར་རོ། །དཔུང་མགོ་གཉིས་སུ་བཞག་ཅིང་སྙིང་གར་གཞག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་ རྡོ་རྗེ་དཔུང་མགོ་གཉིས་ལ་བཞག་ནས། སྙིང་གའི་ཕྱོགས་སུ་བཟུང་ན་མདངས་དང་སྟོབས་འཕེལ་བར་འགྱུར་རོ། །རབ་ཏུ་དགའ་བའི་རྡོ་རྗེ་མདའ་ལྔ་བསྡུས་པའི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གང་ཡིན་པ་དེས། ཅོད་པན་དང་དར་དཔྱངས་བཅིངས་པའི་དབང་བསྐུར་བ་ མཐོང་བའི་ཚུལ་བྱས་ནས། དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་རོ། །སྐྱེ་གནས་ལས་དོང་ཚེ་འབྱིན་པའོ་ཞེས་བྱ་བ་ནི། རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟགས་ལས་དོང་ཚེ་འབྱིན་པའི་ཚུལ་བསྟན་ན། ནོར་རྙེད་པར་འགྱུར་རོ། །སྤྱི་བོར་གཞག་པར་བྱ་བ་ལ་རབ་ཏུ་ དགའ་བའི་རྡོ་རྗེ་སྤྱི་བོར་བཟུང་ན་རྒྱལ་སྲིད་རྙེད་པར་འགྱུར་རོ། །ས་ལ་རེག་པར་བྱ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེས་ས་ལ་རེག་ན་ཐོབ་པར་འགྱུར་རོ། །རབ་ཏུ་དགའ་བའི་རྡོ་རྗེས་རྟགས་ཀྱི་ལས་སོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ཏེ། དེས་ཐམས་ཅད་ དབབ་པ་ལ་སོགས་པའི་རང་གི་རྟགས་ལ་རེག་པས་ལས་རྣམས་འབྱུང་བར་འགྱུར་རོ། །དེ་ཇི་ལྟར་ཞེ་ན། ལྕགས་ཀྱུ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེའི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་རང་གི་རྟགས་ལ་འདྲེན་པས་ཐམས་ཅད་དབབ་པ་དང་། ས་གཡོ་བ་དང་། གར་བྱེད་དུ་ བཅུག་པ་དང་། དུས་གསུམ་གྱི་བདེན་པ་སྨྲར་འཇུག་པར་འགྱུར་རོ། །རྩེ་མོ་གཏོད་པ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེའི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་རང་གི་རྟགས་ཀྱི་རྩེ་མོ་གཏོད་པར་བྱས་ན། པྲ་དབབ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྐྱེ་གནས་བཀྲོལ་བའོ་ ཞེས་བྱ་བ་ནི་རང་གི་རྟགས་ཏེ་རང་གི་སྐྱེ་གནས་དེ་ལ་རབ་ཏུ་དགའ་བའི་རྡོ་རྗེ་རེག་པའི་ཚུལ་གྱིས་བཀྲོལ་བར་བྱས་ནས། གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ལག་པ་གཡོན་པའི་མཐིལ་ཉེད་ཅིང་བསྣུན་པར་བྱའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེས་རང་གི་ རྟགས་ལ་རེག་ཅིང་ལག་པ་གཡོན་པའི་མཐིལ་གཡས་པའི་མཐེ་བོས་མཉེ་ཞིང་བསྣུན་ན་གདུག་པ་ཐམས་ཅད་འཇིག་པར་འགྱུར་རོ། །བཙིར་བར་བྱའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟགས་བཙིར་ན་ཐམས་ཅད་རེངས་པར་འགྱུར་རོ། །མིག་བཙུམ་པར་ བྱའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟགས་ལ་རེག་ཅིང་མིག་བཙུམས་པར་བྱས་ན་ཐམས་ཅད་གཉིད་ལོག་ཏུ་བཅུག་པར་འགྱུར་རོ། །བསྐོར་ཞིང་བཙིར་ནས་རྡོ་རྗེ་ཁྲོ་བོའི་ལྟ་བས་བལྟ་བར་བྱའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟགས་ལ་རེག་ཅིང་དེ་ལྟར་ གཏོད་པར་བྱས་ནས་བཙིར་ཏེ། རབ་ཏུ་གཙིགས་ཤིང་ཁྲོ་གཉེར་བསྡུས་པའི་ཁྲོ་བོའི་མིག་གི་ལྟ་བས་བསྒྲུབ་བྱ་ལ་བལྟས་ན་ཐམས་ཅད་ལ་རྒྱས་བཏབ་པར་འགྱུར་རོ། །ཡོངས་སུ་བསྐོར་ནས་ཁའི་མཐར་མཆེ་བ་བསྟན་པའི་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟགས་ ལ་རེག་ནས་བསྐོར་ཏེ་ཁའི་མཐའ་གཉིས་སུ་མཆེ་བ་སྟོན་པའི་ཚུལ་གྱིས་གཟུང་ན་ཐམས་ཅད་གསོད་པར་འགྱུར་རོ། །གཡས་པའི་མཛུབ་མོས་སྡིགས་མཛུབ་བྱའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟགས་ལ་རེག་ཅིང་གཡས་པའི་མཛུབ་མོས་བསྒྲུབ་བྱ་ལ་སྡིགས་ མཛུབ་བྱས་ན་ཐམས་ཅད་ལྟུང་བར་འགྱུར་རོ། །མཛུབ་མོས་ས་ལས་ལྡང་བར་བྱའོ་ཞེས་བྱ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས། དེ་ཡིས་རང་གི་རྟགས་ལ་རེག་ཅིང་གཡས་པའི་མཛུབ་མོས་བསླང་བར་བྱས་ལ་དེས་བསྒྲུབ་བྱ་ལས་བསླང་བ་བྱས་ན་ཐམས་ ཅད་བསླང་བར་འགྱུར་རོ། །མཐེ་བོས་མཐེ་བོ་བཅིང་བར་བྱའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་དེ་ཡིས་རང་གི་རྟགས་ལ་རེག་ཅིང་མཐེ་བོ་བཅིང་བར་བྱས་ན་ཐམས་ཅད་འཆིང་བར་འགྱུར་རོ། །ཡི་གེ་མུཿཡིས་ཕྱག་རྒྱ་བཀྲོལ་བའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་ བཅིངས་ནས། དེ་ཡིས་རང་གི་རྟགས་ལ་བཞག་སྟེ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏེ་སྟྭཾ་མུཿཞེས་བྱ་བ་བརྗོད་ཅིང་ཐམས་ཅད་དགྲོལ་བའི་བསམ་པས་རང་གི་རྟགས་བཀྲོལ་བར་བྱས་ན་དེ་ལྟར་ཐམས་ཅད་དགྲོལ་བར་འགྱུར་རོ། །དང་པོའི་རྡོ་རྗེ་མཐེའུ་ཆུང་ གི་རྡོ་རྗེས་བསྣུན་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེའི་མཐེའུ་ཆུང་གཉིས་ཀྱི་རྩེ་མོས་བསྒྲུབ་བྱ་ལ་བརྡེག་པར་བྱས་ན་དེ་ལྟར་ན་ཕྲ་མེན་མ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དེ་ཉིད་རྣམ་པར་འགྱུར་བའི་གདོང་པས་སོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས། གདོང་པ་ རྣམས་བསྒྱུར་བར་སྦྱར་བར་བྱ་སྟེ་དེ་ལྟར་ན་མ་མོ་དང་གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དེ་ཉིད་ཡོངས་སུ་བསྐོར་ནས་དཔྲལ་བར་གྱེན་དུ་ཁ་ལྟ་བར་གནས་པར་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། ཡོངས་སུ་བསྐོར་ནས་དཔྲལ་བའི་ཕྱོགས་སུ་མཐེ་བོང་གི་རྩེ་མོ་ གཉིས་ཀྱིས་རྡོ་རྗེ་ཧེ་རུ་ཀའི་ཕྱག་རྒྱ་བཅིངས་ཏེ་བཞག་ན། དེ་ལྟར་མཁའ་འགྲོ་མ་ཐམས་ཅད་ཀྱིས་རྒྱས་བཏབ་པ་ལས་གྲོལ་བ་དང་རེངས་པར་འགྱུར་རོ། །དེ་ཉིད་ཀྱིས་ནམ་མཁའ་ལ་བརྡེག་པའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་ཉིད་ཀྱིས་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་ པའི་བསམ་པས་ནམ་མཁའ་བརྡེག་པའི་ཚུལ་བྱས་ཏེ། དེ་ལྟར་ན་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་འཇིག་པར་འགྱུར་རོ། །གཡོ་ཞིང་བཙུམས་པའི་མིག་གཉིས་ཀྱིས། །ཕྱག་རྒྱ་བཅིངས་པ་བཀྲོལ་བའོ། །ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་དེ་ནས་རིམས་ཀྱིས་ བཏབ་པའི་སྤྱི་བོ་ནས་བརྩམས་ཏེ། བྱབ་པར་བྱ་སྟེ་གཡོ་ཞིང་བཙུམས་པའི་མིག་གིས་དེ་ཉིད་བཀྲོལ་བར་བྱས་ན། དེ་ལྟར་ན་རིམས་ཐམས་ཅད་ཞི་བར་འགྱུར་རོ། །མཐེ་ཆུང་གི་ནོར་བུས་རེག་པར་བྱ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་མཐེ་ཆུང་གཉིས་རྡོ་རྗེ་རིན་པོ་ཆེར་བྱས་ན་ དེས་དུག་ལ་སོགས་པ་ཐམས་ཅད་འཇིག་པར་འགྱུར་རོ། །མཛུབ་མོ་མཉམ་པོས་ཞབས་ཀྱི་སོར་མོ་བརྗེ་བར་བྱ་སྟེ། བཟའ་བའམ་ཡིད་ཀྱིས་གཞག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་མཛུབ་མོ་གཉིས་ཡང་དག་པར་སྦྱར་ཞིང་རྩེ་མོར་བྱས་ལ་དེ་ཉིད་དཔལ་རྡོ་རྗེ་སེམས་ དཔའི་ཞབས་ཀྱི་སོར་མོའི་རང་བཞིན་ཅན་དུ་བསམ་པར་བྱ་སྟེ། དེ་ལྟར་མཛུབ་མོ་མཉམ་པ་དང་ཞབས་ཀྱི་སོར་མོ་བརྗེ་བར་བྱས་པར་འགྱུར་ཏེ། དེ་ལྟར་ཞབས་ཀྱི་སོར་མོ་བརྗེ་བར་བྱས་ནས་ཕྱག་རྒྱ་དེ་ཉིད་དུག་གི་སྟེང་དུ་བཞག་སྟེ་བདུད་རྩིར་བྱས་ནས་བཟའ་བར་བྱའོ། །ཡང་ ན་ཡིད་ཀྱིས་ཇི་ལྟར་མངོན་པར་འདོད་པའི་གནས་སུ་གཞག་པར་བྱ་སྟེ་དེ་ལྟར་ན་དུག་ཐམས་ཅད་བདུད་རྩིར་བྱས་པར་འགྱུར་རོ། །མཛུབ་མོས་སྦྱིན་སྲེག་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ཏེ་མཛུབ་མོ་གཉིས་ཀྱིས་ཁ་ལ་སྦྱིན་སྲེག་གི་ཚུལ་དུ་བྱས་ན་གཤེད་བྱེད་དང་། བྱུར་ དང་། རོ་ལངས་དང་། དཔལ་དང་མི་ལྡན་པ་འཇིག་པར་འགྱུར་རོ། །རབ་ཏུ་དགའ་བའི་རྡོ་རྗེ་ནི། མདའ་ལྔ་བསྡུས་པའི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་སྟེ་དེ་གཉིས་གདོང་དུ་བཀྲོལ་བར་བྱས་ནས། འཐབ་མོ་དང་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་འཇིག་པར་འགྱུར་ རོ། །སྦྱིན་སྲེག་བྱེད་པ་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་སྦྱིན་སྲེག་གི་ཚུལ་དུ་བྱས་ན་ཡམས་དང་བྱུར་དང་སྡིག་པ་དང་། རྨི་ལམ་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ། །མཐེ་ཆུང་གཉིས་སྐྱེ་གནས་སུ་བྱས་ལ་སྦྱར་ཏེ། ཕྱག་རྒྱ་དྲལ་བར་བྱའོ་ཞེས་བྱ་བ་ལ། རབ་ ཏུ་དགའ་བའི་རྡོ་རྗེ་བཅིངས་ཏེ། དེའི་མཐེ་ཆུང་གཉིས་རང་གི་རྟགས་ལ་བཞག་ནས་ཕྱག་རྒྱ་བཅིངས་པ་དྲལ་བར་བྱས་ན། ཕ་རོལ་གྱི་དཔུང་ཐམས་ཅད་རེངས་པ་དང་། གཉིད་ལོག་པར་བྱ་བ་དང་། རྨོངས་པ་དང་འཇིག་པ་དང་། རྒྱས་བཏབ་པ་དང་། གསོད་པར་འགྱུར་རོ། །སྲིན་ ལག་ཐ་མ་མཉམ་པར་སྦྱར་ཏེ་སོ་སོར་བ་དན་གྱི་ཚུལ་དུ་བསྒྲེང་བར་བྱའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་སྲིན་ལག་གཉིས་དང་། མཐེའུ་ཆུང་གཉིས་བརྐྱང་ནས་སོ་སོར་སྦྱར་ཏེ་རྩེ་མོ་གཉིས་བྱས་ནས་གྱེན་དུ་གཏོད་ཅིང་གཟུང་ན་འཐབ་མོ་ཐམས་ ཅད་ལས་རྒྱལ་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ཏེ། དེས་ལས་རྣམས་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ལེགས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་དང་མཐེ་བོ་དག་གིས་ལེགས་པ་སྦྱིན་ པའི་ཚུལ་དུ་བྱས་ན་སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ། །མཛུབ་མོ་དང་མཐེ་བོ་མཉམ་པོར་ཕྱེ་བ་དགུག་པ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་དང་མཐེ་བོང་གཉིས་མཉམ་པར་བྱས་ནས་ཅུང་ཟད་ཁ་ཕྱེ་བ་དང་། ཅུང་ཟད་བཀུག་པ་བྱས་ཏེ་མཐེ་བོ་ ལྟར་ཁར་གཟུང་བ་བྱས་ནས་འདིས་བགེགས་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །བསྐོར་ནས་དྲལ་བར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ནས་བསྐོར་ཏེ་དྲལ་བར་བྱས་ན་དགྲ་ཐམས་ཅད་རྣམ་པར་འཇོམས་པར་འགྱུར་རོ། །རྡོ་རྗེ་བསྡམས་པ་ནང་དུ་བརྐྱང་བའི་ མཐིལ་གྱིས་ས་ལ་རེག་པ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ཏེ། བརྐྱངས་ནས་རྡོ་རྗེ་བསྡམས་པ་བརྐྱང་བའི་མཐིལ་དེས་སའི་སྟེང་དུ་རེག་པར་བྱས་ན་བདུད་ཀྱི་དཔུང་ཐམས་ཅད་འཇིག་པར་འགྱུར་རོ། །དང་པོའི་རྡོ་རྗེ་སྤྲིན་བསྐྱེད་པ། །ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ ནས་སྤྲིན་བསྐྱེད་པའི་ཚུལ་དུ་བྱས་ན་འདིས་སྤྲིན་བསྐྱེད་པར་འགྱུར་རོ། །མཛུབ་མོས་ཆར་བསྐྱེད་པ་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་སྤྲིན་བསྐྱེད་པར་བྱས་ནས། དེ་མ་ཐག་ཏུ་དང་པོའི་རྡོ་རྗེས་བཅིངས་ཏེ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་བ་བྱས་ནས་རྩེ་མོ་དེས་ཆར་གྱི་རྒྱུན་འབབ་ པའི་ཚུལ་བྱས་ན་ཆར་འབབ་པར་འགྱུར་རོ། །མཛུབ་མོ་བཟློག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་སྦྱར་བའི་རྩེ་མོ་དེས་བཟློག་པར་བྱས་ན་ཐོག་དང་གློག་དང་ཆར་རྣམས་ཞི་བར་འགྱུར་རོ། །རྡོ་རྗེ་བལྟ་བས་འཕྲོག་པར་བྱའོ་ཞེས་བྱ་བ་ལ་དང་ པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་སྦྱར་བའི་རྩེ་མོ་བྱས་ཏེ། རྡོ་རྗེ་བལྟ་བའི་ཕྱག་རྒྱ་དང་བཅས་པའི་རྩེ་མོ་དེས་སྤྲིན་དང་མུན་པ་དང་ཁུག་རྣ་རྣམས་བསལ་བར་བྱས་ཏེ། དེ་ལྟར་དེ་རྣམས་བཟློག་པར་འགྱུར་རོ། །རབ་ཏུ་དགའ་བའི་རྡོ་རྗེ་བཤད་པའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་ རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ཀླུ་ཐམས་ཅད་འགུགས་པའོ། །མཛུབ་མོ་གཅིག་ནི་ནོར་བུའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་གཡས་པའི་མཛུབ་མོའི་སྟེང་དུ་བསྐུལ་བའི་སྦྱོར་བས་ནོར་བུ་བྱས་ན་ཀླུ་ཐམས་ཅད་དབང་དུ་བྱ་བ་ཡིན་ནོ། །མཐེའུ་ཆུང་ གི་རྡོ་རྗེས་སྡིགས་མཛུབ་ཅེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེས་མཐེའུ་ཆུང་གཉིས་ཡང་དག་པར་སྦྱར་བའི་རྩེ་མོ་སྡིགས་མཛུབ་ཀྱི་ཚུལ་དུ་བཞག་ན་འདིས་གླུ་ཐམས་ཅད་བྲན་དུ་བྱེད་པར་འགྱུར་བ་ཡིན་ནོ། །མཛུབ་མོས་སའི་འོག་ནས་ཆུ་མིག་བཀུག་པ་སྟོན་པའོ་ཞེས་བྱ་བ་ལ། རབ་ཏུ་ དགའ་བའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ཆུ་མིག་དང་བཅས་པའི་ཀླུ་དགུག་པ་བྱས་ནས་ཀླུ་ཐམས་ཅད་གདོན་པར་གྲུབ་པ་ཡིན་ནོ། །བདེ་བ་ཆེན་པོའི་རྡོ་རྗེས་ས་ལ་གཟུང་ནས་གཡོ་བར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་དེས་ས་ལ་བཟུང་ནས་ གཡོ་བ་བྱས་ནས་མ་ལུས་པ་གཡོ་བར་བྱེད་པའོ། །མཛུབ་མོ་གཉིས་ཀྱིས་གདེངས་ཀའི་ཚུལ་བསྟན་པའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ཀྱི་ལྟོ་འཕྱེའི་གཟུགས་ཀྱི་ཚུལ་དུ་བྱས་ན་འདིས་ཆུ་མེད་པའི་ཡུལ་དུ་ཆུའི་ཕུང་པོ་འབྱུང་བར་འགྱུར་རོ། །རྩེ་མོ་ བཞིའི་འོད་ཟེར་གྱིས་མེ་སྟག་བསྟན་པའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ནས་མཐའ་མ་གཉིས་དང་བཞིའི་རྩེ་མོས་ཉི་མའི་འོད་འབར་བའི་ཚུལ་དུ་བྱས་ན་འདིས་མུན་པར་ཉི་མའི་སྣང་བ་བསྐྱེད་པར་འགྱུར་རོ། །མཛུབ་མོས་རླུང་བསྐྱོད་པའོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ ནས་མཛུབ་མོ་གཉིས་ཡང་དག་པར་སྦྱར་ནས། རྩེ་མོར་བྱས་ནས་རྩེ་མོ་དེས་རླུང་བསྐྱེད་པའི་ཚུལ་དུ་བྱས་ན་རླུང་ཐམས་ཅད་དབང་དུ་བྱ་བ་ཡིན་ནོ། །རབ་ཏུ་དགའ་བའི་རྡོ་རྗེ་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་རབ་ཏུ་དགའ་བའི་རྡོ་རྗེས་གཟུགས་ཐམས་ཅད་མཐོང་བ་ལ་ སོགས་པའི་ལས་རྣམས་སྒྲུབ་པར་བྱེད་དོ། །ཇི་ལྟར་ཞེ་ན། མཛུབ་མོ་ཞེས་བྱ་བ་ལ་སོགས་པ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས། མཛུབ་མོ་གཉིས་ཀྱི་རྩེ་མོ་མེ་ལོང་གི་དཀྱིལ་འཁོར་ལ་བལྟ་བའི་ཚུལ་གྱིས་གཟུང་བར་བྱས་ན། འདིས་ནམ་མཁའ་ ལ་གཟུགས་ཐམས་ཅད་མཐོང་བར་བྱེད་དོ། །རོ་ལངས་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་བསྒྲུབ་པའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་དེའི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ནམ་མཁའ་ལ་དངོས་པོ་ཐམས་ཅད་བསྒྲུབ་པའི་ཚུལ་ དུ་བྱས་ནས་དངོས་པོ་ཐམས་ཅད་འབྱུང་བ་ཡིན་ནོ། །ནམ་མཁའ་ལ་རྡོ་རྗེའི་ལྟ་བས་སོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེས་ནམ་མཁའ་རྡོ་རྗེ་བཅིངས་ནས་ནམ་མཁའ་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་དེ་ཉིད་ནམ་མཁའ་ལ་རང་གི་བདག་ཉིད་ཀྱིས་དངོས་པོ་བལྟ་བའི་ཚུལ་གྱིས་བཟུང་ན་ ནམ་མཁར་རང་གི་བདག་ཉིད་ཀྱི་དངོས་པོ་མཐོང་བ་ཡིན་ནོ། །སྟེང་དུ་བསྐོར་བར་བྱའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་ཤིན་ཏུ་བསྐོར་བར་བྱས་ན་ནམ་མཁར་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་ མཐོང་བར་འགྱུར་རོ། །རྡོ་རྗེ་མདའ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་ལ་སོགས་པ་བསྐྱེད་པར་འགྱུར་རོ། །ཇི་ལྟར་ཞེ་ན། ཤིང་དྲུང་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་ཐམས་ཅད་དང་། འབྲུ་རྣམས་ ལ་གཞག་པར་བྱའོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཤིང་དྲུང་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་ཐམས་ཅད་དང་འབྲུ་རྣམས་ལ་ནམ་མཁར་མེ་ཏོག་དང་། ལོ་མ་འབྲས་བུ་བསྐྱེད་པའི་བསམ་པས་གཞག་ པར་བྱས་ན་ནམ་མཁའ་ལ་མེ་ཏོག་དང་ལོ་མ་དང་འབྲས་བུ་ཐམས་ཅད་སྐྱེ་བར་འགྱུར་རོ། །རྣོན་པོས་ས་རློག་པར་བྱའོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ལྕགས་རྣོ་བ་དང་ལྡན་པའི་གཤོལ་ལ་བྱིན་གྱིས་བརླབས་ པར་བྱས་ན་ཕྱག་རྒྱ་དེ་ཉིད་དང་གཤོལ་དེས་ས་རློག་ན་ཐམས་ཅད་དུ་འབྲུ་ཐམས་ཅད་སྨིན་པ་འབྱུང་བར་འགྱུར་རོ། །བདག་ཉིད་ཀྱིས་ཐམས་ཅད་ལ་དྲལ་བར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་བཅིངས་ལ་འདིས་དངོས་པོ་ཐམས་ཅད་ལས་ བཟའ་བ་ལ་སོགས་པ་ཐམས་ཅད་རང་ཉིད་ཀྱིས་དྲང་བར་བྱས་ནས་ཐམས་ཅད་ལས་བཟའ་བ་དང་བཏུང་བ་དང་། གོས་དང་། རྒྱན་དང་། གནས་ཐམས་ཅད་དང་། མཆོག་ཏུ་གྱུར་པའི་བུ་མོ་གཞོན་ནུ་དང་། བུད་མེད་ཐམས་ཅད་དང་སྐྱེས་བུ་དང་བྲན་ཕོ་དང་བྲན་མོ་རྣམས་ འབྱུང་བར་འགྱུར་རོ། །གཞན་གྱི་དཔུང་གི་མདུན་དུ་བསྐོར་བར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་བཅིངས་ལ་གཞན་གྱི་དཔུང་གི་མདུན་དུ་བསྐོར་བར་བྱས་ན། གཡུལ་དུ་ཡན་ལག་བཞིའི་དཔུང་གི་ཚོགས་སུ་མཐོང་ཞིང་འཐབ་པར་མཐོང་བར་ འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། འདིས་སྒྱུ་མ་མཐོང་བ་ལ་སོགས་པའི་ལས་རྣམས་བསྒྲུབ་པར་བྱའོ། །ཇི་ལྟར་ཞེ་ན། གློག་འགྱུ་བ་ལ་བསྐོར་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གློག་འགྱུ་བའི་ཚུལ་གྱིས་ བསྐོར་བ་བྱས་ན་སྒྱུ་མ་ཐམས་ཅད་སྟོན་པར་འགྱུར་རོ། །བསྐོར་བ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་བ་བྱས་ན་ཇི་ལྟར་གསུངས་པའི་ལས་ཐམས་ཅད་ཀྱི་བྱ་བ་འགྲུབ་པ་ཡིན་ནོ། །གློག་འགྱུ་བའི་ནམ་མཁའ་ལ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ ཚུར་གཉིས་བཅིངས་ལ་གློག་འགྱུ་བའི་ཚུལ་གྱིས་ནམ་མཁའ་ལ་བསྐོར་བར་བྱས་ཏེ་དེ་ལྟར་རྨད་དུ་བྱུང་བ་དང་ཆོ་འཕྲུལ་ཐམས་ཅད་མཐོང་བར་འགྱུར་རོ། །གཡས་པས་གཡོན་པ་ལ་བརྡེག་པར་བྱའོ་ཞེས་བྱ་བ་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་ཀྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་ལ་བརྡེག་ན་ཐམས་ ཅད་ཕྱིར་བཟློག་པའི་བྱ་བ་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་གཡོ་ཞིང་གཡོ་བ་མེ་ལ་གཞག་པར་བྱའོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་སྔར་བཤད་པའི་ཚུལ་གྱིས་མེའི་སྟེང་དུ་གཡོ་བ་དང་བཅས་པར་བཞག་ན་མེ་རེངས་པར་འགྱུར་རོ། །མཛུབ་མོ་མཉམ་པའི་ དཀྱིལ་འཁོར་ནི་ནོར་བུའོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་བླངས་པ་བཟུང་ལ་ནོར་བུ་རིན་པོ་ཆེའི་རྣམ་པར་སྟེང་ནས་དགུག་པའི་ཚུལ་དུ་བྱས་ཏེ་ཆུ་དྲང་བར་བྱའོ། །མཛུབ་མོ་རྡོ་རྗེ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་ མོ་གཉིས་ཡང་དག་པར་སྦྱར་ནས་རྩེ་མོར་བྱས་ཏེ་འདིས་དགོན་པར་གྲོང་ཁྱེར་དང་། ཆུ་བོ་དང་། མཚོ་དང་། སྐྱེད་མོས་ཚལ་དང་། བཟའ་བ་དང་། བཏུང་བ་དང་། གནས་སྤྲུལ་པར་འགྱུར་རོ། །མཐེ་བོ་གཡོན་པའི་བུ་ག་ལ་གཡས་པའི་མཛུབ་མོ་གཞུག་པར་བྱ་ཞེས་བྱ་ བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོ་གཡོན་པའི་བུ་ག་ལ་བྱང་ཆུབ་མཆོག་གི་ཚུལ་གྱིས་གཡས་པའི་མཛུབ་མོ་གཞུག་པར་བྱ་སྟེ། འདིས་ནི་སྔར་བཤད་པའི་ཚུལ་གྱིས་ཆུའི་སྟེང་དུ་འཆག་པ་དང་། གཟུགས་མང་པོའི་རང་བཞིན་གྱི་བདག་ཉིད་ཀྱི་དངོས་པོ་ མཐོང་བ་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རབ་ཏུ་དགའ་བའི་རྡོ་རྗེ་ཞེས་བྱ་བ་ལ་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱིས་རབ་ཏུ་དགའ་བའི་རྡོ་རྗེས་ལྷ་ལ་སོགས་པ་ཐམས་ཅད་མངག་གཞུག་བྱེད་པའི་དངོས་གྲུབ་ཐོབ་པར་ འགྱུར་རོ། །ཇི་ལྟར་ཞེ་ན། སྟེང་དུ་ནམ་མཁའ་ལ་བཀའ་བསྐྱོད་པ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་སྒྲིབ་པ་མེད་པའི་སྟེང་གི་ཕྱོགས་སུ་བཀའ་བསྒོ་བའི་ཚུལ་གྱིས་རབ་ཏུ་དགའ་བའི་རྡོ་རྗེ་དེ་ཉིད་བསྐྱོད་པར་བྱས་ན་ལྷ་ལ་སོགས་པ་ཐམས་ཅད་མངག་གཞུག་ བྱེད་པར་འགྱུར་རོ། །སྐྱེ་གནས་གཡོ་བ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེ་དེ་ཉིད་ཀྱིས་རང་རྟགས་གཡོ་བར་བྱས་ན་སེམས་ཅན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དབུས་མ་རྡོ་རྗེ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་སོར་མོ་དབུས་མ་གཉིས་ཀྱི་རྩེ་མོར་ ཡང་དག་པར་སྦྱར་བ་བྱས་ན། མི་རྒྱུ་བ་ཐམས་ཅད་དགུག་པ་དང་། དབབ་པ་དང་བདེན་པར་སྨྲར་འཇུག་པར་འགྱུར་རོ། །བསྐྱོད་ཅིང་བཙིར་བའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས། བསྐྱོད་ཅིང་བཙིར་བ་བྱས་ན་གཟུགས་བརྙན་གྱི་སྐུ་ཐམས་ཅད་དབབ་པ་དང་། དགུག་ པ་དང་དགོད་དུ་གཞུག་པ་དང་། གར་བྱེད་དུ་གཞུག་པ་དང་། རྩེར་གཞུག་པ་དང་བཀའ་བསྒོ་བ་ཐམས་ཅད་བྱེད་པ་དང་། ཐམས་ཅད་འདྲེན་པ་དང་འཕྲོག་ཏུ་གཞུག་པ་དང་། ལས་ཐམས་ཅད་བྱེད་དུ་གཞུག་པ་དང་། དེ་རྣམས་བྱེད་དུ་འཇུག་པར་འགྱུར་རོ། །རྡོ་རྗེ་ཡིད་ལས་ བྱུང་བ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ནི། རྡོ་རྗེ་ཡིད་ལས་བྱུང་བ་སྟེ། དེས་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་བ་ཡིན་ནོ། །རྡོ་རྗེ་ཀཱི་ལི་ཀཱི་ལའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀཱི་ལི་ཀི་ལའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི། རྡོ་རྗེ་ ཀཱི་ལི་ཀི་ལ་སྟེ་དེས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྩེར་འཇུག་པར་འགྱུར་རོ། །རྡོ་རྗེ་ཆུ་སྲིན་ནོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་དྲན་པའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་རྡོ་རྗེ་ཆུ་སྲིན་ཏེ། དེས་ཐམས་ཅད་བརྟན་པར་བྱེད་པར་འགྱུར་རོ། །རྡོ་རྗེ་སྙེམས་མའི་ནི་བཤད་པའོ་ཞེས་བྱ་ བ་ལ་བཅོམ་ལྡན་འདས་རྡོ་རྗེ་སྙེམས་མའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི། རྡོ་རྗེ་སྙེམས་མ་སྟེ་དེས་ཐམས་ཅད་ས་རབ་ཏུ་བསྒྲུབ་པར་འགྱུར་རོ། །བཤད་པ་ཞེས་བྱ་བ་ནི་རེ་རེ་ལ་ཡང་སྦྱར་ཏེ། རྡོ་རྗེ་ཡིད་ལས་བྱུང་བ་བཤད་པ་དང་། ཀཱི་ལི་ཀཱི་ལའི་བཤད་པ་དང་། རྡོ་རྗེ་ ཆུ་སྲིན་བཤད་པ་དང་། རྡོ་རྗེ་སྙེམས་མ་བཤད་པའོ་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་མཛུབ་མོ་རྡོ་རྗེས་སོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོར་ཡང་དག་པར་སྦྱར་བར་བྱས་ན། དེས་རྨི་ལམ་འདེབས་པར་འགྱུར་རོ། །ཇི་ལྟར་ཞེ་ ན། གསོལ་བ་འདེབས་པར་བྱེད་པས་ཞེས་བྱ་བ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་དེ་ཉིད་གསོལ་བ་བཏབ་པའི་ཚུལ་གྱིས་བཟུང་ན་རྨི་ལམ་འབེབས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །མཛུབ་མོ་གཉིས་ཀྱིས་རང་གི་མིག་གཉིས་བཀབ་ལ་མ་བཙུམས་པར་བསྒོམས་ནས་གང་མངོན་ པར་འདོད་པའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་ཀྱིས་རང་གི་མིག་གཉིས་བཀབ་ལ་མིག་མ་བཙུམས་པར་ཇི་ལྟར་འདོད་པའི་བཅོམ་ལྡན་འདས་མདུན་དུ་བསྒོམ་པར་བྱས་ན་གཞན་རྣམས་ལ་རང་གི་མངོན་པར་འདོད་པའི་རྨི་ལམ་སྟོན་པར་བྱེད་ པ་ཡིན་ནོ། །སྦྱིན་སྲེག་བྱེད་པ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་ཡང་དག་པར་སྦྱར་བའི་རྩེ་མོས་སྦྱིན་སྲེག་བྱེད་པའི་ཚུལ་བྱས་ན། །འདིས་རྨི་ལམ་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ། །མཛུབ་མོ་གཉིས་ཀྱི་རྩེ་མོས་རང་ གི་མིག་བཀབ་ན་རྨི་ལམ་བཟང་པོ་ཐམས་ཅད་བརྟན་པར་སྒྲུབ་པར་བྱེད་པར་འགྱུར་རོ། །སོ་རྣམས་ཀྱིས་གཟུང་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱ་སྟེ་སོ་རྣམས་ཀྱིས་གཟུང་བ་བྱས་ན་འདིས་འབྲས་དང་ནད་ཐམས་ ཅད་འཕྲོག་པར་འགྱུར་རོ། །བཏུང་བར་བྱའོ་ཞེས་བྱ་བ་ནི། མཛུབ་མོ་གཉིས་ཀྱི་རྩེ་མོ་དེ་ཉིད་བཏུང་བའི་ཚུལ་དུ་བྱས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ། །རྩེ་མོ་བསྐྱོད་ཅིང་སྦྱིན་སྲེག་བྱའོ་ཞེས་བྱ་བ་ལ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཁ་ལ་བསྐྱོད་ཅིང་སྦྱིན་སྲེག་གི་ཚུལ་དུ་ བྱས་ནས་འདིས་དུས་མ་ཡིན་པར་འཆི་བ་ཞི་བར་འགྱུར་རོ། །རང་གི་མཐེ་བོ་འོག་ཏུ་རབ་ཏུ་བརྐྱང་ལ་བརྡེག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ཏེ། མཐེ་བོ་གཉིས་འོག་ཏུ་མཉམ་པོར་བྱས་ལ་བརྐྱང་ སྟེ་མཐེ་བོང་གཉིས་པོ་དེས་སྡིག་པ་ལ་བརྡེག་པར་བྱས་ན་ངན་སོང་གསུམ་པོ་དྲལ་བར་འགྱུར་རོ། །རྡོ་རྗེ་སྐུ་མཆོག་གི་ཕྱག་རྒྱ་ཞེས་བྱ་བ་ནི། གང་ཞིག་རྡོ་རྗེའི་སྐུའི་མཆོག་ཏུ་གྱུར་པའི་ཕྱག་རྒྱ་དེས་སྐུ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེས་ཇི་ལྟ་བུ་ཡིན་ ཞེ་ན། མཐེ་བོ་སེམས་དཔའི་སྐྱིལ་ཀྲུང་གིས། །མཛུབ་མོའི་རྡོ་རྗེའི་སྐུ་མཆོག་གོ། །ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཐེ་བོ་གཡོན་པའི་སྟེང་དུ་མཐེ་བོ་གཡས་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་གྱིས་བཞག་ལ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་ སྦྱར་བ་བྱས་ན་འདིས་རྡོ་རྗེ་སྐུའི་མཆོག་སྟེ་འདིས་སྐུ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དབུས་མའི་མཉམ་པའི་ཁ་དབུས་ཀྱི་ངག་འབྱིན་པ་ཞེས་བྱ་བ་ལ་རྡོ་རྗེ་སྐུའི་མཆོག་གི་ཕྱག་རྒྱའི་སོར་མོ་དབུས་མ་གཉིས་ཀྱི་མེ་ཏོག་གི་མགོ་ལྕོགས་ཀྱི་ཚུལ་བྱས་ཏེ་ཕྱག་ རྒྱ་འདིས་ངག་འབྱིན་པའི་ཚུལ་གྱིས་ཁ་ལ་གྱེན་དུ་བསྒྲེང་བར་བྱས་ན་ངག་གི་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ། །སྙིང་གར་བཞག་ནས་ཨོཾ་བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བ་བསྒོམ་པར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་སྐུ་མཆོག་བཅིངས་ནས་རང་གི་སྙིང་གའི་ཕྱོགས་སུ་ བཟུང་སྟེ། ཨོཾ་བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བ་བརྗོད་ཅིང་རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་བསྒོམ་པར་བྱས་ནས་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །མཐེ་བོའི་རྟགས་གཡོན་པའི་མཐེ་བོའི་བུ་གར་གཞུག་པར་བྱའོ་ཞེས་བྱ་བ་ལ། སྐུ་མཆོག་ བཅིངས་ནས་གཡོན་པའི་མཐེ་བོའི་བུ་གར་གཡས་པའི་མཐེ་བོ་འོག་ཏུ་ཁ་བལྟ་བ་བཅུག་ན་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གློག་འགྱུ་བ་ལྟར་བསྐོར་བས་རྡོ་རྗེའི་འཁོར་ལོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། དེ་ཉིད་ གློག་འགྱུ་བའི་ཚུལ་གྱིས་བསྐོར་བ་བྱས་ནས་འདིས་དཀྱིལ་འཁོར་ཐམས་ཅད་ལ་གཞུག་པར་འགྱུར་རོ། །རྡོ་རྗེ་སྙེམས་མ་དང་བཅས་པའོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་ཕྱག་རྒྱ་རྡོ་རྗེ་དང་བཅས་པ་བཅིངས་ནས། འདིས་ ཕྱག་རྒྱ་ཐམས་ཅད་བཅིང་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཡི་གེ་ཧཱུཾ་གིས་སྡིགས་མཛུབ་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཡི་གེ་ཧཱུཾ་བརྗོད་པ་དང་བཅས་པས་མཛུབ་མོ་གཉིས་སོ་སོར་བསྒྲེང་སྟེ་སྡིགས་མཛུབ་བྱས་ན་དེས་དམ་ཚིག་ཐམས་ཅད་འགྲུབ་པར་ འགྱུར་རོ། །རབ་ཏུ་དགའ་བའི་ལས་རྡོ་རྗེ་གར་གྱི་ཚུལ་གྱིས་ཁ་སྦྱར་རོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་གར་གྱི་ཚུལ་གྱིས་ལངས་ཏེ་སྤྱི་བོར་ཐལ་མོ་ཁ་སྦྱར་བ་བྱས་ནས་འདིས་ནི་ལས་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྡོ་རྗེ་སྙེམས་མ་བཤད་ པའོ་ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་སྙེམས་མ་སྟེ་དེས་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །མཐེ་ཆུང་གི་ངོས་ཀྱིས་མདུད་པའི་མཛུབ་མོ་མཉམ་པ་རྩེ་མོ་ཡོངས་སུ་བསྐོར་ཏེ་འོག་ནས་བཏེག་པ་ལ་མཛུབ་མོ་མཉམ་པའི་རྩེ་ མོ་དབང་བསྐུར་བའི་གནས་སུ་བཞག་ན་རྡོ་རྗེ་མཛོད་སྤུའོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། མཐེའུ་ཆུང་གཉིས་ཕན་ཚུན་དུ་ས་ལ་མདུད་པ་བྱས་ན་མཛུབ་མོ་གཉིས་ཀྱི་རྩེ་མོའི་སྟེང་དུ་ཁ་བལྟ་བར་ཡང་དག་པར་སྦྱར་ནས་འོག་ནས་བཏེག་ལ་དབང་ བསྐུར་བའི་གནས་སུ་གཟུང་བར་བྱས་ན་འདིས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི། དུམ་བུ་འདི་གཉིས་ཀྱི་རྒྱུད་ཕྱི་མ་ལས་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་བྱང་ཆུབ་ མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་དུ་འཆད་པ་ཡིན་ནོ། །དེ་བཅིངས་ནས་ཡེ་ཤེས་ཐམས་ཅད་འཐོབ་པར་འགྱུར་རོ། །རྡོ་རྗེ་གར་ནི་བཤད་པ་ཡིན་ནོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། སྒེག་པ་དང་བཅས་པ་ཐམས་ཅད་ལ་སོགས་པ་བཀྲོལ་ བས་ཀློག་འགྱུ་བའི་གར་གྱིས་གཡས་སུ་བསྐོར་བ་གང་ཡིན་པ་དེ་ནི་རྡོ་རྗེ་གར་མ་སྟེ། དེས་ནི་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཉིད་འཐོབ་པར་འགྱུར་རོ། །མཛུབ་མོ་ཕྱིར་ཕྱོགས་པ་བསླང་བའི་རྡོ་རྗེ་སྙིང་གར་བཛྲ་ཧཱུཾ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཞེས་བྱ་བ་ལ། རྡོ་རྗེ་ཁུ་ཚུར་གཉིས་ བཅིངས་མཛུབ་མོ་གཉིས་ཕྱིར་བལྟ་བ་བསླང་སྟེ་རྩེ་མོ་ཡང་དག་པར་སྦྱར་ནས་སྙིང་གའི་ཕྱོགས་སུ་བཟུང་ཞིང་བཛྲོ྅ཧཾ་ཞེས་བྱ་བ་བསམས་ནས་རྡོ་རྗེ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་རོ། །ཡེ་ཤེས་ཀྱི་ཁུ་ཚུར་གྱིས་ཏ་ཐཱ་ག་ཏོ྅ཧཾ་ཞེས་བྱ་བ་ལ་བྱང་ཆུབ་མཆོག་བཅིངས་ ནས་ཏ་ཐཱ་ག་ཏོ྅ཧཾ་ཞེས་བྱ་བ་ལ་བསྒོམས་ན་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་རོ། །ལས་ཀྱི་ཕྱག་རྒྱའི་མཚན་ཉིད་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཤད་པ་ཡིན་ནོ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་བཤད་ ཟིན་པ་སྟེ། དེས་རྡོ་རྗེ་འཆང་བ་ཆེན་པོའི་མཆོག་གི་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ། །ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ཐམས་ཅད་བསྟན་པ་ཡིན་ནོ། །རྡོ་རྗེ་མེད་པའི་རྡོ་རྗེ་ཁུ་ཚུར་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་ དེ་དག་བསྐྱེད་པའི་རྒྱུ་བཤད་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་ཁུ་ཚུར་བཅིང་བའོ། །ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་རྗོད་པར་བྱེད་པ་སྟེ། རང་གི་རྡོ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱ་རྣམས་གང་ལས་བྱུང་བ་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་བསྐྱེད་པས་དེ་མ་ཐག་ཁོ་ནར་ རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་འཆིང་བའི་མཚན་ཉིད་ནི་འཆིང་བ་ཞེས་བརྗོད་པར་བྱ་སྟེ། རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་བསྡམས་པ་བཅིངས་ཏེ། མཐེ་བོ་གཉིས་རྡོ་རྗེ་བསྡམས་པའི་ནང་དུ་བཅུག་སྟེ། རང་གི་མཐེ་ཆུང་དང་སྲིན་ ལག་གི་ཕྱག་རྒྱ་འཆིང་བའི་བར་དུ་བཞག་ནས་མཛུབ་མོ་གཉིས་བཀུག་ཅིང་དེའི་རྩེ་མོ་རང་གི་མཐེ་བོའི་སྟེང་དུ་གཞག་པར་བྱས་ནས། འདིས་ནི་དམ་ཚིག་ཆེན་པོའི་རྡོ་རྗེ་མཆོག་གི་ཁུ་ཚུར་ཞེས་བྱ་བའི་ཕྱག་རྒྱའོ། །ཐམས་ཅད་དངོས་གྲུབ་མཆོག་སྩོལ་བ། །ཞེས་བྱ་བ་ལ། ཕྱག་ རྒྱ་ཐམས་ཅད་འཆིང་བའི་དངོས་གྲུབ་སྟེར་བ་ཡིན་ནོ། །དེ་ཉིད་དུ་བྱས་ནས་ཞེས་བྱ་བ་དེ་ནི་དམ་ཚིག་རྡོ་རྗེ་མཆོག་གི་ཁུ་ཚུར་རོ། །དངོས་གྲུབ་ཕྱིར་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བ་རྫོགས་པའི་དོན་དུའོ། །རྡོ་རྗེ་ཁུ་ཚུར་རབ་ཏུ་བརྟག །ཅེས་བྱ་བ་ལ། འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ཐམས་ཅད་ལ་བྱིན་གྱིས་བརླབས་པ་དང་། མཛད་པ་དང་ལས་ཀྱི་ཕྱག་རྒྱ་རྫོགས་པར་མཛད་པའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་པོ་འདི་བརྟག་པར་མཛད་པ་ཡིན་ནོ། །དཔལ་མཆོག་ དང་པོའི་རྒྱ་ཆེར་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་བཤད་པ་རྫོགས་སོ།། །།དེ་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཕྱག་ རྒྱའི་མཚན་ཉིད་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབས་པའོ། །དེ་བཞིན་ གཤེགས་པ་དང་། དེའི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཏེ། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཏེ། དེ་རྣམས་ཀྱི་རྒྱུད་ནི་ཕྱག་རྒྱའི་མཚན་ཉིད་སྟོན་པའི་སྒྲའི་ཚོགས་སོ། །དེའི་ཆོ་ག་རྒྱས་པ་ནི་ཕྱག་རྒྱ་ཆེན་པོ་ ལ་སོགས་པའི་དབྱེ་བས་ཕྱེ་བར་གྱུར་པའི་རྒྱུན་ནོ། །ཕྱག་རྒྱ་ཆེན་པོ་རྣམས་ཀྱི་དེ་བཞིན་གཤེགས་པ་ནི་བདག་ཡིན་ནོ་ཞེས་བྱ་བ་བཅིངས་པར་བྱ་བ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་པས་བདག་ཉིད་དེ་བཞིན་གཤེགས་པར་བསམས་ལ། ཡ་ ཐཱ་སརྦ་ཏ་ཐཱ་ག་ཏ་ཏིཥྛ་ཧཾ་ཞེས་བྱ་བས་ང་རྒྱལ་བསྐྱེད་ལ། དེ་ནས་ས་མ་ཡོ྅ཧཾ་ཞེས་བྱ་བས་དམ་ཚིག་གི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱས་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་བྱིན་གྱིས་བརླབས་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་བཅིངས་ལ། དེ་བཞིན་ གཤེགས་པའི་ཁུ་ཚུར་གཉིས་བཅིང་བར་བྱ་སྟེ། ཁུ་ཚུར་གཡོན་པ་དེ་བཞིན་གཤེགས་པའི་དྲིལ་བུ་དང་བཅས་པ་བསྙེམས་པར་བྱས་ནས། གཡས་པས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ལ་གསོར་ཏེ། ཨོཾ་དྷི་ཏ་ཐཱ་ག་ཏོ྅ཧཾ་ཞེས་བརྗོད་ཅིང་རང་གི་སྙིང་གར་བསྟོད་པའི་ཚུལ་ གྱིས་གཟུང་བར་བྱས་ནས། འདི་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ནི། ཇི་ལྟར་བྲིས་པའི་རྗེས་སུ་འབྲངས་པ་ལས་འདིར་ཤེས་པར་བྱའོ། །དམ་ཚིག་མཆོག་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། དེ་དག་ཇི་ལྟར་ཤེས་པར་བྱ་ཞེ་ན། མཐེ་བོ་མཐེ་ཆུང་མཉམ་པ་ཡི། །རྡོ་རྗེ་སྣ་ཚོགས་རྡོ་རྗེའོ། །ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཐེ་བོ་གཉིས་ཀྱི་རྩེ་མོ་ཟུར་དུ་ཡང་དག་པར་སྦྱར་བ་བྱས་ལ། མཐེ་ཆུང་གཉིས་ཀྱིས་ཀྱང་རྩེ་མོ་སྦྱར་ཏེ་དང་པོའི་རྡོ་རྗེའི་ཚུལ་གྱིས་དབུས་མ་ གཉིས་ནང་དུ་བཅུག་སྟེ་རྩེ་མོ་སྦྱར་ཏེ་འདི་ནི་དབུས་མའི་རྩེ་མོ་ཅན་ཏེ། སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་ཡིན་ནོ། །འདི་ཡང་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། སྣ་ཚོགས་རྡོ་རྗེ་ཞེས་བྱ་བར་བརྗོད་དོ། །མདའ་ལ་སོགས་པ་བཅིང་བ་ནི་དེ་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་རྡོ་ རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་དུ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་རྣམས་ཀྱི་དང་པོའི་རྡོ་རྗེ་ལས་བྱུང་བའི་མདའ་གཞུ་ལ་སོགས་པའི་ཕྱག་རྒྱ་བསྟན་པ་དེ་བཞིན་དུ་འདིར་ཡང་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའི། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་དམ་ ཚིག་གི་ཕྱག་རྒྱ་རྣམས་ཤེས་པར་བྱའོ། །འདིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་ཉིད། མཐེབ་མཛུབ་རྩེ་སྦྱར་དབུས་མའི་རྩེ། །མིག་འབྲས་ལྟར་བྱས་ འཛིན་པའོ། །ཞེས་བྱ་བ་ནི་རྡོ་རྗེ་མཚོན་ཆ་མའིའོ། །དེ་ཉིད། དབུས་མའི་རྡོ་རྗེ་འོག་ཏུ་ནི། །མཐེ་བོང་གིས་མནན་བཙིར་བར་བྱ། །ཞེས་བྱ་བ་ནི་ཀཱི་ལི་ཀཱི་ལའིའོ། །རྡོ་རྗེ་མཚོན་ཆ་མའི་ཕྱག་རྒྱ་ཉིད་རྡོ་རྗེ་འདྲེན་མ་དང་འདྲ་བར། སྲིན་ལག་མཐེ་ཆུང་ཁ་ཕྱེ་བ། །ཞེས་བྱ་བ་ནི་རྡོ་རྗེ་འདྲེན་ མའིའོ། །དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་བསྐོར་ནས་པུས་མོར་གཞག་པ་གང་ཡིན་པ་དེ་ནི་རྡོ་རྗེ་སྙེམས་མའིའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཉིད། །གྱེན་དུ་གཏོར་དང་ཐུར་དུ་བླུགས། །མཐེ་བོ་སྦྱར་ནས་བསྐོར་བ་དང་། རབ་ཏུ་བརྐྱང་ཞིང་བྱུག་པ་དང་། ། བསྐོར་ཞིང་སྤྱི་བོར་གནས་པ་དང་། །བསྐོར་ཞིང་སྙིང་གར་གཞག་པར་བྱ། །ཡོངས་སུ་བསྐོར་ཞིང་བཞད་པ་དང་། །ཁ་ལས་གྱེན་དུ་དབྱུང་བ་དང་། །དེ་བཞིན་གར་གྱིས་བསྐོར་བའོ། །མཛུབ་མོའི་སོར་མོ་གཉིས་ཀྱིས་སོ། །གཡོན་པའི་མཛུབ་མོ་གཡས་ཀྱིས་གཟུང་། ། མཛུབ་མོ་མཐེ་བོ་འཆིང་བ་དང་། །མཐེ་བོ་མཐའ་མའི་ནང་དུ་གཞག །ཅེས་བྱ་བ་འདི་རྣམས་རིམ་པ་བཞིན་དུ་དཔྱིད་ཀ་རྡོ་རྗེ་མ་ནས་བརྩམས་ཏེ། རྡོ་རྗེ་དྲིལ་བུ་མའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་རང་གི་སྙིང་པོ་རྣམས་ཁོ་ན་ འདིར་ཆོས་ཀྱི་ཕྱག་རྒྱ་རྣམས་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། རྡོ་རྗེ་དྲིལ་བུ་མའི་བར་དུ་ལས་ཀྱི་ཕྱག་རྒྱ་རྣམས་གང་བར་བསྟན་པ་དེ་ཉིད་དེ་བཞིན་གཤེགས་པའི་དཀྱིལ་ འཁོར་འདིར་ཡང་ལས་ཀྱི་ཕྱག་རྒྱ་གཟུང་བར་བྱའོ། །ཁྱད་པར་ནི་འདི་ཡིན་ཏེ་འདིར་ཁུ་ཚུར་གཉིས་ལས་འབྱུང་བ་ཡིན་ནོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་དུ་བཅིང་བའོ་ཞེས་བྱ་བ་ལ། འདིས་ནི་དོན་འདི་བསྟན་ པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས་གཡོན་པ་རྡོ་རྗེ་སྙེམས་མ་དང་། གཡས་པ་རྡོ་རྗེ་བསྟོད་པའི་ཚུལ་གྱིས་སྙིང་གར་བཟུང་སྟེ། འདི་ནི་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས་ སྒེག་པ་དང་བཅས་པས་མཐའ་ལ་སོགས་པ་བཀྲོལ་ལ་ཀློག་འགྱུ་བའི་ཚུལ་གྱིས་གཡས་སུ་ཡོངས་སུ་བསྐོར་ཏེ་སྤྱི་བོའི་ཕྱོགས་སུ་ཀ་པུ་ཊའི་ཐལ་མོ་ཁ་སྦྱོར་བཅིངས་ཏེ་ཕབ་ནས་རྡོ་རྗེ་ཐལ་མོ་བཅིངས་ལ་དེ་ཉིད་སྒེག་པས་མེ་ཏོག་འབུལ་བའི་ཚུལ་གྱིས་ཏེ། སྟེང་དུ་གཏོར་ལ་སླར་ ཡང་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ། མདའ་དང་གཞུ་གཏོད་པའི་ཚུལ་བྱ་སྟེ་འདི་ནི་རྡོ་རྗེ་མཚོན་ཆ་མའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་བཞིན་དུ་གར་བྱས་ནས་རྡོ་རྗེ་ཐལ་མོ་བཅིངས་ལ། དེ་ཉིད་སྒེག་པས་སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་བླུགས་ལ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ་བདག་ཉིད་འཁྱུད་པར་བྱ་སྟེ། འདི་ནི་རྡོ་རྗེ་ཀཱི་ལི་ཀཱི་ལའིའོ། །དེ་བཞིན་དུ་གར་བྱས་ནས་རྡོ་རྗེ་ཐལ་མོ་བཅིངས་ཏེ་དེ་ཉིད་སྒེག་ཅིང་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱོར་ཞིང་བསྐོར་བར་བྱས་ལ། དེ་བཞིན་གཤེགས་ པའི་ཁུ་ཚུར་གཉིས་བཅིངས་ཏེ་རྒྱལ་མཚན་བསྒྲེང་བའི་ཚུལ་གྱིས་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་དྲན་མའིའོ། །དེ་བཞིན་དུ་གར་བྱས་ལ་རྡོ་རྗེ་ཐལ་མོ་བཅིངས་ཏེ། དེ་ཉིད་སྒེག་པས་སྙིང་གའི་ཕྱོགས་སུ་བརྐྱང་ལ་དྲིས་བྱུག་པའི་ཚུལ་གྱིས་རབ་ཏུ་སྦྱར་ཏེ། སླར་ཡང་རྡོ་རྗེ་ཐལ་ མོ་བཅིངས་ནས་སྤྱི་བོར་བཟུང་སྟེ། དེ་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ་སྙེམས་པ་གཉིས་བྱ་སྟེ། འདི་ནི་རྡོ་རྗེ་སྙེམས་མའིའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་ཁ་སྦྱོར་གྱི་ཐལ་མོ་སྤྱི་བོར་བཅིངས་ནས་ཕབ་སྟེ། དེ་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་སྙིང་གའི་ཕྱོགས་སུ་བསྐོར་ཞིང་བཅིངས་ཏེ། མེ་ཏོག་འབུལ་བའི་ཚུལ་གྱིས་སྟེང་དུ་གཏོར་བར་བྱ་སྟེ། འདི་ནི་རྡོ་རྗེ་དཔྱིད་ཀ་མའིའོ། །དེ་བཞིན་དུ་གར་བྱས་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བསྐོར་ཞིང་སྙིང་གའི་ཕྱོགས་སུ་ བཅིངས་ལ། སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་བླུགས་པར་བྱ་སྟེ་འདི་ནི་རྡོ་རྗེ་སྤྲིན་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ། མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་ཞིང་བསྐོར་བར་བྱ་སྟེ། འདི་ནི་སྟོན་ཀ་རྡོ་རྗེ་མའིའོ། །དེ་བཞིན་དུ་དེ་བཞིན་ གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས་བསྐོར་ཏེ་སྙིང་གའི་ཕྱོགས་སུ་བརྐྱང་སྟེ། དེས་དྲིས་བྱུག་པའི་ཚུལ་དུ་བྱ་སྟེ། སླར་ཡང་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ་སྤྱི་བོའི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་དགུན་མའིའོ། །དེ་བཞིན་དུ་དེ་བཞིན་གཤེགས་ པའི་ཁུ་ཚུར་གཉིས་བསྐོར་ནས་སྙིང་གའི་ཕྱོགས་སུ་བཅིངས་ནས་གཟུང་བར་བྱ་སྟེ། འདི་ནི་སྒེག་མོའིའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་བཞད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ནས་ཁའི་མཐར་གཟུང་བར་བྱ་སྟེ། འདི་ནི་བཞད་ མའིའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ། ངག་འབྱིན་པའི་ཚུལ་གྱིས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ། འདི་ནི་གླུ་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ། གར་གྱི་ཚུལ་གྱིས་བསྐོར་བར་བྱ་སྟེ་འདི་ནི་ གར་མའིའོ། །གར་དང་བྲལ་བའི་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ཏེ་འདི་ནི་རྡོ་རྗེ་ལྕགས་ཀྱུ་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ་གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་པའི་ མཛུབ་མོ་བསྒྲེང་བ་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཞགས་པ་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་དང་མཐེ་བོ་དག་གིས་མདུད་པའི་ཚུལ་དུ་བཅིང་བར་བྱས་ཏེ་འདི་ནི་རྡོ་རྗེ་ལྕགས་སྒྲོག་མའིའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ ཏེ་ཕན་ཚུན་ཡང་དག་པར་སྦྱར་བ་བྱས་ནས་རང་རང་གི་མཐེ་ཆུང་དང་། སྲིན་ལག་གི་ནང་དུ་མཐེ་བོ་གཉིས་བཅུག་ལ་གཟུང་བར་བྱས་ཏེ། འདི་ནི་རྡོ་རྗེ་དྲིལ་བུ་མའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །ལྕགས་ཀྱུ་མ་ནི་དེ་བཞིན་དུ་ཞེས་བྱ་བ་ལ། དེ་བཞིན་གཤེགས་ པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། གཡས་པའི་མཛུབ་མོའི་ལྕགས་ཀྱུ་ནི་རྡོ་རྗེ་ཆེན་པོ་གསང་བའི་ལྕགས་ཀྱུ་མ་སྟེ། འདིས་ཨོཾ་བཛྲ་དྷ་རི་ཎི་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མཉམ་པ་ཉིད་ཀྱི་གཟུངས་བརྗོད་ཅིང་། དེ་བཞིན་གཤེགས་པའི་ དཀྱིལ་འཁོར་དུ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་སྤྱན་དྲང་བར་བྱའོ། །ཁུ་ཚུར་གྱི་ཁྱད་པར་རོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་དང་། རྡོ་རྗེ་སེམས་དཔའི་ལས་ཀྱི་ ཕྱག་རྒྱ་རྣམས་ཀྱི་ཁུ་ཚུར་གྱི་ཁྱད་པར་ཤེས་པར་བྱའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོའོ། །སླར་ཡང་རྡོ་རྗེ་ཁུ་ཚུར་མཐེ་བོ་གཉིས་ལས་བྱུང་བ་ནི་རྡོ་རྗེ་ སེམས་དཔའི་དཀྱིལ་འཁོར་གྱི་ལས་ཀྱི་ཕྱག་རྒྱའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ལས་ཀྱི་ཕྱག་རྒྱ་རྣམས་ཏེ་དེ་ལྟར་ཁུ་ཚུར་གྱི་ཁྱད་པར་ཤེས་པར་བྱའོ། །ད་ནི་ཁུ་ཚུར་གྱི་ཁྱད་པར་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཁུ་ ཚུར་མཐེ་བོ་གཉིས་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་རྡོ་རྗེའི་ཁུ་ཚུར་བཅིངས་ལ་མཐེ་བོ་གཉིས་ཀྱི་རྩེ་མོ་ཕྱི་རོལ་དུ་ཡང་དག་པར་སྦྱར་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱའོ། །དེ་གཉིས་སུ་ཕྱེ་ནས་དེ་བཞིན་ གཤེགས་པའི་ཁུ་ཚུར་རོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཁུ་ཚུར་དེ་གཉིས་སུ་བྱས་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་འབྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་དང་། དཀྱིལ་འཁོར་ ལྔས་ཕྱག་བཙལ་ཞིང་འཇུག་པར་བྱའོ་ཞེས་བྱ་བ་ལ། འདས་མ་ཐག་ཏུ་བཤད་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་སྤྱི་བོ་དང་ལག་མཐིལ་གཉིས་དང་། པུས་མོའི་ལྷ་ང་གཉིས་ཀྱིས་རང་བཞིན་དཀྱིལ་ འཁོར་ལྔས་ཕྱག་འཚལ་བ་དང་། འཇུག་པའི་གླུ་བརྗོད་ཅིང་འཇུག་པར་བྱའོ། །འདི་དག་ཀྱང་དངོས་གྲུབ་ཐམས་ཅད་གསོལ་པ་ཞེས་བྱ་བ་ལ། ཇི་ལྟར་རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ ཚིག་དང་ཆོས་ཀྱི་ཕྱག་རྒྱ་རྣམས་དངོས་གྲུབ་ཐམས་ཅད་སྟེར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལས་གསུངས་པའི། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་འདི་རྣམས་ཀྱིས་ཀྱང་ལས་ཀྱི་དངོས་གྲུབ་ ཐམས་ཅད་སྩོལ་བ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་ལས་ཀྱི་ཕྱག་རྒྱ་བཅིངས་ པ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབ་པ་སྟེ། ལས་ཀྱི་ཕྱག་རྒྱ་བཅིང་བའི་སྐབས་སུ་བབ་པ་ཞེས་བྱ་བའི་དོན་ཏོ། །ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་ནི་བཅིང་བ་ཞེས་བརྗོད་དོ། །རྡོ་རྗེ་སྐུ་མཆོག་གི་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་ འོག་ཏུ་བཅིངས་ནས། མཐེ་བོ་གཉིས་བརྟན་པའི་སྐྱིལ་མོ་ཀྲུང་གི་ཚུལ་བྱས་ལ། མཛུབ་མོ་གཉིས་ཡང་དག་པར་སྦྱར་ནས། རྩེ་མོའི་ཚུལ་གྱིས་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་སྐུ་མཆོག་གི་ཕྱག་རྒྱའོ། །འདི་བཅིངས་ལ་གར་གྱི་ཚུལ་གྱིས་ཡོངས་སུ་བསྐོར་བར་བྱ་སྟེ། རྡོ་རྗེ་ སྐུ་མཆོག་འདིས་ཐམས་ཅད་བས