Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 60

Văn bản gốc(Tây Tạng)

Trang 21 / 23 (50.000 ký tự/trang)
ཅད་འབར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། བསྒྲུབ་པར་བྱ་བ་བསྒྱེལ་བའི་བསམ་པས་གཡས་པའི་མཛུབ་མོ་
གཡོན་པའི་གུང་མོ་བསྒྲེང་བར་བྱ་ཞིང་། གཡས་པའི་མཛུབ་མོ་ལས་བྱུང་བའི་རྡོ་རྗེ་འབར་བས་བསྒྲུབ་པར་བྱ་བ་བསྒྱེལ་བར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྒྱེལ་ཏོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་དེའི་མཛུབ་མོ་གཉིས་ཀྱིས་མེ་བྱུང་བའི་ཚུལ་དུ་བྱས་ཤིང་
རང་གི་སྙིང་ག་ནས་ཀྱང་རྡོ་རྗེ་འབར་བ་བྱུང་བས་བསྒྲུབ་པར་བྱ་བ་མཆེད་པར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་གཅོད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་བཅད་པའི་བསམ་པས་དེ་གཉིས་སྦྱར་བར་བྱ་ཞིང་། བསྒྲུབ་པར་བྱ་བ་ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་རལ་གྲིས་གཏུབ་
པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་གཅོད་དོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་ཀྱི་སེན་མོ་ཕན་ཚུན་བཙིར་ཏེ་རྩེ་མོར་བྱས་ཏེ་དེས་བསྒྲུབ་པར་བྱ་བ་དགས་པ་ལྟར་བྱ་ཞིང་རྩེ་མོ་ལས་བྱུང་བའི་རྡོ་རྗེ་འབར་བས་བསྒྲུབ་པར་བྱ་བ་བཀས་པར་འགྱུར་བར་
བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་བཀས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ལག་པ་གཉིས་ཀྱིས་བསྒྲུབ་པར་བྱ་བ་ཕྱེ་མར་བྱས་པའི་བསམ་པས་གཅིག་ལ་གཅིག་མཉེ་ཞིང་བསྒྲུབ་པར་བྱ་བ་ཡང་བཅོམ་ལྡན་འདས་ཧཱུཾ་མཛད་ཀྱི་ཕྱག་གཉིས་ཀྱི་ནང་དུ་བཅུག་ནས་ཕྱེ་
མར་བྱས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་ཕྱེ་མར་བྱས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་སོར་མོ་ཐམས་ཅད་ཀྱིས་ཐམས་ཅད་དུ་གཏོར་བའི་ཚུལ་དུ་བྱ་ཞིང་བསྒྲུབ་པར་བྱ་བ་ཡང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་གཏོར་བར་མཛད་པར་

བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གཏོར་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བདུད་ཀྱི་དཔུང་ལ་སོགས་པ་རྣམ་པར་གཞིག་པའི་བསམ་པས་ཕྱག་རྒྱ་དེ་མོད་ལ་གྱ་ཚོམ་དུ་དགྲོལ་ཞིང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བདུད་ཀྱི་དཔུང་རྣམ་པར་འཇོམས་པར་མཛད་
པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་རྣམ་པར་བཅོམ་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་རྡོ་རྗེ་མཛུབ་མོ་གཉིས་ཀྱིས་དྲངས་པས་དྲང་བའི་ཚུལ་དུ་བྱས་ཤིང་བསྒྲུབ་པར་བྱ་བ་ལ་སྡིགས་མཛུབ་བྱས་ནས་སྤྱི་བོ་ནས་བརྩམས་ནས། རྐང་མཐིལ་གྱི་བར་དུ་
བསྒྲུབ་པར་བྱ་བའི་ལུས་ལ་རིམས་ཀྱིས་ཀུན་དུ་གང་བར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་རིམས་ཐམས་ཅད་ཀྱིས་གཟུང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བདག་ཉིད་རྡོ་རྗེ་ཀླུར་བསམས་ཏེ། གཡས་པའི་མཛུབ་མོ་ཀླུའི་གདེངས་ཀའི་ཚུལ་དུ་བྱས་
ལ་དེས་བསྒྲུབ་པར་བྱ་བ་ལ་སྡིགས་མཛུབ་བྱ་ཞིང་རྡོ་རྗེ་ཀླུས་བསྒྲུབ་པར་བྱ་བ་གཟུང་བར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་དུག་ཐམས་ཅད་ཀྱིས་གཟུང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཡས་པ་སོས་བཟུང་ཞིང་བསྒྲུབ་པར་བྱ་བ་རྡོ་རྗེ་སྲིན་པོ་
ལ་སོགས་པ་གདོན་གྱིས་གཟུང་བར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་གདོན་ཐམས་ཅད་ཀྱིས་གཟུང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་དང་བདག་ཉིད་ཡིད་ཀྱིས་གཅིག་ཏུ་བྱས་ལ། བསྒྲུབ་པར་བྱ་བ་སྨྱོ་བར་བྱ་བའི་བསམ་པས་ངུ་བ་
དང་དགོད་པ་དང་རྒྱུག་པ་ལ་སོགས་པར་རབ་ཏུ་བསྟེན་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་སྨྱོ་བར་བྱས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ཕན་ཚུན་སེ་གོལ་གྱི་སྒྲ་གཏོགས་པའི་ཚུལ་དུ་བྱས་ཤིང་བཅོམ་ལྡན་འདས་ཞབས་འདྲེན་པའི་
ཁྲོ་བོས་ཀྱང་བསྒྲུབ་པར་བྱ་བ་བཀུག་སྟེ། ཀུན་དུ་བསྡམས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་གསོད་པར་འགྱུར་རོ། །དེ་ལྟ་བུ་རྡོ་རྗེ་ཧཱུཾ་མཛད་ཀྱིས་ཐམས་ཅད་བསྲེག་པ་ལ་སོགས་པ་ལས་རྣམ་པ་ཉི་ཤུ་རྩ་ལྔ་བསྒྲུབ་པ་གསུངས་ནས་ད་ནི་རྡོ་རྗེ་ཁྲོ་བོའི་ཆོ་གའི་

ཕྱག་རྒྱ་ལས་ཉི་ཤུ་རྩ་ལྔ་པོ་གཞན་དག་བསྒྲུབ་པ་ནི་ཐམས་ཅད་དགུག་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་གཡོན་པའི་སྟེང་དུ་གཡས་པ་བཞག་པ་དང་། ས་
ལ་གཞག་པ་དང་བསྐྱོད་པ་དང་གར་བྱེད་དུ་གཞུག་པ་དང་སྒེག་པ་འབྱིན་པའི་ཚུལ་དང་བརྒྱལ་དུ་གཞུག་པ་དང་ཐམས་ཅད་དུ་བརྒྱལ་དུ་གཞུག་པ་དང་ཧ་ཧ་ཞེས་དགོད་པ་དང་དགུག་པ་དང་འོག་ཏུ་གཞུག་པ་དང་གཏང་བ་དང་། ཡོངས་སུ་བཟློག་ནས་བསྲུང་བ་དང་། དེ་ནས་འཕང་
བ་དང་། མྱུར་དུ་འཕང་བ་དང་དེ་བཞིན་དུ་བསྒྱུར་བ་དང་དེ་བཞིན་དུ་དྲང་བ་དང་རང་ཉིད་ང་རོ་འདོན་དུ་གཞུག་པ་དང་། རང་ཉིད་ལ་དེ་དག་ཏུ་ཞུགས་པ་དང་སྙིང་བརྡུང་དུ་གཞུག་པ་དང་། རང་ཉིད་རང་གི་སྐྲ་འབལ་བ་དང་། ཞེ་འགྲས་པར་བྱ་བ་དང་རང་གི་གོས་ཤུར་གཞུག་པ་དང་། དེ་བཞིན་
དུ་ཁྲོ་བས་འབར་བ་སྟོན་པ་པོ་འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ་གཡོན་པའི་མཛུབ་མོ་འཕྲེད་དུ་བཞག་ལ་དེའི་སྟེང་དུ་མཛུབ་མོ་གཡས་པ་བཞག་པའི་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་
ཅིག་ཏུ་བྱས་ལ་བསྒྲུབ་པར་བྱ་བ་འདུག་པའི་བསམ་པས་འདུག་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་འདུག་གོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ས་ལ་བཞག་ཅིང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསྒྲུབ་པར་བྱ་བ་གནས་ཇི་ལྟ་བ་བཞིན་དུ་དགོད་པའི་བསམ་པས་གཞག་པར་
བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་དགོད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་བསྐྱོད་པར་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བས་ཀྱང་དེ་རང་གི་གནས་ནས་བསྐྱོད་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་བསྐྱོད་
པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ་རང་ཉིད་གར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་གར་བྱེད་དུ་འཇུག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། བསྒྲུབ་པར་བྱ་བ་དང་ལྷན་ཅིག་

གཅིག་ཏུ་བྱས་ལ་དེ་གླུ་ལེན་དུ་གཞུག་པའི་བསམ་པས་ཕྱག་རྒྱ་ཁའི་ཕྱོགས་ནས་ཤིན་ཏུ་དྲང་བར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་གླུ་ཡིད་ཀྱིས་ལེན་དུ་གཞུག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཆུ་བོ་ཆེན་པོ་བསྐྱེད་པའི་བསམ་པས་རྐྱལ་བྱེད་དུ་གཞུག་པར་བྱ་སྟེ། དེ་ལྟ་བུས་ནི་མཐའ་
ན་གནས་ནས་ཀྱང་ཆུ་བོའི་དབུས་ན་གནས་པ་ལྟ་བུར་བདག་ཉིད་ཀྱིས་བདག་ཉིད་མཐོང་ནས་ལག་ངར་གཉིས་ཀྱིས་རྐྱལ་བའི་ཚུལ་དུ་བྱེད་ཅིང་འདུག་སྟེ། དེ་ལྟ་བུས་ནི་ཐམས་ཅད་འདིར་གཞུག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེ་ཐམས་ཅད་རྐྱལ་དུ་གཞུག་པར་བྱས་ཏེ།
དེས་ནི་ཕྱོགས་བཞིའི་སྐམ་སར་གཏོགས་པ་རྣམས་ཆུ་འཛིངས་སུ་ལྷུང་བ་ལྟ་བུར་བདག་ཉིད་ཀྱིས་མཐོང་ལ་དེ་ནས་ལག་ངར་གཉིས་ཀྱིས་རྐྱལ་བའི་ཚུལ་དུ་བྱེད་པར་གྱུར་ཏེ་དེ་ལྟ་བུས་ནི་ཐམས་ཅད་རྩེད་མོ་བྱེད་དུ་འཇུག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཡིད་ཀྱིས་བསྒྲུབ་
པར་བྱ་བ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་བསྒྲུབ་པར་བྱ་བ་དགོད་པའི་བསམ་པས་རྟ་གད་ཆེན་པོ་བྱས་ཏེ། དེ་ལྟ་བུས་ནི་ཧ་ཧ་ཞེས་དགོད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་བསྐོར་བའི་བསམ་པས། ཕྱག་རྒྱ་བསྐོར་བར་བྱ་ཞིང་བཅོམ་ལྡན་འདས་ཀྱིས་ཀྱང་
བསྒྲུབ་པར་བྱ་བ་མགལ་མེའི་འཁོར་ལོ་ལྟར་བསྐོར་བར་མཛད་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྐོར་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་དྲང་བའི་བསམ་པས་དགུག་པར་བྱ་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་། བསྒྲུབ་པར་བྱ་བའི་འདྲེན་
པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དྲངས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་བཀུག་པའི་བསམ་པས་མདུན་ན་དགུག་པར་བྱ་ཞིང་བཅོམ་ལྡན་འདས་ཀྱིས་ཀྱང་བསྒྲུབ་པར་བྱ་བ་བསྡམས་ཏེ་བྱོན་པར་བསམ་སྟེ། དེ་ལྟ་བུས་དེ་འགུགས་སོ། །
དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། བསྒྲུབ་པར་བྱ་བ་གཏོང་བའི་བསམ་པས་གཏོང་བར་བྱ་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་བསྒྲུབ་པར་བྱ་བ་བསྒོམས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྒོམ་པར་འགྱུར་རོ། །སྔ་མ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཡོངས་སུ་

ཟློས་ཏེ། དེ་ནུབ་ཏུ་གཞུག་པའི་ཚུལ་གྱིས་བསྣུབས་ཤིང་བསྒྲུབ་པར་བྱ་བ་ཡང་རི་ལ་སོགས་པའི་ཕྱོགས་ནས་ཆུ་ལ་ནུབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་ནུབ་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། བསྒྲུབ་པར་བྱ་བ་གདེག་པའི་
བསམ་པས་གདེག་པར་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ། ཆུར་ནུབ་པ་ལས་ཐམས་ཅད་འབྱིན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེ་མྱུར་དུ་འཕང་བར་བྱ་ཞིང་བསྒྲུབ་པར་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་རིའི་སུལ་ལ་སོགས་པར་འཕངས་པར་བསམ་པར་བྱས་
ཏེ། དེ་ལྟ་བུས་ནི་ཐམས་ཅད་འཕང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་འོག་ནས་འདེགས་པའི་བསམ་པས་མྱུར་དུ་འདེགས་པར་བྱ་ཞིང་། བཅོམ་ལྡན་འདས་ཀྱིས་བསྒྲུབ་པར་བྱ་བ་འདེགས་པར་མཛད་པར་བསམ་པར་བྱས་ཏེ། དེ་ལྟ་བུས་
ནི་ཉེ་བར་འདེགས་སོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཐད་ཀར་བསྐྱུངས་པར་བསམས་ཤིང་བསྒྲུབ་པར་བྱ་བ། བཅོམ་ལྡན་འདས་ཀྱིས་ཐད་ཀར་འཕངས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྐྱུངས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་
བཅིངས་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་ཏུ་བྱས་ལ་བསྒྲུབ་པར་བྱ་བ་ང་རོ་འདོན་པའི་བསམ་པས་རང་ཉིད་ང་རོ་འདོན་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་ང་རོ་འདོན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། བསྒྲུབ་པར་བྱ་བ་དང་ལྷན་ཅིག་
ཏུ་བྱས་ནས། རང་ཉིད་ངུ་བར་བྱས་ནས། དེ་ལྟ་བུས་ནི་ཐམས་ཅད་ངུར་གཞུག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་གཅིག་ཏུ་བྱས་ཏེ། བསྒྲུབ་པར་བྱ་བ་རང་ཉིད་བརྡེག་པའི་བསམ་པས་བདག་ཉིད་བརྡེག་པར་
བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་དང་། རང་ཉིད་བརྡེག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཡིད་ཀྱིས་དེས་རང་གི་སྙིང་གར་བརྡེག་ཅིང་བསྒྲུབ་པར་བྱ་བ་ཡང་རྡོ་རྗེ་འབར་བས་སྙིང་ལ་ཕོག་པར་བསམ་པར་བྱས་ཏེ། དེ་ལྟ་བུས་

ནི་བཅིང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ་རང་གི་སྐྲ་འབལ་བར་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་སྐྲ་འབལ་བར་བྱེད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཡིད་ཀྱིས་
བསྒྲུབ་པར་བྱ་བ་ཕན་ཚུན་འཐབ་པ་ལ་སྦྱར་བར་བྱས་ཏེ། དེ་ལྟ་བུས་ནི་ཞེ་འགྲས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་ཏུ་བྱས་ཏེ། རང་གི་གོས་བཤུ་བར་བྱས་ཏེ། དེ་ལྟ་བུས་ནི། བསྒྲུབ་པར་བྱ་བ་གོས་བཤུ་
བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་གཅིག་ཏུ་བྱས་ལ། མནར་སེམས་རིང་པོ་དགུ་ཡིད་ལ་བྱས་ནས། ཁྲོ་བས་རབ་ཏུ་འབར་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་ཁྲོ་བས་འབར་བར་འགྱུར་རོ། །དེ་ལྟར་རྡོ་རྗེ་ཁྲོ་
བོ་མཆོག་གི་ཕྱག་རྒྱ་ལས་སྒྲུབ་པ་གསུངས་ནས། ད་ནི་ཐམས་ཅད་དགུག་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་པས། རྡོ་རྗེ་ཁྲོ་བོ་ཆེན་པོ། སྣ་ཚོགས་དངོས་གྲུབ་ཀྱི་ལས་བསྒྲུབ་པར་གསུངས་པ་ཡིན་ནོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་
ཕྱག་རྒྱ་བཅིངས་ནས། གཡས་པའི་མཛུབ་མོ་ལྕགས་ཀྱུ་དང་། དེ་བཞིན་ཉིད་ཀྱིས་གཞུག་པ་དང་། གཡས་པའི་སེ་གོལ་དང་། གཡོན་པའི་སེ་གོལ་དང་། མཛུབ་མོ་གཉིས་ཀྱིས་ལྕེ་ལ་བྱུགས་པ་དང་། བ་སྤུ་གཡས་ནས་འཁྱིལ་བ་དང་། བསྒྱེལ་བ་ལ་སོགས་པའི་
ཚུལ་དུ་བྱ་བ་དང་། དུས་ཚིགས་བཟློག་པར་བསྒོམ་པར་བྱ་བ་དང་། ཁྲོ་བོའི་རྡོ་རྗེ་ལྟ་བས་ཤིང་ལ་བལྟས་ཏེ་ཡིད་ལ་འདོད་པ་འབྱུང་བ་དང་། དེ་བཞིན་དུས་དང་ལྟ་བ་དང་། སྨིན་མ་དང་། སོ་དང་། ཕུ་དང་ཕྱག་རྒྱས་བརྡེག་པ་དང་། རྒྱལ་མཚན་བསྒྲེང་བ་དང་། འཇིགས་
བྱེད་ཀྱི་ལྟ་བ་ཁྲོ་བ་དང་བཅས་པས་མིག་མི་འཛུམས་པར་ལྟ་བ་དང་བཅས་པས་དེ་བཞིན་དུ་འབར་བའི་བཅིང་བ་དང་། ཕྱག་རྒྱ་བསྐོར་བ་དང་། མཛུབ་མོའི་རྡོ་རྗེ་སྤྱི་གཙུག་ཏུ་གཞག་པ་དང་། དེ་བཞིན་དུ་སྙིང་ག་དང་། དེ་བཞིན་དུ་རྡོ་རྗེ་དགྲོལ་བ་དང་། ཕྱག་རྒྱ་ཐད་ཀར་བརྡེག་པ་

དང་། མཛུབ་མོའི་གདོང་སྤྲད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། གཡས་པའི་མཛུབ་མོ་ལྕགས་ཀྱུས་བསྒྲུབ་པར་བྱ་བ་དགུག་པར་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོས་བཀུག་པར་བྱ་བ་འགུགས་
པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་འགུགས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་གཞུག་པའི་ཚུལ་དུ་བྱ་ཞིང་། བཅོམ་ལྡན་འདས་རྡོ་རྗེ་ཞགས་པས་ཀྱང་བསྒྲུབ་པར་བྱ་བ་དེ་གཞུག་པར་མཛད་པར་བསམ་པར་བྱ་སྟེ། དེ་
ལྟ་བུས་ནི་ཐམས་ཅད་བཅུག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། གཡས་པའི་མཐེ་བོང་དང་མཛུབ་མོ་གཉིས་ཀྱིས་སེ་གོལ་གྱི་སྒྲ་གཏོགས་པར་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྒྲུབ་པར་བྱ་བ་ཀུན་
བཀང་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་བཅིང་བར་བྱས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། གཡོན་པའི་མཐེ་བོང་དང་། མཛུབ་མོ་གཉིས་ཀྱིས་སེ་གོལ་གྱི་སྒྲ་གཏོགས་པར་བྱ་ཞིང་སྔར་བཤད་པའི་ཆོ་གས་པྲ་སེ་ན་བསྒྲུབ་པར་བྱའོ། །དེ་བཞིན་
དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་ཀྱིས་རང་གི་ལྕེ་ལ་ཡོངས་སུ་བྱུག་པར་བྱ་ཞིང་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་གཅིག་ཏུ་བྱས་ན་དེ་ལྟ་བུས་ནི་བདེན་པ་སྨྲ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའམ་བསམ་
པས་དེའི་བ་སྤུ་གཡས་ནས་འཁྱིལ་བའི་ཚུལ་དུ་ལུས་ལ་བསྐོར་ནས་དེ་ལྟ་བུས་ནི་སྒྱུ་མ་ཐམས་ཅད་སྟོན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ལན་སྟོན་པའི་བསམ་པས་ལྟུང་བ་སློང་བའི་ཚུལ་དུ་བྱས་ན་དེ་ལྟ་བུས་ནི་ལན་སྟོན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་
མཛད་བཅིངས་ལ་དུས་ཚིགས་ཀྱི་འཁོར་ལོ་ཡོངས་སུ་ལྡོག་པར་བསྒོམས་པས་ནི་དུས་ཚིགས་ཀྱི་འཁོར་ལོ་ཡོངས་སུ་ལྡོག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཁྲོ་བོ་རྡོ་རྗེ་ལྟ་བས་ཇི་སྙེད་པའི་ཤིང་ལ་བལྟས་ཏེ། དུས་མ་ཡིན་པར་ཡིད་ལ་འདོད་པའི་མེ་ཏོག་

དང་། ལོ་མ་དང་འབྲས་བུ་སྨིན་པར་སྟོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ས་ལ་བཞག་ལ་འབྲུ་ཐམས་ཅད་འབྱུང་བར་སྟོན་པར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་འབྲུ་ཐམས་ཅད་སྟོན་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། སྔར་བཤད་པའི་
རིམས་སེལ་བའི་བསྒོམ་པ་དང་བྱམས་པའི་ལྟ་བས་རིམས་ཐམས་ཅད་བསལ་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་སྨིན་མ་འགྱུར་བའི་ཚུལ་གྱིས་སྦྱར་བའི་དུག་ཐམས་ཅད་བསལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་སོ་སྟོན་པར་བྱ་ཞིང་བཅོམ་ལྡན་
འདས་ཁྲོ་བོ་སྟོབས་པོ་ཆེ་གདོན་མི་ཟ་བའི་ལུས་ལ་ཞུགས་ནས་གདོན་ཟ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གདོན་བསལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཕུ་ཞེས་བྱ་བ་ཟློས་ཤིང་བདག་ཉིད་ཀླུ་ཟླ་བའི་མདོག་ཏུ་བསམས་ལ་རྒྱུ་བ་དང་མི་རྒྱུ་བའི་དུག་གི་སྟེང་
དུ་ཡི་གེ་ཕུ་ཟླ་བའི་མདོག་ཅན་ཉིད་བསམ་པར་བྱ་ཞིང་དེས་སེམས་ཅན་གྱི་ལུས་སམ་དུག་བདུད་རྩིར་བྱས་པར་བསམ་པར་བྱ་ཞིང་། དེ་ལྟ་བུས་ནི་དུག་ཐམས་ཅད་ལས་ཐར་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱས་ཤིང་བདག་
ཉིད་དཔལ་ཧེ་རུ་ཀར་བསམས་ཏེ། དེས་མཁའ་འགྲོ་མས་ཟིན་པ་ལ་བསྣུན་པར་བྱ་ཞིང་མེ་ལྟར་འབར་བས་ཀྱང་མཁའ་འགྲོ་མའི་གདོན་ཐལ་བར་བྱས་པར་བསམས་ཏེ། དེ་ལྟ་བུས་ནི་མཁའ་འགྲོ་མའི་གདོན་ཐམས་ཅད་ལས་ཐལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེས་
རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱས་ཤིང་ཕྱག་རྒྱ་བཅིངས་པ་ལས་དཔུང་གི་ཚོགས་ཡན་ལག་བཞི་ཕྱུང་སྟེ། དེས་རང་གི་དཔུང་ཡོངས་སུ་བསྲུངས་ན། དེ་ལྟ་བུས་ནི་གཡུལ་འགྱེད་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་འཇིགས་བྱེད་ཀྱི་ལྟ་
བས་ཁྲོ་བ་དང་བཅས་པས་མིག་མི་འཛུམས་པར་བལྟ་ཞིང་ཕྱག་རྒྱ་བཅིངས་པ་ལས་དཔུང་གི་ཚོགས་ཡན་ལག་བཞི་པ་ཕྱུང་སྟེ། དེས་གཞན་གྱི་དཔུང་བཅོམ་པར་བསམས་ན་དེ་ལྟ་བུས་ནི་གཞན་གྱི་དཔུང་ཐམས་ཅད་བཅོམ་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་

ལ་མིག་མི་འཛུམས་པར་བལྟ་ཞིང་ཇི་ཙམ་མངོན་པར་འདོད་པའི་ཕྱོགས་སུ་བལྟས་ལ་མཚམས་བཅིང་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་རང་གི་སྙིང་ག་ལས་རྡོ་རྗེ་འབར་བ་ཕྱུང་ནས་དེས་ཕྱོགས་བཅིང་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་
ཕྱག་རྒྱ་དེ་བསྐོར་བར་བྱ་ཞིང་དེ་ལྟ་བུས་ནི་དཀྱིལ་འཁོར་བཅིང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ་ཡོངས་སུ་བཟློག་ནས་མཛུབ་མོའི་རྡོ་རྗེ་རྩེ་མོའི་སྤྱི་གཙུག་ཏུ་གཞག་པར་བྱས་ཏེ། དེ་ལྟ་བུས་ནི་ཤིན་ཏུ་བསྲུང་བར་འགྱུར་
རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ་རང་གི་སྙིང་གར་གཞག་པར་བྱས་ཏེ། དེ་ལྟ་བུས་ནི་ཡོངས་སུ་སྐྱོབ་པར་བྱེད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་གཤིབས་ཏེ་རྩེ་མོར་བྱས་ནས་རང་གི་སྙིང་གར་རྡོ་རྗེ་
དགྲོལ་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་ཐར་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཕྱག་རྒྱ་ཐད་ཀར་བཞག་ནས་བཏེག་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསླང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོའི་གདོང་ཕན་ཚུན་དམ་དུ་སྤྲད་པར་
བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་དབང་དུ་འགྱུར་རོ། །དེ་ལྟར་རྡོ་རྗེ་ཁྲོ་བོ་ཆེན་པོ་སྣ་ཚོགས་འགྲུབ་པའི་ལས་བསྒྲུབ་པར་གསུངས་ནས། ད་ནི་ལྷ་ཐམས་ཅད་ལྟུང་བར་བྱ་བ་ལ་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཁྲོ་བོ་ཆེན་པོ་རྒྱལ་བ་དམ་པའི་དངོས་གྲུབ་ཀྱི་ལས་བསྒྲུབ་པ་གསུངས་པ་ཡིན་ནོ། །
དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། ལྟ་བས་སྟེང་ནས་འོག་ཏུ་ལྟུང་བར་བྱ་བ་དང་། འོག་ནས་བརྡེག་པ་དང་། ཡི་གེ་ཧཱུཾ་གིས་ཁྲོས་པ་དང་། འཇིགས་པས་ལྟ་བ་དང་། ཁྲོས་པས་རྡོ་རྗེ་ཁ་ཊྭཱཾ་ག་བཅག་པ་དང་། སྙིང་གར་རྡོ་རྗེ་བསྒོམ་པ་དང་། རྡོ་རྗེ་རྩེ་གསུམ་པ་བཅག་པ་དང་།
ཡི་གེ་ཧཱུཾ་གིས་གདུག་པའི་དཀྱིལ་འཁོར་གཏོར་བ་དང་། ཧི་དང་གཡས་ལོགས་ནས་དབུགས་འབྱུང་བ་དང་། དེ་ཉིད་ཀྱིས་དོང་ཚེ་གསོར་བ་དང་། དེ་བཞིན་དུ་ཁྲོ་བོའི་ལྟ་བས་གཡས་པའི་ཁུ་ཚུར་གྱིས་མནན་ལ། གཡོན་པའི་སོས་བཟུང་བ་ནས་དྲང་བ་དང་། དོང་ཚེ་གཉིས་གསོར་བ་དང་།

གཡོན་པའི་དྲིལ་བུ་བཞག་པ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱིས་དེ་བཞིན་དུ་གཡས་པའི་ཁུ་ཚུར་གཡོན་པའི་ཁྲོ་བོས་མནན་ལ་རྡོ་རྗེ་ཁུ་ཚུར་གྱི་མཐའ་བཀྲོལ་བར་བསམ་པ་དང་། གཡས་པའི་དྲིལ་བུ་བཅག་པ་དང་། འདོད་ཆགས་དང་བྲལ་བར་ལྟུང་བ་དང་། ཡིད་ཀྱིས་འཁོར་ལོ་དྲལ་བ་དང་རྩེ་གསུམ་
དྲལ་བ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱི་གཡོན་དང་གཡས་པའི་ཁུ་ཚུར་གྱིས་མནན་ལ་དེ་བཞིན་དུ་མཐར་གདུ་བུར་དགྲོལ་བར་བསམ་པ་དང་། རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པས་མདུན་དུ་བསྒྲུབ་པའོ། །འདིས་ནི་འདི་སྐད་
སྟོན་པར་འགྱུར་རོ། །སྔ་མ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ཁྲོ་བོའི་ལྟ་བས་སྟེང་ནས་འོག་ཏུ་ལྟུང་བའི་ཚུལ་དུ་བྱ་ཞིང་ལྟ་བ་ལས་བྱུང་བའི་བཅོམ་ལྡན་འདས་ཀྱིས་ཀྱང་བསྒྲུབ་པར་བྱ་བ་ལྟུང་བར་བྱས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ལྷ་ཐམས་ཅད་ལྟུང་
བར་བྱས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། དེ་ཉིད་ཀྱིས་འོག་ནས་བརྡེག་པའི་ཚུལ་དུ་བྱ་ཞིང་། བཅོམ་ལྡན་འདས་ཕྱག་ན་ལྕགས་ཀྱུ་བསྣམས་ཏེ། ཀླུ་རྣམས་འདྲེན་པར་མཛད་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད་འབྱིན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་
མཛད་བཅིངས་ལ་གནོད་སྦྱིན་རྗེས་སུ་འབྲང་བར་བྱ་བའི་ཡི་གེ་ཧཱུཾ་ཁྲོ་བོའི་བསམ་པས་བཟླས་ཤིང་བཅོམ་ལྡན་འདས་རྡོ་རྗེ་རྗེས་སུ་སྤྱོད་པའི་ཁྲོ་བོས་གནོད་སྦྱིན་བཀུག་སྟེ། དེ་ལྟ་བུས་ནི་གནོད་སྦྱིན་རྗེས་སུ་འབྲང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་དེ། སྲིན་པོ་མཐོང་བའམ། སྲིན་པོའི་
གདོན་གྱིས་ཟིན་པ་ལ་ཤིན་ཏུ་འཇིགས་པའི་ལྟ་བས་ལྟ་ཞིང་བཟླས་པས་ལྟ་བ་ལས་བྱུང་བའི་རྡོ་རྗེ་འབར་བས་སྲིན་པོ་བཅོམ་པར་གྱུར་པར་བྱས་ཏེ། དེ་ལྟ་བུས་ནི་སྲིན་པོ་སྐྲག་པར་བྱས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། བདག་ཉིད་དཔལ་ཧེ་རུ་ཀར་བསམས་ལ་ཁྲོ་བོའི་ལྟ་བས་ལྟ་
ཞིང་ལྟ་བའི་ཕྱག་རྒྱ་ལས་འབར་བའི་རྡོ་རྗེ་ཕྱུང་ལ་དེས་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེ་ཁ་ཊྭཱཾ་ག་བཅག་པར་བསམ་པར་བྱ་ཞིང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་མཁའ་འགྲོ་མའི་གདོན་གྱིས་ཟིན་པའི་ལུས་ལ་ཞུགས་པས་མཁའ་འགྲོ་མ་ལ་སོགས་པའི་གདོན་རྣམས་བསྲེགས་པར་གྱུར་པ་

བ་དང་། འབྱེར་བར་གྱུར་པར་མཛད་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མཁའ་འགྲོ་མ་ལ་སོགས་པའི་གདོན་ཐམས་ཅད་བཏུལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་རང་གི་སྙིང་གར་རྡོ་རྗེ་འབར་བ་བསྒོམ་ཞིང་རྡོ་རྗེ་འབར་བ་ལས་བྱུང་བའི་རྡོ་རྗེ་རིགས་ཀྱིས་དཔུང་
ཐམས་ཅད་སྐྲག་པར་མཛད་པར་བྱས་ཏེ། དེ་ལྟ་བུས་ནི་བདུད་ཀྱི་དཔུང་ཐམས་ཅད་བཅོམ་པར་བྱས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དཔལ་ཧེ་རུ་ཀར་བདག་ཉིད་དུ་བསམས་ཏེ། མ་མོའི་ཚོགས་མཐོང་བ་དང་། མ་མོའི་གདོན་གྱིས་ཟིན་པ་ལ་དཔལ་ཧེ་རུ་ཀའི་ཕྱག་རྒྱ་བཅིངས་པ་ལས་བྱུང་
བའི་བཅོམ་ལྡན་འདས་ཀྱིས་མ་མོའི་ཚོགས་ཀྱི་ཕྱག་རྒྱ་རང་བཞིན་རྡོ་རྗེ་རྩེ་གསུམ་པ་བཅག་པར་གྱུར་ཅིང་མ་མོའི་ཚོགས་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མ་མོའི་ཚོགས་ཐམས་ཅད་བཏུལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་རང་གི་སྙིང་ག་ནས་ཁྲོ་བོ་སྟོབས་པོ་ཆེ་ཕྱུང་སྟེ། དེས་
གདུག་པའི་དཀྱིལ་འཁོར་རྣམ་པར་འཐོར་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གདུག་པའི་དཀྱིལ་འཁོར་རྣམ་པར་གཏོར་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་འབར་བ་སྤྲོས་ལ་གདུག་པ་ཐམས་ཅད་ཀྱི་སྟེང་དུ་དབབ་པར་བྱས་ཏེ། དེ་ལྟ་བུས་ནི་གདུག་
པ་ཐམས་ཅད་བཏུལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཧཱུཾ་ཞེས་བྱ་བས་ཁམས་གསུམ་པ་ཐམས་ཅད་དབང་དུ་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་དབང་དུ་བཏུལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མི་འཇིགས་པ་སྦྱིན་པའི་ཚུལ་གྱིས་གཡས་ལོགས་སུ་
བཞག་ཅིང་རང་གི་སྙིང་ལས་རྡོ་རྗེའི་རིགས་རྣམས་ཕྱུང་སྟེ། དེས་བསྒྲུབ་པར་བྱ་བ་རྒྱལ་པོའི་འཇིགས་པ་ལས་བཟློག་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་འཇིག་པ་མེད་པར་ཡང་དག་པར་བསྐྱོད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེས་དོང་ཚེ་གྱེན་དུ་འཕེན་ཞིང་གསོར་
བའི་ཚུལ་དུ་བྱས་ལ་བཅོམ་ལྡན་འདས་ནོར་བུ་བཟང་པོ་ཡང་རྣལ་འབྱོར་པས་རང་དབང་དུ་བྱ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ནོར་བུ་བཟང་པོ་དབང་དུ་བྱས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཁྲོ་བོའི་ལྟ་བས་ལྟ་ཞིང་ཟློས་ལ་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་

བས་རྣམ་ཐོས་སྲས་ལས་ནོར་ཐམས་ཅད་བསྣམས་ཏེ་བྱོན་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རྣམ་ཐོས་སྲས་ལས་ནོར་ཐམས་ཅད་འཕྲོག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་ཐད་ཀར་བཞག་ལ་གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་སྟེ། ལྕགས་སྒྲོག་
སྦྲེལ་བ་མ་བཀྲོལ་བར་གཡོན་པའི་མཛུབ་མོས་བཟུང་ནས་དྲང་བར་བྱ་ཞིང་རྣམ་ཐོས་སྲས་ཀྱི་གཟུགས་བརྙན་རྐང་པ་གཡོན་པས་མནན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་ཐོས་སྲས་མནན་ནས་དཔལ་ཕྲོགས་ཏེ། རྣལ་འབྱོར་པ་ལ་སྩལ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རྣམ་ཐོས་སྲས་མནན་
ནས་དཔལ་ཕྲོགས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་ཀྱིས་དོང་ཚེ་གཉིས་འཕེན་ཞིང་གསོར་བའི་ཚུལ་དུ་སྟོན་ཅིང་ཡིད་ལ་འདོད་པའི་ལྷའི་བུ་མོ་དང་ལྷན་ཅིག་ཡང་དག་པར་སྦྱོར་བར་བྱས་ཏེ། དེ་ལྟ་བུས་ནི་ལྷའི་བུ་མོ་ཐམས་ཅད་དང་རྩེ་བར་འགྱུར་རོ། །དེ་
བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་གཞོན་ནུ་མའི་ལག་པ་གཡོན་ན་གནས་པའི་དྲིལ་བུ་རྡོ་རྗེ་འབར་བས་ཡིད་ཀྱིས་བཅུག་ལ་གཞོན་ནུ་མ་དང་ལྷན་ཅིག་ཡང་དག་པར་སྦྱོར་བར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་གཞོན་ནུ་མ་དང་རྩེ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་གཡས་
པའི་མཛུབ་མོའི་གདོང་རང་གི་མཐེ་བོའི་སྟེང་དུ་གཞག་ལ་འོག་ཏུ་ཕབ་སྟེ་མཛུབ་མོ་གཡོན་པས་མནན་ཏེ། མཐེའུ་ཆུང་གཉིས་ཀྱིས་ལྕགས་སྒྲོག་དྲལ་བའི་ཚུལ་གྱིས་དབྲོག་པའི་ཚུལ་དུ་བྱ་ཞིང་རྐང་པ་གཡོན་པས་བརྒྱ་བྱིན་གྱི་གཟུགས་བརྙན་ཇི་སྐད་བཤད་པའི་ཚུལ་གྱིས་མནན་ལ། བཅོམ་ལྡན་
འདས་རྡོ་རྗེ་མེ་ལྟར་འབར་བས་ཀྱང་བསྐལ་པ་བསྲེགས་པ་ལྟ་བུའི་རྡོ་རྗེ་ལྕགས་ཀྱུས་བདེ་སོགས་མའི་སྙིང་ཕུག་སྟེ། རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནས་འགུགས་པར་མཛད་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བརྒྱ་བྱིན་མནན་ནས་བདེ་སོགས་མ་ཕྲོགས་པར་འགྱུར་རོ། །དེ་བཞིན་དུ་
རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཕྱག་རྒྱ་བཅིངས་པ་ལས་རྡོ་རྗེ་འབར་བ་ཕྱུང་སྟེ། གཞོན་ནུ་མའི་ལག་པ་གཡས་པ་ན་གནས་པའི་དྲིལ་བུ་ཡིད་ཀྱིས་བཅག་པར་བྱས་ཏེ། དེ་ལྟ་བུས་ནི་གཞོན་ནུ་མ་ཚར་གཅད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཡིད་ཀྱིས་ཚངས་པའི་མདུན་དུ་

གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྤྲུལ་ལ་འདོད་པའི་ལོངས་སྤྱོད་དང་ལྡན་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཚངས་པ་ལྟུང་བ་བྱས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཕྱག་རྒྱ་བཅིངས་པ་ལས་འབར་བའི་རྡོ་རྗེ་ཕྱུང་སྟེ། ཡིད་
ཀྱིས་ཁྱབ་འཇུག་གི་འཁོར་ལོ་དྲལ་བར་བྱས་ཏེ། དེ་ལྟ་བུས་ནི་ཁྱབ་འཇུག་ཐུལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཕྱག་རྒྱ་བཅིངས་པ་ལས་རྡོ་རྗེ་འབར་བ་ཕྱུང་སྟེ། དེས་དབང་ཕྱུག་ཆེན་པོའི་ལག་པ་ན་གནས་པའི་རྩེ་གསུམ་པ་བཅག་པར་བྱས་ཏེ། དེ་ལྟ་བུས་ནི་དབང་ཕྱུག་ཆེན་པོ་
ལས་རྣམ་པར་རྒྱལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་གཡས་པའི་མཛུབ་མོའི་གདོང་རང་གི་མཐེ་བོའི་སྟེང་དུ་བཞག་ལ་གཡོན་པའི་མཛུབ་མོའི་གདོང་ཡང་དེ་བཞིན་དུ་བཞག་ནས་གཡས་པའི་ཁུ་ཚུར་གྱིས་གཡོན་པའི་ཁུ་ཚུར་བཟུང་ལ་དེ་བཞིན་དུ་མཐར་གདུ་བུ་དགྲོལ་བའི་
ཚུལ་གྱིས་བསལ་བར་བྱ་ཞིང་། འདོད་པའི་དབང་ཕྱུག་གི་གཟུགས་བརྙན་རྐང་པ་གཡོན་པས་མནན་པར་བྱ་ཞིང་བཅོམ་ལྡན་འདས་མེ་ལྟར་འབར་བ་བསྲེག་པའི་བསྐལ་པ་ལྟ་བུའི་རྡོ་རྗེ་ལྕགས་ཀྱུས་དགའ་བ་མའི་སྙིང་གར་ཕྱུང་སྟེ། རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནས་འགུགས་པར་
མཛད་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་འདོད་པའི་དབང་ཕྱུག་མནན་ནས་དགའ་བ་མོ་འཕྲོག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མདུན་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་འགྲུབ་བོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མདུན་དུ་ཀུན་དུ་བཟང་པོ་ལ་
སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འགྲུབ་བོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་
དོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་མདུན་དུ་རྡོ་རྗེ་འཛིན་པ་ཆེན་པོ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་མཉེས་པ་དང་། དགུག་པ་དང་། གཞུག་པ་དང་། དམ་ཚིག་གིས་བཅིང་བ་དང་། དབང་དུ་བྱ་བ་བསྒྲུབ་པར་འགྱུར་རོ། །ལན་ཅིག་བཟླས་པ་

གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་ལས་རྒྱལ་པོ་འདི་དག་འགྲུབ་པར་བྱེད་པའི་ཕྱག་རྒྱ་ནི་ཡི་གེ་ཧཱུཾ་ཟློས་ཤིང་བཅིང་བར་བྱས་ལ། དེའི་འོག་ཏུ་ནི་ཧྲིཿཞེས་བྱ་བ་ལྷན་ཅིག་སྦྱར་བར་བྱས་ཏེ། ཧྲཱིཿཧཱུཾ་ཞེས་ཟློས་པས་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དཔལ་མཆོག་དང་པོའི་
རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་བ་ཞེས་བྱ་བ་ལས་རྡོ་རྗེ་མེ་དང་། ཉི་མ་ལྟར་རབ་ཏུ་འབར་བའི་རྟོག་པ་བཤད་པ་རྫོགས་སོ།། །།དེ་ལྟར་ཁྲོ་བས་ཁྲོ་བ་སྤང་བའི་ཕྱིར་རྡོ་རྗེ་མེ་དང་ཉི་མ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་གྱི་རྟོག་པ་གསུངས་ནས། ད་ནི་ལོག་པར་ལྟ་བའི་གཉེན་
པོར་གྱུར་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྟོག་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་ཡིན་ཏེ། དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོར་སྦྱོར་བའི་ཏིང་ངེ་
འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ། །ཏིང་ངེ་འཛིན་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཐམས་ཅད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་
ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་འདི་ཉིད་ཀྱི་འོག་ནས་གང་ཞིག་ལ་གཟིགས་པས་དེ་བཞིན་གཤེགས་པ་ཁམས་གསུམ་མ་ལུས་པ་ཐམས་ཅད་ཀྱི་དབང་ཕྱུག་ཉིད་དུ་གྱུར་པ་ཞེས་གསུངས་པ་ཡིན་ནོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །གང་ལས་བྱུང་ཞེ་ན། རྣམ་དག་མཆོག་གི་ཆོས་
ཉིད་ལས། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ་གཟིགས་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་མཆོག་གོ། །རྣམ་པར་དག་པའི་ཆོས་ཀྱི་མཆོག་དེ་ལས་འབྱུང་བ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཅེས་བྱའོ། །ཏིང་ངེ་འཛིན་དེ་གང་ཞིག་ཡིན་ཞེ་ན། སྤྱན་
རས་གཟིགས་དབང་ཆེན་པོ་ནི། །ཞེས་བྱ་བ་གསུངས་ཏེ། རང་གི་སྙིང་པོ་མཆོག་སྙོམས་ཞུགས། །ཞེས་བྱ་བར་སྦྱར་རོ། །ཇི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་པ། །དེ་བཞིན་ཁམས་གསུམ་དག་པ་ནི། །གནས་ཀྱི་ཉེས་པས་མི་གོས་སོ། །ཞེས་རྟོག་པ་མཛད་པས་ན་

སྤྱན་རས་གཟིགས་སོ། །དེ་ལ་མངའ་བརྙེས་པས་ན་དབང་ཕྱུག་གི་གཙོ་བོའི་གཟུགས་ཐམས་ཅད་སྟོན་པར་མཛད་པས་ནམ་མཁའི་ཁམས་ལ་ཁྱབ་པར་མཛད་པས་ན་ཆེན་པོའོ། །སྤྱན་རས་གཟིགས་དབང་ཡང་ཡིན་ལ། ཆེན་པོ་ཡང་ཡིན་པས་སྤྱན་རས་གཟིགས་དབང་ཆེན་
པོའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་དང་། རིམ་པ་ཐ་དད་པའོ། །རྡོ་རྗེ་སེམས་དཔའ་གཙོ་ཆེན་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཉིད་གཙོ་བོ་ཆེན་པོ་འཇིག་རྟེན་དབང་ཕྱུག་ཆེན་པོ་ཡིན་ནོ་ཞེས་པའོ། །ཅི་ཞིག་མཛད་ནས་ཁྱད་པར་ཇི་ལྟ་བུ་ཞིག་མཁྱེན་ནས་རང་གི་སྙིང་པོ་ལ་སྙོམས་པར་ཞུགས་
ཤེ་ན། གདུག་པ་ཐམས་ཅད་གདུལ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་གདུག་པ་ཐམས་ཅད་དེ་དྲག་པོ་ལ་སོགས་པའོ། །དེ་རྣམས་གདུལ་བ་ནི་ཚར་གཅད་པ་དང་། ཕན་གདགས་པའོ། །དོན་དེའི་ཕྱིར། རང་གི་
རིགས་ནི་ཆེན་པོ་བསྐྱེད། །ཅེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རང་གི་རིགས་རྡོ་རྗེ་མེ་ལྟར་འབར་བའོ། །རང་གི་དཀྱིལ་འཁོར་རང་གི་རྡོ་རྗེ་ལས་ཕྱུང་བ་ནི་བསྐྱེད་པ་ཡིན་ལ། ནམ་མཁའ་ཐམས་ཅད་ཁྱབ་པས་ན་ཆེན་པོའོ། །ཅིའི་ཕྱིར་བསྐྱེད་ཅེ་ན། སངས་རྒྱས་
ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཁྲོ་བོ་ཆེན་པོ་ནི་སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེན་པོ་སྟེ། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའོ། །དེ་ནི་གང་གི་ཕྱིར་གདུག་ཅིང་གཏུམ་པའི་སེམས་ཅན་ཐམས་ཅད་འདུལ་བའི་ཐབས་ཏེ་རྒྱུ་ཡིན་ནོ། །འདི་ཅིའི་ཕྱིར་རྒྱུ་ཡིན་ཞེ་ན།
ཐམས་ཅད་མེད་པས་ན་ཞེས་བྱ་བ་གསུངས་ཏེ། སེམས་ཅན་གདུག་ཅིང་གཏུམ་པ་འདུལ་བའི་ཐབས་ཀྱི་རྒྱུ་གཞན་མེད་པས་ན། རང་གི་རིགས་ཆེན་བསྐྱེད་པ་ཡིན། །རང་གི་སྙིང་པོ་མཆོག་སྙོམས་ཞུགས། །ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཞུགས་ཤེ་ན། མ་དག་པའི་ཞེས་བྱ་བ་གསུངས་
ཏེ། གང་གི་ཕྱིར་སེམས་ཅན་གྱི་ཁམས་མ་དག་པ་ཡིན་པས་སོ། །རྒྱུ་ཅི་ཞིག་གིས་ཤེ་ན། འདོད་ཆགས་ལ་སོགས་ཀུན་བསགས་པས། །ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པ་ཡང་ཡིན་ལ། ཀུན་ཀྱང་ཡིན་པས་ན་འདོད་ཆགས་ལ་སོགས་པ་ཀུན་ཏེ། དེ་རྣམས་

བསགས་པའི་ཐོག་མ་མེད་པའི་དུས་ནས་བྱུང་བས་ན་ཤས་ཆེར་བསགས་པའོ། །འདོད་ཆགས་ལ་སོགས་པ་བསགས་པ་དེས་ན། གང་གི་ཕྱིར་སེམས་ཅན་གྱི་ཁམས་ནི་མ་དག་པར་གྱུར་པ་དེའི་ཕྱིར་སྙོམས་པར་ཞུགས་པར་མཛད་པ་ཡིན་ནོ། །དེ་རྣམས་ལ་ཡང་རབ་ཞེན་པར། །ཞེས་བྱ་
བ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དེ་རྣམས་ལ་རབ་ཏུ་ཞེན་པར་བྱེད་ཅིང་། བུད་མེད་བསྟེན་པ་དང་། སྲོག་གཅོད་པ་ལ་སོགས་པའི་ཚུལ་དུ་ཞེན་ཅིང་ཤིན་ཏུ་མི་ལྡོག་པས་རྗེས་སུ་འབྲེལ་པར་སྐྱེས་བུའི་དམ་པ་སྟེ། སྐྱེས་བུའི་མཆོག་གིས་མཁྱེན་ཅིང་ཐུགས་སུ་ཆུད་པ་ཡིན་ནོ། །ཇི་
ལྟར་ན་དེ་རྣམས་རབ་ཏུ་ཞེན་པ་ཡིན་ཞེ་ན། གང་གི་ཕྱིར་མི་འདུལ་བས་ན་སངས་རྒྱས་ཀྱང་མཆོག་ཏུ་མངའ་ན་མི་མཛད་དེ་ཞེས་བྱ་བ་སྨོས་ཏེ། དེ་རྣམས་གདུལ་བར་བྱ་བའི་ཕྱིར། །སངས་རྒྱས་ཀྱང་མངའ་མི་མཛད་ཅིང་། །བདག་པོར་མ་གྱུར་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་འདུལ་བས་ན་ཞེས་
བྱ་བ་སྟེ། ཞི་བའི་ཚུལ་གྱིས་མི་འདུལ་བས་རྒྱུ་དེའི་ཕྱིར་རོ། །མཆོག་ཏུ་ཞེས་བྱ་བ་ནི་ཤིན་ཏུའོ། །དེ་ལྟར་སངས་རྒྱས་ཀྱང་འདུལ་བ་ལ་མངའ་མི་མཛད་པས་ན་འཇིག་རྟེན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨོངས་པས་ཤིན་ཏུ་ཟིལ་གྱིས་མནན་པར་གྱུར་པའི་སེམས་ཅན་རྣམས་ལ་
ཕན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྙོམས་པར་ཞུགས་པ་ལ་གནས་པར་མཛད་པ་ཡིན་ནོ། །ཅི་ཞིག་ལ་སྙོམས་པར་ཞུགས་ཤེ་ན། རང་གི་སྙིང་པོ་མཆོག་ལ་ཞེས་བྱ་བ་སྨོས་ཏེ། རང་གི་བདག་ཉིད་ཀྱི་སྙིང་པོ་བཟང་པོ་མཆོག་སྟེ་དེ་ལའོ། །འདི་སྐད་
སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཚུལ་དང་དེ་བཞིན་གཤེགས་པ་དང་། རྡོ་རྗེའི་རིགས་སྒེག་པ་དང་། ཞི་བ་དང་ཁྲོ་བོའི་ཉམས་ཀྱིས་འདུལ་བའི་སེམས་ཅན་གྱི་ཁམས་འདུལ་བ་ལ་རབ་ཏུ་བཞག་ནས། སྙིང་རྗེའི་ཉམས་ཀྱིས་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་བཅོམ་ལྡན་
འདས་རྡོ་རྗེ་འཆང་ཆེན་པོའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་རྣམ་པར་འགྲེལ་པ་ཡིན་ཏེ། འདི་ནི་ཞེས་བྱ་བ་འོག་ནས་བཤད་པ་ཐུགས་ལ་བཞག་ནས་འདི་སྐད་གསུངས་པ་ཡིན་

ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་འཇིག་རྟེན་དབང་ཕྱུག་གི་ཚུལ་གྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་སོ་སོར་རྟོགས་པའོ། །དེས་ཀྱང་ཏིང་ངེ་འཛིན་གཞན་ཟིལ་གྱིས་མནན་ནས་མཛེས་ཤིང་འབར་བས་ན་རྒྱལ་པོའོ། །འདི་ཉིད་ནི་
ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་བྱིན་གྱིས་བརླབ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། པདྨའི་
རིགས་སོ། །དེ་རྣམས་ཀྱི་ཆོས་ཉིད་ནི་དེ་བཞིན་ཉིད་དོ། །དེའི་ཡེ་ཤེས་ནི་ངེས་པའོ། །དེ་ཉིད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བསྐྱེད་ཅིང་གཞིག་པར་མི་ནུས་པས་ན་རྡོ་རྗེ་དང་འདྲ་བའི་ཕྱིར་རྡོ་རྗེའོ། །གང་གིས་དེ་བྱིན་གྱིས་བརླབ་ཅིང་འཇིག་རྟེན་དབང་ཕྱུག་གི་སྐུར་བྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་
ལ་མིང་དེ་སྐད་ཅེས་བྱའོ། །གང་གི་ཕྱིར་ཏིང་ངེ་འཛིན་གང་ཞིག་ལ་རྣམ་པར་གཟིགས་ཤིང་མངོན་སུམ་དུ་མཛད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་ཁམས་གསུམ་པ་མ་ལུས་པ་ཞེས་བྱ་བ་ནི། སྲིད་པ་གསུམ་མཐའ་དག་ཐམས་ཅད་ཀྱི་བདག་པོ་
ཞེས་བྱ་བའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་སུ་ཆུད་པ་ནི་མངོན་སུམ་དུ་མཛད་པ་སྟེ། སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ཚད་མེད་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཏིང་ངེ་འཛིན་བསྒོམ་པའི་མན་ངག་
བསྟན་པར་བྱ་བའི་ཕྱིར་བསྙེམས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བཟུང་སྟེ། དེས་བསྙེམས་པའི་ཚུལ་དུ་མཛད་ནས་ཕྱག་གཡས་པའི་མཐེ་བོང་དང་། མཛུབ་མོས་རང་གི་ཐུགས་ཀའི་ཕྱོགས་དེའི་འདབ་མ་ལ་ཁ་འབྱེད་པར་མཛད་པས་
རྟོག་ཅིང་གཟིགས་པར་མཛད་པ་ཡིན་ནོ། །ཅི་ཞིག་གིས་གཟིགས་ཤེ་ན། རང་བཞིན་གྱིས་ཞེས་བྱ་བ་སྨོས་ཏེ། རང་གི་ངོ་བོ་ཉིད་ནི་རང་བཞིན་ཏེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །རང་བཞིན་དེས་གཟིགས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྒོམ་པར་

མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་གཟིགས་པར་མཛད་ཅེ་ན། ཅི་ནུས་པའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། རང་གི་ནུས་པ་དང་རྗེས་སུ་མཐུན་པར་བསྒོམ་པ་ནི་ཅི་ནུས་པའི་ཏིང་ངེ་འཛིན་ཏེ། ཅི་ནུས་པའི་ཏིང་ངེ་འཛིན་དེས་པདྨའི་འདབ་མ་རྣམ་པར་དབྱེ་བར་མཛད་ཅིང་གཟིགས་པ་
ཡིན་ནོ། །དེ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གཟིགས་པའི་ཚུལ་རྣམ་པར་འབྲེལ་པ་ཡིན་ཏེ། ཇི་ལྟར་སྒྲུབ་པ་པོའི་ལག་ན་གནས་པའི་པདྨ་དམར་པོ་འདི་ཁ་དོག་དམར་པོ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་སོ། །ཚོན་གྱི་ཉེས་པ་ནི་ཚོན་གྱི་སྐྱོན་ཏེ་རྫས་གཞན་དང་འདྲེས་པ་ཡོངས་སུ་སྤང་བར་མ་གྱུར་
པའོ། །དེས་མ་གོས་པ་ནི་མ་འདྲེས་པ་སྟེ། པདྨ་དམར་དུ་ཟིན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པས་མཐེའུ་ཆུང་ལས་བྱུང་བའི་ཆུ་དང་འདབ་མ་ལ་སོགས་པའི་ཉེས་པ་རྣམ་པ་སྣ་ཚོགས་ཀྱིས་ཇི་ལྟར་པདྨ་དེ་ལ་གོས་པར་མི་འགྱུར་བ་དེ་བཞིན་དུ་ཁམས་གསུམ་དག་པ་ཐུགས་རྗེ་ཆེན་པོ་དང་
ལྡན་པའི་ཆོས་བདག་མེད་པའི་ཆགས་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དྲི་མ་དང་བྲལ་བ་ཡིན་ནོ། །རྒྱུ་གང་གིས་ནི་ཏིང་ངེ་འཛིན་འདི་ལ་གཟིགས་ཤིང་མངོན་སུམ་དུ་མཛད་པའི་རྒྱུ་དེས་རྒྱལ་པོ་སྟེ། དེ་བཞིན་གཤེགས་
པ་རྣམས་དབང་ཕྱུག་ཉིད་དུ་གྱུར་པ་སྟེ། འཇིག་རྟེན་དབང་ཕྱུག་ཉིད་དུ་གྱུར་པ་ཡིན་ནོ། །དེ་ཡིས་ཞེས་བྱ་བ་ནི་རྒྱུ་དེས་སོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྤྱན་རས་གཟིགས་ནི་ཚུལ་དེས་སོ་སོར་རྟོག་ཅིང་གཟིགས་པར་མཛད་པས་དབང་ཕྱུག་ཅེས་བྱ་བ་གཙོ་
བོར་གྱུར་པ་སྟེ། དེ་ལྟ་བུར་གྱུར་ཅིང་ཉེ་བར་སྐྱེད་པའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཡ་ཐཱ་རཀྟ་མི་དཾ་པདྨ་ད་མ་ག་ཏོ་ཤི་རྣ་ལ་ལི་བྱ་ཏེ། བ་ས་དོ་ཤེ་ཥྭ་བཱི་བཱི་ཏ་དྷེ་ཐཱ་ཤུདྡྷ་ཏྲི་དྷཱ་ཏུ་ཀཾ་ཞེས་བྱ་བའི་སྙིང་པོ་ཟློས་ཤིང་སྙིང་པོ་འདི་
བསྒོམས་པའི་སྟོབས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཉིད་དུ་ཇི་ལྟར་འགྱུར་བ་དེ་བཞིན་དུ་སྙིང་པོ་འདི་ཉིད་བསྒོམ་ཞིང་རྣམ་པར་གཟིགས་པའི་སྟོབས་ཀྱིས་རྡོ་རྗེ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་པ་

ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། བཤད་མ་ཐག་པའི་སྒོམ་པའི་སྙིང་པོའོ། །རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱི་ཏིང་ངེ་འཛིན་སྟོན་པར་བྱེད་པའི་སྙིང་པོ་འདི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སྒོམ་པ་དག་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་ཀྱིས་སྒོམ་
པས་བསྒོམས་ཤིང་ཡང་དང་ཡང་དུ་མངོན་སུམ་དུ་མཛད་པར་གྱུར་པ་ཡིན་ནོ། །དེའི་ཚེ་རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ་པདྨ་ཆེན་པོ་འཆང་བར་གྱུར་ཅིང་། དེ་ལྟར་སྣང་བ་ཡིན་ནོ། །གསེར་སྦྱངས་པ་ནི་རིན་པོ་ཆེ་གཞན་དང་མ་འདྲེས་པ་དང་། དྲི་མ་དང་བྲལ་བའོ། །རིའི་དབང་པོ་ནི་རི་རབ་བོ། །དེས་ཀྱང་གཞན་
དག་ཟིལ་གྱིས་མནན་ནས་མཛེས་ཤིང་འབར་བས་གནས་པས་ན་མཛེས་ཤིང་འབར་རོ། །གསེར་སྦྱངས་རི་ཡི་དབང་པོ་ནི། །ཞེས་བྱའོ། །རྒྱལ་པོ་ཆེ་ཞེས་བྱ་བ་ནི་དེ་དང་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཟི་མདངས་དང་མཉམ་ཞིང་མཚུངས་པ་གང་ཡིན་པ་དེ་ལ་དེ་
སྐད་ཅེས་བྱའོ། །གཡོན་ན་བསྙེམས་བཅས་པདྨ་མཆོག །ཅེས་བྱ་བ་ལ་སོགས་པ་ལ་གཡོན་ན་ཞེས་བྱ་བ་ནི་གཡོན་པའི་པདྨའི་ཁུ་ཚུར་བསྙེམས་པ་དང་བཅས་པས་འཛིན་པས་ན། གཡོན་པ་བསྙེམས་བཅས་པདྨ་ཞེས་བྱ་བ་ལ་མཆོག་ནི་འཇིག་རྟེན་དབང་ཕྱུག་སྟེ། གཡོན་ན་བསྙེམས་པ་
དང་བཅས་པའི་པདྨ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ཞེས་མཚམས་སྦྱར་རོ། །ཕྱག་གཡས་པས་ཐུགས་ཀའི་ཕྱོགས་སུ་པདྨའི་འདབ་མ་འབྱེད་པར་མཛད་པའོ། །མཆོག་ཏུ་གཟིགས་པས་ཉེ་བར་མཚོན་པས་ན། མཆོག་གིས་རྣམ་པར་གཟིགས་ཞེས་བྱ་སྟེ། དེ་ལྟ་བུའི་ཚུལ་གྱིས་
གཟིགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་འདབ་མ་ལ་གཟིགས་པའི་ཚུལ་གྱིས་བཞུགས་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་ཀྱི་ཕྱག་ན་གནས་པའི་པདྨའི་འདབ་མ་རྣམས་ལ་པདྨ་ཆེན་པོ་
འཛིན་པ་རྣམས་ཕྱུང་ངོ་། །དེ་སུ་ཞིག་ཡིན་ཞེ་ན། སངས་རྒྱས་ལ་སོགས་ཏེ་ཇི་ལྟར་འོག་ནས་བཤད་པ་རྣམས་བྱུང་ནས་སེམས་ཅན་རྣམས་འདུལ་བའི་མཆོག་དམ་པ་དག་མཛད་པར་འགྱུར་རོ། །དེ་ནས་ཕྱོགས་བཅུར་སེམས་ཅན་རྣམས་སྐལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཉིད་བཙལ་བ་

ལ་སོགས་པ་མ་ལུས་པར་ཡང་དག་པར་སྦྱངས་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱིས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་དེར་བཞུགས་ཤིང་གནས་པར་མཛད་དོ། །གང་ལ་པདྨ་བཟང་པོ་འདབ་མ་བརྒྱད་པོ་ཡོད་པ་འདི་ནི་པད་བཟངས་ཏེ། པདྨ་བཟང་པོའི་
དཀྱིལ་འཁོར་དེར། ཕྱོགས་བཅུ་ནས་བྱོན་པའི་སངས་རྒྱས་རྣམས་པདྨ་དེར་ཞུགས་པ་ཡིན་ནོ། །དེ་ལྟར་དེ་ནས་ཏིང་ངེ་འཛིན་ཐམས་ཅད་ནི། རྣམ་དག་མཆོག་གི་ཆོས་ཉིད་ལས། །ཞེས་བྱ་བ་ནས་བརྩམས་ཏེ། པདྨ་བཟང་པོ་དེ་ལ་བཞུགས། །ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་
པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་འདུལ་བའི་ཚུལ་མཆོག་གིས། །ཞེས་བྱ་བ་ལ་
སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་གསུངས་པ་ཡིན་ནོ། །དེ་ནས་ཡང་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སེམས་ཅན་གྱི་ཁམས་རྣམས་སྐལ་བ་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཉིད་བཙལ་བ་ལ་སོགས་པས་ཐམས་ཅད་ཡང་དག་པར་
སྦྱངས་པས་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་རང་གི་པདྨའི་རིགས་ཀྱི་དཀྱིལ་འཁོར་གྱི་རྟོག་པ་བཤད་པར་བྱ་བའི་ཕྱིར་གསོལ་བ་བཏབ་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པའི་ཚིག་ཡིན་ཏེ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལའོ། །སེམས་ཅན་ཐམས་ཅད་ལུང་དང་རྟོགས་པ་ལ་རབ་ཏུ་འཇོག་པར་མཛད་པས་ན་ཐམས་ཅད་འདུལ་མཛད་དོ། །འདི་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །ཤིན་ཏུ་དག་པའི་ཆོས་འཛིན་པ། །ཞེས་
བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བ་པདྨའི་རིགས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དག་པའི་ཆོས་ཏེ། དེའི་བདག་ཉིད་ཀྱི་ཚུལ་གྱིས་འཛིན་པར་མཛད་པས་ན་ཤིན་ཏུ་དག་པའི་ཆོས་འཛིན་པའོ། །དེ་སུ་ཞིག་ཡིན་ཞེ་ན། རྡོ་རྗེ་ཆོས་ཏེ་འཇིག་རྟེན་དབང་

ཕྱུག་གོ། །རང་ཉིད་ནི་བདག་ཉིད་དོ། །གཟུགས་ཐམས་ཅད་ཀུན་དུ་སྟོན་པས་ཕྱོགས་བཅུར་མཛེས་ཤིང་འབར་བས་ན་རྒྱལ་པོའོ། །འཇིག་རྟེན་དབང་ཕྱུག་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གིས་ཉེ་བར་མཚོན་པའི་དཀྱིལ་འཁོར་ནི་འཇིག་རྟེན་དབང་ཕྱུག་
ཅེས་བྱ་སྟེ། དེ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོས་བཀའ་སྩལ་ཞིང་ཞེས་གསུངས་པ་ཡིན་ནོ། །དཀྱིལ་འཁོར་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་སྟེ་དེ་དག་གི་ཕྱིའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་ཕྱིའི་དཀྱིལ་འཁོར་ཆེན་པོ་སྟེ་ཞེས་བྱའོ། །
ནང་གི་དཀྱིལ་འཁོར་རང་བཞིན་ཇི་ལྟ་བུར་བྲི་ཞེ་ན། པདྨ་ཞེས་བྱ་བ་གསུངས་སོ། །དེ་འདབ་མ་དུ་ཞིག་ཏུ་བྱ་ཞེ་ན། འདབ་མ་བརྒྱད་པ་ཞེས་བྱ་བ་གསུངས་ཏེ། འདབ་མ་བརྒྱད་པ་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ་ནང་གི་དཀྱིལ་འཁོར་ནི་པདྨ་འདབ་མ་བརྒྱད་པ་བྲི་བ་ཡིན་ནོ། །དེའི་ཞེས་བྱ་བ་ནི་ནང་གི་
དཀྱིལ་འཁོར་གྱིའོ། །དབུས་ཞེས་བྱ་བ་ནི་ལྟེ་བའི་ཕྱོགས་སུའོ། །སྤྱན་འཛུམ་པ་ཞེས་བྱ་བ་འཛུམ་བག་ཅན་ནོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྣ་ཚོགས་པདྨའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དགོད་པར་བྱའོ། །སྐུ་མདོག་ཇི་ལྟ་བུ་
ཞེ་ན། དག་པའི་གསེར་གྱི་པདྨ་ནི། །ཞེས་བྱ་བ་གསུངས་ཏེ། གསེར་ཤིན་ཏུ་སྦྱངས་པའི་མདོག་འདྲ་ཞིང་རྡོ་རྗེའི་པདྨ་བསྣམས་པ་ཉིད་ཀྱི་ཕྱིར་དང་། པདྨ་ལྟར་གོས་པ་མི་མངའ་བའི་ཕྱིར་དེ་ནི་པདྨའི་རང་བཞིན་ཅན་ཡིན་པས་ན་པདྨའོ། །གཡོན་བསྙེམས་ཚུལ་གྱིས་གཟིགས་མཛད་པ། །
ཞེས་བྱ་བ་ནི། གཡོན་པ་པདྨའི་ཁུ་ཚུར་པདྨ་དང་བཅས་པས་བསྙེམས་ཚུལ་དུ་ཞུགས་ཤིང་ཕྱག་གཡས་པ་ཐུགས་ཀའི་ཕྱོགས་སུ་པདྨའི་འདབ་མ་འབྱེད་པ་ལ་གཟིགས་པས་ན། གཡོན་བསྙེམས་ཚུལ་གྱིས་གཟིགས་མཛད་པ། །ཞེས་བྱའོ། །རྒྱན་རྣམས་ཀུན་གྱིས་རྣམ་པར་སྤྲས། །ཞེས་
བྱ་བ་ནི་རྣམ་པར་བརྒྱན་པའོ། །སྤྱི་བོར་སངས་རྒྱས་ཀུན་མཆོག་བཞུགས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སྐུ་ནི་སངས་རྒྱས་ཀྱི་སྐུ་སྟེ། དེ་ཉིད་ནི་མཆོག་གོ། །སྤྱི་བོར་བཞུགས་པ་ནི་དེའི་དབུས་སུ་བཞུགས་པ་སྟེ། འཇིག་རྟེན་དབང་ཕྱུག་གི་དབུ་ལ་སངས་

རྒྱས་ཀྱི་སྐུ་བཞུགས་པ་དགོད་པར་བྱའོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དབང་ཕྱུག་དེའི་ཕྱོགས་དང་མཚམས་རྣམས་སུ་སངས་རྒྱས་ཀྱི་སྐུ་གཟུགས་བརྒྱད་བྲི་བར་བྱའོ། །དེ་སུ་ཞིག་ཡིན་ཞེ་ན་ཏིང་ངེ་འཛིན་བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་ཕྱོགས་སུ་
རྡོ་རྗེ་འདོད་ཆགས་མའི་གནས་སུ་ནི་ཏིང་ངེ་འཛིན་བཟང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བྱའོ། །ལྷོར་ཀཱི་ལི་ཀཱི་ལའི་གནས་སུ་ནི་པདྨ་ཆེན་པོ་ཞེས་བྱའོ། །ནུབ་ཏུ་རྡོ་རྗེ་དྲན་མའི་གནས་སུ་ནི་ཏིང་ངེ་འཛིན་ཞེས་བྱའོ། །བྱང་དུ་རྡོ་རྗེ་བསྙེམས་མའི་གནས་སུ་ནི་རྣམ་པར་གཟིགས་པ་
ཞེས་བྱ་བའི་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བྱའོ། །དེ་རྣམས་ཀྱི་ཞེས་བྱ་བ་ནི་ཏིང་ངེ་འཛིན་བཟང་པོ་ལ་སོགས་པའི་གཡོན་ལོགས་སུ་ནི་རྡོ་རྗེ་སྦྲང་རྩི་མ་ལ་སོགས་པའི་གནས་སུ་རིགས་ཀྱི་ལྷ་ཉིད་བྲི་བར་བྱའོ་ཞེས་བྱ་བ་པདྨའི་ལྷ་ཆེན་པོ་དང་། པདྨའི་ཁྱབ་འཇུག་དང་། པདྨའི་ཚངས་པ་དང་། པདྨའི་
འདོད་པའི་ལྷའི་གཟུགས་ཏེ་འདི་ཉིད་བསྟན་པ་ནི་ཞི་བ་སྲེད་མེད་ཀྱི་བུ་ཚངས་པ་འདོད་པའི་གཟུགས་ཅན་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ལ་ཞི་བ་ནི་དབང་ཕྱུག་ཆེན་པོའི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་གོ། །སྲེད་མེད་ཀྱི་བུ་ནི་སྲེད་མེད་ཀྱི་བུའི་གཟུགས་འཛིན་པའོ། །ཚངས་པ་ནི་
ཚངས་པའི་གཟུགས་འཛིན་པའོ། །འདོད་པའི་གཟུགས་ཅན་ནི་འདོད་པའི་ལྷའི་གཟུགས་ཅན་ནོ། །སྤྱི་བོར་མཚེར་ཞིང་མགྲིན་འདེགས་པ། །ཞེས་བྱ་བ་ནི་རྟ་མགོ་ལྗང་གུའམ་འདིར་ཅི་འདོད་པ་རྟའི་གཟུགས་ཅན་ནོ། །འདོད་པའི་ལྷ་ཞེས་བྱ་བའོ། །ཏིང་ངེ་འཛིན་བཟང་པོ་ལ་སོགས་པ་འདི་
དག་ཐམས་ཅད་ཕྱག་མཚན་པདྨ་བསྣམས་པ་བྲི་བར་བྱའོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་པདྨ་ཅན་ཞེས་བྱ་བ་སྨོས་པ་ཡིན་ནོ། །རྟ་མགྲིན་ལྕགས་ཀྱུ་བཅིངས་ནས་ནི། །ཆོས་ཀྱི་ཚིག་གིས་སྤྱན་དྲང་བྱ། །ཞེས་བྱ་བ་ནི་རྟ་མགྲིན་གྱི་ལྕགས་ཀྱུའི་མཚན་ཉིད་འོག་ནས་བཤད་པ་བཅིངས་ལ། ཨོཾ་སརྦ་ཏ་ཐཱ་
ག་ཏ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཞེས་བྱ་བ་ལ་སོགས་པ་སྤྱན་དྲང་བའི་སྔགས་འོག་ནས་བཤད་པའི་ཆོས་ཀྱི་ཚིག་གིས་བཟླས་ཤིང་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ལ་དཀྱིལ་འཁོར་དུ་གཞུག་པ་ནི་ཡང་དག་པར་སྤྱན་དྲངས་པ་ཡིན་ནོ། །དེ་ནས་པདྨའི་རིགས་ཞེས་བྱ་བ་ལ་སོགས་པ་

ནི་གོ་བར་ཟད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཆོ་ག་རྒྱས་པ་བྱ་བ་ཡིན། །ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་བཅོམ་ལྡན་འདས་འཁོར་དང་བཅས་པ་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ལ། ཆོས་དང་ལས་དང་ཕྱག་
རྒྱ་ཆེན་པོས་རྒྱས་བཏབ་སྟེ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ་མཆོད་ཡོན་ཕུལ་བ་སྔོན་དུ་སོང་བའི་བུམ་པ་ལ་སོགས་པ་ཡང་དག་པར་མཆོད་ལ་སྡོམ་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བླངས་ནས་རང་གི་སྙིང་གར་རྡོ་རྗེ་པདྨ་བསྐྱེད་དེ། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་
བའོ། །འདི་ནི་ཆོ་ག་རྒྱས་པ་ཡིན་ལ་དེ་བྱས་ནས་ཅི་ཞིག་བྱ་ཞེ་ན། པདྨ་ཆེན་པོའི་ཕྱག་རྒྱ་ཡིས། །པདྨའི་དཀྱིལ་འཁོར་ལ་གཞུག་བྱ། །ཞེས་བྱ་བ་གསུངས་ཏེ། པདྨ་ཆེན་པོ་པདྨ་དང་བཅས་པ་བཅིངས་ལ་དེ་ཉིད་ཀྱིས་མེ་ཏོག་ཕྲེང་བ་བླངས་ལ་རྡོ་རྗེ་ཤུགས་ཀྱིས་ཞུགས་ཏེ། འཇུག་པའི་གླུ་ལེན་པའི་
པདྨའི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །པདྨ་ཆེན་པོ་མེ་ཏོག་བཅས། །མ་ཡེངས་ཡིད་ཀྱིས་ཕྱག་བྱའོ། །ཞེས་བྱ་བ་ནི། པདྨ་ཆེན་པོའི་ཕྱག་རྒྱ་མེ་ཏོག་དང་བཅས་པ་བཅིངས་ལ་དཀྱིལ་འཁོར་དུ་ཞུགས་ཏེ། བཅོམ་ལྡན་འདས་ལ་ཡིད་བཞིན་དུ་མ་ཡེངས་པས་ཕྱག་བྱའོ། །དཀྱིལ་འཁོར་
ཞུགས་ནས་ཏིང་ངེ་འཛིན། །བཟང་པོ་ལས་བྱུང་གཟུངས་འདི་བརྗོད་པར་བྱ། །ཞེས་བྱ་བ་ནི། དེ་ལྟར་ཇི་སྐད་དུ་བཤད་པའི་ཆོ་གས་དཀྱིལ་འཁོར་དུ་ཞུགས་ནས་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་ལས་བྱུང་བའི་གཟུངས། ཨོཾ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་སྤྱན་
སྔར་འདུག་སྟེ་བརྗོད་པར་བྱའོ། །དེ་ནས་མཛུབ་མོ་ལྕགས་ཀྱུར་བཅིངས། །ཆོས་ཀྱི་ཚིག་གིས་ལེགས་སྤྱན་དྲངས། །ཞེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་དཀྱིལ་འཁོར་བྲིས་ལ་སྒོ་དབྱེ་བ་བྱས་ནས་བསྡུ་བ་དང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་རྗེས་ཐོགས་ཉིད་ལ་མཛུབ་མོ་
གཉིས་ལྕགས་ཀྱུས་བཅིངས་ལ་རྔ་སྒྲ་ལྟར་ཟབ་པའི་དབྱངས་དང་ལྡན་པའི་མཚན་ཉིད་ཅན་གྱིས་ཆོས་ཀྱི་ཚིག་གིས་སྔགས་བརྗོད་ཅིང་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ཤིང་གཤེགས་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །འཇིག་རྟེན་

འཛིན་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་གཟུགས་ཐམས་ཅད་ནི་འཇིག་རྟེན་ཏེ། དེ་གཟུགས་ཐམས་ཅད་སྟོན་པའི་ཡེ་ཤེས་ཀྱིས་འཛིན་པར་མཛད་པས་ན། འཇིག་རྟེན་འཛིན་ཏེ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །འཇིག་
རྟེན་ཀུན་མཆོག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་གཟུགས་ནི་འཇིག་རྟེན་ཐམས་ཅད་དེ། དེའི་མཆོག་ནི་པདྨའི་རིགས་ཀྱི་བདག་པོའོ། །ཏིང་འཛིན་ཆོ་གས་ངེས་པར་མཛད། །ཅེས་བྱ་བ་ནི་པདྨའི་རིགས་ཀྱི་ལྷ་རྣམས་ཀྱི་
སེམས་རྩེ་གཅིག་པ་ཉིད་ཏིང་ངེ་འཛིན་ཏེ། དེ་རྣམས་ཐོབ་པར་བྱེད་པའི་ཐབས་རྣམ་པ་སྣ་ཚོགས་པ་དེ་ལས་ངེས་པར་འབྱུང་བའི་ཡེ་ཤེས་མངའ་བས་ན། ཏིང་འཛིན་ཆོ་གས་ངེས་པར་མཛད། །ཅེས་བསྒྲུབ་པའི་འཇིག་རྟེན་ཐམས་ཅད་ཀྱི་མཆོག་འཇིག་རྟེན་དབང་ཕྱུག་འགྲུབ་པར་མཛད་
པའོ། །དེ་ནས་དེ་བཞིན་སློབ་མ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་སློབ་དཔོན་གྱིས་འཇུག་པའི་ཆོ་ག་བཤད་མ་ཐག་པ་ཉིད་ཀྱིས་སློབ་དཔོན་ཞུགས་ལ། དེ་བཞིན་དུ་སློབ་དཔོན་གྱིས་སློབ་མ་བཅུག་ལ། དེ་རྣམས་ཀྱི་ཆོ་ག་རྒྱས་པར་བྱས་ནས་སློབ་དཔོན་གྱིས་དེ་རྣམས་ལ་དངོས་
གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱ་བ་ཡིན་པས་ན། དངོས་གྲུབ་ཐམས་ཅད་སྦྱིན་བྱེད་པའི། །ཡེ་ཤེས་དག་ནི་བསླབ་པར་བྱ། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པར་བྱེད་པའི་ཡེ་ཤེས་སློབ་མ་རྣམས་ལ་བསླབ་པར་བྱའོ། །ཏིང་འཛིན་སྙིང་པོ་འདི་ཡིས་ནི། །སྒྲུབ་
པ་ཆེན་པོ་གདོད་ནས་བྱུང་། །ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའི་བཟླས་པའི་སྙིང་པོ་ནི་ཏིང་ངེ་འཛིན་གྱི་སྙིང་པོའོ། །ཏིང་ངེ་འཛིན་གྱི་སྙིང་པོ་དེའི་བསྒྲུབ་པར་བྱ་བ་ཆེན་པོ་ནི་འདིའི་དངོས་གྲུབ་ཀྱི་མཆོག་སྒྲུབ་པར་བྱེད་པའི་ཆོ་གའོ། །བསྐལ་པ་བཟང་པོ་ལ་སོགས་པའི་སྔོན་དུ་
ཡང་དེ་ལྟར་བྱུང་བའི་ཚུལ་གྱིས་གནས་པས་ན་གདོད་ནས་བྱུང་བའི་སྒྲུབ་པ་ཆེན་པོ་ཡིན་ནོ། །འཇིག་རྟེན་ཀུན་གྱི་དབང་ཕྱུག་ཉིད། །ཅེས་བྱ་བ་ནི། འཇིག་རྟེན་གསུམ་པོ་ཐམས་ཅད་ནི་འཇིག་རྟེན་ཀུན་ཏེ་པདྨའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གོ། །དེའི་ངོ་བོ་ཉིད་ཡིན་པས་ན་འཇིག་

རྟེན་དབང་ཕྱུག་ཉིད་དོ། །འདིས་ནི་རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པའི་སྒོ་ནས་བསྒྲུབས་ལ། འཇིག་རྟེན་ཀུན་གྱི་དབང་ཕྱུག་ཉིད། །ཅེས་བྱ་བའི་སྒྲས་བཤད་དོ། །བཤད་པར་བྱ་ཞེས་བྱ་བ་ནི་བསྟན་པར་བྱའོ། །ཇི་ལྟར་ཞེ་ན། གོ་རིམས་བཞིན་དུ་ཞེས་བྱ་བ་གསུངས་ཏེ།
སྒྲུབ་པའི་ཐབས་ཀྱི་རིམ་པས་སྔོན་དུ་བསྙེན་པ་བྱ་བ་ཡིན་ཀྱི་དང་པོ་ཉིད་ནི་མ་ཡིན་ནོ། །བུད་མེད་རྣམས་ཀྱི་ནང་དུ་ཞུགས། །ཞེས་བྱ་བ་ནི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ལྷ་མོ་དང་ཁྲོ་གཉེར་མ་ལ་སོགས་པ་ནི་བུད་མེད་དོ། །པདྨའི་ཞི་བ་དང་། པདྨའི་སྲེད་མེད་ཀྱི་བུ་དང་། པདྨའི་ཚངས་པ་
དང་། པདྨའི་འདོད་པའི་གཟུགས་ནི་འཇིག་རྟེན་གདུག་པ་ཞེས་བྱ་བར་གྲགས་ཏེ་དེ་རྣམས་ཀྱི་ནང་དུ་ཚུད་པའོ། །གང་ཡང་རུང་བར་འདུག་ནས་ནི། །ཞེས་བྱ་བ་ནི་ཡིད་དང་རྗེས་སུ་མཐུན་ཞིང་འདུ་འཛི་མེད་པའི་གནས་སུ་འདུག་པའོ། །པདྨ་ཆེན་པོ་ཡོངས་བཟུང་སྟེ། །ཞེས་བྱ་བ་ནི་པདྨའི་
འདབ་མ་ཆེན་པོ་ལྕེ་ལ་རྡོ་རྗེ་དཀར་པོ་བསམ་སྟེ། བཟླ་བར་བྱ་བའི་སྔགས་ཡིད་ཀྱིས་བྲི་བ་དང་། རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་ཡང་བྲིས་ནས་བཟླས་པར་བྱ་བ་ཟློས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྒོམ་པར་བྱའོ། །ཉིན་རེ་ཅི་ནུས་བསྒྲུབ་
པར་བྱ། །ཞེས་བྱ་བ་ནི་སྒོམ་པའི་རིམ་པ་འདིས་ཉིན་རེ་ཞིང་རང་གི་ནུས་པ་དང་རྗེས་སུ་མཐུན་པས་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་བཞིན་དུས་དང་ཞེས་བྱ་བ་ནི་སྔ་དྲོ་དང་། ཉི་མ་གུང་དང་། ཕྱི་དྲོ་དང་མཚན་ཕྱེད་ལའོ། །སྟོབས་ཇི་བཞིན་ཞེས་བྱ་བ་ནི་རང་གི་
ནུས་པ་དང་རྗེས་སུ་མཐུན་པས་སོ། །ཆོ་ག་འདི་ཡིས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །དེ་ནས་ཕྱག་རྒྱ་བསྒྲུབ་པ་ནི། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་ལ་ནི་ཕྱག་རྒྱ་ཞེས་བྱ་སྟེ། དེའི་སྒྲུབ་པ་བཤད་པར་བྱའོ་ཞེས་
བྱ་བ་དོན་གྱིས་སྦྱར་རོ། །ཕྱག་རྒྱ་བཅིངས་ཏེ་ཏིང་འཛིན་གནས། །ཞེས་བྱ་བ་ནི་འདོད་པའི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དེའི་རང་བཞིན་ནི་བསྒོམ་པར་བྱའོ། །དངོས་གྲུབ་ཆེན་པོ་ཉིད་ཐོབ་པར། །ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་རང་བཞིན་རྫོགས་པའི་དངོས་གྲུབ་ཆེན་པོ་ཉིད་

དོ། །དེ་ཐོབ་པར་ནི་དེའི་རང་བཞིན་དུ་བསམ་པར་བྱའོ། །དམ་ཚིག་དམ་ཚིག་མཆོག་གིས་ཏེ། །ཞེས་བྱ་བ་ནི་རང་གི་ལྷའི་དམ་ཚིག་ནི་ཕྱག་རྒྱའི་དམ་ཚིག་གོ། །དམ་ཚིག་ནི་དམ་ཚིག་གིས་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་བདག་ཉིད་ཐོབ་པར་འགྱུར་བའོ། །ལས་ནི་ལས་
མཆོག་ཕྱག་རྒྱས་སོ། །ཞེས་བྱ་བ་ནི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་ནི་ལས་ཏེ། ལས་དེ་ལས་མཆོག་གིས་ཞེས་བྱ་བ་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་བདག་ཉིད་ཀྱིས་ཐོབ་པར་འགྱུར། ཆོས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱའི་
སྒྲུབ་པ་ནི་སྒྲུབ་པ་ཆེན་པོ་སྟེ་བཤད་མ་ཐག་པ་འདི་ཉིད་དོ། །དེ་སྟོན་པར་བྱེད་པ་སྒྲའི་ཚོགས་ནི་རྒྱུད་ཅེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་བསྲུང་བ་དང་། གནས་བསྲུང་བ་བྱས་ལ་རང་གི་ལྷ་མདུན་དུ་བཞག་སྟེ། པདྨའི་དྲིལ་བུ་ཐོགས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་
བྱའོ། །དེ་ལ་འདིར་རེ་ཞིག་དང་པོར་ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་རང་གི་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱས་བདག་ཉིད་ལ་དབབ་པར་བྱས་ལ། ཕྱག་རྒྱ་དེ་ཉིད་སྙིང་
གར་ཇི་ལྟ་བ་བཞིན་དུ་དགྲོལ་བར་བྱའོ། །དེ་ནས་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་དེ་བཞིན་དུ་བཅིང་ངོ་། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་བཟླས་པར་བྱ་བའི་སྔགས་བསམ་ལ། དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སེམས་
བཟླས་པར་བྱ་བའི་སྔགས་ཀྱི་ངོ་བོར་བསམས་ལ་དེ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ་ལ་ཟླ་བའི་དཀྱིལ་འཁོར་དུ་བདག་ཉིད་བསམ་པར་བྱའོ། །དེའི་སྟེང་དུ་ཡང་བཟླ་བར་བྱ་བའི་སྔགས་བསམས་ལ། ཀ་ལ་སོགས་པ་གསལ་བར་བྱ་བའི་ཡི་གེ་དང་བཅས་པ་ལ་ཟླ་བའི་དཀྱིལ་
འཁོར་གཉིས་པ་དེ་ཡང་བཟླས་པའི་སྙིང་པོ་དང་བཅས་པ་ལས་དང་པོའི་རྡོ་རྗེ་དེ་ཉིད་འགྲོ་བ་འདུལ་བའི་རྣལ་འབྱོར་པས་རྡོ་རྗེ་པདྨར་བསམ་མོ། །གཞན་དག་གིས་རང་གི་ལྷའི་མཚན་མ་དང་། དེའི་དབུས་སུ་བཟླས་པར་བྱ་བའི་སྔགས་ཡིད་ཀྱིས་བསམས་ལ། བདག་ཉིད་

རང་གི་ལྷའི་ཕྱག་རྒྱའི་ངོ་བོར་བསམ་ཤིང་ཕྱག་རྒྱའི་ཚུལ་ལས་པདྨའི་རིགས་ཐམས་ཅད་སྤྲོས་ལ། དེས་གདུལ་བར་བྱ་བ་ཐམས་ཅད་གདུལ་བར་བྱས་ནས། དེ་རྣམས་ཕྱག་རྒྱའི་གཟུགས་དེར་ཡིད་ཀྱིས་བཅུག་ལ། སེམས་དཔར་
བྱིན་གྱིས་རློབ་པའི་སྦྱོར་བས་ཕྱག་རྒྱའི་གཟུགས་དེ་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ། རྡོ་རྗེ་སེམས་དཔའ་དེ་རང་གི་སྔགས་ཟློས་ཤིང་རང་གི་ལྷའི་གཟུགས་སུ་བསམ་པར་བྱ་སྟེ། །དེ་ནས་མ་ཧཱ་ས་མ་ཡ་ས་ཏྭ་ཧཾ་ཞེས་བརྗོད་དེ། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ས་མ་ཡོ྅ཧཾ་ཞེས་
བརྗོད་ལ་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་སྙིང་ག་དང་། དཔྲལ་བ་དང་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་བོ། །དེ་ནས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། མདུན་དུ་སྣ་ཚོགས་པདྨའི་སྟེང་དུ་རང་གི་ལྷའི་སྔགས་ཀྱི་མཐར་ཡི་གེ་ཨ་དང་བཅས་པ་
ལས་ལྷའི་མཚན་མ་བསམ་པར་བྱའོ། །དེ་ནས་རང་གི་ལྷའི་སྔགས་ཟློས་ཤིང་རང་གི་ལྷའི་མཚན་མ་ཕྱག་རྒྱའི་ངོ་བོར་བདག་ཉིད་བསམ་པར་བྱའོ། །དེས་ཡང་རང་གི་ལྷའི་སྔགས་ཟློས་ཤིང་ཕྱག་རྒྱ་དེས་རང་གི་ལྷའི་སྐུར་བདག་ཉིད་བསམ་པར་བྱའོ། །དེ་ནས་རྡོ་རྗེ་པདྨའི་ལྕགས་ཀྱུ་མ་ལ་
སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དེ་ཉིད་དུ་རང་གི་ལྷ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་དང་རང་གི་ལྷའི་སྔགས་དང་། དྲྀ་ཤྱ་ཞེས་ཀྱང་བརྗོད་ལ་བལྟ་བར་བྱའོ། །དེ་ནས་རྟ་མགྲིན་གྱི་ལྕགས་ཀྱུ་དང་བཟླས་པར་བྱ་བའི་སྔགས་
ཀྱིས་རང་གི་ལུས་ལ་བཅུག་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ས་མ་ཡ་སྟྭཾ། ཨ་ཧཾ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་དང་། རང་གི་སྔགས་ལན་གསུམ་བརྗོད་ལ་རང་གི་ལུས་ཀྱི་ནང་དུ་གཏོགས་པ་དང་ལྷན་ཅིག་ཏུ་གྱུར་པར་བདག་ཉིད་
བསམ་པར་བྱའོ། །དེ་ནས་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་བཅུག་ལ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་བསྒྲུབས་ནས་རང་གི་ལྷ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་སྟེ། དང་པོའི་

རྡོ་རྗེ་བཅིངས་ལས་བདག་ཉིད་དེ་བཞིན་དུ་བྱིན་གྱིས་བརླབས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ་རྡོ་རྗེ་པདྨ་དང་། བདག་པོ་དང་མིང་གི་དབང་བསྐུར་བ་བླངས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་པདྨའི་རྡོ་རྗེ་
མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཞིས་བདག་ཉིད་མཆོད་ལ་པདྨ་ཆེན་པོའི་མེ་ཏོག་དང་བཅས་པ་བཅིངས་ཏེ་ཡིད་བསྡུས་ཏེ་ཕྱག་བྱའོ། །དེ་ནས་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་གསུམ་བླངས་ལ་རང་གི་སྔགས་ལན་གསུམ་བཟླ་བར་བྱའོ། །དེ་ནས། དངོས་གྲུབ་ཆེན་པོ་ཀུན་
ཀྱི་མཆོག །དབང་ཕྱུག་ཆེན་པོ་བདག་པོའི་མཆོག །འཇིག་རྟེན་མགོན་ཁྱོད་བདག་གྱུར་ཅིག །དེ་སྐད་ཅེས་བརྗོད་ནས་རབ་ཏུ་བསྒྲུབས་ཏེ་དེ་བཞིན་དུ་ལྕེ་དང་། རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་རང་གི་སྔགས་རྣམ་པར་བསམས་ལ། ཆོས་ཀྱི་ཚིག་ཟློས་ཤིང་ཡིད་ཀྱིས་སེམས་ཅན་གྱི་
ཁམས་ཐམས་ཅད་པདྨའི་རིགས་ཀྱི་རང་བཞིན་དུ་བྱས་ལ་འགྲོ་བ་ཐམས་ཅད་འདུལ་བའི་ལྷའི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་ཉིན་རེ་ཞིང་བྱ་བའི་སྦྱོར་བ་ཟླ་བ་གཅིག་ཙམ་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཡང་བཟླས་བརྗོད་འབུམ་བྱས་ལ་
མཐར་མཚན་ཐོག་ཐག་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་འཇིག་རྟེན་དབང་ཕྱུག་ཉིད་ཐོབ་པར་འགྱུར་རོ། །ཆོས་ཀྱི་ཕྱག་རྒྱ་སྒྲུབ་པའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བསྒྲུབས་ན་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཟླ་བ་གཉིས་ཀྱི་བར་དུ་བདག་ཉིད་འཇིག་རྟེན་
དབང་ཕྱུག་ཏུ་བསྒོམ་ལ་མཐར་མཚན་ཐོག་ཐག་བསྒོམས་ན་ནང་པར་འཇིག་རྟེན་དབང་ཕྱུག་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་བསྒྲུབས་ན་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་མཐར་མཚན་ཐོག་ཐག་བསྒོམས་ནས་དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་
དང་འདྲ་བར་འགྱུར་རོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རང་གི་སྙིང་གར་ཧྲི་ལས་སྣ་ཚོགས་པདྨ་བསམས་ལ། ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཟླ་བ་གཉིས་ཀྱི་བར་དུ་བསྒོམས་ལ། མཐར་མཚན་ཐོག་ཐག་བསྒོམས་ན། ནང་པར་

འཇིག་རྟེན་དབང་ཕྱུག་དང་འདྲ་བར་འགྱུར་རོ། །ད་ནི་ཡང་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་བརྗོད་པར་བྱའོ། །བདག་དང་གནས་བསྲུང་བར་བྱས་ལ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་འགྲོ་བ་འདུལ་བའི་དཀྱིལ་འཁོར་སྤྲུལ་ལ་གལ་ཏེ་འབྱོར་པ་ཡོད་ན་མེ་ཏོག་ལ་སོགས་པས་ཡང་
དག་པར་མཆོད་དོ། །སྒོ་བཞི་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་སྡོམ་པ་གཟུང་བར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ་ལ་སོགས་པ་ནས་དམ་ཚིག་གི་ཁུ་ཚུར་བཅིང་བའི་བར་གྱི་ཕྱག་རྒྱ་བཅིངས་ལ་ཐམས་ཅད་བྱའོ། །དེ་ནས་སརྦ་ཤུདྡྷཿ
ཞེས་བརྗོད་ཅིང་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་ནས། ལྷ་མོ་པདྨའི་དྲིལ་བུ་མའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི་སྙིང་པོ་ཡང་ལན་གསུམ་གྱི་བར་དུ་བརྗོད་ཅིང་ཨོཾ་བཛྲ་མུཿཞེས་བྱ་བ་ཡང་བརྗོད་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་རང་གི་སྙིང་གར་དགྲོལ་ཞིང་ལྷ་
རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་ཐམས་ཅད་དྲལ་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་བཟླས་པར་བྱ་བའི་སྔགས་བསམས་ལ། དེ་ཉིད་
ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་སྔར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ནམ་མཁའ་ཐམས་ཅད་དང་མཉམ་པའི་རང་གི་སྙིང་གའི་ཟླ་བར་ཡིད་ཀྱིས་ནམ་མཁའ་
དང་མཉམ་པའི་སྦྱོར་བས་ཞུགས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རང་གི་དཀྱིལ་འཁོར་བསྐྱེད་ནས་འཇུག་པའི་ཕྱག་རྒྱ་བཅིངས་ཏེ་འཇུག་པར་བྱའོ། །དེ་ནས་རང་གི་སྤྱི་བོར་མེ་ཏོག་དོར་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ་
དཀྱིལ་འཁོར་དེ། རང་གི་སྙིང་གའི་ཟླ་བའི་ནང་དུ་ཚུད་པར་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་ལུས་ལ་བཅུག་ལ་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་

ལ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་འགྲོ་བ་འདུལ་བའི་རྣལ་འབྱོར་ཆེན་པོ་བྱས་ལ། སྔ་མ་བཞིན་དུ་དང་པོའི་རྡོ་རྗེས་བདག་ཉིད་བྱིན་གྱིས་བརླབས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། སྔ་མ་བཞིན་དུ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་པའི་བར་གྱི་ཆོ་
ག་རྣམས་རྗེས་སུ་སྤྱད་པར་བྱའོ། །དེ་ནས་པདྨའི་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་མཆོད་ལ་པདྨ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་དེ་བཞིན་དུ་ཕྱག་བྱས་ནས་ཕྱག་བཞི་བྱའོ། །དེ་ནས་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་ནས་བཟླས་པ་བྱ་བའི་
སྔགས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དེ་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་དུ་བདག་ཉིད་བསམ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་དོ། །གཟུགས་བརྙན་དང་མཚུངས་ཤིང་སྟོང་པའི་རང་བཞིན་ཅན་དུ་བསམ་པར་
བྱའོ། །ཨོཾ་སརྦ་ས་མོ྅ཧཾ་ཞེས་བརྗོད་དེ་ཆོས་བདག་མེད་པའི་ཡེ་ཤེས་ལས་བྱུང་བའི་ལྷ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨའི་དབུས་སུ། ཡ་ཐཱ་རཀྟ་མི་དཾ་པདྨ་རཱ་ག་ཏོ་ཤེ་ནཱ་ལི་བྱ་ཏེ། བཱ་ཤ་དོ་ཤེ་ཥ་བི་བཱི་དྷེ་ཏ་ཐཱ་ཤུདྡྷཾ་
ཏྲི་དྷཱ་ཏུ་ཀཱཾ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ། ཆོས་ཀྱི་དམ་ཚིག་གིས་བཟླས་ཤིང་བཟླས་བརྗོད་འབུམ་བྱའོ། །དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི། །སྔགས་རེ་རེ་ཞིང་བཟླས་བརྗོད་འབུམ་བྱའོ། །དེ་ལྟར་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །ཡང་ན་རང་གི་སྙིང་གར་རྡོ་རྗེ་འཁོར་ལོས་
དཀྱིལ་འཁོར་སྤྲུལ་ལ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་ནས་པདྨའི་དྲིལ་བུ་མའི་བར་དུ་རང་གི་སྙིང་པོ་བཀོད་ལ། སྔ་མ་བཞིན་དུ་སྙིང་པོ་གསུམ་བརྗོད་ཅིང་དོན་གསུམ་བསྒོམས་ལ་བདག་ནི་རང་ཉིད་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ངོ་བོ་ཉིད་ཡིན་ནོ་ཞེས་
རྣམ་པར་བསམས་ལ། ཡ་ཐཱ་རཀྟ་མི་དཾ་པདྨ་ཞེས་བྱ་བའི་སྔགས་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་རྡོ་རྗེ་པདྨ་བཀོད་དེ། ཆོས་ཀྱི་ཚིག་གིས་ཟློས་ཤིང་ཇི་སྲིད་བསྒོམ་པའི་དུས་སུ་ཉིན་རེ་ཞིང་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟ་བུས་ནི་

སྔོན་དུ་བསྙེན་པ་ཤིན་ཏུ་ཡང་བྱས་པར་འགྱུར་རོ། །དེ་ནས་ཞག་བདུན་གྱི་བར་དུ་དཀྱིལ་འཁོར་འདིའི་ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་འདི་ཀུན་དུ་བྲིའོ། །དེ་ལ་དང་པོར་རེ་ཞིག་ཡོ་བྱད་ཐམས་ཅད་དང་ལྡན་པས་
མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ། རྡོ་རྗེ་གཙུག་ཏོར་ལ་སོགས་པ་རང་གི་ལུས་ལ་བཀོད་དེ། མི་རུས་ཀྱི་ཕྱེ་མའི་སྦྱིན་སྲེག་གིས་དཀྱིལ་འཁོར་གྱི་བགེགས་བཟློག་ལ་ཞི་བའི་སྦྱིན་སྲེག་གི་ཆོ་གས་བདག་དང་སློབ་མ་རྣམས་ཞི་བར་བྱའོ། །དེ་ནས་
སྔ་མ་བཞིན་དུ་ས་ཡང་དག་པར་སྦྱོང་བའི་ཆོ་ག་དང་ས་ཡོངས་སུ་བཟུང་བའི་ཆོ་ག་རྗེས་སུ་སྤྱད་ལ་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་སྟེ། རྡོ་རྗེ་མེ་ལྟར་འབར་བའི་ཁྲོ་བོར་སྙོམས་པར་ཞུགས་པ་ལས་ལངས་ནས་བགེགས་བསལ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ལ། མཆོད་པ་རྣམ་པ་
ལྔ་དང་མཆོད་ཡོན་དང་། ལས་ཐམས་ཅད་པའི་ཆུ་སྣོད་ལ་སྔགས་ཡོངས་སུ་བཟླས་ཏེ་རྡོ་རྗེ་འཁོར་ལོས་འགྲོ་བ་འདུལ་བའི་དཀྱིལ་འཁོར་མདུན་དུ་སྤྲུལ་ལ་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་བ་བྱས་ལ་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། དེ་ནས་ཆོ་ག་ཐམས་
ཅད་རྗེས་སུ་སྤྱད་ལ་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་གཟུང་བ་སྔ་མ་བཞིན་དུ་རི་རབ་བསྐྱེད་ལ། རི་རབ་ཀྱི་སྟེང་དུ་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་བསྐྱེད་ལ་དཀྱིལ་འཁོར་གྱི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ་བདག་ཉིད་སྤྲོ་བ་སྐྱེད་པ་ལ་སོ