Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 60
Văn bản gốc(Tây Tạng)
Trang 23 / 23 (50.000 ký tự/trang)
བརྒྱན་པ་ལ་རབ་ཏུ་བསྒྲུབ་པའོ། །འདི་ཡིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཀུན་མཆོག་གྲུབ་པ་ཡིན། །ཞེས་བྱ་བ་ནི་བཤད་མ་ཐག་པ་ཇི་ལྟར་གྲུབ་པ་དེ་བཞིན་ དུ་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་སྒྲུབ་པ་རྣམས་ནི་ཆོས་ཀྱི་ཕྱག་རྒྱས་བསྒྲུབས་པས་ཀྱང་། ཀུན་གྱི་མཆོག་དངོས་གྲུབ་ཆེན་པོ་རྣམས་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །ཕྱག་རྒྱ་ཆེན་པོ་བསྒྲུབ་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། ཕྱག་རྒྱ་བསྒྲུབ་པ་ནི་དགའ་བའི་བྱ་བས་སོ་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ནི་རབ་ཏུ་དགའ་བའི་སེམས་ཀྱིས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དམ་ཚིག་སྒྲུབ་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་བའི་སེམས་ཀྱིས་བྱ་བ་དེ་བཞིན་ དུ་དམ་ཚིག་གི་ཕྱག་རྒྱ་ཡང་སྒྲུབ་པ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་འདོད་པས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་རིན་པོ་ཆེ་དམ་ཚིག་གི་ཁུ་ཚུར་བཅིང་བར་བྱའོ། །དེ་ནས་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ བཟླས་པ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ལས་གྲུབ་ན་ཞེས་བྱ་བ་ནི་དགའ་བའི་བྱ་བ་ལས་ཀྱི་ཕྱག་རྒྱ་བཅིངས་ལ་བཟླས་བརྗོད་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་མཆོད་ཅིང་ཞེས་བྱ་བ་ནི་རིན་པོ་ཆེ་མཚོན་ཆ་མ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ བདག་ཉིད་དམ་མདུན་ན་བཞུགས་པའི་ལྷ་ལ་ཡང་དག་པར་མཆོད་དེ། དེ་རྣམས་ཡིད་ཀྱིས་བདག་གམ་ལྷ་ལ་རྒྱུན་དུ་མཆོད་ཅིང་བསྒྲུབ་པར་བྱས་ཏེ། དེ་ལྟར་ལས་ཀྱི་ཕྱག་རྒྱས་དངོས་གྲུབ་ཀྱི་མཆོག་འགྲུབ་པར་འགྱུར་རོ། །སྒྲུབ་པ་ཆེན་པོའི་རྒྱུད་དོ་ཞེས་བྱ་ བ་ནི་ཆོས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །དེ་བསྒྲུབ་པ་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ་གནས་དང་བདག་བསྲུང་བ་བྱས་ནས་རྡོ་རྗེ་འཁོར་ ལོའི་ཕྱག་རྒྱས་དཀྱིལ་འཁོར་སྤྲུལ་ལ་ཕྱག་བྱ་བ་ལ་སོགས་པ་རང་གི་ནུས་པ་དང་རྗེས་སུ་མཐུན་པར་བྱས་ནས་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་འབེབས་པ་བསྐྱེད་ལ་རང་གི་སྙིང་གར་ཕྱག་རྒྱ་དགྲོལ་བར་ བྱས་ནས། དམ་ཚིག་གི་ཁུ་ཚུར་རྡོ་རྗེ་བཅིང་བར་བྱའོ། །དེ་ནས་སྡིག་པ་དྲལ་བའི་ཕྱག་རྒྱ་བཅིངས་ལ་སྡིག་པ་རྣམས་དྲལ་བར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བ་ལ་རྡོ་རྗེ་རིན་པོ་ཆེ་དེའི་དབུས་སུ་རང་གི་སྙིང་པོ་ཡིད་ཀྱིས་བྲིས་ལ། དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་ མེད་པར་བསྒོམ་པར་བྱའོ། །དེ་ནས་སྙིང་པོ་འདི་ཉིད་ནམ་མཁའི་ཕྱོགས་སུ་བསམས་ལ་དེ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ་ལས་རང་གི་སེམས་ཟླ་བའི་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་ཡང་སྙིང་པོ་ཀ་ལ་སོགས་པ་དང་བཅས་པ་ལ་ཟླ་བའི་དཀྱིལ་འཁོར་གཉིས་ པ་བསམ་མོ། །ཡང་དེའི་རང་གི་སྙིང་པོ་དང་བཅས་པ་ལས་དང་པོའི་རྡོ་རྗེ་དེ་ཉིད་རྡོ་རྗེ་རིན་ཆེན་ལ་སོགས་པ་རང་གི་ལྷའི་མཚན་མ་དེའི་དབུས་སུ་བཟླས་པར་བྱ་བའི་སྙིང་པོ་རྣམ་པར་བསམ་སྟེ། དེ་ཉིད་ཡིད་ལ་ཟློས་ཤིང་རང་གི་ལྷའི་ཕྱག་རྒྱའི་ང་རྒྱལ་བསྒོམས་ཏེ་ཕྱག་རྒྱའི་ གཟུགས་ལས་ནོར་བུའི་རིགས་ཐམས་ཅད་སྤྲུལ་ལ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནོར་བུའི་རིགས་ཀྱི་གཟུགས་སུ་བསྐྱེད་དེ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་ནོར་བུའི་རིགས་ཆེན་པོ་དཀྱིལ་འཁོར་དུ་བཅུག་ལ་དཀྱིལ་འཁོར་གྱི་ཚུལ་གྱིས་ བཀོད་དེ་རང་གི་མཚན་མ་དེར་ཡིད་ཀྱིས་བཅུག་ལ་དེ་ཡང་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ་རྡོ་རྗེ་སེམས་དཔའ་དེ་ཉིད་དུ་རང་གི་སྙིང་པོ་ཟློས་ཤིང་རང་གི་ལྷའི་སྐུར་བསྒོམས་ལ། མ་ཧཱ་ས་མ་ཡ་ས་ཏྭ་ཧཾ་ཞེས་བརྗོད་དོ། །དེ་ནས་རང་གི་ ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ས་མ་ཡོ྅ཧཾ་ཞེས་ཀྱང་བརྗོད་དོ། །དེ་ནས་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་། རང་གི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་སྙིང་ག་དང་དཔྲལ་བ་དང་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དེ་བཞིན་དུ་ཡེ་ཤེས་ སེམས་དཔའ་རིན་པོ་ཆེའི་ལྕགས་ཀྱུ་མ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱས་ལ་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་རང་གི་སྙིང་པོའི་མཐར་དྲྀ་ཤྱ་ཞེས་ཟློས་ཤིང་བལྟ་བར་བྱས་ལ་སྔར་བཤད་པའི་སྤྱན་དྲང་བའི་ཕྱག་རྒྱ་རང་གི་སྙིང་པོ་དང་ བཅས་པས་རང་གི་ལུས་ལ་བཅུག་ལ། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ས་མ་ཡ་སྟྭཾ་ཨ་ཧཾ་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བའི་མཐར་རང་གི་སྙིང་པོ་དང་བཅས་པ་བཟླ་བར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ ཆེན་པོ་བཅིངས་ལ་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཚུལ་གྱིས་རང་གི་ལུས་ལ་སངས་རྒྱས་ཐམས་ཅད་བཅུག་སྟེ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབས་ནས་ཆོས་དང་ལས་དང་ཕྱག་རྒྱ་ ཆེན་པོས་རྒྱས་བཏབ་ལ་དང་པོའི་རྡོ་རྗེ་སེམས་དཔའ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ཏེ་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ནས་རྡོ་རྗེ་རིན་པོ་ཆེ་དང་བདག་པོ་དང་མིང་གིས་དབང་བསྐུར་བ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་རིན་པོ་ ཆེའི་མཚོན་ཆ་མ་ལ་སོགས་པས་གསང་བའི་མཆོད་པ་བཞིས་བདག་ཉིད་ལ་མཆོད་ལ་དེ་ཁོ་ན་ཉིད་དང་ཆོས་དང་ལས་དང་དམ་ཚིག་བཟུང་ནས། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་བདག་པོའི་མཆོག །རྡོ་རྗེ་སྙིང་ཁྱོད་བདག་གྱུར་ཅིག །ཅེས་བརྗོད་ལ། རང་ གི་ལྕེ་ལ་རྡོ་རྗེ་དཀར་པོ་བསམ་ཞིང་རང་གི་སྙིང་པོ་ཡང་རྣམ་པར་བསམས་ལ་ཡང་སྙིང་པོ་དེར་རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་བསམས་ནས་དེ་ཉིད་ཟློས་ཤིང་ཇི་སྲིད་ཟླ་བ་གཅིག་ཙམ་ལོན་པ་དེ་ཉིད་ཀྱི་བར་དུ་ཉིན་རེ་བསྒོམ་པར་བྱའོ། །དེ་ནས་རང་གི་ལྷའི་ རྒྱན་དང་ཆ་ལུགས་དང་འདྲ་བར་བྱས་ལ་ཟླ་བ་གཅིག་ཙམ་བསྒོམས་ཏེ་མཐར་མཚན་ཐོག་ཐག་བསྒོམས་ན་ནང་པར་རང་གི་ལྷའི་གཟུངས་དང་། ཇི་སྐད་དུ་བཤད་པའི་ཡོན་ཏན་རྣམས་དང་ལྡན་པར་འགྱུར་རོ། །གལ་ཏེ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་འདོད་ན། ཇི་སྐད་དུ་བཤད་པའི་ ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱག་རྒྱ་ཆེན་པོ་བཅིངས་ཏེ་རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་རང་གི་ལྷའི་སྙིང་པོ་བསམས་ལ། ཡིད་རབ་ཏུ་དགའ་བས་དེ་བཞིན་དུ་ཟླ་བ་གཅིག་ཙམ་གྱི་བར་དུ་བསྒོམས་ལ། མཐར་ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ན་ནང་པར་ སྔར་བཤད་པའི་འབྲས་བུ་ཐོབ་པར་འགྱུར་རོ། །གལ་ཏེ་དམ་ཚིག་གི་ཕྱག་རྒྱ་བསྒྲུབས་ན་ནི་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་མཐར་མཚན་ཐོག་ཐག་བསྒོམས་ན་དེ་ལྟ་བུས་ནི་སྔར་བཤད་པའི་འབྲས་བུ་ཐོབ་པར་འགྱུར་རོ། །གལ་ཏེ་ལས་ཀྱི་ ཕྱག་རྒྱ་བསྒྲུབ་པར་འདོད་ན་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རིན་པོ་ཆེའི་མཚོན་ཆ་མ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད་ནས་དེའི་སྟེང་དུ་རང་གི་ལྷའི་སྙིང་པོ་བྲིས་ལ་རང་གི་ལྷའི་ལས་ཀྱི་ཕྱག་རྒྱས་ བཅིངས་ལ་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་སྔར་བཤད་པའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་དུ་ཟླ་བ་ཉ་བའི་དུས་སུ་མཚན་ཐོག་ཐག་བསྒོམ་པར་བྱའོ། །དེ་ནས་ནང་པར་སྔར་བཤད་པའི་ཡོན་ཏན་རྣམས་དང་ལྡན་པའི་རྡོ་རྗེ་སྙིང་པོ་དང་འདྲ་བར་འགྱུར་ རོ། །དེ་ལྟར་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྣམས་བསྟན་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ཉིད་ལ་སློབ་དཔོན་གྱི་ལས་ཀྱི་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་ཡིན་ཏེ་སྔོན་དུ་བསྙེན་པ་བྱས་ནས་མཚན་ཐོག་ཐག་བཟླས་པས་ཇི་ལྟར་མངོན་པར་འདོད་པའི་དོན་བསྒྲུབ་པས་ན། གང་གི་ཚེ་འགྲུབ་པར་མ་གྱུར་པ་དེའི་ཚེ་རྗེས་ཐོགས་ཉིད་ལ་འབྱོར་པ་ཐམས་ཅད་དགུག་པ་ལ་སོགས་པའི་ལས་འདི་དག་ ཐམས་ཅད་རྣལ་འབྱོར་པས་བསྒྲུབ་པར་བྱ་བ་ཡང་ཡིན་ནོ། །གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ་གང་གི་ཕྱིར་ལས་ཀྱི་བསྒྲུབ་པ་འདིས་འཕགས་པ་ནམ་མཁའི་སྙིང་པོ་ཉིད་དུ་གྱུར་པའི་རྒྱུ་དེས་ན་འབྱོར་པ་ཐམས་ཅད་དགུག་པ་དང་བསྒྲུབ་པ་ལ་སོགས་པའི་ལས་རྣམས་ཀྱི་རྒྱུན་ཏེ་རབ་འབྱམས་དག་པ་ སྟེ། མཆོག་ཏུ་གྱུར་པ་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ་ཞེས་བྱའོ། །དངོས་གྲུབ་ཆེན་པོ་ཀུན་གྲུབ་པ། །གོ་རིམས་ཇི་བཞིན་རབ་བཤད་བྱ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྟོན་པའི་དོན་ཏོ། །འབྱོར་པ་ཐམས་ཅད་དགུག་པ་དང་། །ཞེས་བྱ་བ་ལ་སོགས་ པ་ལ་དབང་བསྐུར་བ་ཐམས་ཅད་དགུག་པ་ནི་སྦྱོར་བ་ཐམས་ཅད་དགུག་པའོ། །དབང་བསྐུར་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དང་ལྷ་མོ་ཆེན་མོ་སྤྱན་དྲང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བའི་དབྱེ་བས་རྣམ་པ་སྣ་ཚོགས་པ་ཡོད་ པས་ན་དེའི་ཕྱིར་ཐམས་ཅད་ཅེས་བཤད་དོ། །གཞུག་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་དག་ཐམས་ཅད་ནི་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བས་སོ་ཞེས་བྱ་བ་གསུངས་ཏེ། དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཐལ་མོ་ ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེ་དབང་བསྐུར་བའི་གནས་སུ་བཞག་པས་ནམ་མཁའ་ལས་ཐམས་ཅད་བསྒོམས་པས་སོ། །འདི་ནི་འདི་སྐད་སྟོན་པ་ཡིན་ཏེ་དེ་བཞིན་དུ་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་བའི་མཐར་ཐུག་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ལ་ཏྲཾ་ཞེས་བྱ་བ་ཟློས་ཤིང་། རྡོ་རྗེ་ རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འབྱོར་པ་ཐམས་ཅད་དགུག་པའི་བསམ་པས་མཛོད་སྤུའི་གནས་སུ་བཞག་ནས་བཅོམ་ལྡན་འདས་ཀྱི་སྙིང་པོ་བཟླས་པར་བྱས་ཏེ་དེ་ལྟ་བུས་ནི་འབྱོར་པ་ཐམས་ཅད་དགུག་པ་སྒྲུབ་པའོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་སྦྱོར་བ་ཐམས་ཅད་ དགུག་པའི་བསམ་པས་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་སྦྱོར་བ་ཐམས་ཅད་གཞུག་པ་བསྒྲུབ་བོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་འབྱོར་པ་ཐམས་ཅད་བཅིང་བའི་བསམ་པས་བཟླས་ཤིང་དེ་ལྟ་བུས་ནི་འབྱོར་པ་ཐམས་ཅད་འགྲུབ་པའོ། །དབང་དུ་བྱ་བའི་ བསམ་པས་ནི་དབང་དུ་བྱེད་དོ། །དབྲོག་པའི་བསམ་པས་ནི་དབྲོག་པའོ། །ཉེ་བར་སོགས་པའི་བསམ་པས་ནི་བསགས་པའོ། །ལེན་པའི་བསམ་པས་ནི་ལེན་ཏོ། །འདྲེན་པའི་བསམ་པས་ནི་འདྲེན་ཏོ། །དགུག་པའི་བསམ་པས་ནི་འགུགས་སོ། །གཏོང་བའི་བསམ་པས་ནི་ གཏོང་ངོ་། །འཇིག་པའི་བསམ་པས་ནི་འཇིག་གོ། །འཕེན་པའི་བསམ་པས་ནི་འཕེན་ཏོ། །འདེགས་པའི་བསམ་པས་ནི་འདེགས་སོ། །འབེབས་པའི་བསམ་པས་ནི་འབེབས་སོ། །བརྡེག་པའི་བསམ་པས་ནི་བརྡེག་གོ། །སྦྱང་བའི་བསམ་པས་ནི་སྦྱང་ངོ་། །རྙེད་པའི་བསམ་ པས་ནི་རྙེད་པ་བསྒྲུབ་བོ། །རིམ་གྱིས་སྒྲུབ་པའི་བསམ་པས་ནི་རིམ་གྱིས་སྒྲུབ་བོ། །འཚོ་བ་སྒྲུབ་པའི་བསམ་པས་འཚོ་བ་སྒྲུབ་བོ། །ཀུན་དུ་འགྱེད་པའི་བསམ་པས་འགྱེད་པ་སྒྲུབ་བོ། །འབྱོར་པ་དགོད་པའི་བསམ་པས་ནི་ཉེ་བར་དགོད་པ་སྒྲུབ་བོ། །བརྟན་པར་བྱ་བའི་བསམ་པས་ནི་ བརྟན་པར་བྱེད་པར་སྒྲུབ་བོ། །རྡོ་རྗེར་བྱེད་པའི་བསམ་པས་ནི་རྡོ་རྗེར་བྱེད་དོ། །འབྱོར་པ་ཐམས་ཅད་སྒྲུབ་པའི་བསམ་པས་ནི་འབྱོར་པ་ཐམས་ཅད་སྒྲུབ་བོ། །འབྱོར་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པའི་བསམ་པས་ནི་འབྱོར་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པར་འགྱུར་རོ། །དཔལ་ཐམས་ཅད་དགུག་ པ་དང་ཞེས་བྱ་བ་ལ་སོགས་པ་ལྷ་མོ་གཏེར་གྱི་རིན་པོ་ཆེ་ནི་དཔལ་ཏེ། དེ་ཡང་གདུལ་བྱའི་བསམ་པའི་ཁྱད་པར་གྱིས་དབྱེ་བ་མཐའ་ཡས་པས་ན་དཔལ་ཐམས་ཅད་ཅེས་བྱའོ། །དེ་དགུག་པ་ལ་སོགས་པ་ནི་སྔ་མ་བཞིན་དུའོ། །དེ་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་ དཔལ་གྱིས་སོ་ཞེས་བྱ་བ་གསུངས་ཏེ། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པའི་ཆོ་ག་ཐམས་ཅད་དེ་བཞིན་དུ་རྗེས་སུ་སྤྱད་ལ་རྡོ་རྗེ་ཐལ་མོ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ཡི་གེ་ཏྲཾ་གིས་རང་གིས་དབང་བསྐུར་བའི་གནས་སུ་ཡང་དག་པར་བཞག་ལ་ཡང་དཔལ་ ཐམས་ཅད་དགུག་པའི་བསམ་པས་ནི་དཔལ་ཐམས་ཅད་འགུགས་པ་བསྒྲུབ་པར་འགྱུར་རོ། །དཔལ་ཐམས་ཅད་གཞུག་པའི་བསམ་པས་ནི་དཔལ་ཐམས་ཅད་འཇུག་པ་འགྲུབ་བོ། །འཆིང་བའི་བསམ་པས་ནི་འཆིང་བའོ། །དབང་དུ་བྱ་བའི་བསམ་པས་ནི་དབང་དུ་བྱེད་དོ། ། འཕྲོག་པའི་བསམ་པས་ནི་འཕྲོག་གོ། །ཉེ་བར་སོགས་པའི་བསམ་པས་ནི་ཉེ་བར་སོག་གོ། །ལེན་པའི་བསམ་པས་ནི་ལེན་ཏོ། །འདྲེན་པའི་བསམ་པས་ནི་འདྲེན་ཏོ། །འོད་དུ་གཞུག་པའི་བསམ་པས་ནི་འོད་དུ་གཞུག་གོ། །ཁྱེར་དུ་གཞུག་པའི་བསམ་ པས་ནི་ཁྱེར་དུ་གཞུག་གོ། །འཇིག་པའི་བསམ་པས་ནི་འཇིག་གོ། །བཏང་སྙོམས་སུ་འཇོག་པའི་བསམ་པས་ནི་བཏང་སྙོམས་སུ་འཇོག་གོ། །འཛུད་པའི་བསམ་པས་ནི་འཛུད་དོ། །ཀུན་དུ་བསྣུན་པའི་བསམ་པས་ནི་བརྡེག་གོ། །སྦྱོང་བའི་བསམ་པས་ནི་ སྦྱོང་ངོ་། །རྙེད་པའི་བསམ་པས་ནི་རྙེད་པ་གྲུབ་བོ། །འཚོང་བའི་སྒྲུབ་པའི་བསམ་པས་ནི་འཚོང་པ་སྒྲུབ་བོ། །དགོད་པའི་བསམ་པས་ནི་ཡང་དག་པར་དགོད་དོ། །ཉེ་བར་སྦྱོར་བའི་བསམ་པས་ནི་ཉེ་བར་སྦྱོར་རོ། །བརྟན་པར་བྱེད་པའི་བསམ་པས་ནི་བརྟན་ པར་བྱེད་དོ། །རྡོ་རྗེར་བྱ་བའི་བསམ་པས་ནི་རྡོ་རྗེར་བྱེད་དོ། །བསྒྲུབ་པའི་བསམ་པས་ནི་སྒྲུབ་བོ། །མཆོག་སྒྲུབ་པའི་བསམ་པས་ནི་མཆོག་སྒྲུབ་པར་འགྱུར་རོ། །ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་ལྷ་མོ་ནོར་བུ་ཆེན་མོ་ནི་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་ཕུན་སུམ་ཚོགས་པ་ཐམས་ཅད་དོ། །དེ་ནས་དགུག་པ་ལ་སོགས་པ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་གྱི་ཕུན་སུམ་ཚོགས་པ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ དུ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ལ། མཛོད་སྤུའི་གནས་སུ་བཞག་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པའི་བསམ་པས་བཅོམ་ལྡན་འདས་ཀྱི་སྙིང་པོ་བཟླས་པར་བྱས་ཏེ། དེ་ལྟ་བུས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པར་བསྒྲུབ་པར་འགྱུར་རོ། ། ཕུན་སུམ་ཚོགས་པ་ཐམས་ཅད་གཞུག་པའི་བསམ་པས་ནི་གཞུག་པའོ། །བཅིང་བའི་བསམ་པས་ནི་བཅིང་བའོ། །དབང་དུ་བྱ་བའི་བསམ་པས་ནི་དབང་དུ་བྱེད་དོ། །དེ་བཞིན་དུ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་དམ་པར་བསྒྲུབ་པའི་བསམ་པས་ནི་དམ་ པར་བསྒྲུབ་པའི་བར་དུ་འགྱུར་རོ། །མཆོད་པ་ཐམས་ཅད་དགུག་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་རིག་པའི་རྒྱལ་པོ། བླ་ན་མེད་པའི་ལྷ་མོ་ནི། འཇིག་རྟེན་ལས་འདས་པའི་མཆོད་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པས། མཆོད་པ་ཐམས་ཅད་དེ། དེ་དགུག་ པ་ལ་སོགས་པ་ནི་དེ་བཞིན་ནོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་མཆོད་པས་སོ། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཐམས་ཅད་བྱས་ལ་ཡི་གེ་ཏྲཾ་ཟློས་ཤིང་རྡོ་རྗེ་ཐལ་མོ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ནས་མཆོད་པ་ཐམས་ཅད་དགུག་པ་ལ་ སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །རང་གི་རྒྱལ་མཆོག་ལན་ཅིག་གྲུབ། །ཅེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ནི་རང་གི་ཕྱག་རྒྱའི་མཆོག་སྟེ། དེ་ཡང་ཡི་གེ་ཏྲཾ་ཟློས་ཤིང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཕགས་པ་ནམ་མཁའི་སྙིང་པོའི་ཚུལ་འཛིན་པར་ མཛད་པ། རང་དབང་དུ་བྱས་ལ་འབྱོར་པ་ཐམས་ཅད་དགུག་པ་ལ་སོགས་པའི་ལས་བརྒྱ་པ་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་དང་། དཔལ་དང་ཕུན་སུམ་ཚོགས་པ་དང་། མཆོད་པ་རྣམས་ཐོབ་པར་འདུན་པ་ནི་བསམ་པ་ཐམས་ཅད་ དོ། །དེའི་རྫོགས་པ་ནི་མངོན་སུམ་དུ་བྱས་པའོ། །དེའི་དོན་གྱིས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་རྡོ་རྗེ་རིན་ཆེན་རྟོག་པ་ཡང་ཡིན་ལ་ཆོ་ག་ཡང་ཡིན་པས་ན། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྟོག་པའི་ཆོ་ག་སྟེ། དེའི་རྒྱས་པ་ནི་སྒྲུབ་པ་དང་བསྒྲུབ་ པར་བྱ་བ་སྣ་ཚོགས་ཀྱི་རྒྱུན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། འཕགས་པ་ནམ་མཁའི་སྙིང་པོའི་རྟོག་པའི་བཤད་པ་རྫོགས་སོ།། །།