Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 60

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
ྲུང་བ་ལ་སོགས་པ་བསྒྲུབ་པར་བྱའོ། །ཇི་ལྟར་ཞེ་ན། གཙུག་ཏོར་ཞེས་བྱ་བ་ལ་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སྐུ་མཆོག་འདི་གཙུག་ཏོར་གྱི་ཚུལ་དུ་བཞག་ན་གཙུག་ཏོར་གྱི་ཕྱག་རྒྱར་འགྱུར་ཏེ། གཙུག་ཏོར་འདིས་ཐམས་ཅད་

བསྲུང་བར་འགྱུར་བ་ཡིན་ནོ། །འདི་ཉིད་ཡོངས་སུ་བསྐོར་ནས་མཛུབ་མོ་གཉིས་ཀྱིས་མཛོད་སྤུའི་ཕྱོགས་སུ་འཛིན་པར་བྱེད་པ་ཡིན་ནོ། །སྙིང་གར་གཞག་པ་ཞེས་བྱ་བ་ལ་རྡོ་རྗེ་སྐུ་མཆོག་དེ་ཉིད་སྙིང་གའི་ཕྱོགས་སུ་འཛིན་ན་འདིས་ཆོས་ཐམས་ཅད་འཐོབ་པར་
འགྱུར་རོ། །བསྐོར་ཞིང་བསྐོར་བས་མཁུར་ཚོས་དང་། གཙུག་ཏོར་ཞེས་བྱ་བ་ལ་རྡོ་རྗེ་སྐུ་མཆོག་བཅིངས་ནས་གར་གྱི་ཚུལ་གྱིས་ཡོངས་སུ་བསྐོར་བར་བྱ་སྟེ། དེ་ནས་ཡང་བསྐོར་ཞིང་མཁུར་ཚོས་དང་། སྤྱི་བོར་གཟུང་བ་བྱས་ན་འདིས་མཆོད་པ་ཐམས་ཅད་ཀྱི་དངོས་གྲུབ་འཐོབ་པར་
འགྱུར་རོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་སྡིགས་མཛུབ་བྱས་ན། འདིས་གདུག་པ་ཐམས་ཅད་འདུལ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་སྦྱིན་པའི་ཚུལ་བྱས་ན་འདིས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པར་འགྱུར་རོ། །དེ་བཞིན་གཤེགས་
པའི་ཁུ་ཚུར་གཉིས་བཅིངས་ཏེ་གཡོན་པའི་ཁུ་ཚུར་སྙིང་གའི་ཕྱོགས་སུ་གཟུང་སྟེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཡས་པ་བརྐྱང་ནས་ས་ལ་རེག་པར་བྱས་ན་འདིས་བདུད་ཐམས་ཅད་འཇོམས་པར་འགྱུར་རོ། །གཡོན་པའི་ཁྲོ་བོའི་མཛུབ་མོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་
ཆུབ་མཆོག་བཅིངས་ནས་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ནས་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་བ་ཡིན་ནོ། །རྡོ་རྗེ་བསྡམས་པ་འོག་ཏུ་བཅིངས་ནས་སྐྱིལ་མོ་ཀྲུང་ངོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པའི་ནང་དུ་བཅིངས་ལ་མཐེ་བོ་བརྟན་པའི་སྐྱིལ་མོ་ཀྲུང་
དུ་བྱས་ཏེ། མཛུབ་མོ་གཉིས་ཡང་དག་པར་སྦྱར་བའི་རྩེ་མོ་འདིར་རྡོ་རྗེ་སྐུ་མཆོག་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། དེ་བཞིན་
གཤེགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་བཤད་པ་རྫོགས་སོ།། །།དེ་ལྟར་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བསྟན་ནས་ད་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཁྲོ་བོའི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེའི་རིགས་

ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་སྟེ། ཕྱག་རྒྱའི་མཚན་ཉིད་སྟོན་པའི་སྐབས་སུའོ། །རྡོ་རྗེའི་རིགས་ཏེ། དེ་ལས་བྱུང་བའོ། །གང་གི་ཕྱིར། ཕྱག་ན་རྡོ་རྗེའི་རྡོ་རྗེ་ལས་བྱུང་བའི་ཕྱིར་རོ། །རྡོ་རྗེའི་རིགས་དེའི་ཕྱག་
རྒྱ་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་ནོ། །དེའི་རྒྱུད་ནི་སྔ་མ་བཞིན་ནོ། །དེའི་ཆོ་ག་རྒྱས་ལ་ནི་རྒྱུན་ནོ། །འཇུག་པའི་ཕྱག་རྒྱ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་བདེ་བ་ཆེན་པོ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཧཱུཾ་
མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་སྟེ། དེ་འདིར་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་ཡིན་ནོ། །དགུག་པའི་ཕྱག་རྒྱ་དེ་ཉིད་དོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་ཉིད་ནི་མཛུབ་མོ་གཡས་པའི་ལྕགས་ཀྱུ་མ་སྟེ།
དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དགུག་པའི་ཕྱག་རྒྱའོ། །དེ་ནས་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འཁོར་དང་བཅས་པ་སྔར་བཤད་པའི་སྤྱན་དྲང་བའི་སྔགས་ཀྱིས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཕྱག་རྒྱ་ཆེན་པོ་དེ་བཞིན་དུ་བྱའོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་
རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འཁོར་དང་བཅས་པ་བྲིས་པའི་ཆོ་གར་ཕྱག་རྒྱ་ཆེན་པོ་ཇི་ལྟར་བསྟན་པ་དེ་བཞིན་དུ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱའོ། །འོག་ཏུ་རྡོ་རྗེ་བསྡམས་པ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ཏེ། སོར་མོ་ཐམས་ཅད་ནང་དུ་
བཅིངས་ཏེ། དེར་མཐེ་བོ་རྡོ་རྗེ་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས་སྟེང་དུ་ཁ་བལྟས་པར་བྱས་ལ། སོར་མོ་ཐམས་ཅད་ཕན་ཚུན་དུ་ཡང་དག་པར་སྦྱར་ཏེ་འབར་བ་ལྟར་གཟུང་བ་བྱས་ལ། མཐེ་བོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ཞིང་སྲིན་
ལག་དང་དབུས་མའི་སོར་མོ་དག་གི་ནང་དུ་གཟུང་བར་བྱས་ན་འདིས་ནི་རྡོ་རྗེ་ཁྲོ་བོ་ཏི་རིན་ཏི་རི་ཞེས་བྱ་བ་ལ་རྡོ་རྗེ་འཆང་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་སྟེ་རྡོ་རྗེ་འཆང་ཆེན་པོ་སྒྲུབ་པར་བྱེད་པའོ། །གཞན་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ལ་རྡོ་རྗེ་ཁྲོ་བོ་ཡིད་ལས་བྱུང་བའི་དམ་ཚིག་

ཕྱག་རྒྱ་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་ཡིན་ནོ། །འདིས་ནི་འདི་ལྟར་སྟོན་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ལྕགས་ཀྱུ་ཕྱི་རོལ་དུ་མངོན་པར་ཕྱོགས་པ་དང་། མཐེ་བོས་འཁྱུད་པ་དང་མཐེ་
བོ་གཉིས་ཁ་ཕྱེ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་དབུས་མ་དག་གི་རྩེ་མོ་ཕན་ཚུན་འདྲེན་ཅིང་མཐའ་མ་དང་སྲིན་ལག་མཉམ་པར་བྱས་ཏེ་ཁ་ཕྱེ་ལ་རྡོ་རྗེ་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བ་དང་། བརླ་གཉིས་ལ་བསྐོར་ཞིང་གནས་པ་དང་། རྡོ་རྗེ་ཐལ་མོ་བསྐོར་བའི་ཕྱག་རྒྱ་ནི། གྱེན་དུ་
གཏོར་དང་ཐུར་དུ་བླུགས། །མཐེ་བོ་སྦྱར་ནས་བསྐོར་བ་དང་། །རབ་ཏུ་བརྐྱང་ཞིང་བྱུག་པ་དང་། །བསྐོར་ཞིང་སྤྱི་བོར་གནས་པ་དང་། །བསྐོར་ནས་སྙིང་གར་གཞག་པར་བྱ། །ཡོངས་སུ་བསྐོར་ཞིང་བཤད་པ་དང་། །ཁ་ལས་གྱེན་དུ་འབྱིན་པ་དང་། །དེ་བཞིན་གར་གྱིས་
བསྐོར་བའོ། །རྡོ་རྗེ་བསྡམས་པ་བཅིངས་ཏེ། མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་དང་། །གཡོན་པའི་མཛུབ་མོ་གཡས་ཀྱིས་གཟུང་། །མཛུབ་མོ་མཐེ་བོ་འཆིང་བ་དང་། །མཐེ་བོ་མཐའ་མའི་ནང་དུ་གཞག །ཅེས་བྱ་བ་ནི་འདི་རྣམས་རྡོ་རྗེ་ཁྲོ་བོ་ཡིད་ལས་བྱུང་བ་ནས་བརྩམས་ཏེ།
རྡོ་རྗེ་ཁྲོ་བོ་དྲིལ་བུའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱ་ནི་དེ་རྣམས་ཉིད་དོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་འདི་ལྟར་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ཡང་འདི་དག་ཡིན་ཏེ་ཧོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་
ཀྱིའོ། །བྷིད་ཅེས་བྱ་བ་ནི་ཁྲོ་བོ་ཡིད་ལས་བྱུང་བའིའོ། །ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོ་ཀཱི་ལི་ཀཱི་ལའིའོ། །དྷྲིད་ཅེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་དྲན་མའིའོ། །ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་སྙེམས་པའི་ལྷག་མ་རྣམས་ཀྱི་ཡང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྙིང་པོ་རྣམས་
ཉིད་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་དུ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་ཁྲོ་བོ་རབ་ཏུ་དགའ་བའི་རྡོ་རྗེ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་སུ་ཤེས་པར་བྱའོ། །ཁུ་ཚུར་གྱི་ཁྱད་པར་རོ་ཞེས་བྱ་བ་

ལ་དེས་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བ་ཡིན་པ་ལ་འདིས་ཁྲོ་བོའི་ཁུ་ཚུར་གཉིས་ལས་བྱུང་བ་སྟེ་འདི་ནི་ཁྱད་པར་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་སྡིགས་མཛུབ་བོ་ཞེས་བྱ་བ་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་སྡིགས་མཛུབ་ཀྱི་ཚུལ་གྱིས་
བཟུང་ལ་སོ་སོར་བསྒྲེང་བར་བྱ་སྟེ། འདི་ནི་ཁྲོ་བོའི་ཁུ་ཚུར་གཉིས་ཀྱི་ཕྱག་རྒྱ་ཡིན་ནོ། །དམ་ཚིག་ལས་བྱུང་བ་ནི་དེ་བཞིན་ནོ་ཞེས་བྱ་བ་ལ་ཇི་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ལ་དེ་གཉིས་སུ་བྱས་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ཕྱག་རྒྱ་འབྱུང་བ་
དེ་བཞིན་དུ་འདིར་ཡང་ངོ་། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་དེ་གཉིས་སུ་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་ནས་འདིའི་མཛུབ་མོ་གཉིས་གཟུང་བར་བྱས་ན་ཁྲོ་བོའི་ཁུ་ཚུར་གཉིས་སུ་འགྱུར་བ་ཡིན་ཏེ། འདིས་ལས་ཀྱི་ཕྱག་རྒྱ་རྣམས་
བཅིང་བར་བྱའོ། །དེ་དག་ཀྱང་འདི་ཡིན་ཏེ། གཡོན་པའི་བསྙེམས་པ་དང་བཅས་པའི་ཁུ་ཚུར་གཏོད་པའི་ཚུལ་གྱིས་གཟུང་བར་བྱ་སྟེ། འདི་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །མདའ་གཞུ་གཏོད་པ་ནི་ཁྲོ་བོ་རྡོ་རྗེ་ཡིད་ལས་བྱུང་བའིའོ། །འོག་ཏུ་འཁྱུད་པའི་
ཁྲོ་བོའི་རྡོ་རྗེ་ཀཱི་ལི་ཀཱི་ལའིའོ། །རྒྱལ་མཚན་བསྒྲེང་བ་རྡོ་རྗེ་དྲན་པའིའོ། །སྙེམས་པ་གཉིས་གཏོད་པ་ཁྲོ་བོའི་སྙེམས་པའིའོ། །ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་ཉིད་སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་དགྲོལ་བས། གློག་འགྱུ་བའི་གར་གྱིས་ཡོངས་སུ་བསྐོར་བས་སྤྱི་
བོའི་ཕྱོགས་སུ་ཀ་པུ་ཊའི་ཐལ་མོ་བཅིངས་ཏེ་ཕབ་ལ། ཁྲོ་བོའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ། མེ་ཏོག་འབུལ་བའི་ཚུལ་གྱིས་སྟེང་དུ་གཏོར་བར་བྱ་སྟེ་འདི་ནི་དཔྱིད་ཀ་རྡོ་རྗེ་མའིའོ། །དེ་ནས་དེ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གར་བྱས་ལ། ཁྲོ་བོའི་ཁུ་ཚུར་གཉིས་བསྐོར་
ཞིང་བཅིངས་ཏེ། སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་བླུགས་པར་བྱ་སྟེ། འདི་ནི་རྡོ་རྗེ་སྤྲིན་མའིའོ། །དེ་ནས་དེ་བཞིན་དུ་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་མཉམ་པས་བསྐོར་བར་བྱ་སྟེ། འདི་ནི་སྟོན་ཀ་རྡོ་རྗེ་

མའིའོ། །དེ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་དགོད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ལ་ཁའི་མཐར་གཟུང་བར་བྱ་སྟེ། འདི་ནི་བཞད་མའིའོ། །དེ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ། ངག་འབྱིན་པའི་ཚུལ་གྱིས་ཁ་
ལས་གྱེན་དུ་དྲང་བར་བྱ་སྟེ་འདི་ནི་གླུ་མའིའོ། །དེ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་གར་གྱི་ཚུལ་གྱིས་བསྐོར་བར་བྱས་ཏེ་འདི་ནི་གར་མའིའོ། །གར་དང་བྲལ་བའི་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ལ་འདི་ནི་ཁྲོ་བོ་རྡོ་རྗེ་
ལྕགས་ཀྱུའིའོ། །ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་གཡས་པའི་མཛུབ་མོའི་ལྕགས་ཀྱུ་གཡོན་པའི་མཛུབ་མོ་བསྒྲེང་བས་གཟུང་བར་བྱ་སྟེ་འདི་ནི་ཁྲོ་བོ་རྡོ་རྗེ་ཞགས་པའིའོ། །ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་དང་མཐེ་བོ་དག་གིས་མདུད་པ་བཅིང་བར་བྱ་སྟེ་འདི་ནི་ཁྲོ་བོ་རྡོ་
རྗེ་ལྕགས་སྒྲོག་གིའོ། །ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་ཕན་ཚུན་ཡང་དག་པར་སྦྱར་བར་བྱ་སྟེ། འདི་ནི་ཁྲོ་བོ་རྡོ་རྗེ་དྲིལ་བུའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་བསྟན་ནས་ད་ནི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་བསྟན་པར་
བྱ་བའི་ཕྱིར། དེ་ནས་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་རྣམས་སོ། །རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ་ཞེས་བྱ་བ་ལ། འཇིག་རྟེན་གསུམ་མ་ལུས་པ་
ལས་རྣམ་པར་རྒྱལ་བ་ལ་སོགས་པ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱང་རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བར་གཟུང་བར་བྱའོ། །རྡོ་རྗེ་ཧཱུཾ་མཛད་དེ་ཇི་ལྟ་བུ་ཡིན་ཞེ་ན། ལག་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྡོ་རྗེ་ལག་པ་མཉམ་སྦྱར་ནས། །མཐེ་
ཆུང་ལྕགས་ཀྱུ་བཅིངས་བྱས་ཏེ། །མཛུབ་མོ་གཉིས་ཀྱི་སྡིགས་མཛུབ་ནི། །འཇིག་རྟེན་གསུམ་རྒྱལ་བྱ་བ་ཡིན། །དེ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །འདིས་འཇིག་རྟེན་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་འཐོབ་པར་འགྱུར་རོ། །གཡོན་པའི་མཛུབ་མོ་ཞེས་བྱ་བ་

ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཡོན་པའི་མཐེ་མཛུབ་ཀྱིས་བསྒྲུབ་བྱ་ལ་སྡིགས་མཛུབ་བྱ་སྟེ། འདིས་སེམས་ཅན་གྱི་ཁམས་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་གཡོན་པ་བརྐྱང་བས་གནས་པ་ཞེས་བ་པ་ལ། ཇི་ལྟར་བཤད་པའི་རྡོ་རྗེ་ཧཱུཾ་མཛད་
བཅིངས་ལ་གཡོན་བརྐྱང་བའི་ལྟ་སྟངས་ཀྱིས་འདུག་ནས་བསྒྲུབ་བྱ་ལ་སྡིགས་མཛུབ་བྱས་ནས་འདིས་ནི་ཁམས་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །མཛུབ་མོའི་རྡོ་རྗེས་སྡིགས་མཛུབ་བོ། །ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། མཛུབ་མོ་གཉིས་ཀྱི་རྩེ་མོ་
ཡང་དག་པར་སྦྱར་བ་བྱས་ནས་དེས་སྡིགས་མཛུབ་བྱས་ནས་དགུག་པ་ལ་སོགས་པའི་ལས་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །སྣའི་དབུགས་དང་ཡི་གེ་ཧཱུཾ་གིས་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་སྣའི་དབུགས་དང་ཡི་གེ་ཧཱུཾ་གིས་ཐམས་ཅད་བཏུང་བར་འགྱུར་རོ། །ཁྲོས་
པས་ཡི་གེ་ཨ་སྦྱར་བར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཁྲོས་པས་ཡི་གེ་ཨ་བརྗོད་པར་བྱས་ན་འདིས་ཐམས་ཅད་བབ་པར་འགྱུར་རོ། །ཧ་ཧ་དགོད་པར་བྱ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཧ་ཧ་ཞེས་དགོད་པར་བྱས་ནས་འདིས་ཐམས་ཅད་གཞོན་པར་འགྱུར་
རོ། །སྙིང་གར་རྡོ་རྗེ་བསྒོམས་པས་རྡོ་རྗེའི་ཕྱག་རྒྱ་ཆེན་པོའི་ཞེས་བྱ་བ་ལ། རང་གི་སྙིང་གར་ཁྲོ་བོ་རྡོ་རྗེ་རྩེ་བཞི་པ་བསྒོམ་ཞིང་། བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་ལས་ཐམས་ཅད་དགོས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་
ཡིན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ཀྱི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱའི་རྟོག་པ་བཤད་པ་རྫོགས་སོ།། །།དེ་ལྟར་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་རྟོག་པ་བསྟན་ནས་ད་
ནི་པདྨའི་རིགས་ཀྱི་ཕྱག་རྒྱའི་རྟོག་པ་བསྟན་པའི་ཕྱིར། །དེ་ནས་པདྨའི་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །པདྨའི་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་སྟེ་དེའི་རིགས་ནི་པདྨའི་རིགས་སོ། །དེའི་ཕྱག་རྒྱ་ཆེན་པོ་དང་དམ་

ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེའི་ཆོ་ག་རྒྱས་པའི་རྒྱུད་ནི་སྒྲའི་ཚོགས་སོ། །དེ་བཞིན་གཤེགས་པའི་རྡོ་རྗེའི་མཛུབ་མོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེ་ནི་དེ་བཞིན་གཤེགས་པའི་རྡོ་རྗེ་སྟེ། མཛུབ་
མོ་གཉིས་བསྒྲེང་བ་བཀུག་ལ་པདྨ་འདབ་མ་གཉིས་ཀྱི་རྣམ་པས་གར་བྱས་ལ་སྙིང་གའི་ཕྱོགས་སུ་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་པདྨ་ཞེས་བྱ་བ་ལ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་ཡིན་ནོ། །འདི་ཉིད་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་རྡོ་རྗེ་འཇིག་རྟེན་
དབང་ཕྱུག་འཁོར་དང་བཅས་པ་སྤྱན་དྲང་བའི་སྔགས་ཀྱིས་སྤྱན་དྲང་བར་བྱའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་དུའོ་ཞེས་བྱ་བ་ལ་ཇི་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་
སོགས་པ་ཕྱག་རྒྱ་རྣམས་བསྟན་པ་དེ་བཞིན་འདིར་ཡང་ཤེས་པར་བྱའོ། །དམ་ཚིག་གི་ཁྱད་པར་དང་ཁུ་ཚུར་གྱི་ཁྱད་པར་རོ་ཞེས་བྱ་བ་ལ་འདིར་ཡང་དམ་ཚིག་གི་ཕྱག་རྒྱ་ཁྱད་པར་ཅན་དུ་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་དང་། ལས་ཀྱི་ཕྱག་རྒྱ་རྣམས་བསྐྱེད་པའི་རྒྱུར་
གྱུར་པའི་ཁུ་ཚུར་གྱི་ཁྱད་པར་ཡང་ཤེས་པར་བྱ་བ་ཡིན་ནོ། །ད་ནི་དམ་ཚིག་གི་ཕྱག་རྒྱའི་ཁྱད་པར་དང་། ཁུ་ཚུར་གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཁ་འབུས་པའི་ཐལ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་འབུས་པའི་ཐལ་མོས་བཅིངས་ནས་མཐེ་བོ་གཉིས་མཐེ་
ཆུང་གཉིས་ཁ་ཕྱེ་བར་བྱས་ལ། པདྨ་འདབ་མ་བཞི་པའི་ཚུལ་གྱིས་གཟུང་བར་བྱ་སྟེ། འདི་ནི་པདྨ་ཆེན་པོ་ཞེས་བྱ་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །ཐམས་ཅད་བཅིང་བ་ནི་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ། པདྨ་ཡིད་
ལས་བྱུང་བ་ལ་སོགས་པ་རྣམས་ཀྱི་ཁ་འབུས་པའི་ཐལ་མོ་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་གྱིས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱའི་ཁྱད་པར་བསྟན་ནས་ཁུ་ཚུར་

གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཁུ་ཚུར་གྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་དང་དབུས་མ་གཉིས་མཉམ་པོར་བྱས་ལ། མཐེ་བོའི་རྩེ་མོར་རང་རང་གི་དབུས་མ་དང་མཛུབ་མོའི་རྩེ་མོ་སྦྱར་ལ་གཟུང་བར་བྱ་སྟེ། འདི་ནི་
པདྨའི་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །འདི་གཉིས་སུ་བྱས་ལ་ཕྱག་རྒྱ་ཆེན་པོ་དང་ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། པདྨའི་ཁུ་ཚུར་གཉིས་བཅིངས་ལ་གཡོན་པའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བླངས་ཏེ་བསྙེམས་པར་བྱས་
ནས་གཡས་པའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ་གསོར་ལ་གཏོད་པའི་ཚུལ་གྱིས་རང་གི་སྙིང་གར་འཛིན་པར་བྱ་སྟེ། འདི་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །འདི་བཞིན་དུ་པདྨའི་ཡིད་ལས་བྱུང་བ་ལ་སོགས་པ་རྣམས་ཀྱི་རང་གི་ཕྱག་རྒྱ་ཆེན་པོ་
བྲིས་པའི་རྗེས་སུ་འབྲངས་ནས་བཅིང་བར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་ནི་པདྨ་ཆེན་པོ་ཞེས་བྱ་བས་བསྟན་ཟིན་ཏོ། །ཁ་འབུས་པའི་ཐལ་མོ་བཅིངས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་ཕྱི་རོལ་དུ་ཕྱོགས་པར་བཀུག་པར་བྱས་ཏེ་
འདི་ནི་པདྨའི་ཡིད་ལས་བྱུང་བའིའོ། །ཁ་འབུས་པའི་ཐལ་མོ་བཅིངས་ཏེ་མཐེ་བོ་གཉིས་པའི་སྐྱིལ་མོ་ཀྲུང་གིས་འཁྱུད་པར་བྱ་སྟེ། འདི་ནི་པདྨ་ཀཱི་ལི་ཀཱི་ལའིའོ། །ཁ་འབུས་པའི་ཐལ་མོ་གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་པའི་དབུས་མའི་རྩེ་མོ་གཟུང་བ་དང་།
གཡོན་པའི་མཛུབ་མོའི་ལྕགས་ཀྱུས་གཡས་པའི་དབུས་མའི་རྩེ་མོར་གསུང་བར་བྱས་ལ་མཐེ་བོ་གཉིས་སོ་སོར་བསྒྲེང་སྟེ་སྲིན་ལག་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ཞིང་ཐ་མ་གཉིས་སོ་སོར་རབ་ཏུ་ཕྱིར་བརྐྱང་ནས་གཟུང་བར་བྱས་ཏེ། འདི་ནི་པདྨ་དྲན་པའིའོ། །ཁ་འབུས་པའི་
ཐལ་མོ་བསྐོར་ནས་བརླ་གཉིས་ལ་གཟུང་བར་བྱ་སྟེ་འདི་ནི་པདྨ་སྙེམས་མའིའོ། །ཁ་འབུས་པའི་ཐལ་མོ་བསྐོར་ཞིང་བཅིངས་ལ་སྟེང་དུ་གཏོར་བར་བྱ་སྟེ་འདི་ནི་དཔྱིད་ཀའི་རྡོ་རྗེ་མའིའོ། །དེ་ཉིད་སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་བླུགས་པར་བྱས་ཏེ་འདི་ནི་སྤྲིན་མའིའོ། །དེ་ཉིད་མར་མེ་

འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་ཞིང་བསྐོར་བའི་རྣམ་པས་གཟུང་བར་བྱས་ཏེ། འདི་ནི་སྟོན་ཀ་རྡོ་རྗེ་མའིའོ། །དེ་ཉིད་སྙིང་གའི་ཕྱོགས་སུ་བརྐྱང་ཞིང་དྲིས་བྱུག་པའི་ཚུལ་དུ་རབ་ཏུ་སྦྱར་ཞིང་བསྐོར་ལ་སྤྱི་བོར་གཟུང་བར་བྱ་སྟེ་འདི་ནི་དགུན་མའིའོ། །པདྨའི་ཐལ་
མོ་བསྐོར་ཞིང་སྙིང་གའི་ཕྱོགས་སུ་གཟུང་བ་སྟེ་འདི་ནི་སྒེག་མོའིའོ། །པདྨའི་ཐལ་མོ་སྦྱར་ཞིང་དགོད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ལ་ཁའི་ཐད་ཀར་གཟུང་བར་བྱས་ཏེ་འདི་ནི་བཞད་པ་མའིའོ། །པདྨའི་ཐལ་མོ་བསྐོར་བ་དག་འབྱིན་པའི་ཚུལ་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ་འདི་ནི་
གླུ་མའིའོ། །པདྨའི་ཐལ་མོ་བསྐོར་ཞིང་གར་གྱི་ཚུལ་གྱིས་བསྐོར་བར་བྱ་སྟེ་འདི་ནི་པདྨ་གར་མའིའོ། །ཁ་འབུས་པའི་ཐལ་མོའི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གཉིས་བྱ་སྟེ་འདི་ནི་པདྨ་ལྕགས་ཀྱུའིའོ། །ཁ་འབུས་པའི་ཐལ་མོ་གཡོན་པའི་མཛུབ་མོ་བསྒྲེངས་ལ་གཡས་པའི་མཛུབ་མོས་
གཟུང་བར་བྱ་སྟེ་འདི་ནི་པདྨ་ཞགས་པ་མའིའོ། །ཁ་འབུས་པའི་ཐལ་མོ་བཅིངས་ལ་མཛུབ་མོ་དང་མཐེ་བོ་དག་གིས་ལུ་གུ་རྒྱུད་དུ་བཅིང་བར་བྱ་སྟེ་འདི་ནི་པདྨ་ལྕགས་སྒྲོག་གིའོ། །ཁ་འབུས་པའི་ཐལ་མོའི་མཐེ་བོ་གཉིས་རང་གི་སྲིན་ལག་དང་མཐེའུ་ཆུང་གི་ནང་དུ་བཅུག་ལ་གཟུང་བར་
བྱས་ཏེ་འདི་ནི་པདྨ་དྲིལ་བུའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་ཆོས་ཀྱི་ཕྱག་རྒྱར་གཟུང་བར་བྱའོ། །པདྨའི་ཁུ་ཚུར་གཉིས་ཀྱིས་ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ། །གཡོན་པའི་ཁུ་ཚུར་གྱིས་བསྙེམས་པ་བྱས་ནས་
གཡས་པའི་པདྨའི་ཁུ་ཚུར་རང་གི་སྙིང་གར་གཏོད་པའི་ཚུལ་གྱིས་གཟུང་བར་བྱ་བ་སྟེ། འདི་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །གཡོན་པའི་པདྨའི་ཁུ་ཚུར་གྱིས་གཞུ་བླང་བའི་ཚུལ་གྱིས་ཏེ། དེ་ཉིད་སྙིང་གའི་ཕྱོགས་སུ་གྱེན་དུ་ཁ་བལྟས་པར་གཞག་པ་
དེའི་སྟེང་དུ་གཡས་པའི་པདྨའི་ཁུ་ཚུར་འོག་ཏུ་ཁ་བལྟས་པར་བཞག་ལ་སླར་དེས་མདའ་གསོར་བའི་ཚུལ་དུ་བྱས་ན་འདི་ནི་པདྨ་ཡིད་ལས་བྱུང་བའིའོ། །པདྨའི་ཁུ་ཚུར་གཉིས་ཀྱིས་བདག་ཉིད་ལ་འཁྱུད་པར་བྱ་སྟེ། འདི་ནི་ཀཱི་ལི་ཀཱི་ལའིའོ། །པདྨའི་ཁུ་ཚུར་གཉིས་ཀྱིས་རྒྱལ་

མཚན་བསྒྲེང་བའི་ཚུལ་དུ་བྱ་སྟེ་འདི་ནི་པདྨ་དྲན་པའིའོ། །པདྨའི་ཁུ་ཚུར་གཉིས་ནང་དུ་ཁ་བལྟས་པའི་ལག་པ་གཉིས་དཀུར་གཞག་པར་བྱ་སྟེ་འདི་ནི་པདྨ་སྙེམས་པའིའོ། །པདྨའི་ཁུ་ཚུར་གཉིས་བཅིངས་ཏེ་སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་དཀྲོལ་ཞིང་ཀློག་འགྱུ་
བའི་གར་གྱིས་གཡས་སུ་བསྐོར་ནས་སྤྱི་བོའི་ཕྱོགས་སུ་ཀ་པུ་ཊའི་ཁ་སྦྱོར་བཅིངས་ཏེ་ཕབ་ལ། པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ། སྙིང་གའི་ཕྱོགས་སུ་བཞག་ནས་མེ་ཏོག་འབུལ་བའི་ཚུལ་གྱིས་གྱེན་དུ་གཏོར་བར་བྱ་སྟེ། འདི་ནི་དཔྱིད་ཀ་པདྨའིའོ། །
དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ལ་སྙིང་གའི་ཕྱོགས་སུ་བཅིངས་ཏེ་སྤོས་འབུལ་བའི་ཚུལ་གྱིས་ཐུར་དུ་བླུགས་པར་བྱ་སྟེ་འདི་ནི་པདྨ་སྤྲིན་མའིའོ། །དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་གཉིས་སྦྱར་ཞིང་བསྐོར་བར་
བྱ་སྟེ། འདི་ནི་སྟོན་ཀ་པདྨའིའོ། །དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ་སྙིང་གའི་ཕྱོགས་སུ་བརྐྱང་ལ་དྲིས་བྱུག་པའི་ཚུལ་གྱིས་རབ་ཏུ་སྦྱར་ཏེ། སླར་ཡང་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ནས་སྤྱི་བོའི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་པདྨ་
དགུན་མའིའོ། །དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་སྙིང་གའི་ཕྱོགས་སུ་གཟུང་བར་བྱ་སྟེ། འདི་ནི་པདྨ་སྒེག་མའིའོ། །དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་དགོད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ཞིང་ཁའི་མཐར་གཟུང་བར་བྱ་སྟེ་འདི་
ནི་པདྨ་བཞད་མའིའོ། །དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ་འདི་ནི་པདྨ་གླུ་མའིའོ། །དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་གར་གྱི་ཚུལ་གྱིས་བསྐོར་བར་བྱ་སྟེ་འདི་ནི་པདྨ་གར་མའིའོ། །གར་དང་བྲལ་
བའི་པདྨའི་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ཏེ་འདི་ནི་པདྨ་ལྕགས་ཀྱུ་མའིའོ། །པདྨའི་ཁུ་ཚུར་གཉིས་བཅིངས་ལ་གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་པའི་མཛུབ་མོ་བསྒྲེང་བ་གཟུང་བར་བྱ་སྟེ། འདི་ནི་པདྨ་ཞགས་པའིའོ། །

པདྨའི་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་དང་མཐེ་བོ་དག་གིས་མདུད་པ་བཅིང་བར་བྱ་སྟེ། འདི་ནི་པདྨ་ལྕགས་སྒྲོག་མའིའོ། །པདྨའི་ཁུ་ཚུར་གཉིས་བཅིངས་ཏེ་ཕན་ཚུན་དུ་ཡང་དག་པར་སྦྱར་ལ་མཐེ་ཆུང་སྲིན་ལག་གི་ནང་དུ་མཐེ་བོ་གཉིས་བཅུག་ནས་གཟུང་
བར་བྱ་སྟེ་འདི་ནི་པདྨའི་དྲིལ་བུ་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ཞེས་བྱ་བ་ལ་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་རྣམས་ཏེ་དེ་དག་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །པདྨ་ཆེན་པོ་བཤད་དོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིག་
རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་པདྨ་ཆེན་པོ་ཞེས་བྱ་བ་སྟེ། དེ་བཅིངས་ནས་སྙིང་གར་གཞག་པར་བྱས་ན་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་རོ། །དེ་ཉིད་སྤྱི་བོ་ཞེས་བྱ་བ་ལ་པདྨ་ཆེན་པོ་དེ་ཉིད་བཅིངས་ལ་སྤྱི་བོའི་ཕྱོགས་སུ་གཟུང་བར་བྱས་
ན་ཐམས་ཅད་བསྲུང་བར་འགྱུར་རོ། །དེ་ཉིད་རྡོ་རྗེ་ལྟ་བས་བལྟ་བར་བྱའོ་ཞེས་བྱ་བ་ལ་པདྨ་ཆེན་པོ་དེ་ཉིད་བཅིངས་ལ་རྡོ་རྗེ་ལྟ་བས་བལྟ་བར་བྱས་ན་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ། །དེ་ཉིད་སོར་མོ་ཐམས་ཅད་ལ་ཁ་ཕྱེ་བའོ་ཞེས་བྱ་བ་ལ་པདྨ་ཆེན་པོ་བཅིངས་ལ་
སོར་མོ་ཐམས་ཅད་ཁ་ཕྱེ་ལ་པདྨ་འདབ་མ་བརྒྱད་པའི་རྣམ་པས་གཟུང་བར་བྱས་ན་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ཉིད་རྡོ་རྗེ་གཉིས་ཀྱི་མིག་གོ་ཞེས་བྱ་བ་ལ་མཛུབ་མོས་འཁྱུད་པའི་དབུས་མའི་མིག་འབྲས་མཐེ་བོ་དང་སྦྱར་བ་ཞེས་བྱ་བ་གང་ཡིན་པ་དེ་ནི་རྡོ་རྗེ་གཉིས་
ཀྱི་མིག་སྟེ་འདིས་བུད་མེད་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །འདི་ཉིད་ལེགས་པར་བྱེད་པའོ་ཞེས་བྱ་བ་ལ་པདྨ་ཆེན་པོ་བཅིངས་ཏེ་མཛུབ་མོ་དང་མཐེ་བོ་དག་གིས་ལེགས་པར་སྦྱིན་པའི་ཚུལ་དུ་བྱ་བ་སྟེ་འདིས་སྐྱེས་པ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དེ་ཉིད་དཔྲལ་
བར་བྱས་ནས་གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་ལ། པདྨ་ཆེན་པོ་དཔྲལ་བའི་ཕྱོགས་སུ་གཟུང་ཞིང་གསོལ་བ་གདབ་པར་བྱ་སྟེ་རྨི་ལམ་འདེབས་པ་གྲུབ་པར་འགྱུར་རོ། །དེ་ཉིད་གཡོན་པའི་སྐྱེ་གནས་སུ་མཐེ་བོའི་རྟགས་ཀྱི་མིང་ལའོ་ཞེས་བྱ་བ་ལ་པདྨ་ཆེན་པོ་བཅིངས་ཏེ་

གཡོན་པའི་མཛུབ་མོ་དང་མཐེ་བོ་སྐྱེ་གནས་བྱས་ལ་སྐྱེ་གནས་དེ་ལ་གཡས་པའི་མཐེ་བོ་འོག་ཏུ་ཁ་བལྟ་བ་བཅུག་སྟེ། མཆོག་འདོད་པའི་བསམ་པས་སྙིང་པོ་བཟླ་བར་བྱ་སྟེ། དེ་ལྟར་བྱས་ན་མཆོག་ཐམས་ཅད་བསྐྱེད་པར་འགྱུར་རོ། །དཔལ་མཆོག་དང་པོའི་རྒྱ་
ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། །།དེ་ལྟར་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱའི་རྟོག་པ་བསྟན་ནས་ད་ནི་ནོར་བུའི་རིགས་
ཀྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ནོར་བུའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པའོ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ཇི་ལྟ་བ་བཞིན་དུ་བཤད་པའི་འཕགས་པ་ནམ་མཁའི་སྙིང་པོ་ཕྱག་ན་གནས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་
ཆེ་ནི་ནོར་བུ་སྟེ། དེའི་རིགས་ནི་དེ་ལས་བྱུང་བ་རིན་པོ་ཆེའི་རིགས་སོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཏེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དོ། །དེའི་ཆོ་ག་རྒྱས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྫོགས་པར་བྱེད་པའི་རྒྱུན་ནོ། །རྡོ་
རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་ཐལ་མོ་བཅིངས་ཏེ་མཐེ་བོ་གཉིས་ཡང་དག་པར་སྦྱར་ནས་མཛུབ་མོའི་རྩེ་མོ་བསྒྲེང་བར་བྱས་ལ། མཛུབ་མོ་གཉིས་རྩེ་མོ་ཕན་ཚུན་དུ་སྦྱར་ཏེ་སྟེང་ནས་བཀུག་པ་རིན་པོ་ཆེར་བྱས་ནས་མཐེ་བོའི་རྩེ་མོ་གཉིས་སུ་སྦྱར་བ་བྱས་ཏེ། དེ་
ནས་མཛོད་སྤུའི་ཕྱོགས་སུ་གཟུང་བར་བྱས་ན་འདི་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྟེ་འདི་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་འགྱུར་རོ། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཉིད་ཀྱི་མཛུབ་མོ་གཉིས་ལྕགས་ཀྱུས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་འཁོར་དང་བཅས་པ་སྤྱན་
འདྲེན་པའི་སྔགས་དང་བཅས་པས་སྤྱན་དྲངས་ལ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་ནི་དེ་བཞིན་ནོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་ལས་

ཀྱི་ཕྱག་རྒྱ་བཅིང་བ་བཞིན་དུ་འདིར་ཡང་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་བཅིང་བ་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དམ་ཚིག་ནི་རྡོ་རྗེ་བསྡམས་པའི་མཛུབ་མོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་བཅིངས་ཏེ་མཐེ་བོ་
གཉིས་བསྒྲེང་བའི་རྩེ་མོ་ཡང་དག་པར་སྦྱོར་བའི་ཚུལ་གྱིས་གཟུང་བར་བྱ་སྟེ་མཛུབ་མོ་གཉིས་བསྒྲེང་ལ། རྩེ་མོ་ཕན་ཚུན་ཡང་དག་པར་སྦྱར་ཏེ་སྟེང་ནས་བཀུག་ཅིང་རིན་པོ་ཆེ་བྱས་ལ་མཐེ་བོའི་རྩེ་མོ་གཉིས་ཀྱི་སྟེང་དུ་སྦྱར་བར་བྱ་སྟེ། འདི་ནི་འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་
གི་ཕྱག་རྒྱ་རྡོ་རྗེ་ནོར་བུ་ཞེས་བྱ་བ་ཡིན་ནོ། །གཞན་རྣམས་ནི་དེ་ལས་བྱུང་བའོ་ཞེས་བྱ་བ་ལ་འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའི་རིན་པོ་ཆེ་ཡིད་ལས་བྱུང་བ་ལ་སོགས་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣམས་གཟུང་བར་བྱའོ། །རིན་པོ་ཆེའི་ཁུ་ཚུར་ཞེས་བྱ་བ་
ནི་རྡོ་རྗེ་བསྡམས་པ་བཅིངས་ཏེ་མཐེ་བོ་ཡང་དག་པར་སྦྱར་ཞིང་བསྒྲེང་བར་བྱས་ལ་མཛུབ་མོ་གཉིས་བསྒྲེང་བའི་རྩེ་མོ་གཉིས་ཀྱིས་རང་གི་མཐེ་བོའི་རྩེ་མོ་ཡང་དག་པར་སྦྱར་ཞིང་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་ཞེས་བྱ་བའི་ཕྱག་རྒྱ་ཡིན་ནོ། །དེ་གཉིས་སུ་
བྱས་ལ། ནོར་བུའི་ཁུ་ཚུར་རོ་ཞེས་བྱ་བ་ལ། རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་གཉིས་སུ་བྱས་ན་ནོར་བུའི་ཁུ་ཚུར་གཉིས་སུ་འགྱུར་བ་ཡིན་ནོ། །འདིས་ནི་འདི་སྐད་བཤད་པར་འགྱུར་ཏེ། གཡོན་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བླངས་ནས་གཡས་པའི་ཁུ་ཚུར་གྱིས་ནོར་བུས་
མཚན་པའི་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ་གསོར་ལ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་གཟུང་བར་བྱ་སྟེ་འདི་ནི་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །རིན་པོ་ཆེ་ཡིད་ལས་བྱུང་བ་ལ་སོགས་པ་རྣམས་ཀྱི་ཡང་རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱིས་རང་རང་གི་ཕྱག་མཚན་
དང་བཅས་པ་ཇི་ལྟ་བ་བཞིན་དུ་བྲིས་པའི་རྗེས་སུ་འབྲངས་ཏེ་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་བ་ཡིན་ནོ། །འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱའི་ཕྱི་རོལ་དུ་མངོན་པར་ཕྱོགས་པའི་ལྕགས་ཀྱུ་ནི་རིན་པོ་ཆེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །འཕགས་པ་

ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཉིད་མཐེ་བོ་གཉིས་ཀྱིས་འཁྱུད་པ་ནི་ཀཱི་ལི་ཀི་ལའིའོ། །འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིང་བ་ཉིད་མཐེ་བོ་གཉིས་ཁ་ཕྱེ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་དབུས་མ་དག་གི་རྩེ་མོ་ཕན་ཚུན་འདྲེན་ཅིང་མཐའ་མ་དང་སྲིན་ལག་
མཉམ་པར་བྱ་སྟེ། ཁ་ཕྱེ་ལ་རྡོ་རྗེ་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བ་ནི་རིན་པོ་ཆེ་དྲན་པའིའོ། །འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཉིད་བརླ་གཉིས་ལ་བསྐོར་ཞིང་གཞག་པ་ནི། རིན་པོ་ཆེ་སྙེམས་པའིའོ། །དེ་ཉིད་སྟེང་དུ་གཏོར་བ་ནི་དཔྱིད་ཀ་རིན་པོ་ཆེ་མའིའོ། །འོག་ཏུ་བླུགས་
པ་ནི་རིན་པོ་ཆེ་སྤྲིན་མའིའོ། །མཐེ་བོ་གཉིས་སྦྱོར་ཞིང་བསྐོར་བ་ནི་སྟོན་ཀ་རིན་པོ་ཆེ་མའིའོ། །རབ་ཏུ་བརྐྱང་ཞིང་བྱུག་པ་དང་། བསྐོར་ཞིང་སྤྱི་བོར་གཞག་པ་ཞེས་བྱ་བ་ནི་རིན་ཆེན་དགུན་མའིའོ། །བསྐོར་ཞིང་སྙིང་གར་གཞག་པ་ནི་རིན་ཆེན་སྒེག་མོའིའོ། །ཡོངས་སུ་བསྐོར་ཞིང་
དགོད་པ་ནི་རིན་པོ་ཆེ་བཞད་མའིའོ། །ཁ་ལས་གྱེན་དུ་འབྱིན་པ་ནི་རིན་ཆེན་གླུ་མའིའོ། །དེ་བཞིན་བསྐོར་ནས་གར་བྱེད་པ་ནི་རིན་ཆེན་གར་མའིའོ། །མཛུབ་མོའི་ལྕགས་ཀྱུ་གཉིས་ནི་རིན་ཆེན་ལྕགས་ཀྱུ་མའིའོ། །གཡོན་པའི་མཛུབ་མོ་གཡས་ཀྱིས་གཟུང་བ་ནི་རིན་ཆེན་ཞགས་
པ་མའིའོ། །མཛུབ་མོའི་མཐེ་བོང་འཆིང་བ་ནི་རིན་ཆེན་ལྕགས་སྒྲོག་གིའོ། །མཐེ་བོ་མཐའ་མའི་ནང་དུ་གཞག་པ་ནི་རིན་ཆེན་དྲིལ་བུའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་འདིར་ཆོས་ཀྱི་ཕྱག་རྒྱ་རྣམས་གཟུང་བར་
བྱའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་པ་ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ། །གཡོན་པའི་རིན་པོ་ཆེ་བསྙེམས་པས་གཡས་པའི་ཁུ་ཚུར་གཏོད་པའི་ཚུལ་གྱིས་སྙིང་གར་གཟུང་བར་བྱ་སྟེ་འདི་ནི་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །གཞུ་དང་མདའ་
གཏོད་པ་ནི་རིན་པོ་ཆེ་ཡིད་ལས་བྱུང་བའིའོ། །འོག་ཏུ་འཁྱུད་པ་ནི་རིན་པོ་ཆེ་ཀཱི་ལི་ཀཱི་ལའིའོ། །རྒྱལ་མཚན་བསྒྲེང་བ་ནི་རིན་པོ་ཆེ་དྲན་པའིའོ། །སྙེམས་པ་གཉིས་གཏོད་པ་ནི་རིན་ཆེན་སྙེམས་པའིའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ཏེ་སྒེག་པ་དང་བཅས་པས་མཐའ་མ་ལ་

སོགས་པ་ནས་བཀྲོལ་ནས་གློག་འགྱུ་བའི་གར་གྱིས་གཡས་ཕྱོགས་སུ་བསྐོར་བས་བསྐོར་ཏེ། སྤྱི་བོའི་ཕྱོགས་སུ་ཀ་པུ་ཊའི་ཐལ་མོ་ཁ་སྦྱོར་བ་བཅིངས་ཤིང་ཕབ་ལ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་སྙིང་གར་བཅིངས་ནས་མེ་ཏོག་འབུལ་བའི་ཚུལ་གྱིས་སྟེང་
དུ་གཏོར་བར་བྱ་སྟེ་རིན་ཆེན་དཔྱིད་ཀ་མའིའོ། །དེ་བཞིན་དུ་རིན་པོ་ཆེ་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ། སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་ལྡུགས་པར་བྱ་སྟེ་འདི་ནི་རིན་ཆེན་སྤྲིན་མའིའོ། །དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ། མར་མེ་འབུལ་བའི་
ཚུལ་གྱིས་མཐེ་བོར་སྦྱར་ཞིང་བསྐོར་བར་བྱ་སྟེ་འདི་ནི་རིན་ཆེན་སྟོན་ཀ་མའིའོ། །དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ། སྙིང་གའི་ཕྱོགས་སུ་བརྐྱང་ལ་དྲིས་བྱུག་པའི་ཚུལ་གྱིས་རབ་ཏུ་སྦྱར་ཏེ། སླར་ཡང་རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ཏེ། སྤྱི་བོའི་ཕྱོགས་སུ་
བསྐོར་ཞིང་གཞག་པར་བྱ་སྟེ་འདི་ནི་རིན་ཆེན་དགུན་མའིའོ། །དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་བསྐོར་ཞིང་བཅིངས་ནས་སྙིང་གའི་ཕྱོགས་སུ་བསྐོར་ཞིང་གཞག་པར་བྱ་སྟེ། འདི་ནི་རིན་ཆེན་སྒེག་མོའིའོ། །དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ནས་དགོད་པའི་ཚུལ་
གྱིས་ཡོངས་སུ་བསྐོར་ལ་ཁའི་མཐར་གཟུང་བར་བྱ་སྟེ། འདི་ནི་རིན་ཆེན་བཞད་པ་མའིའོ། །དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་བསྐོར་ཞིང་བཅིངས་ནས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ། འདི་ནི་རིན་ཆེན་གླུ་མའིའོ། །དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ནས་
གར་གྱི་ཚུལ་གྱིས་བསྐོར་བར་བྱ་སྟེ་འདི་ནི་རིན་ཆེན་གར་མའིའོ། །གར་དང་བྲལ་བའི་རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ཏེ་རིན་ཆེན་ལྕགས་ཀྱུའིའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ནས་གཡས་པའི་མཛུབ་མོ་
ལྕགས་ཀྱུས་གཡོན་པའི་མཛུབ་མོ་བསྒྲེང་བ་གཟུང་བར་བྱ་སྟེ། འདི་ནི་རིན་ཆེན་ཞགས་པའིའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་དང་མཐེ་བོ་དག་གིས་མདུད་པ་བཅིང་བར་བྱས་ཏེ། འདི་ནི་རིན་ཆེན་ལྕགས་སྒྲོག་གིའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ལ་ཕན་

ཚུན་ཡང་དག་པར་སྦྱར་ཏེ་རང་གི་སྲིན་ལག་དང་མཐེ་ཆུང་གི་ནང་དུ་མཐེ་བོ་གཉིས་བཅུག་ལ་གཟུང་བར་བྱ་སྟེ་འདི་ནི་རིན་ཆེན་དྲིལ་བུའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ཞེས་བྱ་བ་ལ་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་རིན་
པོ་ཆེ་ཞེས་བྱ་བ་ལ་འཇུག་པའི་ཕྱག་རྒྱ་རྡོ་རྗེ་རིན་ཆེན་བཅིངས་ནས། དབུས་མ་གཉིས་ཀྱི་རྩེ་མོ་སྦྱར་ཏེ། འདི་དཔྲལ་བར་བཞག་པས་དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་རོ། །ཁ་སྦྱོར་བྱས་ནས་ཞེས་བྱ་བ་ལ་སོགས་པ་ལ་འཇུག་པའི་ཁ་སྦྱོར་ཐལ་མོ་བཅིངས་ནས། སྲིན་ལག་
གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ཞིང་མཐའ་མ་གཉིས་ཁ་ཕྱེ་བར་བྱས་ལ་བསྒྲེང་སྟེ་གཟུང་བར་བྱས་ན། འདིས་དོན་ཐམས་ཅད་འཐོབ་པར་འགྱུར་རོ། །དབུས་མའི་ནོར་བུ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་བཅིངས་ཏེ། སོར་མོ་དབུས་མ་གཉིས་ཀྱིས་ནོར་བུ་བྱས་ནས། འདིས་འདོད་པ་ཐམས་
ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །མཐེའུ་ཆུང་གི་རྩེ་མོ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་བཅིངས་ནས། མཐེའུ་ཆུང་གཉིས་ཡང་དག་པར་སྦྱར་ནས་རྩེ་མོར་བྱས་ན་འདིས་གཏེར་ཐམས་ཅད་རྙེད་པར་འགྱུར་རོ། །འོག་ཏུ་གཏོར་བ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་བཅིངས་ནས། དེའི་འོག་
ཏུ་གཏོར་བར་བྱས་ན་དེ་ལྟར་རྡོ་རྗེའི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་བསྡམས་པ་ལས་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་རྡོ་རྗེ་བསྡམས་པ་དེ་ལས་ཕྱག་རྒྱ་གང་དག་བྱུང་བ་དེ་རྣམས་ཀྱི་ལས་རྣམས་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། མཛུབ་མོའི་ནོར་བུ་བརྐྱང་བའི་ཕྲེང་བའོ་
ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ཏེ་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བ་བྱས་ལ་ཕན་ཚུན་སྦྱར་བའི་རྩེ་མོའི་སྟེང་ནས་བཀུག་ཅིང་ནོར་བུར་བྱས་ཏེ་དེ་ལྟར་ན་རྡོ་རྗེའི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །རྡོ་རྗེའི་དབང་བསྐུར་བ་སྔ་མ་ལས་འདི་ཁྱད་པར་ཅི་ཡོད་ཅེ་ན། སྔ་
མ་ནི་ནོར་བུས་མཚན་པའི་རྡོ་རྗེ་རྩེ་ལྔ་པའི་དབང་བསྐུར་བ་ཡིན་ལ། འདི་ནི་རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱིས་དབང་བསྐུར་བ་ཡིན་ཏེ། ཁྱད་པར་ནི་འདི་ཡིན་ནོ། །རྡོ་རྗེ་རིན་པོ་ཆེ་གསུམ་བདུན་དང་ལོགས་བཅིང་བར་བྱའོ་ཞེས་བྱ་བ་རྡོ་རྗེ་བསྡམས་པ་བཅིངས་ཏེ་མཐེ་བོ་དང་མཛུབ་མོ་དང་

དབུས་མ་རྣམས་ཀྱིས་ནོར་བུ་རིན་པོ་ཆེ་གསུམ་བྱས་ཏེ། སླར་ཡང་སྤྱི་བོ་དང་རྣ་བ་གཉིས་ཀྱི་སྟེང་དུ་གཟུང་བར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་རིན་ཆེན་མཛོད་སྤུའི་ཕྱོགས་སུ་བཞག་སྟེ་མཛུབ་མོའི་
རྩེ་མོས་སྟེང་དུ་མདུད་ལ། དར་དཔྱངས་འཆིང་བའི་ཚུལ་དུ་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ལ་མཛོད་སྤུའི་ཕྱོགས་སུ་བཞག་སྟེ་མཛུབ་མོ་གཉིས་ཀྱི་སྟེང་དུ་མདུད་པའི་ཚུལ་དུ་བྱས་ན་དར་དཔྱངས་བཅིང་བའི་རྣམ་པ་བྱས་ན་
འདིས་དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །མཐེ་བོ་གཉིས་ཀྱིས་བརྟན་པའི་སྐྱིལ་མོ་ཀྲུང་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་ཀྱིས་བརྟན་པའི་སྐྱིལ་མོ་ཀྲུང་བྱས་ཏེ། མཛུབ་མོ་གཉིས་བསྒྲེང་བ་བཀུག་ཅིང་དབུས་མའི་སོར་
མོ་གཉིས་ཀྱིས། རྩེ་མོའི་ཚིགས་གསུམ་པ་བཀུག་ལ་རལ་གྲིར་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་ཅེས་བྱ་བའི་ཕྱག་རྒྱ་འདིས་སྤྱི་བོ་ནས་བརྩམས་ཏེ། མདུན་དང་རྣ་བ་གཡས་པའི་སྟེང་གི་མགོ་བོའི་སྟེང་དང་རྣ་བ་གཡོན་པའི་སྟེང་དུ་ཅོད་པན་གྱི་ཚུལ་
བྱས་ལ། སླར་ཡང་མདུན་དུ་ཕྲེང་བ་འཆིང་བའི་ཚུལ་གྱིས་མདུད་པ་བྱའོ། །སླར་ཡང་སྟེང་དུ་བསྟན་པར་བྱའོ་ཞེས་བྱ་བ་རྣ་བ་གཉིས་ཀྱི་སྟེང་དུ་ཕྲེང་བ་ཆེན་པོ་འཆིང་བའི་ཚུལ་དུ་བྱས་ནས། སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་དཀྲོལ་ཏེ། ལོགས་གཉིས་སུ་དར་
དཔྱངས་འཆིང་བའི་ཚུལ་དུ་བྱས་ན། རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ། རྩ་བའི་རྒྱུད་ཀྱི་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱའི་རྟོག་པ་
བཤད་པ་རྫོགས་སོ།། །།དེ་ལྟར་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱའི་རྟོག་པ་བསྟན་ནས་ད་ནི་བསྡུས་པའི་དཀྱིལ་འཁོར་ཀྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ནི་གོང་དུ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་དཔལ་རྡོ་རྗེ་

སེམས་དཔའི་དཀྱིལ་འཁོར་ཆེན་པོ་དང་། དེ་བཞིན་གཤེགས་པ་དང་། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དང་། རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང་། འཕགས་པ་ནམ་མཁའི་སྙིང་པོ་རྣམས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་གང་བསྟན་པ་དེ་ཉིད་བསྡུས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལ་
སོགས་པའི་ཕྱག་རྒྱ་ཐམས་ཅད་གཟུང་བར་བྱ་བ་ཡིན་ནོ། །བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་བསྡུས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བསྟན་ནས། ད་ནི་ཕྱིའི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱིའི་ཕྱག་རྒྱ་
ཤེས་པར་བྱ། །ཞེས་བྱ་བ་ལ་དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ཕྱི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལས་ཕྱི་རོལ་དུ་གྱུར་པ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ཅན་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ནི་ཕྱིའི་ཕྱག་རྒྱ་སྟེ་དེ་དག་ལས་ངེས་པའི་ཤེས་པའོ། །དེ་
བྱ་བ་ནི་སྐབས་ལ་བབ་པའོ། །ཕྱག་རྒྱ་ཆེན་པོ་ནི་གཡོན་པ་ཁམ་ཕོར་དང་གཡས་སུ་མདའ་གཏོད་པ་ཉིད་ལས་ཀྱི་ཕྱག་རྒྱའོ་ཞེས་བྱ་བ་ལ་མིང་པོ་རྣམས་ནི་ལུས་སྟོན་པར་བྱེད་པའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེའི་ལག་པ་གཡོན་པས་ཁམ་ཕོར་འཛིན་པ་དང་། ལག་པ་གཡས་པ་
མདའ་གཏོད་པ་སྟེ། མིང་པོ་གསུམ་གྱི་ཕྱག་རྒྱ་ཡིན་ནོ། །འདི་ཉིད་གར་གྱི་ཚུལ་གྱིས་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དམ་ཚིག་འཇུག་པ་ཞེས་བྱ་བ་ལ་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་གང་གིས་འཇུག་པར་འགྱུར་བ་འདི་ནི་དམ་ཚིག་འཇུག་པའི་སྒྲས་
བཤད་པ་ཡིན་ནོ། །མཛུབ་མོ་དང་གུང་མོ་དང་སྲིན་ལག་གཤིབས་ཏེ་རྩེ་མོ་གསུམ་པར་བྱས་ལ་མཐེ་བོ་དང་མཐེ་ཆུང་གཉིས་ཀྱི་གདུ་བུ་གཉིས་ལྕགས་ཀྱི་ལུ་གུ་རྒྱུད་ནི་མིང་པོ་རྣམས་ཀྱིའོ་ཞེས་བྱ་བ་མཐེ་བོ་དང་མཐེ་ཆུང་རྣམས་ཀྱི་ལྕགས་ཀྱི་ལུ་གུ་རྒྱུད་བཅིངས་ལ་མཛུབ་མོ་དང་གུང་མོ་
དང་སྲིན་ལག་གི་སོར་མོ་དྲུག་གིས་རྩེ་གསུམ་པར་བྱས་ཏེ། འདི་ནི་མིང་པོ་རྣམས་ཀྱི་རྩེ་གསུམ་གྱིས་མཚན་པ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་བཅིངས་ལ་གཡས་པའི་སྡིགས་མཛུབ་ཀྱི་ལྕགས་ཀྱུས་མིང་པོ་གསུམ་འཁོར་དང་བཅས་པ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །

མིང་པོ་རྣམས་ཀྱི་སྙིང་པོ་ཁོ་ན་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ལྟར་མིང་པོ་གསུམ་གྱི་ཕྱག་རྒྱའི་རྟོག་པ་བསྟན་ནས། ད་ནི་སྲིང་མོ་བཞིའི་བསྟན་པར་བྱ་བའི་ཕྱིར་ཇི་ལྟར་བཟུང་བ་བཞིན་དུ་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ་ཞེས་བྱ་བ་ལ་བྲི་བའི་ཆོ་གར་ཇི་ལྟར་བསྟན་པ་དེ་
བཞིན་དུ་སྲིང་མོ་བཞིའི་ཕྱག་རྒྱ་ཆེན་པོ་བཅིང་བ་ཤེས་པར་བྱའོ། །གར་གྱི་ཚུལ་གྱིས་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཉིད་བཅིངས་ན་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དམ་ཚིག་གི་གུང་མོ་དང་སྲིན་ལག་རྡོ་རྗེ་བསྡམས་པས་སོ་ཞེས་བྱ་བ་ལ་དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་གུང་མོ་
དང་སྲིན་ལག་གི་སོར་མོ་རྣམས་ཀྱི་རྡོ་རྗེ་བསྡམས་པ་བཅིངས་ལ། རྡོ་རྗེ་བསྡམས་པ་དེས་གཡས་པའི་མཛུབ་མོ་གཡོན་པའི་གུང་མོའི་རྩེ་མོ་དང་ཡང་དག་པར་སྦྱར་བ་དང་། གཡོན་པའི་མཛུབ་མོའི་གཡས་པའི་གུང་མོའི་རྩེ་མོ་དང་ཡང་དག་པར་སྦྱར་ཏེ། གཡས་པའི་སྲིན་ལག་
གི་རྩེ་མོ་གཡོན་པའི་མཐེའུ་ཆུང་གི་རྩེ་མོར་སྦྱར་ལ། གཡོན་པའི་སྲིན་ལག་གི་རྩེ་མོ་གཡས་པའི་མཐེའུ་ཆུང་གི་རྩེ་མོ་དང་སྦྱར་ནས་གཟུང་བར་བྱ་སྟེ། འདི་སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །འདི་ཉིད་ཀྱིས་སྤྱན་དྲང་བ་དང་འདི་ཉིད་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །
ལྷག་མ་ནི་གོ་སླའོ། །དེ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་རྣམས་ནི་སྙིང་པོ་རྣམས་ཉིད་ཡིན་ནོ། །སྲིང་མོ་བཞིའི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། །།དེ་ལྟར་སྲིང་མོ་བཞིའི་ཕྱག་རྒྱའི་རྟོག་པ་བཤད་ནས། ད་ནི་ལྷ་མ་ཡིན་གྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྒྱུ་མའི་འཁོར་ལོ་ཞེས་བྱ་བ་ལྷ་མ་ཡིན་རྣམས་ཀྱི་སྒྱུ་མའི་འཁོར་ལོ་ནི་མཚན་མའི་ཕྱག་རྒྱའོ། །ཇི་ལྟ་བུ་ཞེ་ན་གཡོན་པའི་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཡོན་པ་བརྐྱང་བའི་སྟེང་དུ་ལག་པ་གཡས་པ་བརྐྱང་སྟེ་འོག་ཏུ་ཁ་བལྟ་
བར་བཞག་ནས་གཡོན་པའི་མཐེའུ་ཆུང་གི་ཚིགས་གསུམ་པ་ལ། གཡས་པའི་མཐེ་བོང་གི་ཚིགས་གསུམ་པའི་ནང་དུ་ཡང་དག་པར་སྦྱར་བར་བྱ་སྟེ། གཡས་པའི་མཐེའུ་ཆུང་གི་ཚིགས་གསུམ་པ་ལ་གཡོན་པའི་ཚིགས་གསུམ་པའི་ནང་ཡང་དག་པར་སྦྱར་བ་གཟུང་

བར་བྱ་སྟེ་འདི་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །སྒྱུ་མ་ཐམས་ཅད་དོན་ཡོད་པར་སྒྲུབ་པའོ་ཞེས་བྱ་བ་ལ། འདིས་ལྷ་མ་ཡིན་ཐམས་ཅད་ཀྱི་སྒྱུ་མ་ངེས་པར་སྒྲུབ་པ་ཡིན་ཏེ། དེའི་ཕྱིར་དོན་ཡོད་པར་སྒྲུབ་པའི་ཕྱག་རྒྱ་འདི་ཡིན་ནོ། ཕྱག་རྒྱ་འདི་ཉིད་ཀྱིས་
དཀྱིལ་འཁོར་དུ་འཇུག་པར་འགྱུར་རོ། །ཕྱག་རྒྱ་འདི་ཉིད་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གཉིས་བྱས་ནས་སྤྱན་དྲང་བར་བྱའོ། །ལྷ་མ་ཡིན་གྱི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བཤད་པ་རྫོགས་སོ།། །།དེ་ལྟར་ལྷ་མ་ཡིན་གྱི་ཕྱག་རྒྱའི་རྟོག་པ་བསྟན་ནས། ད་ནི་ཀླུའི་དཀྱིལ་
འཁོར་གྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར། གདེངས་ཀ་ཅན་གྱི་དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདེངས་ཀ་ཅན་གྱི་དབང་པོ་ནི་ཀླུ་ཡིན་ལ་དེ་རྣམས་ཀྱི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་བརྐྱང་ལ་མཐེ་བོང་གཉིས་ཕན་ཚུན་ལྕགས་ཀྱུར་བཅིངས་ནས་
ལྷག་མའི་སོར་མོ་བརྒྱད་པ་རྣམས་ཀྱིས་གདེངས་ཀའི་ཚུལ་གྱིས་གདེངས་ཀ་བསྒྲེང་བར་བྱས་ཏེ། འདི་ནི་ལྟོ་འཕྱེ་ཆེན་པོའི་ལག་པ་ཞེས་བྱ་བའི་ཕྱག་རྒྱ་ཡིན་ཏེ། ཀླུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པའི་དམ་ཚིག་གོ། །འདི་ཅིའི་ཕྱིར་ཞེ་ན།
གལ་ཏེ་འདས་པར་བྱས་ན་འཆིང་བར་འགྱུར་རོ་ཞེས་གསུངས་སོ། །དབུས་མ་དང་སྲིན་ལག་ཅེས་བྱ་བ་ལ་སོགས་པ་ལ་གུང་མོ་དང་སྲིན་ལག་གི་སོར་མོ་བཞི་པོས་རྡོ་རྗེ་བསྡམས་པ་ནང་དུ་བྱས་ལ་མཛུབ་མོ་དང་མཐེ་བོ་དག་གིས་མགུ་བའི་ཚུལ་གྱིས་སྟེང་དུ་བསྒྲེང་བར་བྱས་ན་དེ་ལྟར་ན་དུག་
ཐམས་ཅད་འབར་བར་འགྱུར་བ་ཡིན་ནོ། །ཕྱག་རྒྱ་འདི་ཉིད་བཅིངས་ལ་མཛུབ་མོ་གཉིས་ཀྱིས་དུག་ཐམས་ཅད་བླངས་ཏེ་དུག་བཅིང་བའི་བསམ་པས་མཛུབ་མོ་གཉིས་ཀྱི་རྩེ་མོར་མཐེ་བོང་གཉིས་ཀྱི་རྩེ་མོ་གཟུང་བར་བྱས་ཏེ། འདིས་དུག་ཐམས་ཅད་འཆིང་བར་འགྱུར་རོ། །དེ་ལྟར་
དུག་ཡང་དག་པར་བསྡུས་ཏེ་མཐེ་ཆུང་གཉིས་ཀྱི་རྩེ་མོས་བརྡེག་པར་བྱས་ཏེ་དུག་ཐམས་ཅད་འཇིག་པར་འགྱུར་རོ། །འདི་ཉིད་ཀྱིས་ཞེས་བྱ་བ་ལ་མཐེ་ཆུང་གཉིས་ཀྱི་རྩེ་མོ་བརྡེག་པས་དུག་ཐམས་ཅད་བཟའ་བ་དང་ཕོ་བ་དང་དུག་མེད་པ་ཉིད་དུ་འགྱུར་བ་ཡིན་ནོ། །ཕྱག་རྒྱ་བཅིང་བ་ལྷག་

མ་རྣམས་ནི་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཀླུའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། །།ཕྱི་རོལ་གྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ཅེས་བྱ་བ་ཇི་ལྟར་བཤད་པའི་ཕྱི་རོལ་གྱི་ཕྱག་རྒྱ་རྣམས་ཀྱི་ཆོ་ག་རྒྱས་པ་གང་ཡིན་པ་དེ་
སྟོན་པར་བྱེད་པའི་རྒྱུད་ནི་ཕྱི་རོལ་གྱི་ཕྱག་རྒྱ་རྒྱས་པའི་རྒྱུད་དོ། །ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། །།དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབས་པའོ། །རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྟོག་པ་ཐམས་ཅད་དེ། ཇི་ལྟར་བཤད་
པའི་རྡོ་རྗེ་སེམས་དཔའི་རྟོག་པ་རྣམས་སོ། །དེ་རྣམས་བསྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་རྟོག་པ་སྟེ། དེའི་དོན་དུ་ཕྱག་རྒྱ་གང་ཡིན་པ་དེ་སྟོན་པར་བྱེད་པའི་རྒྱུད་ནི་རྒྱུན་དེ་ཉིད་ཀྱི་ཆོ་ག་རྒྱས་པ་གང་ཡིན་པ་དེ་བཤད་པར་བྱ་བ་ནི་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་
ལ་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་དགར་བའོ། །ལྔ་ཞེས་བྱ་བ་ནི་ཕྱག་རྒྱ་ལྔའི་རྟོག་པ་ཐམས་ཅད་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྐུའི་ཕྱག་རྒྱ་ཞེས་བྱ་བ་རེ་ཞིག་སྐུའི་
ཕྱག་རྒྱ་རྟོག་པ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །སྐུའི་ཕྱག་རྒྱ་དེ་གང་ཡིན་ཞེ་ན་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །ཕྱག་རྒྱ་ཆེན་པོ་དེ་རིགས་གང་ལ་རྟོག་པ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ཞེ་ན། རྡོ་རྗེ་འཆང་ཆེན་པོའི་རིགས་སོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ་ཕྱག་རྒྱ་ཆེན་
པོ་བཅིངས་ལ་རྡོ་རྗེ་སེམས་དཔའི་རིགས་ལ་དངོས་གྲུབ་གང་བསྟན་པ་དེ་རྣམས་བསྒྲུབ་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་རིགས་ལ་ཞེས་བྱ་བ་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་
ཐམས་ཅད་བསྒྲུབ་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ནི་རྡོ་རྗེའི་རིགས་སོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྟོག་པ་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །པདྨ་ཆེན་པོ་ནི་པདྨའི་རིགས་སོ་ཞེས་བྱ་བ་ལ། པདྨ་ཆེན་པོ་བཅིངས་ལ་

རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་རྟོག་པ་ལས་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །རྡོ་རྗེ་ནོར་བུ་རིན་པོ་ཆེ་ནི་ནོར་བུའི་རིགས་ལའོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོའི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་ནི་རྡོ་རྗེ་ནོར་བུ་རིན་པོ་
ཆེ་སྟེ། དེ་བཅིངས་ལ་འཕགས་པ་ནམ་མཁའི་སྙིང་པོའི་རིགས་ལས་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །འདིས་ནི་ཆོ་ག་རྒྱས་པའི་འཇིགས་པས་འཇིགས་པ་རྣམས་ལ། ཕྱག་རྒྱ་རེ་རེས་རང་གི་རིགས་ལས་བྱུང་བའི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར་མན་
ངག་བསྟན་པ་ཡིན་ནོ། །རང་གི་ངག་གི་སྔགས་ཀྱི་བཟླས་པ་བྱ་ཞིང་དངོས་གྲུབ་ཐམས་ཅད་བསྒྲུབ་པའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་གསུང་གི་ཕྱག་རྒྱ་ལྔ་པོ་ནི་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་
དང་། རྡོ་རྗེའི་རིགས་དང་། པདྨ་དང་ནོར་བུའི་རིགས་ཀྱི་གསུང་གི་དབྱེ་བས་གསུང་གི་ཕྱག་རྒྱ་ལྔ་པོ་ཡིན་ནོ། །སྙན་པའི་གླུ་ཞེས་བྱ་བ་ལ་སོགས་པ་ལ། སྙན་པའི་གླུ་ནི་དེ་ལས་མཁས་པ་ལས་ཤེས་པར་བྱའོ། །རབ་ཏུ་དགའ་བའི་རྡོ་རྗེའི་ངག་ནི། རྡོ་རྗེ་སེམས་དཔའི་རིགས་ལ་
སྟེ་འདིས་སྔགས་བརྗོད་ཅིང་རྡོ་རྗེ་སེམས་དཔའི་རིགས་ཀྱི་ཟློས་པ་པོས་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པར་བྱའོ། །ལྕེ་དང་མཆུ་གཉིས་ཅུང་ཟད་གཡོ་བ་གང་ལ་ཡོད་པ་དེ་ནི་ལྕེ་དང་མཆུ་གཉིས་ཤིན་ཏུ་གཡོ་བ་མ་ཡིན་པ་སྟེ། སོ་དང་མཆུ་ཤིན་ཏུ་མ་འབྱར་བ་དབྱངས་བདུན་དང་བྲལ་
བའི་སྒྲ་དང་མི་ལྡན་པ་དེ་ནི་རྡོ་རྗེའི་ངག་སྟེ། དེ་བཞིན་གཤེགས་པའི་རིགས་ལའོ། །རིགས་ཐམས་ཅད་ལ་དགོས་པ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་རིགས་ལ་ཡང་འདིར་བཟླས་པར་བྱ་བ་ཡིན་ནོ། །གང་གི་ཕྱིར་འདིས་ཀྱང་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་དེའི་
ཕྱིར། སྤྲིན་གྱི་འབྲུག་སྒྲའི་ཡི་གེ་ཧཱུཾ་ཞེས་བྱ་བ་ལ་སྤྲིན་བཞིན་དུ་ཡི་གེ་ཧཱུཾ་འབྲུག་སྒྲ་གང་ལས་བྱུང་བ་དེ་ནི་སྤྲིན་གྱི་འབྲུག་སྒྲའི་ཡི་གེ་ཧཱུཾ་ངོ་། །ཕྲ་མོ་སྒྲ་དང་ལྡན་པ་ཞེས་བྱ་བ་ལ་ཅུང་ཟད་ཙམ་གྱི་སྒྲ་གང་ལ་ཡོད་པ་དེ་ནི་སྒྲ་ཕྲ་མོ་དང་ལྡན་པ་སྟེ། ཁྲོ་བོའི་རྡོ་རྗེ་ཞེས་བྱ་བ་གསུང་རྡོ་རྗེའི་

རིགས་ལའོ། །ཏིང་ངེ་འཛིན་གྱི་ངག་པདྨའི་རིགས་སོ་ཞེས་བྱ་བ་ལ་གཞན་དུ་ནི་མི་གཡེང་བའི་སེམས་ཀྱིས་ཡིད་ཀྱིས་བཟླས་པ་ནི་ཏིང་ངེ་འཛིན་གྱི་ངག་གོ། །རང་བཞིན་གྱིས་དག་པའི་པདྨ་ཞེས་བྱ་བ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་པའི་
བསྒོམ་པ་གང་ཡིན་པ་དེ་ནི་པདྨ་ལྟར་དངོས་པོར་འཛིན་པའི་ཞེན་པ་དང་བྲལ་བ་ཡིན་ལ། དེའི་ཕྱིར་རང་བཞིན་གྱིས་དག་པའི་པདྨ་ཞེས་བྱ་བར་བརྗོད་པ་ཡིན་ཏེ། རང་བཞིན་གྱིས་དག་པ་ལ་ལྷག་པར་མོས་པའི་རང་བཞིན་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་ངག་ནི་ནོར་བུའི་རིགས་ལའོ་
ཞེས་བྱ་བ་ལ་ནོར་བུའི་རིགས་ཀྱི་སྒོམ་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་ཆོས་སོ། །དེ་སྟོན་པར་བྱེད་པའི་ངག་གི་ཆོས་སོ། །དེ་ཉིད་སོ་སོར་རྟོགས་པའི་མཆོད་པའི་ནོར་བུའི་རིགས་བསྐྱེད་པའི་རྒྱུར་འགྱུར་བ་དང་། དེ་ལྟར་སྟོན་པར་བྱེད་པ་དང་། དེ་དང་རྒྱུ་མཐུན་པ་སྟེ།
དེའི་ཕྱིར་མཆོད་པའི་ནོར་བུའོ། །འདིས་ནི་འདི་ལྟར་སྟོན་པར་འགྱུར་ཏེ། ནོར་བུའི་རིགས་ལ་ལྷག་པར་མོས་པའི་རང་བཞིན་ཅན་གྱི་སྨྲ་བར་འདོད་པ་ནི་ཆོས་ཀྱི་ངག་ཅེས་བྱ་བར་བརྗོད་པ་ཡིན་ནོ། །དེ་ནས་ཐུགས་ཀྱི་ཕྱག་རྒྱ་ལྔའོ་ཞེས་བྱ་བ་ལ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་
ནོ། །བསྒོམ་པར་བྱ་བའི་རང་བཞིན་ཅན་གྱི་ཕྱག་རྒྱ་རྣམས་ནི་ཐུགས་ཀྱི་ཕྱག་རྒྱ་སྟེ། སེམས་ཀྱི་དམིགས་པའི་ཡུལ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱང་རིགས་ཀྱི་དབྱེ་བས་ལྔར་འགྱུར་རོ། །ཐམས་ཅད་བསྒྲུབ་པར་བྱ་བ་ནི་རྡོ་རྗེ་སེམས་དཔའི་བསྒོམ་པའོ་
ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་རིགས་ཀྱི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་ཀྱིས་ཕྱག་རྒྱ་རྣམས་དང་། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཐུན་པར་འགྱུར་བ་
བསྒོམ་ཞིང་བདག་གམ་གཞན་ལ་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་ལ་སོགས་པའི་རྫས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསྒོམ་ཞིང་བསྒྲུབ་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པས་དེ་བཞིན་གཤེགས་པའི་རིགས་ལའོ་ཞེས་བྱ་བ་ལ་བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཏེ། དེ་བཞིན་གཤེགས་པའི་རིགས་དེ་ལས་བསྒྲུབ་པར་བྱ་བ་ཐམས་ཅད་གཉིས་སུ་མེད་པའི་སེམས་ལས་བྱུང་བའི་རང་བཞིན་དང་། དེ་བཞིན་གཤེགས་པའི་རང་བཞིན་དང་། དེ་དང་རྒྱུ་མཐུན་པར་
གྱུར་པ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་རང་བཞིན་དུ་དེའི་རིགས་ཀྱི་རྣལ་འབྱོར་པས་བསྒོམ་པར་བྱ་བ་ཡིན་ནོ། །བདག་གམ་བདག་གིས་མདུན་དུ་གསད་པར་བྱའོ་ཞེས་བྱ་བ་ལ། རྡོ་རྗེའི་རིགས་ལའོ་ཞེས་བྱ་བ་ལ་བདག་ནི་བདག་ཉིད་དེ་འཁོར་བའི་དངོས་པོའོ། །དེ་ཉིད་
རྡོ་རྗེའི་རིགས་ཀྱི་རང་གི་བདག་ཉིད་ལ་ལྷག་པར་མོས་པས་མི་སྣང་བར་བྱེད་པའོ། །ཡང་ན་མདུན་དུ་བུམ་པ་བཟང་པོ་ལ་སོགས་པ་བསྒྲུབ་བྱ་རྡོ་རྗེའི་རིགས་ཀྱི་རང་བཞིན་དུ་བྱེད་པ་ནི་གསོད་པ་སྟེ་དེ་ལྟར་བསྒོམ་ཞིང་རྡོ་རྗེའི་རིགས་ཀྱི་ཟློས་པ་པོས་བཟླ་བར་བྱ་བ་ཡིན་ནོ། །
བདག་གིས་སྦྱང་བར་བྱའོ་ཞེས་བྱ་བ་ལ་པདྨའི་རིགས་སོ་ཞེས་བྱ་བ་ལ་རང་བཞིན་གྱིས་དག་པའི་སྒོམ་པ་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པའི་དྲི་མ་བདག་ཉིད་དམ་མདུན་དུ་སྦྱང་བར་བྱ་སྟེ། སེལ་བར་བྱེད་པའོ་ཞེས་བྱ་བ་འདི་ལྟར་པདྨའི་རིགས་ཀྱི་ཟློས་པ་པོས་
བསྒོམ་པར་བྱ་ཞིང་བཟླ་བར་བྱ་བ་ཡིན་ནོ། །ནམ་མཁའ་ཐམས་ཅད་ཀྱི་བསྒོམ་པས་ནོར་བུའི་རིགས་ལའོ་ཞེས་བྱ་བ་དང་། ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ནི་ནམ་མཁའི་སྙིང་པོ་ལ་སོགས་པ་རྣམས་གཟུགས་བརྙན་དང་མཉམ་པ་དང་། ནམ་མཁའ་དང་མཚུངས་པར་
བསྒོམ་པར་བྱས་ཏེ་བསྒོམ་པ་འདིས་ནི་ནོར་བུའི་རིགས་ལ་བཟླས་པ་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེའི་ཕྱག་རྒྱ་ལྔ་པོ་ཞེས་བྱ་བ་ལ་རིགས་ལྔའི་དབང་བསྐུར་བའི་མཚན་མ་ནི་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་རིགས་ཀྱི་དབྱེ་བས་རྣམ་པ་ལྔར་འགྱུར་བ་ཡིན་ནོ། །རྡོ་རྗེ་རྩེ་ལྔ་པ་ཞེས་བྱ་བ་ལ་
སོགས་པ་ལ་རྩེ་ལྔ་པའི་རྡོ་རྗེ་ནི་རྩེ་ལྔ་པའོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་རྩེ་མོ་ཞེས་བྱ་བ་གསུངས་ཏེ། འོད་ཟེར་གྱི་ཕྲེང་བས་ཡོངས་སུ་ཁྱབ་པ་ནི་རྩེ་མོའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པའོ། །དང་པོ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ནས་སྔ་ནས་གནས་པའོ། །བདེ་

བ་ཆེན་པོའི་རྒྱུ་མཐུན་པ་དང་། བདེ་བ་ཆེན་པོ་སྟོན་པར་བྱེད་པ་དང་། བདེ་བ་ཆེན་པོ་ཐོབ་པར་བྱེད་པས་ན་བདེ་བ་ཆེན་པོའི་རྡོ་རྗེ་སྟེ། དེ་ལྟ་བུར་གྱུར་པའི་རྡོ་རྗེ་དེ་རྡོ་རྗེ་ཁུ་ཚུར་གྱིས་བླངས་ཏེ། རྡོ་རྗེ་སེམས་དཔའི་རིགས་ལ་དབང་བསྐུར་བར་བྱ་བ་ཡིན་ནོ། །རྡོ་རྗེ་
རྩེ་ལྔ་པ་འོད་ཟེར་དང་བཅས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བླངས་ཏེ། དེ་བཞིན་གཤེགས་པའི་རིགས་ལ་དབང་བསྐུར་བར་བྱའོ། །འབར་བའི་ཁྲོ་བོས་རྡོ་རྗེ་རྩེ་བཞི་པ་ཁྲོ་བོའི་ཁུ་ཚུར་གྱིས་བླངས་ཏེ་རྡོ་རྗེའི་རིགས་ལ་མཚན་མའི་དབང་བསྐུར་བར་བྱའོ། །འདབ་མ་བཅུ་དྲུག་
པའི་འདབ་མའི་ལྟེ་བར་གནས་པའི་དེ་བཞིན་གཤེགས་པའི་རྡོ་རྗེ་པདྨའི་ཁུ་ཚུར་གྱིས་བླངས་ཏེ། པདྨའི་རིགས་ལས་མཚན་མའི་དབང་བསྐུར་བར་བྱའོ། །རྡོ་རྗེ་རྩེ་ལྔ་པ་རྩེ་མོའི་ཕྱོགས་སུ་གནས་པ་ལས་ཕྱེད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ནང་དུ་ཞུགས་པའི་རྡོ་རྗེ་ཕྱེད་པ་ནི་རྡོ་རྗེ་
རིན་ཆེན་སྟེང་དུ་ནོར་བུའི་ཁུ་ཚུར་གྱིས་བླངས་ཏེ། ནོར་བུའི་རིགས་ལ་དབང་བསྐུར་བར་བྱ་བ་ཡིན་ནོ། །དེ་ལྟར་རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་དབང་བསྐུར་བ་བསྟན་ནས། ད་ནི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་སྙིང་པོའི་ཐུགས་ཀྱི་ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་དངོས་གྲུབ་
གང་འདོད་པ་དེ་ཉིད་རྣལ་འབྱོར་པས་བསྒྲུབ་པར་བྱ་བའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་རིགས་ཐམས་ཅད་ཀྱི་རྟོག་པའི་སྒྲུབ་པ་ཐམས་ཅད་ཀྱི་རྒྱུད་འདིར་བཤད་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །དེ་
ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །རིགས་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ཏེ། དེ་རྣམས་ཀྱི་རྟོག་པ་ནི་ཇི་ལྟར་བཤད་པའོ། །དེ་རྣམས་ཀྱི་སྒྲུབ་པའི་རྒྱུ་གང་ཡིན་པ་དེའི་ཁྱད་པར་བསྟན་པའི་
ཕྱིར། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་མ་ཡིན་པའི་ཕྱིར་གསང་བའོ། །གང་གིས་ཀྱང་དགག་པར་མི་ནུས་པའི་ཕྱིར་ཐོགས་པ་མེད་པའོ། །འདོད་པའི་དངོས་གྲུབ་ངེས་པར་སྒྲུབ་པར་བྱེད་པའི་ཕྱིར་དོན་ཡོད་པའོ། །རྒྱུ་དེ་འདི་

ལྟར་གྱུར་པ་ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་ཀྱི་བདེན་པའོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་ཀྱི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་རང་བཞིན་གྱིས་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་རྣམས་ནི། དེ་ཁོ་ན་ཉིད་ཀྱི་བདེན་
པ་ཡིན་ལ་དེའི་མཆོག་ནི་ཕུལ་དུ་བྱུང་བ་སྟེ། མྱུར་དུ་དངོས་གྲུབ་སྩོལ་བའི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་སྙིང་པོ་རྗེས་སུ་ཆགས་པའི་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་རྣམས་ཀྱི་ཆོ་ག་རྒྱས་པ་ནི། དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་ངེས་པར་བསྒྲུབ་པའི་རྒྱུན་ནོ། །དེ་ཉིད་
འདོད་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་རྒྱུན་ཡིན་པས་ན། དེའི་གསང་བ་དང་། ཐོགས་པ་མེད་པ་དང་། དོན་ཡོད་པའི་རྒྱུད་ཡིན་ནོ། །དེ་བཤད་པར་བྱ་བའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་
སེམས་དཔའ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། གང་ཡིན་པ་དེས་རྟོག་པ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་གང་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་
དམ་ཚིག་གོ་ཞེས་བྱ་བ་དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་དམ་ཚིག་ཅེས་བསྟན་པ་ཡིན་ནོ། །འདིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་དངོས་གྲུབ་གང་དང་གང་བསྒྲུབ་པར་འདོད་པ་དེ་དང་དེ་བསྒྲུབ་པར་བྱ་སྟེ། དོན་ཡོད་པའི་དེ་དང་དེའི་དངོས་གྲུབ་
ཐོབ་པར་འགྱུར་རོ། །གསུང་གི་ཕྱག་རྒྱ་ནི་སྙིང་པོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་སྙིང་པོ་ནི་གསུང་གི་ཕྱག་རྒྱ་སྟེ། དེ་བཟླ་ཞིང་རིགས་ཐམས་ཅད་ལས་གསུངས་པའི་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །ཐུགས་ཀྱི་ཕྱག་རྒྱ་ཉེ་བའི་སྙིང་པོ་ཞེས་བྱ་བ་ལ།
དངོས་གྲུབ་གང་དང་གང་སྒྲུབ་པར་བྱེད་པ་དེ་དང་དེ་ཨ་ནུ་རཱ་ག་ཡ་མི་ཞེས་བྱ་བའི་བཟླས་པའོ། །དོན་ཤེས་པ་བསྒྲུབ་པར་བྱ་སྟེ། དེ་ལྟར་ན་རིགས་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ། །རྡོ་རྗེའི་ཕྱག་རྒྱ་རྡོ་རྗེ་སྙེམས་མའིའོ་ཞེས་

བྱ་བ་ལ། རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་སྙེམས་མ་སྟེ། དེ་བཅིངས་ལ་རིགས་ཐམས་ཅད་ལས་གསུངས་པའི་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཞི་པོས་རྟོག་
པ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་སྒྲུབ་པར་བསྟན་ནས། ད་ནི་རིགས་དང་རིགས་སུ་བལྟ་བའི་ལས་ཀྱི་དངོས་གྲུབ་བསྟན་པར་བྱ་བའི་ཕྱིར། ཕྲ་མོའི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ཕྲ་མོ་ཡང་
དེ་ཡིན་ལ་ལས་ཀྱི་ཕྱག་རྒྱ་ཡང་དེ་ཡིན་པས་ན། ཕྲ་མོའི་ལས་ཀྱི་ཕྱག་རྒྱ་རྣམས་ཏེ་བལྟ་བའི་ཕྱག་རྒྱའོ། །དེ་རྣམས་ཀྱི་རྒྱུད་ཀྱི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། དོན་ཡོད་ཅིང་ཐོགས་པ་མེད་པ་གང་ཡིན་པ་དེ་སྐབས་སུ་བབ་པའོ། །མ་མཆུའི་སྒྲོས་སོ་རྣམས་ཀྱིས་བཟུང་
ནས་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་རིགས་སམ། གནོད་སྦྱིན་མོ་ལ་སོགས་པའི་བསྒྲུབ་བྱ་མདུན་དུ་བཀུག་པ་དེ་ལ། ཙུམྦ་ནའི་བསམ་པས་བདག་ཉིད་ཀྱི་མ་མཆུ་སོ་རྣམས་ཀྱིས་གཟུང་བར་བྱ་སྟེ་དེ་ཡང་རྡོ་རྗེའི་ལྟ་བས་བལྟ་ཞིང་བཟླས་པའམ་བསྒོམ་པ་བྱས་ན་ཐམས་ཅད་
རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་རོལ་པ་དང་། བརྟན་པར་བྱེད་པའི་དངོས་གྲུབ་ཀྱི་མཚན་མ་ཐོབ་ན་སྐད་ཅིག་མས་སོ་སོར་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །སྒྲུབ་པ་ལ་འཇུག་པ་དེ་རིགས་གང་ལས་ཤེ་ན་རྡོ་རྗེ་སེམས་དཔའི་རིགས་ལས་སོ། །རྡོ་རྗེ་ཕྲ་མོ་ཞེས་བྱ་བ་
ལ་སྣའི་རྩེ་མོ་ནས་འབྲས་ཀྱི་ཚད་ཙམ་གྱི་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན། སེམས་རྩེ་གཅིག་པ་ཉིད་ནི་ཕྲ་མོའི་རྡོ་རྗེ་སྟེ་དེ་དང་ལྷན་ཅིག་ཏུ་ཞི་བ་ལ་སོགས་པའི་ལྟ་བ་འདོམ་གང་ཙམ་དུ་བལྟ་བ་གང་ཡིན་པ་དེ་ནི་ཞི་བའི་ལྟ་བ་འདོམ་གང་གི་ཚད་དུ་ཁྱབ་པར་བྱེད་པ་དེས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཚུལ་ཁྲིམས་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ལྟ་བ་འདི་ནི་རིགས་གང་ཞེ་ན། དེ་བཞིན་གཤེགས་པའི་རིགས་ལས་སྐྱེས། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བས་ན་དེ་བཞིན་གཤེགས་པའི་རིགས་ལས་སྐྱེས་པའོ། །ཁྲོ་

བོ་སྟོན་པར་བྱེད་པའི་དཔྲལ་བའི་ཕྱོགས་ཀྱི་རི་མོ་ནི་ཁྲོ་གཉེར་ཏེ་དེ་དང་བཅས་པའི་ཁྲོ་བོ་ནི་རྡོ་རྗེ་སེམས་དཔའི་རིགས་ཏེ་ཞེ་སྡང་ངོ་། །དེས་མི་བཟད་པ་སྟེ་འཇིགས་པར་བྱེད་པའི་ལྟ་བ་གང་ཡིན་པ་དེ་བྱས་ལ་ཤིན་ཏུ་མ་མགལ་བསྡམས་པའི་རྣལ་འབྱོར་གང་ཡིན་པ་དེ་རྡོ་རྗེ་རིགས་ཀྱི་ལྟ་
བས་ལས་རྣམས་བྱེད་ན་ཐམས་ཅད་ལྟུང་བ་དང་། དབབ་པ་དང་། རེངས་པ་དང་། གཉིད་ལོག་ཏུ་གཞུག་པ་དང་། རྒྱས་བཏབ་པ་དང་། གསོད་པ་དང་། གཞན་གྱི་དཔུང་གཞིག་པ་རྣམས་ཀྱི་མཚན་མ་ཐོབ་ན། སྐད་ཅིག་མས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་
ཐོབ་པར་འགྱུར་རོ། །ལྟ་བ་འདི་རིགས་གང་ལས་ཤེ་ན། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྡོ་རྗེ་ལྟ་བའོ་ཞེས་བྱ་བ་ལ། ཁྲོ་བོ་རྡོ་རྗེ་ནི་རྡོ་རྗེའི་རིགས་ཏེ་དེའི་ལྟ་བ་ནི་ཁྲོ་བོ་རྡོ་རྗེའི་ལྟ་བའོ། །མིག་མ་བཙུམས་པ་ཞེས་བྱ་བ་ལ་སོགས་པ་ལ། བཙུམས་པ་མེད་པའི་བརྟན་པའི་རྡོ་རྗེའི་ལྟ་བས་
བལྟ་བའི་རྣལ་འབྱོར་པས་མཆུ་གཉིས་མཉམ་པར་སྦྱར་ནས་བཟླས་པ་བྱས་ན་སྒྲིབ་པ་ཐམས་ཅད་སྦྱང་བ་དང་། བསྲུང་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར་པའི་དངོས་གྲུབ་ཀྱིས་གྲུབ་པར་འགྱུར་རོ། །རིགས་གང་ལ་ཞེ་ན། པདྨའི་རིགས་ལའོ། །འབར་བའི་ལྟ་བས་ཞེས་
བྱ་བ་ལ་སོགས་པ་ལ་མང་དུ་རབ་ཏུ་གཡོ་བ་མིག་གི་རྫི་མ་འདྲེན་པའི་མིག་གིས་འབར་བའི་ལྟ་བས་བཞད་པའི་རྣལ་འབྱོར་པས། དབང་བསྐུར་བ་ཐམས་ཅད་དང་དོན་ཐམས་ཅད་དང་། རྫོགས་པ་དང་། མཆོད་པའི་ཆོ་ག་ཐམས་ཅད་རྒྱས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་
རོ། །དེ་ལྟར་ཕྱག་རྒྱ་ཐམས་ཅད་བཅིངས་པའི་མཚན་ཉིད་བསྟན་ནས་ད་ནི་རང་གི་ལྷའི་སྙིང་པོ་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བ་སྒྲུབ་པའོ་
ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་དེ་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་རྣམས་སོ། །དེ་རྣམས་བཅིང་བ་ནི་ཕྱག་རྒྱ་ཐམས་ཅད་བཅིང་བའོ། །དེ་བསྒྲུབ་པ་ནི་རང་ཉིད་ལ་དབང་དུ་བྱ་བའི་ཕྱིར། རང་གི་

ལྷའི་སྙིང་པོ་བཟླ་བའོ། །ཉིན་རེ་ཞེས་བྱ་བ་ནི་ཞག་རེ་རེ་ལའོ། །སྔོན་དུ་ནི་སྔ་མའི་ཐུན་མཚམས་ཀྱི་དུས་སུའོ། །ལན་ཅིག་ནི་ལན་ཅིག་གོ། །རང་གི་ལྷའི་སྙིང་པོས་རང་ཉིད་བསྒྲུབ་པ་ནི་བདག་ཉིད་བསྒྲུབ་པའོ། །རང་ཉིད་བསྒྲུབ་པ་འདིས་ཅིར་འགྱུར་ཞེ་ན། རང་
གི་བཅིངས་ནས་མདོར་བསྡུས་པས། །ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་ལྷའི་ཕྱག་རྒྱ་གང་དང་གང་བཅིངས་ཏེ་དེ་དང་དེ་རང་གི་ལྷའི་སྙིང་པོ་བརྗོད་ཅིང་བཅིང་བར་བྱས་ན། འདི་ལྟར་ཕྱག་རྒྱ་དེ་དང་རང་ཉིད་དམ་ཚིག་གི་བཅིང་
བས་བཅིངས་ནས་སྒྲུབ་པ་པོ་དེའི་དབང་དུ་འགྱུར་བ་ཡིན་ནོ། །འདོད་པའི་དངོས་གྲུབ་ཐམས་ཅད་ཀྱང་འབྱུང་ངོ་། །དེ་ལྟར་རང་གི་ལྷའི་སྙིང་པོ་བརྗོད་པས། དང་པོར་ཕྱག་རྒྱ་ཐམས་ཅད་བཅིངས་ཏེ། ཕྱི་ནས་རང་གི་ལྷའི་སྙིང་པོ་ཨ་ནུ་རཱ་ག་ཡ་མི་ཞེས་པ་འདི་དང་བཅས་པར་
བཟླས་ན་དེ་རྣམས་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་བསྒྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་ཀྱི་གསང་བ་བསྒྲུབ་པ། ཨ་ནུ་
རཱ་ག་ཡ་མི་ཞེས་བྱ་བའི་སྙིང་པོ་འདི་དང་བཅས་པའི་རིགས་ཐམས་ཅད་ཀྱི་སྙིང་པོ་བརྗོད་པར་བྱའོ། །སྙིང་པོ་ཕྱག་རྒྱ་སྔགས་རིག་པ། །ཞེས་བྱ་བ་ལ་སྙིང་པོ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རིགས་དང་རིགས་སུ་སྔགས་ཀྱི་ཡི་གེ་རྣམས་སོ། །ཕྱག་རྒྱ་ནི་གཟུངས་སོ། །
སྔགས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཡི་གེ་རྣམས་སོ། །རིག་པ་ནི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ཀྱང་སྙིང་པོ་སྔགས་དང་ཕྱག་རྒྱ་དང་། རིག་པར་བརྗོད་པ་ཡིན་ཏེ། སྙིང་པོ་སྔགས་དང་
ཕྱག་རྒྱ་དང་། རིག་པ་འདི་རྣམས་བསྒྲུབ་པ་འདི་ནི་རྗེས་སུ་ཆགས་པའི་མཚན་ཉིད་ཅན་ཉེ་བའི་སྙིང་པོའོ། །དེ་ཉིད་རྨད་དུ་བྱུང་བ་ནི་སྔོན་མ་བྱུང་བའི་ཕྱིར་རོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར། །ཅི་ནུས་ཅི་འདོད་བཟླས་པ་ཡི། །ཉེ་བའི་སྙིང་པོ་གསང་བའོ། །ཞེས་བྱ་བ་ལ་གང་

ཞིག་འདི་ཅི་ནུས་པ་དང་། ཡིད་ཀྱིས་མངོན་པར་འདོད་པའི་བཟླས་པས་གསང་བ་སྟེ། རྗེས་སུ་ཆགས་པའི་དངོས་པོ་ཉེ་བའི་སྙིང་པོ་སྒྲུབ་པ་བསྟན་པ་དེ་ནི་རྨད་དུ་བྱུང་བའི་སྒྲུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་ཡོད་ཅེས་བྱ་བ་ལ་དོན་ཡོད་ཐོགས་མེད་གསང་བ་ནི་ཕྱག་རྒྱ་རྣམས་
སོ། །གྲུབ་པ་ནི་དེ་དག་གྲུབ་པའོ། །ཇི་ལྟར་ཞེ་ན་རང་བཞིན་ཞེས་བྱ་བ་སྟེ་རང་བཞིན་གྱིས་སོ། །དེ་བཞིན་དུ་རྗེས་སུ་ཆགས་པ་སྒྲུབ་པའི་རྣམ་པ་དེས་བསོད་ནམས་དང་མི་ལྡན་པའི་སྒྲུབ་པ་པོ་སྡིག་པ་དང་ལྡན་པ་རྣམས་ཀྱི་ཡང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་
ཀྱི་ཕྱག་རྒྱ་རྣམས་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་འདིས་རྨད་དུ་བྱུང་བ་ཡིན་ནོ། །དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྙིང་པོ་མཆོག་ནི་སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོ་
དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྦྱིན་པར་མི་བྱའོ། །གསང་ཞིང་གསང་བའི་རྒྱུད་དེ་ནི། །ཞེས་བྱ་བ་ལ། ཡང་དཔལ་མཆོག་དང་པོའི་རྒྱུད་འདི་གསང་ཞིང་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་བསྟན་པར་མི་བྱའོ། །གལ་ཏེ་དངོས་གྲུབ་ཡིད་འོང་
འདོད། །ཅེས་བྱ་བ་ལ་གལ་ཏེ་སློབ་དཔོན་དེས་དཔལ་མཆོག་དང་པོའི་དངོས་གྲུབ་ཤིན་ཏུ་ཡིད་དུ་འོང་བ་འདོད་ན་དེའི་ཚེ་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྦྱིན་པར་མི་བྱའོ། །གང་གི་ཁྱིམ་དུ་གནས་གྱུར་པ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། །།དེ་ལྟར་དུམ་བུ་
གཉིས་པའི་རྩ་བའི་རྒྱུད་བསྟན་ནས། ད་ནི་དེ་ཉིད་དང་དུམ་བུ་དང་པོ་ལས་གསུངས་པའི་རྩ་བའི་རྒྱུད་ཀྱི་རྟོག་པ་ཐམས་ཅད་བསྡུ་བའི་ཕྱིར། སེམས་ཅན་ཐམས་ཅད་བདེ་དོན་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་འཇིག་རྟེན་
དང་འཇིག་རྟེན་ལས་འདས་པ་སྟེ་དེའི་དོན་དུའོ། །དེ་བཞིན་དུ་བསྟན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་བཀའ་ཕན་པ་དང་བདེ་བའི་དོན་དུ་གཉེར་བ་རྣམས་ཀྱི་བྱ་བ་འདི་ཡིན་ནོ་ཞེས་བྱའོ། །དེ་གྲུབ་པ་ནི་གདུལ་བྱ་རྣམས་ཀྱིས་དེའི་རྗེས་སུ་འབྲང་བས་ཏེ། དེའི་དོན་དུ་

འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཐམས་ཅད་དེ། དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའ་སྲས་དང་བཅས་པས། བཅོམ་ལྡན་འདས་རྡོ་རྗེ་མཆོག་འཛིན་པ་རྡོ་རྗེ་འཆང་ཆེན་པོ་དེ་ལ་འདི་སྐད་ཅེས་
ཞུས་སོ། །བདེ་བ་ཆེན་པོ་རབ་གྲུབ་ཕྱིར། །ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱིས་སོ། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །ཞེས་བྱ་བ་ནི་དེ་དག་ཉིད་ཀྱིས་སོ། །རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད། །སེམས་དཔའ་ཆེན་པོ་བཤད་དུ་གསོལ། །ཞེས་བྱ་བ་ལ་རྡོ་རྗེ་སེམས་
དཔའ་ལ་སོགས་པའི་རིགས་ལྔའི་རྟོག་པ་རྣམས་བསྡུས་པ་ནི་རྟོག་པ་ཐམས་ཅད་བསྡུས་པ་སྟེ། དེ་དང་དེར་བསྟན་པའི་རྟོག་པ་ལ་སོགས་པའི་སྒྲ་ཐམས་ཅད་ཀྱི་དོན་གདུལ་བྱ་རྣམས་ཀྱིས་གཟུང་བའི་དོན་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྟོན་པར་བྱེད་པའི་རྒྱུད་ནི་མིང་གི་
རྣམ་གྲངས་ཀྱི་སྒོ་ནས་དོན་སྟོན་པར་བྱེད་པའི་སྒྲའི་ཚོགས་གསུངས་ཤིག་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཞུས་པའོ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །ཞེས་བྱ་བ་ནས་བརྩམས་ཏེ།
བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་བྱ་བའི་བར་གྱིས་མདོར་བསྟན་པའི་གཞུང་གིས་ཞུས་པ་ཡིན་ནོ། །དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་ལ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞུས་པའི་རྗེས་ཐོགས་ཉིད་ལའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་རྣམས་བསྡུས་པ་དྲིས་པའི་བཀའ་གྲུབ་པ་བསྟན་པའི་དོན་ཡོད་པར་གཟིགས་ནས་ཞལ་ཤིན་ཏུ་རྣམ་པར་བཞད་པའོ། །དམ་ཚིག་ཆེན་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བ་རྣམ་པར་གནོན་པ་མཛད་ནས་ཞེས་བྱ་བ་ལ།
དམ་ཚིག་ཆེན་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དམ་ཚིག་ཆེན་པོ་ཐམས་ཅད་དེ། རིགས་ཐམས་ཅད་གཉིས་སུ་མེད་པར་ཤེས་པའོ། །དེ་ཁོ་ན་ཉིད་ཀྱིས་ནི་རིགས་ལྔའི་དེ་ཁོ་ན་ཉིད་བཅུའི་བདག་ཉིད་