Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 60
Văn bản gốc(Tây Tạng)
Trang 20 / 23 (50.000 ký tự/trang)
ས་དེ་རྣམས་ལ་མཆོད་པ་རྣམ་པ་ལྔས་མཆོད་དེ། དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ནས་ཇི་སྐད་དུ་བཤད་པའི་མཚན་ཉིད་ ཅན་གྱི་རྣམ་པར་རྒྱལ་བའི་བུམ་པ་རིན་པོ་ཆེ་དང་། སྨན་དང་འབྲུ་ཐམས་ཅད་དང་ལྡན་པ་རས་སྔོན་པོ་ཟུང་གཅིག་གིས་མགུལ་པ་བཅིངས་ལ། མེ་ཏོག་གི་ཕྲེང་བ་བཏགས་ལ། ཕྱི་རོལ་ཀུན་དུ་དྲིས་བྱུགས་པ། མེ་ཏོག་གི་སིལ་མ་གཏོར་བ། དྲི་ཞིམ་པོ་དང་ལྡན་པའི་ལྕུག་ མ་བཏགས་ལ་ལོ་མ་བཟང་པོས་ཁ་བརྒྱན་པ་རྡོ་རྗེ་མེ་ལྟར་འབར་བས་ཀྱང་སྤོས་ཆུ་ཅུང་ཟད་བཅུག་ལ། ཆོ་ག་འདིས་ལྷག་པར་གནས་པར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོས་མཆོད་ཡོན་ལ་ལན་བརྒྱ་བཟླས་ལ་བུམ་པ་དེར་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོ་ཧཱུཾ་ལས་བསྐྱེད་དེ། རང་ གི་ཕྱག་རྒྱས་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། མཆོད་ཡོན་ཕུལ་ལ་མཆོད་པ་རྣམ་པ་ལྔ་དང་། ཁྲོ་བོ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པས་ཡང་དག་པར་མཆོད་ནས་རྡོ་རྗེ་གནོད་སྦྱིན་གྱི་བུམ་པ་དམ་ཚིག་གི་ཕྱག་རྒྱས་བཟུང་བའི་ཁྲོ་བོ་རྡོ་རྗེ་དང་། མེ་ཏོག་གི་ལྕུག་མ་ ལ་སོགས་པ་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་མེ་ཏོག་རྣམས་བུམ་པ་དེར་བཅུག་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཉིད་ཀྱིས་བདུག་སྤོས་དབུལ་བར་བྱའོ། །དེ་ལྟར་ན་རྡོ་རྗེ་མེ་ལྟར་འབར་བའི་བུམ་པ་དེ་ལ་ཡང་རྡོ་རྗེ་གནོད་སྦྱིན་གྱི་ཆོ་ག་ བཟླ་བར་བྱའོ། །དེ་ནས་ཉི་མ་གཉིས་པ་ལ་ཐུན་གསུམ་དུ་བཟླས་བརྗོད་དེ་བཞིན་དུ་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོ་དང་། རྡོ་རྗེ་མེ་ལྟར་འབར་བ་དང་། མཱ་མ་ཀཱིས་ཉིན་རེ་ཞིང་མར་ལ་སོགས་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་ བྱ་སྟེ། འདི་ནི་བསྙེན་པའི་སྦྱིན་སྲེག་གི་ཆོ་གའོ། །དེ་ལྟར་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་བསྟོད་ལ། ཁྲོ་བོ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་དང་། མེ་ཏོག་ལ་སོགས་པས་ཡང་ དག་པར་མཆོད་དེ་སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་རེ་ཞིག་དང་པོར་སློབ་མ་ལག་ན་མེ་ཏོག་ཐོགས་པས་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་ལས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་བདག་ནི་ཕྱག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་དེ་རྣམས་ཀྱི་སྙིང་གར་ས་མ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེ་ཧཱུཾ་ལས་ རྡོ་རྗེ་རྩེ་ལྔ་པ་འབར་བ་བསམས་ལ་ལག་པ་གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་འབར་བ་བླངས་ལ་དེའི་སྙིང་གར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སུ་ར་ཏ་སྟྭཾ་ས་མ་ཡ་སྟྭཾ་ཧཾ་བཛྲ་སིདྡྷ་ཡ་ཐ་སུ་ཁཾ། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་བཅུག་སྟེ། རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་ བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་མ་ལུས་དེ་ལྟར་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱིས་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང་། །རྟག་ ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་ཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ ར་བ་སྟེ། །དམན་པས་འཇིགས་དང་བྲལ་བས་རྒྱལ་བྱེད་ཚལ། །སྲིད་པའི་སྦྱོར་བ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་རྒྱས་ཐུགས་རྗེ་ཆེར་ལྡན་པའི། ། བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་འགྱུར་བ། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ ཆུབ་རྣམ་པར་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་སྐྱོབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་གཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་ འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བྱ། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །བློ་སོགས་ རྣམས་ཀྱིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ཞེས་ལན་གསུམ་བརྗོད་དོ། །བདག་གིས་དེ་སྐད་ཅེས་བརྗོད་པའི་དགེ་བའི་རྩ་བ་འདིས་བདག་གིས་ཐམས་ཅད་ཡོངས་སུ་གཏང་བར་བགྱིའོ། །བདག་གིས་སེམས་ ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་དང་། ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གཞག་པར་བྱའོ། །བདག་གིས་སེམས་ཅན་ཐམས་ ཅད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་སེམས་ཅན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོག་པར་བགྱིའོ། །བདག་གིས་མ་ཡེངས་པའི་སེམས་ དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཀྱིས་ཕ་རོལ་དུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །བདག་གིས་ཐོས་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོག་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པར་སོ་སོར་རྟོགས་ པར་བྱ་བའི་ཕྱིར་བསླབ་པར་བྱའོ། །བདག་གིས་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ། །དེ་བཞིན་དུ་ བདག་གིས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པའི་བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ། །འདི་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཡབ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྟེ། འདི་ཉིད་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོའོ། །དེ་དགེ་བའི་རྩ་བ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་ བྱས་པའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་ཀུན་དུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་སྒོ་མཐའ་ཡས་པ་ལ་གནས་པ་མཐའ་མེད་པར་འགྱུར་བ་རྫོགས་པར་བྱས་ནས་གདུལ་བྱའི་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ་སྤྱོད་པའི་རབ་ཏུ་དབྱེ་བའི་ སྒོ་མང་པོ་བསྟན་པས་ཡང་དག་པར་མགུ་བར་བྱ་བ་དང་། ཡང་དག་པར་དགའ་བར་བྱེད་པ་དང་། ཡང་དག་པར་གཟེངས་བསྟོད་པ་ལ་ངེས་པར་སྦྱར་བར་བགྱིའོ། །དེ་ནས་སློབ་མའི་ལག་ཏུ་རྡོ་རྗེ་ཁྲོ་བོའི་དྲིས་དྲི། མེ་ཏོག་གིས་མེ་ཏོག །རྡོ་རྗེ་བདུག་པས་དེ་ ལ་བདུག་སྤོས་སྦྱིན་ཞིང་། རྡོ་རྗེ་མར་མེས་མར་མེ་སྣང་བར་བྱའོ། །དེ་ནས་ཨུ་དུམྺཱ་ར་དང་། ཨ་ཤྭཏྠ་ལས་བྱས་པའི་སོ་ཤིང་དྲིས་བྱུགས་ཤིང་མེ་ཏོག་བཅིངས་པས་རྡོ་རྗེ་བཞད་པའི་ཁྲོ་བོ་བཟླས་ཤིང་བསྲུང་བར་བྱས་པ་སྦྱིན་པར་བྱའོ། །ཀུ་ཤ་སར་པ་ལས་རྡོ་རྗེ་རྣོན་ པོའི་ཁྲོ་བོ་བཟླས་པ་སྦྱིན་ནོ། །དེ་ནས་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ་དཔུང་པ་གཡོན་པར་རང་ཉིད་ཀྱིས་བཅིང་བར་བྱའོ། །ཨོཾ་བཛྲ་ཧ་ས་ཀྲོ་དྷ་ཧཱ་ཧཱ་ཧཱ་ཧཱ་ཧཱུཾ་ཕཊ། ཅེས་བྱ་བ་ནི་སོ་ཤིང་ལ་བཟླ་བའི་སྔགས་སོ། །ཨོཾ་བཛྲ་ཏིཥྛ་ཀྲོ་དྷ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཅེས་བྱ་བ་ནི་ཀུ་ཤ་ལ་ བཟླ་བའི་སྔགས་སོ། །ཨོཾ་བཛྲ་རཀྵ་ཧཱུཾ་ཀྲོ་དྷ་རཀྵ་ཧཱུཾ་ཕཊ། ཅེས་བྱ་བ་ནི་སྲུང་སྐུད་ལ་བཟླ་བའི་སྔགས་སོ། །ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ། ཞེས་བྱ་བ་བྱམས་པའི་གོ་ཆས་ཐམས་ཅད་ཡང་དག་པར་བསྲུང་བར་བྱའོ། །ཨོཾ་བཛྲ་སཏྭ་ཨུཥྞཱི་ཥེ་ཧཱུཾ་ཕཊ། ཅེས་བྱ་བ་རྡོ་རྗེ་སེམས་དཔའི་གཙུག་ ཏོར་གྱི་ཕྱག་རྒྱ་དང་ལྡན་པས་ཀྱང་བསྲུང་བར་བྱའོ། །དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། བཞིན་བཟངས་རྣམས་ལོངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚོལ་ཅིག །ནང་པར་ཐར་པ་ཆེན་པོ་གྲོང་ཁྱེར་ཆེན་པོ་མཐོང་བར་འགྱུར་རོ། །སློབ་མ་ལྷག་པར་གནས་པའི་ཆོ་ གའོ། །ཡང་མཆོད་པ་བྱས་ལ་བདུག་སྤོས་གཏུལ་ཏེ་བཅོམ་ལྡན་འདས་ལྷག་པར་གནས་པར་བྱའོ། །བཅོམ་ལྡན་རྡོ་རྗེ་མེ་ལྟར་འབར། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །བདག་ལ་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ ཕྱིར། །དཀྱིལ་འཁོར་བྲི་བར་འཚལ་ལགས་ན། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་མགོན་པོ་བརྩེར་ལྡན་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་ སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འདི་ཞེས་ བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ནས། སྙིང་ནས་དད་ པས་ཕྱག་བྱའོ། །བསྟོད་པའི་ཆོ་ག་ཉིད་ཀྱང་བྱ། །དེ་ནས་ཆོ་ག་འདི་བྱའོ། །འདོད་ཆགས་བྲལ་བ་དང་ལྡན་པའི། །ཆོས་ནི་སློབ་མ་ལ་བཤད་པ། །བྱས་ནས་དང་པོ་བློ་ལྡན་གྱིས། །ཀུ་ཤའི་སྟན་ལ་ཉལ་དུ་གཞུག །རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་ མཚོ་མངོན་སུམ་བཞིན། །མཆོད་པ་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་རྩོམ་པ་དང་། །དགེ་སློང་དག་ལས་ཆོས་ཉན་དང་། །ཡང་ན་གཞན་ལས་ཉན་ཀྱང་རུང་། །ཆོས་ནི་རྣམ་པར་སྤྱོད་པ་དང་། །དེ་བཞིན་གླེགས་བམ་བཀླག་པ་དང་། །རྨི་ལམ་ དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློང་གཅིག་མཐོང་དང་། །དེ་དང་འགྲོགས་ཤིང་གཏམ་ཟེར་དང་། །ཡང་ན་དགེ་སློང་དངོས་པོར་འགྱུར། །གཙུག་ལག་ཁང་དག་མཐོང་བ་དང་། །དེ་བཞིན་དགེ་སློང་རྣམ་དག་མཐོང་། །རྒྱལ་བའི་སྲས་རྣམས་མཐོང་བ་དང་། །དེ་བཞིན་ཕ་ མ་བླ་མ་དང་། །མཛའ་བོ་རྣམ་པ་སྣ་ཚོགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་བསླབ་པ་འཛིན་པ་དང་། །ཀུན་དགའ་རྣམ་པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་དང་། །མཐོང་ན་ ཡང་ནི་དགེ་བར་གྲགས། །རྒྱལ་པོ་དག་ནི་མཐོང་ན་ཤིས། །བདེ་གཤེགས་སྤྱོད་པ་མཐུན་པ་ཡི། །དཀའ་ཐུབ་ཅན་དང་བྲམ་ཟེ་དང་། །ཕྱུག་པོ་སྐྱེས་བུ་དམ་པ་དང་། །བ་ལང་རྟ་དང་ངང་པ་དང་། །སེང་གེ་དང་ནི་རི་དགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །བཀྲ་ཤིས་པ་ ཡི་བྱ་རྣམས་དང་། །གསེར་དག་དང་ནི་གཏེར་རྣམས་དང་། །རིན་པོ་ཆེ་དང་དངུལ་དག་དང་། །ནོར་ནི་རྣམ་པ་སྣ་ཚོགས་དང་། །མདོར་ན་འབྱུང་ཁུངས་རྣམ་པ་དང་། །མཚོན་ཆ་རྣམས་དང་འབྲུ་རྣམས་དང་། །འབྲས་བུ་རྣམས་དང་མེ་ཏོག་དང་། །རྒྱན་ནི་རྣམ་པ་སྣ་ཚོགས་དང་། ། ཁ་ཟས་དང་ནི་གོས་རྣམས་དང་། །བྱིས་པ་དག་ནི་གཞོན་ནུ་དང་། །བུད་མེད་གཟུགས་ནི་བཟང་མོ་དག །རྨི་ལམ་དུ་ནི་མཐོང་ན་བཟང་། །ཡང་ན་ཐོབ་ཅིང་རེག་སྨྲ་དང་། །རྨི་ལམ་དུ་ནི་དབང་བསྐུར་དང་། །རྒྱལ་པོར་གྱུར་ཅིང་འབྱོར་པ་དང་། །དམག་དཔོན་དུ་ནི་གྱུར་པ་དང་། ། གཡུལ་ལས་རྒྱལ་ཞིང་དགྲ་སོད་དང་། གཉེན་དང་ལྷན་ཅིག་འགྲོགས་པ་དང་། །ལྷ་རྣམས་ཀྱང་ནི་མཐོང་བ་དང་། །ཐེག་པ་དང་ནི་ཤིང་རྟ་ཞོན། །དེ་བཞིན་རི་དང་ཡང་ཐོག་འཛེག །ངོ་མཚར་རྣམ་པ་སྣ་ཚོགས་དག །རྨི་ལམ་དུ་ནི་མཐོང་ན་དགེ། །ཡམ་ཤིང་མེ་ལ་སྦྱིན་སྲེག་ བྱ། །བྱ་བ་བཟང་པོ་དག་ལ་འཇུག །ཆུ་ལས་རྒལ་ཞིང་རི་ལས་རྒལ། །རྐུན་པོ་དག་ནི་ཚར་གཅོད་དང་། །སྟོབས་འགྱེད་པ་ལས་རྒྱལ་བ་དང་། །གྱད་སྟབས་རྡོབ་ཅིང་འགྱིང་བ་དང་། །རྩེད་མོ་སྣ་ཚོགས་རྨི་ལམ་དང་། །དེ་བཞིན་བརྩོན་དང་སྤུང་བྱེད་དང་། །བཀྲ་ཤིས་དག་ནི་ ཐམས་ཅད་ཀྱང་། །མཐོང་ན་རབ་ཏུ་དགེ་བར་བཤད། །གསང་སྔགས་ཆོ་ག་ཉན་པ་དང་། །དགའ་སྟོན་དགེ་བ་མཐོང་བ་དང་། །སྒྲུབ་པ་བཟང་པོ་རྩོམ་པ་དང་། །དེ་ལ་སོགས་པའི་ལྷ་རྣམས་ནི། །དགེ་བ་རྣམ་པ་དུ་མ་དག །བློ་ཡིས་རྣམ་པར་དཔྱད་བྱ་ཞིང་། །དེ་ལས་ བཟློག་པ་སྤང་བར་བྱ། །དགེ་བ་རྣམས་ནི་སྒྲུབ་པར་འགྱུར། །མི་དགེ་བ་དག་ཤེས་ནས་སུ། །དེ་དག་མཁས་པས་སྤང་བར་བྱ། །དགེ་བ་ཡི་ནི་ལྟས་རྣམས་ནི། །རབ་དང་འབྲིང་དང་ཐ་མ་ལས། །གསང་སྔགས་དངོས་གྲུབ་རྣམ་གསུམ་པོ། །རབ་དང་འབྲིང་དང་ཐ་མ་ འགྲུབ། །མི་དགེ་བ་ལ་ཞི་བ་ཡི། །སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས། །བ་ཡི་མར་ལ་བརྒྱ་རྩ་བརྒྱད། །ཆོ་ག་ཇི་བཞིན་བྲི་བར་བྱ། །དེ་ནས་སློབ་མ་སྡིག་བྲལ་ཞིང་། །རྣམ་པར་དག་པ་དེ་དག་ལ། །རྗེས་སུ་བརྩེ་བར་བྱ་བའི་ཕྱིར། །ཅི་འདོད་པར་ནི་གཟུང་བར་ བྱ། །དེ་ནས་མལ་ནས་ལངས་ལ་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་དེ་བཞིན་དུ་བར་སྣང་གི་ཕྱོགས་སུ་བཞག་ལ་ཚོན་སྣ་ལྔའི་སྲད་བུ་ལ་སྲད་བུའི་སྔགས་དང་། ཧཱུཾ་ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་དཀྱིལ་ འཁོར་གྱི་ས་གཞི་དྲིས་བྱུགས་ལ། མེ་ཏོག་གི་སིལ་མས་གཏོར་ནས་བར་སྣང་ལ་བཞུགས་པའི་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་པ་རྣམ་པ་ལྔ་དང་། གླུ་དང་རོལ་མོ་ལ་སོགས་པས་ཡང་དག་པར་མཆོད་ནས། མིག་གཡོན་དང་གཡས་སུ་ཛ་ལས་ ཉི་མ་དང་ཟླ་བ་སེར་པོར་སྣང་བ་བསྐྱེད་ལ། རང་གི་ལག་ན་གནས་པའི་རྡོ་རྗེ་འབར་བ་ལ་གནས་པའི་ཡི་གེ་ཧཱུཾ་ལས་གྲོགས་པོ་རྡོ་རྗེ་ལས་ཀྱི་ཁྲོ་བོར་ཕྱུང་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཚོན་སྣ་ལྔའི་སྲད་བུ་བླངས་ནས་སྔགས་ཀྱིས་སྦྱངས་པའི་ཐིག་ཆལ་དཀར་པོ་ལ་སྦངས་ པ་ཛཿ ཡིས་སྲད་བུ་དེ་རང་གི་ལག་ནས་གྲོགས་པོའི་ལག་ཏུ་བཏང་ལ་གྲོགས་པོས་ཀྱང་ཛཿ ཛཿ ཛཿཞེས་ཡི་གེ་ཛཿལན་གསུམ་བཟླ་བར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམ་ཞིང་སློབ་དཔོན་ནུབ་ཏུ་འདུག་ཅིང་ཤར་ཕྱོགས་སུ་བལྟས་ལ། ཨོཾ་ བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་ཟློས་ཤིང་ཐིག་གདབ་པར་བྱའོ། །ཡང་སློབ་དཔོན་ལྷོ་ཕྱོགས་སུ་འདུག་སྟེ། བྱང་ཕྱོགས་སུ་བལྟས་ལ་ཚངས་པའི་ཐིག་གཉིས་པ་གདབ་པར་བྱའོ། །དེ་ནས་མེའི་མཚམས་སུ་འདུག་སྟེ་བྱང་ཕྱོགས་སུ་བལྟས་ལ་ཕྱིའི་དཀྱིལ་འཁོར་ གྱི་ཤར་ངོས་ཀྱི་ཐིག་གདབ་བོ། །རླུང་གི་ཕྱོགས་ནས་ལྷོ་ཕྱོགས་སུ་བལྟས་ལ་ནུབ་ངོས་སུ་ཐིག་གདབ་བོ། །དེ་ནས་དེ་ཉིད་དུ་འདུག་ལ་ཤར་ཕྱོགས་སུ་བལྟས་ཏེ། བྱང་ཕྱོགས་སུ་ཐིག་གདབ་བོ། །དེ་ནས་ཡང་མེའི་ཕྱོགས་སུ་འདུག་ལ་ནུབ་ཏུ་བལྟས་ཏེ་ལྷོ་ཕྱོགས་སུ་ཐིག་གདབ་ བོ། །དེ་བཞིན་དུ་ཁ་ཁྱེར་དང་ལྷའི་སྣམ་བུའི་ཐིག་གདབ་པར་བྱ་ཞིང་། སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་གཉིས་ཀ་གཡས་ནས་བསྐོར་བའི་ཚུལ་གྱིས་འགྲོ་བར་བྱའོ། །ཡང་མེའི་མཚམས་སུ་འདུག་ལ་རླུང་གི་མཚམས་ཀྱི་བར་དུ་ཐིག་གདབ་པར་བྱའོ། །ཡང་བདེན་ བྲལ་གྱི་མཚམས་སུ་འདུག་པ་དབང་ལྡན་གྱི་མཚམས་ཀྱི་བར་དུ་ཐིག་གདབ་པར་བྱའོ། །དེ་ནས་སྒོ་དང་སྒོ་ཁྱུད་དང་རྟ་བབས་ཀྱི་ཐིག་གདབ་པར་བྱ་སྟེ། ཕྱིའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་གའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་ལེགས་པར་ཐིག་བཏབ་ནས་དེའི་དབུས་སུ་ དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་ལ་སོགས་པའི་རྡོ་རྗེ་ཕུར་བུ་ལ་སྔར་བཤད་པའི་ཕུར་བུའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་ཧཱུཾ་ཟློས་ཤིང་རྡོ་རྗེས་བརྡུང་བར་བྱའོ། །ཕུར་བུ་དེས་ཚོན་སྣ་ལྔའི་སྲད་བུ་བལྟབས་ཏེ་བཏགས་ལ་དེས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་ནས་ བསྐོར་ཞིང་ཆ་ཉི་ཤུའི་ཚད་ཀྱིས་ཐིག་གདབ་ལ་ཐམས་ཅད་ཀྱི་ནང་དུ་རྡོ་རྗེ་འབར་བའི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །དེའི་ཉིས་འགྱུར་གྱིས་དངོས་པོ་འབར་བའི་འཁོར་ལོས་ཡོངས་སུ་བསྐོར་བའི་ནང་དུ་ཐིག་གདབ་བོ། །དེའི་ཉིས་འགྱུར་གྱིས་ནི་གཉིས་པའོ། །དེའི་ བཞི་འགྱུར་གྱིས་ནི་གསུམ་པའོ། །དེའི་ལྔ་འགྱུར་གྱིས་ནི་བཞི་པའོ། །དེའི་དྲུག་འགྱུར་གྱིས་ནི་ལྔ་པའོ། །དེའི་བདུན་འགྱུར་གྱིས་ནི་དྲུག་པའོ། །དེའི་བརྒྱད་འགྱུར་གྱིས་ནི་བདུན་པའོ། །ཐིག་གིས་བར་དུ་ཆོད་པར་ཐིག་གདབ་པར་བྱའོ། །དེ་ནས་རྡོ་རྗེའི་ཐིག་དང་དཀྱིལ་ འཁོར་གྱི་ཀ་བ་བརྒྱད་ཐིག་གིས་ལེགས་པར་ཐིག་བཏབ་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་གི་མཚམས་ལས་མེའི་ཕྱོགས་ནས་བརྩམས་ཏེ་མིང་པོ་གསུམ་དང་སྲིང་མོ་བཞི་དང་། གླུ་དང་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །དེ་ནས་ཁམས་ གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། ཧཱུཾ་བཞི་ཟློས་ཤིང་དཀྱིལ་འཁོར་གྱི་ལྟེ་བར་གནས་པའི་ཕུར་བུ་བཏོན་ལ། རང་གི་རྡོ་རྗེ་འབར་བར་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་ཕུར་བུའི་ཁུང་བུ་ཕྱེ་མ་ལྔས་བཀང་ལ་མཉམ་པར་བྱའོ། །དེ་ནས་ཧི་ཞེས་བྱ་བ་མིག་ གཡོན་དང་གཡས་སུ་ཉི་མ་དང་ཟླ་བ་བསྐྱེད་དེ་ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་ཤིང་སྒོ་རྣམས་དབྱེའོ། །ད་ནི་ལུང་ལས་བཤད་པའི་ཐིག་གི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ནས་སྲད་བུ་ཉིས་འགྱུར་དུ། །བྱས་པས་ཐིག་ནི་གདབ་པར་བྱའོ། །ནམ་མཁའ་ཀུན་དང་ཆ་མཉམ་ པས། །ཚད་ནི་ཚད་མེད་པ་ཉིད་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཁ་ཁྱེར་གྱིས་ནི་ཡོངས་བསྐོར་ཅིང་། །མཚམས་སུ་ལྷ་མོས་རྣམ་སད་བྱས། །དཀྱིལ་འཁོར་གྱི་ནི་གྲྭ་རྣམས་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་ བ་ཕྱེད་པ་ལ་གནས་པའི། །རྡོ་རྗེ་རིན་ཆེན་གྱིས་མཛེས་བྱས། །མི་མཉམ་མེད་པར་ཟུར་བཞི་སྟེ། །དྲན་དང་དབང་པོ་སྒོ་བཞི་ཡིན། །བསམ་གཏན་གྱིས་ནི་རྟ་བབས་ཏེ། །ཏིང་ངེ་འཛིན་རྣམས་ཁྱམས་སུ་བཤད། །ཁྱམས་དེར་གནས་པའི་རྡོ་རྗེ་བདག །གཟུངས་ རྣམས་ལྷ་མོས་མཆོད་པ་ཡིན། །བསམ་པ་ཐམས་ཅད་རྫོགས་མཛད་པས། །རྒྱན་རྣམས་ཀུན་གྱིས་རྣམ་པར་མཛེས། །དམ་ཆོས་མཆོག་གི་ཡན་ལག་ཀུན། །གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག །རླུང་གིས་བསྐྱོད་པ་སྣ་ཚོགས་མཆོག །བ་དན་དྲིལ་བུ་ སྒྲ་སྒྲོགས་ཡིན། །མེ་ལོང་ཡེ་ཤེས་རྟག་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་མེ་ལོང་མེ་ལོང་ཆེ། །མེ་ཏོག་ཕྲེང་བའི་རྒྱན་གྱིས་བསྐོར། །ཀུན་དུ་མི་ཟད་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་བཤད་དོ། །དེ་ལྟར་དཀྱིལ་འཁོར་ཐིག་བཏབ་ ནས། །རིན་ཆེན་སྣ་ཚོགས་ཕྱེ་མའམ། །ཁམས་སྣ་ཚོགས་ཀྱི་ཕྱེ་མ་འམ། །ནས་དང་འབྲས་ཀྱི་ཕྱེ་མའམ། །དེ་བཞིན་ཉུངས་ཀར་ཕྱེ་མ་ནི། །རྒྱ་སྐྱེགས་ཡུང་དང་སྔོ་དང་ལྗང་། །ཚོན་སྣ་བཞི་ཡིས་བཙོས་གྱུར་ཅིང་། །དྲི་ཞིམ་ཕྱེ་མ་དང་བསྲེས་ལ། །སྲད་བུ་དེ་རྣམས་ དགང་བར་བྱ། །རིན་ཆེན་ཕྱེ་མས་རྒྱལ་སྲིད་ཐོབ། །ཁམས་ཀྱི་ཕྱེ་མ་གསེར་མང་རྙེད། །འབྲུ་ཡི་ཕྱེ་མས་འབྲུ་མང་སྐྱེད། །ཉུངས་ཀར་གྱིས་ནི་དོན་ངེས་འགྲུབ། །དེ་ལ་ཕྱི་ཡི་དཀྱིལ་འཁོར་ནི། ཚོན་དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོས་རི་མོ་ལྔ་ བྱའོ། །རི་མོ་བདུན་ལ་ནི་ཁ་དོག་སེར་པོའི་རི་མོ་གཅིག་གིས་འབར་བའི་འཁོར་ལོ་བྱས་ཏེ། འབར་བའི་འཁོར་ལོ་ཇི་སྐད་བཤད། །ལྕགས་ཀྱི་འཁོར་ལོ་དམ་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ལྷག་མ་གོ་བར་ཟད་དོ། །ཚོན་མངོན་པར་སྦྱང་བ་ནི་སྔར་བཤད་པ་ལས་གཟུང་ ངོ་། །ཚོན་རྩི་ལྔ་དང་པོ་དགྱེ་བ་དང་། དང་པོའི་རྡོ་རྗེ་དང་། ཧཱུཾ་གིས་བརྩམ་པར་བྱས་ཏེ། ཕྱིས་ནི་ཅི་བདེར་བྱའོ། །དེ་ནས་ཧི་ཟློས་ཤིང་འཁོར་ལོ་འབར་བའི་ལྟེ་བའི་ཕྱོགས་སུ་སྣ་ཚོགས་པདྨའི་གདན་ལ་རྡོ་རྗེ་མེ་ལྟར་འབར་བའི་སྐུ་གཟུགས་ལུགས་མའམ། བརྐོས་པའམ། བྲིས་པ་བཞུགས་སུ་གསོལ་བའམ། ནམ་མཁའི་ཕྱོགས་ལས་ཕབ་སྟེ། སྐུའི་གཟུགས་བརྙན་དང་གཅིག་ཏུ་བྱའོ། །ཧི་ཧཱུཾ་ཞེས་ཟློས་ཤིང་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སུ་རྡོ་རྗེ་མཚོན་ཆ་འཛིན་མ། གཡས་ལོགས་སུ་ཀཱི་ལི་ཀཱི་ལའི་གནས་སུ་མཐུ་ཆེན་འཛིན་མ། དེའི་ རྒྱབ་ཏུ་རྡོ་རྗེ་དྲན་མའི་གནས་སུ་མཛོད་འཛིན་མ། གཡོན་དུ་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་གནས་སུ་ཐོད་པའི་ཞགས་པ་འཛིན་མ། མེའི་མཚམས་སུ་མདའ་འཛིན་མ། བདེན་བྲལ་དུ་ཁ་ཊྭཱཾ་ག་འཛིན་མ། རླུང་གི་མཚམས་སུ་འཁོར་ལོ་འཛིན་མ། དབང་ལྡན་གྱི་མཚམས་སུ་བ་ དན་སྣ་ཚོགས་འཛིན་མ་དགོད་པར་བྱའོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་བཤད་པར་བྱ་སྟེ། ཧཱུཾ་བཛྲ་པྲ་ཧ་ར་ནི་མཊ། ཧཱུཾ་བཛྲ་ཤཱུ་ལ་གྲི་བིནྡྷ་མཊ། ཨོཾ་བཛྲ་ཀྲོ་ཤེ་ཙྪིནྡ་མཊ། ཨོཾ་བཛྲ་ཨ་མ་ལ་པདྨེ་མཊ། ཧཱུཾ་བཛྲ་གུ་ཧྱ་སིདྡྷྱ་བ་ར་མ་ཡོ་གཱི་ཤྭ་རི་ཧྲཱིཿཧཱུཾ་བཛྲ་ཙཎྜེ་ཤྭ་རི་ཁ་ཊྭཱཾ་གི། མ་ཧཱ་བཛྲ་ ཀ་པཱ་ལི་མཱ་ལ་མ་ཀུ་ཊེ། རུ་ལུ་རུ་ལུ་ལེ་ཧི། ཧཱུཾ་བཛྲ་ན་ར་ཡ་ནི་བཛྲི། ཧཱུཾ་མ་ཧཱ་བཛྲ་པ་ཏཱ་ཀེཛྫི། དེ་ལྟར་རྡོ་རྗེ་འབར་བའི་འཁོར་ལོར་ལྷ་རྣམས་བཀོད་པ་བྱས་ནས་དེ་ནས་རྡོ་རྗེ་ཤུགས་ཀྱིས་བྱུང་ལ། འབར་བའི་འཁོར་ལོ་རིམ་པས་བསྐོར་བ་དང་པོའི་ཐིག་གི་ནང་དུ་རྡོ་རྗེ་གཙུག་ཏོར་མ། ཨོཾ་ཏྲཾ་བནྡྷ་ཧཾ་ཞེས་ཟློས་ཤིང་བཞི་པོ་ཤར་ཕྱོགས་ནས་བརྩམས་ཏེ་གྲལ་རིམ་པ་བཞིན་དུ་བྲི་བར་གཞག་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་སྤྲུལ་པའི་ཁྲོ་བོ་བཞིས། ཨོཾ་སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་བ་སྭཿཞེས་བྱ་བ་དང་། དེ་ནས་ཨོཾ་སུཾ་བྷ་ནི་དྷ་ཏི་བཛྲེ་ན་ཙྪིནྡ་ཏི་ཧ་ན་ཏི་ད་ཧ་ ཏི་པ་ཙ་ཏི་བྷི་རི་བྷི་རི་སྭཱ་ཧཱ། ཞེས་བྱ་བ་རིག་པའི་མཆོག་ཞལ་ནས་བྱིན་པའོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་ཊཀྐི་ཧཱུཾ་ཛཿཞེས་བྱ་བས་ཁྲོ་བོ་འདོད་པ། ཧོ་བཛྲ་པཱ་ཎི་ཧཱུཾ་ཕཊ་ཅེས་བྱ་བས་གཤིན་རྗེ་གཤེད། ཀ་ནི་དྷུ་ནི་ས་ཧཱུཾ་ཕཊ་ཅེས་པས་ཁྲོ་བོ་ཀ་ནི། ཧེ་མ་ཧཱ་ཨཾ་ཀུ་ཤེ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཛཿ ཞེས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ། ཨོཾ་བཛྲ་པཱ་ཤ་ཧྲཱིཿཞེས་བྱ་བས་རྡོ་རྗེ་ཞགས་པ། ཧེ་བཛྲ་ཀཱི་ལི་ཀཱི་ལ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཞེས་བྱ་བས་ཁྲོ་བོ་རྡོ་རྗེ་ཀཱི་ལི་ཀཱི་ལ། ཧེ་བཛྲ་ཨ་ན་ཡ་སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ་མ་ཧཱ་པ་ར་མེ་ཤྭ་ར་ལ་གྷུ་ལ་གྷུ་བྷ་ག་བཱན། བཛྲ་ཨ་ཀྲོ་མ་ཧཱ་སརྦ་བི་ཛ་ཡ་ཀྲོ་དྷ་ ཧ་ར་ཧཱུཾ་ཕཊ། ཅེས་བྱ་བས་ཁྲོ་བོ་བསྙེམས་པ། ཨོཾ་བཛྲ་མི་ཏྲ་ཏེ་ན་སུ་ཁ་ཏེ་ན་ཨ་བྷྱནྟ་ར་ཏེ་ན། ཨུ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། ཨཱ་ཧ་རོ་མེ་བྷ་ཝ་ཧཾ། ཨ་པྲ་ཏི་ཧ་ཏྱོ་མེ་བྷ་ཝ། ཤ་ཤྭ་ཏྭ་མེ་བྷ་ཝ་ཧཾ། སརྦ་ཙིཏྟ་ཤྲེ་ཡོ་མེ་ཀུ་རུ་སིདྡྷྱ་ཧ་ཧ་ཧི་ཞེས་བྱ་བས་ཁྲོ་བོ་རྡོ་རྗེ་བསྡམས་པ། ཨོཾ་རུ་ཏ་ རུ་ཏ་ཧཱུཾ་ཕཊ་ཅེས་བྱ་བས་ཁྲོ་བོ་རྡོ་རྗེ་ཁུ་ཚུར། ཨོཾ་བཛྲ་ལོ་ཀེ་ཤྭ་ར་ཨ་ན་ཧི་ནི་དྷི་ནི་པ་ར་མེ་ཤྭ་ར་ལ་གྷུ་ལ་གྷུ་བྷ་ག་བཱན་བཛྲ་ཀྲ་མ་སརྦ་བི་ཛ་ཡེ་ཀྲྀ་ཌ་ཏ་ཨོཾ་ཧ་ར་ཧ་ར་ཧཱུཾ་ཕཊ་ཅེས་བྱ་བས་ཁྲོ་བོ་རྡོ་རྗེ་སྙེམས་མ། ཨོཾ་བཛྲ་མི་ཏྲ་ཏེ་ན་སུ་ཁ་ཏེ་ན་ཨ་བྷྱནྟ་ར་ཏེ་ན། ཨུ་པ་ཏིཥྛ་རེ་ཏྭས་ཏྭ་ཤོ་དྷ་ཡ། བྷ་ ག་བཱན་བཛྲ་སུ་དྷ་ཡ་སརྦ་མ་ཧཱ་ས་ཏྭ་ཧཱུཾ་ཕཊ་ཅེས་བྱ་བས་རྡོ་རྗེ་སྡེ། བཛྲ་ཧོ་བཛྲ་བནྡྷ་ར་སརྦ་ཀརྨཱ་དྷི་པ་ཏེ་མ་ཧཱ་བཛྲ་དྷ་རི་པྲི་ཡ་སརྦ་དུཥྚཱ་ན་པྲ་དུཥྚཱ་ན་ཧ་ན་ཙྪིནྡ་སྥོ་ཊ་ཡ་མརྨ་ནི་པྲ་ཧ་ར་པྲ་ཧ་ར་སྨ་ར་སྨ་ར་ཡ་ཐཱ་ཏ་ཐཱ་ཏྲཻ་ལོ་ཀྱ་བི་ཛ་ཡེ་ཙིན་ཏཾ་པུ་ཏ་དྷྱཱ་ན་བཛྲ་དྷ་ར་མ་དྷེ་ན། ཨཱ་བེ་ཤ་ཡ་སརྦ་ ལཱ་ལཱ་ལཱ་ལཱ་ལི་ལ་ཡ་མ་ན། ཧ་ཧ་ཧ་ཧཱ་མ་མ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་རྡོ་རྗེ་གཙུག་འཕྱང་ངོ་། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསྭཱ་ཧཱ་ཞེས་བྱ་བས་ནི་རྡོ་རྗེ་ཕྱག་འཚལ་ལོ། །ཨོཾ་བཛྲ་མུཙྪ་ཡ་པྲ་མུཙྪ་ཡ་ཨ་བི་ཤ་ས་མ་ཡོ་ཙེ་ན་ཙ་མ་ཧཱུཾ་ཕཊ་ཅེས་བྱ་བ་ནི་རྡོ་རྗེ་རྐང་གདུབ་ བོ། །ཨོཾ་ཀུ་རུ་ཀུ་རུ་སུ་རུ་སུ་རུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་མ་ཧཱ་བ་ལ་ས་མ་ཡ་མ་ནུ་སྨ་ར་ཧ་ན་ཧ་ན་ཕཊ་ཅེས་བྱ་བས་ནི་རྡོ་རྗེ་སྒེག་མོའོ། །ཨོཾ་བཛྲ་ཨ་ཀྲ་མ་ཨ་ཀྲ་མ་སརྦ་ཧཱུཾ་ཕཊ་ཅེས་བྱ་བས་ནི་རྡོ་རྗེ་རྣོན་པོའོ། །ཨོཾ་ཧཱུཾ་ཧུ་ལུ་ཧུ་ལུ་མ་ནོ་ཛ་བ་ཤཱི་གྷྲཾ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། སརྦ་ཀུ་རུ་སརྦ་ཏ་ཐཱ་ག་ཏ་ ས་ཏྱ་མ་ནུ་པཱ་ལ་ཡ་ཨ་ནི་ཡཾ་སྭ་ཨ་ནི་ཡ་བཛྲ་ས་མ་ཡ་ས་ཏྭ་ཡ་ཧཱུཾ་ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་རྡོ་རྗེ་ཤུགས་ཀྱི་བྲི་བའམ་དགོད་པར་བྱའོ། །དེ་ལྟར་སྲད་བུ་དང་པོའི་ནང་དུ་རྡོ་རྗེ་ཕྱག་རྒྱའི་དབང་པོ་རྣམས་བཀོད་ནས་གཉིས་པར་སྔགས་ཀྱི་ཕྲེང་བ་རྣམས་ས་མ་ཡ་ཞེས་བྱ་བ་འདིས་བྲི་བར་བྱའོ། །དེ་ རྣམས་ཀྱི་གཡོན་ལོགས་སུ་རྡོ་རྗེ་གླུ་མའི་གཟུགས་ཅན་གྱི་ལྷ་མོ་པི་ཝང་ལེན་པ་ལ་བརྩོན་པ། ཨོཾ་བཛྲ་བེ་ཏི་བེ་ཏེ་སྭཱ་ཧཱ་ཞེས་བྱ་བའི་སྙིང་པོ་འདིས་དགོད་པར་བྱའོ། །ཡང་རྡོ་རྗེ་མགོན་པོ་བཙུན་མོ་དང་བཅས་པ་རྣམས་བྲི་བར་བྱའོ། །བཛྲ་ཨ་མ་ར་ཨོཾ་ར་ཏ་ཧཱུཾ་ན་མ་ཞེས་བྱ་བ་ནི་རྡོ་རྗེ་མགོན་ པོ་རྣམས་ཀྱི་སྙིང་པོའོ། །ཨོཾ་བཛྲ་ཨ་ཏེ་པ་ཏི་ཡ་ཧི་ཞེས་བྱ་བ་ནི་དེ་རྣམས་ཀྱི་བཙུན་མོ་རྣམས་ཀྱིའོ། །དེ་ལྟར་གཉིས་པ་སྔགས་ཀྱི་ལྷ་རྣམས་བྲིས་ནས་གསུམ་པར་རྡོ་རྗེ་རྒྱལ་པོ་རྡོ་རྗེ་ལྷ་མོས་བསྐོར་བ་རྣམས་བྲི་བར་བྱའོ། །བཛྲ་བ་པ་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོ་རྣམས་ཀྱི་སྙིང་པོའོ། །ཨོཾ་བཛྲ་ཨ་ཏི། དེ་བ་དེ་ཧེ་ཞེས་བྱ་བ་ནི་རྡོ་རྗེ་ལྷ་མོ་རྣམས་ཀྱིའོ། །དེ་ལྟར་སྲད་བུ་གསུམ་པའི་ནང་དུ་རྡོ་རྗེ་རྒྱལ་པོ་རྣམས་རྡོ་རྗེ་ལྷ་མོ་རྣམས་ཀྱིས་བསྐོར་བར་བྲི་བར་བྱའོ། །བཞི་པ་རྡོ་རྗེ་རྣམ་པར་འཇོམས་པ་ཆེན་པོ་སྟེ་སྒེག་མོ་དང་། བཞད་མ་དང་། གླུ་མ་དང་། གར་མ་དང་། ཚོགས་ཀྱི་དབང་ཕྱུག་ རྡོ་རྗེ་རོལ་མོ་རྣམས་བརྡུང་བ་ལ་བརྩོན་པ་རྣམས་ཀྱང་བྲི་བར་བྱའོ། །དེ་རྣམས་ཀྱི་སྙིང་པོ་ཡི་གེ་ཧཱུཾ་ཡིན་ནོ། །ལྔ་པར་ནི་རྒྱལ་ཕྲན་རྣམས་དང་སྒོར་སྒོ་བ་རྣམས་དང་། ཚོགས་དང་ཁྲོ་བོ་རྣམས་བྲི་བར་བྱའོ། །བཛྲ་བྷ་བྷ་ཞེས་བྱ་བ་ནི་རྒྱལ་ཕྲན་རྣམས་ཀྱི་སྙིང་པོའོ། །བཛྲ་བེེ་ཏྲ་དྷ་ར་ཞེས་བྱ་བ་ནི་ སྒོ་བ་རྣམས་ཀྱིའོ། །ཨོཾ་བཛྲ་ཤ་ས་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ཚོགས་རྣམས་ཀྱིའོ། །བཛྲ་ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོ་རྣམས་ཀྱིའོ། །དྲུག་པ་ནི་རྡོ་རྗེ་ཕོ་ཉ་གཏུམ་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མངག་གཞུག་རྣམས་བྲི་བར་བྱའོ། །ཨོཾ་བཛྲ་ཨ་མ་ཧི་ཨ་ན་ཡ་སརྦ་ཛ་ཞེས་བྱ་བ་ ནི་རྡོ་རྗེ་ཕོ་ཉ་རྣམས་ཀྱི་སྙིང་པོའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཨ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་རྣམས་ཀྱིའོ། །བཛྲ་རཱཀྵ་ས་རཀྵ་མཾ་ཕཊ་ཅེས་བྱ་བ་ནི་སྲིན་པོ་རྣམས་ཀྱིའོ། །ཧེ་བཛྲ་ཀྲྀ་ཏ་ཅེས་བྱ་བ་ནི་མངག་གཞུག་པ་རྣམས་ཀྱི་སྙིང་པོའོ། །དེ་ནས་སྲད་བུ་བདུན་པའི་ནང་དུ་བཏུལ་བར་གྱུར་པའི་ གཏུམ་པོ་ཆེན་པོ་དྲག་པོ་ལ་སོགས་པ་དབང་ཕྱུག་དམ་པར་རྡོ་རྗེ་གཙུག་ཏོར་ལ་སོགས་པ་དང་བཅས་པ་བྲི་བར་བྱའོ། །དེ་ལ་རྡོ་རྗེ་གཙུག་ཏོར་གྱིས་ཚར་གཅད་པ་དྲག་པོ་ལ་སོགས་པ་ནས་ཆུ་ལྷའི་བར་དུ་བྲི་བར་བྱའོ། །རྡོ་རྗེ་སྨིན་མཚམས་ཀྱིས་ནི་ཟིལ་གྱིས་གནོན་ཏོ། །རིག་པ་མཆོག་ གིས་ནི་དམ་ཚིག་གི་སུན་འབྱིན་ཏེ། །སྙིང་པོས་ནི་ངེས་པར་གནོན་ཏོ། །འཕགས་པ་གཤིན་རྗེ་གཤེད་ཀྱིས་ནི་བསྐྱེད་དོ། །ཁྲོ་བོ་ཀ་ནིས་ནི་རྨོངས་པར་བྱས་སོ། །རྡོ་རྗེ་ལྕགས་ཀྱུས་ནི་བཀུག །རྡོ་རྗེ་ཞགས་པས་ནི་བཅིངས། ཀཱི་ལི་ཀཱི་ལས་ནི་བཙིར། རྡོ་རྗེ་བསྙེམས་པས་ནི་ ཆད་པས་བཅད། རྡོ་རྗེ་བསྡམས་པས་ནི་རྒྱས་བཏབ། རྡོ་རྗེ་ཁུ་ཚུར་གྱིས་ནི་བརྒྱལ་བར་བྱས། རྡོ་རྗེ་སྡེས་ནི་བརྟུལ། གཙུག་འཕྱང་གིས་ནི་བཅོམ། རྡོ་རྗེ་པུས་མོས་ནི་མདུད་པར་བྱས། རྡོ་རྗེ་རྐང་གདུབ་ཀྱིས་རྒྱལ། རྡོ་རྗེ་སྒྲོག་གིས་ནི་བཅིངས། རྡོ་རྗེ་འཁོར་ལོས་ནི་སྨྲ་ བར་བྱེད། རྡོ་རྗེ་རྐང་པས་ནི་མཉེས། ཕྱག་རྒྱ་རིག་པའི་ལྟག་པའི་ལྷས། །རྒྱས་གདབ་པ་དང་འབེབས་པ་ཉིད། །རྡོ་རྗེ་མགོན་པོ་ལྷ་མོར་བཅས། །བཏུལ་བ་དང་ནི་བརྡེག་པ་ཡིས། །རྡོ་རྗེ་རྒྱལ་པོ་ལྷ་མོར་བཅས། །བཏུལ་དང་སྣུན་པར་བྱེད་པ་དང་། །རྒྱལ་ཕྲན་གྱིས་ནི་མངོན་པར་ བཅོམ། །སྒོ་བ་རྣམས་ཀྱིས་གཡུལ་དུ་བཅོམ། །མི་བཟད་ཚོགས་ཀྱིས་རྗེས་སུ་བཏུལ། །རྡོ་རྗེ་ཁྲོ་བོས་རྣམ་པར་བརླག །ཕོ་ཉ་ཕོ་ཉ་མོ་ཡིས་བཀུག །རྡོ་རྗེ་གནོད་སྦྱིན་སྲིན་པོ་དང་། །མངག་གཞུག་པ་ཡིས་གསོད་དང་ཟད། །སྐྲག་པར་བྱས་དང་ཟོས་པ་ཡིན། །ལས་ རྣམས་ཀུན་ལ་རྡོ་རྗེ་ཡི། །རྣལ་འབྱོར་ཕྲ་མེན་མ་རྣམས་ཀྱིས། །ཡིད་ཀྱིས་རྒྱས་བཏབ་རྨོངས་བྱས་བཏུལ། །ཕྱག་རྒྱ་རིགས་ལྷག་ལྷ་རྣམས་ཀྱིས། །ཀུན་དུ་བརྡེགས་ན་བཟའ་བར་བྱེད། །དེ་ལ་ཕྱག་རྒྱའི་རིགས་པའི་ལྷག་པའི་ལྷ་རྣམས་ཀྱི་སྔགས་བརྗོད་པར་བྱའོ། །བྷེ་དྷི་ཏེ་ ཞེས་བྱ་བ་ནི་རྡོ་རྗེ་རྣལ་འབྱོར་གྱི་ཕྲ་མེན་མ་རྣམས་ཀྱི་སྙིང་པོའོ། །ཨོཾ་བཛྲ་ཨ་པ་ར་ཙི་ཏི་རུ་ཊ་མ་ཊ་ཕོ་ཉ་མོ་རྣམས་ཀྱི་སྙིང་པོའོ། །རྡོ་རྗེ་ཁ་ཊྭཱཾ་གའི་ཚོགས་ཆེན་མོས་ཀྱང་དྲག་པོ་ནས་ཆུ་ལྷའི་མཐར་ཐུག་པའི་བར་དུ་ཆུང་མ་དང་བཅས་པ་ཉལ་བའི་ཚུལ་དུ་བྱས་པ་བྲི་བར་བྱའོ། །རྡོ་རྗེ་ མདུང་གིས་ནི་སྐྲག་པར་བྱས། རྡོ་རྗེ་རལ་གྲིས་ནི་བཅད། རྡོ་རྗེ་ཞགས་པས་ནི་དྲངས། རྡོ་རྗེ་དབྱུག་པས་ནི་བཅག །རྡོ་རྗེ་མདུང་གིས་ནི་ཕུག །རྡོ་རྗེ་མདས་ནི་ངེས་པར་རྒྱལ་བར་བྱེད། རྡོ་རྗེ་ཁ་ཊྭཱཾ་གས་ནི་བཅོམ་པར་བྱས། རྡོ་རྗེ་འཁོར་ལོས་ནི་དངོས་གྲུབ་ཀྱི་མཆོག་བསྒྲུབ་པོ། །རུ་ལུ་རུ་ལུ་ ཞེས་བྱ་བ་ནི་རྡོ་རྗེ་ཁ་ཊྭཱཾ་གའི་ཚོགས་ཀྱི་སྙིང་པོའོ། །ཨོཾ་ཧྲིཿཕཊ་ཅེས་བྱ་བ་ནི་རྡོ་རྗེ་མདུང་གི་ཚོགས་ཀྱིའོ། །ཨོཾ་ཙྪིནྡ་བཛྲ་ཞེས་བྱ་བ་ནི་རྡོ་རྗེ་ཞགས་པའི་ཚོགས་ཀྱིའོ། །བཛྲ་ཧཱུཾ་བཾ་ཞེས་བྱ་བ་ནི་རྡོ་རྗེ་དབྱུག་པའི་ཚོགས་ཀྱིའོ། །བྷིནྡ་བཛྲ་ཞེས་བྱ་བ་ནི་རྡོ་རྗེ་མདུང་གི་ཚོགས་ཀྱིའོ། །བཛྲ་བ་ན་ཞེས་བྱ་ བ་ནི་རྡོ་རྗེ་གཞུའི་ཚོགས་ཀྱིའོ། །བཛྲ་པྲ་བརྟ་ཀ་ཞེས་བྱ་བ་ནི་རྡོ་རྗེ་འཁོར་ལོའི་ཚོགས་ཀྱི་སྙིང་པོའོ། །ཡིད་ལ་འདོད་པའི་ཆོ་གའི་སྦྱོར་བས་ལས་འདི་དག་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པར་འགྱུར་རོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་མེའི་མཚམས་སུ་ཁྲོ་བོའི་སྒེག་ མོའོ། །བདེན་བྲལ་དུ་བཞད་མའོ། །རླུང་གི་མཚམས་སུ་གླུ་མ། དབང་ལྡན་གྱི་མཚམས་སུ་གར་མ། ཤར་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ་རྗེ་ལྕགས་ཀྱུ་མ་ཁྲོ་བོ་དང་བཅས་པ། ལྷོ་སྒོར་རྡོ་རྗེ་ཞགས་པ་མ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ། བྱང་གི་སྒོའི་དབུས་སུ་རྡོ་རྗེ་དྲིལ་བུ་མ། རྡོ་རྗེ་སེམས་ དཔའི་དཀྱིལ་འཁོར་ཆེན་པོ་བཤད་པའི་སྙིང་པོས་བྲི་བར་བྱའོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་དང་ཉེ་བའི་ནང་གི་གནས་ཀྱི་མེའི་མཚམས་སུ་མིང་པོ་གསུམ་གྱི་དཀྱིལ་འཁོར། བདེན་བྲལ་གྱི་མཚམས་སུ་སྲིང་མོ་བཞིའི་དཀྱིལ་འཁོར། རླུང་གི་མཚམས་སུ་ཀླུའི་དཀྱིལ་འཁོར་ དང་། དབང་ལྡན་གྱི་མཚམས་སུ་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་འོག་ནས་བཤད་པའི་ཆོ་གས་བྲི་བར་བྱའོ། །དེ་ལ་རྡོ་རྗེ་མེ་ལྟར་འབར་བ་སྐུ་མདོག་སྔོ་བ། ཞལ་ཁྲོ་བ་དང་བཅས་པས་བཞད་པ། མཆེ་བ་ཅུང་ཟད་གཙིགས་པ། གཡོན་པའི་རྡོ་རྗེ་ཁུ་ཚུར་ཁྲོ་བོའི་དྲིལ་བུ་དང་ བཅས་པས་བསྙེམས་པའི་ཚུལ་གྱིས་འཆང་བ། ཕྱག་གཡས་པས་ཁྲོ་བོའི་རྡོ་རྗེ་བླངས་ཏེ་དྲེགས་པས་གསོར་བར་བརྩོན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་འབར་བའི་ཕྲེང་བ་ཅན་འོད་ཟེར་འབར་བ་ཀུན་དུ་འཁྲུག་པ། སངས་རྒྱས་ལྔའི་རྡོ་རྗེ་ཕྲེང་བའི་ཅོད་པན་གྱིས་ དབང་བསྐུར་བ། ཁྲོ་གཉེར་དང་བཅས་ཤིང་ཁྲོ་བོ་རྡོ་རྗེ་བལྟ་བས་གཟིགས་པའོ། །སྒེག་མོ་དང་རྡོ་རྗེ་ལྕགས་ཀྱུ་མ་སྐུ་མདོག་དཀར་མོ་རྡོ་རྗེ་མཚོན་ཆ་དང་མདའ་བསྣམས་པ། བཞད་མ་དང་ཞགས་པ་མ་སྐུ་མདོག་དཀར་པོ། མདུང་ཆེན་པོ་བསྣམས་པ་དང་། ཁ་ཊྭཱཾ་ག་བསྣམས་པ་ གླུ་མ་དང་ལྕགས་སྒྲོག་མ་སྐུ་མདོག་དཀར་ལྗང་རལ་གྲི་བསྣམས་པ། གར་མ་དང་དྲིལ་བུ་མ་སྐུ་མདོག་གསེར་བཙོ་མའི་མདོག་ཅན་ཞགས་པ་བསྣམས་པ་དང་། བ་དན་སྣ་ཚོགས་བསྣམས་པའོ། །འདི་དག་ཐམས་ཅད་ཀྱང་པདྨའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ བཞུགས་པ། མཆེ་བ་ཅུང་ཟད་གཙིགས་པ། ཁྲོ་བ་དང་བཅས་པས་བཞད་པའི་ཞལ་རས་ཅན། ཁྲོ་གཉེར་དང་བཅས་པའི་ཁྲོ་བོ་རྡོ་རྗེ་ལྟ་བ་དང་ལྡན་པ། འོད་ཟེར་གྱི་ཕྲེང་བ་འབར་བ་ཀུན་དུ་འཁྲུག་པས་ཀྱང་སངས་རྒྱས་ལྔའི་རྡོ་རྗེ་ཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བའོ། །གང་ དུ་ཁྱད་པར་གྱི་ཚིག་མེད་པ་དེར་རྡོ་རྗེ་མཚོན་ཆ་འཛིན་མ་ཕྱག་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གསོར་བ་ལ་བརྩོན་པ། ཕྱག་གཡོན་པས་གདན་ལ་བསྙེམས་པས་བཞུགས་པའོ། །མདུང་ཆེན་འཛིན་མ་ཕྱག་གཡས་ཀྱིས་རྩེ་གསུམ་བསྣམས་པ། ཕྱག་གཡོན་གྱིས་གདན་ལ་བསྙེམས་ པའོ། །རལ་གྲི་འཛིན་མ་ཕྱག་གཡས་ཀྱིས་རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་བསྣམས་པ། གཡོན་པའི་ཁྲོ་བོའི་ཁུ་ཚུར་རང་གི་ཐུགས་ཀར་འཇོག་པའི་སྡིགས་མཛུབ་མཛད་པ་ཞགས་པ་འཛིན་མ་གཡས་རྡོ་རྗེ་ཁུ་ཚུར་གྱིས་ཞགས་པ། ཕྱག་གཡོན་གྱིས་ཐོད་པ་བསྣམས་པའོ། ། མདའ་འཛིན་མ་ཕྱག་གཡོན་གྱིས་རྡོ་རྗེ་གཞུ་བསྣམས་པའོ། །གཡས་ཀྱིས་མདའ་དང་བཅས་པའི་གཞུ་རྒྱུད་བཟུང་ནས་མདའ་འཕེན་པ། ཁ་ཊྭཱཾ་ག་འཛིན་པ། ཐོད་པའི་ཕྲེང་བའི་ཅོད་པན་སངས་རྒྱས་ཀྱི་གཙུག་གི་ནོར་བུས་བརྒྱན་པས་ཕྱག་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་འབར་བ་རྩེ་མོར་བཏགས་པའི་ ཁ་ཊྭཱཾ་ག་བསྣམས་པ། ཕྱག་གཡོན་གྱིས་གདན་ལ་བསྙེམས་ནས་བཞུགས་པའོ། །འཁོར་ལོ་འཛིན་མ་ཕྱག་གཡས་ཀྱི་གུང་མོས་རྡོ་རྗེ་འཁོར་ལོ་རྩིབས་བརྒྱད་པ་བསྟོད་པའི་ཚུལ་དུ་བསྣམས་པ། ཕྱག་གཡོན་གྱིས་གདན་ལ་བསྙེམས་པ། བ་དན་སྣ་ཚོགས་འཛིན་མ། ཕྱག་གཡས་ ཀྱིས་དྲིལ་བུ་འདབ་མ་སྣ་ཚོགས་ཅན་བཏགས་པ་གཡོན་རྡོ་རྗེ་ཁུ་ཚུར་དྲིལ་བུ་དང་བཅས་པ་དཀུར་བསྟན་ཏེ་བསྙེམས་པར་བཞུགས་པའོ། །སྒེག་མོ་ལ་སོགས་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་ལས་འདིར་ཁྲོ་བ་དང་བཅས་པས་བཞུགས་པའོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་ རྣམས་ཀྱི་ནི་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའོ། །དེ་ལ་རྡོ་རྗེ་གཙུག་ཏོར་བཞི་ནི་སྐུ་མདོག་སྔོ་བ་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་གཙུག་ཏོར་བསྣམས་པ། གཡོན་པའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་པ་ལ་བརྩོན་པའོ། །རྡོ་རྗེ་སྨིན་མཚམས་རིགས་པའི་རྒྱལ་པོ་བཞི་ནི་ སྐུ་མདོག་དཀར་པོ་ཕྱག་གཡས་པས་མཛོད་སྤུ་དཀར་པོ་བསྡམས་པ། གཡོན་པའི་ཁུ་ཚུར་གྱི་མཛུབ་མོས་སྡིགས་མཛུབ་བྱེད་པ་ལ་བརྩོན་པའོ། །རིག་པ་མཆོག་སྐུ་མདོག་སྔོ་བ་ཆོས་ཀྱི་ཧཱུཾ་མཛད་ཀྱི་ཚུལ་ཅན་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བསྣམས་པ། གཡོན་པའི་རྡོ་རྗེ་ཁུ་ ཚུར་གྱིས་སྡིགས་མཛུབ་བྱེད་པ་ལ་བརྩོན་པ། ཁྲོ་བོ་ཊཀྐི་སྐུ་མདོག་སྔོ་བ། ཁུ་ཚུར་གཉིས་རྡོ་རྗེ་མདའ་འཕེན་ཞིང་བཞུགས་པའོ། །གཤིན་རྗེ་གཤེད་སྐུ་མདོག་ནག་པོ་གཡོན་པའི་མཛུབ་མོས་སྡིགས་མཛུབ་མཛད་ཅིང་གཡས་པའི་ཁུ་ཚུར་གྱིས་རལ་གྲི་བསྣམས་ནས་གདུག་པ་ཐམས་ཅད་ རྣམ་པར་དཀྲུགས་པའོ། །ཁྲོ་བོ་ཀ་ནི་སྐུ་མདོག་དམར་བ་གཡས་ཀྱི་ཁུ་ཚུར་གྱིས་རལ་གྲི་བསྣམས་པ། གཡོན་པའི་མཛུབ་མོས་སྡིགས་མཛུབ་མཛད་པའོ། །རྡོ་རྗེ་ལྕགས་ཀྱུ་མདོག་སྔོ་བ། གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་ལྕགས་ཀྱུ་བསྣམས་པ། གཡོན་པའི་ཁུ་ཚུར་གྱི་མཛུབ་མོས་དེ་བཞིན་ དུ་སྡིགས་མཛུབ་མཛད་པ། རྡོ་རྗེ་ཞགས་པ་སྐུ་མདོག་སེར་པོ་གཡས་པའི་ཁུ་ཚུར་གྱིས་ཞགས་པ་བསྣམས་པ། གཡོན་པའི་མཛུབ་མོས་དེ་བཞིན་དུ་སྡིགས་མཛུབ་མཛད་པའོ། །རྡོ་རྗེ་ཀཱི་ལི་ཀཱི་ལ་སྐུ་མདོག་ལྗང་གུ་ཕྱག་གཉིས་ཁུ་ཚུར་དུ་བྱས་པས་རང་གི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་འཁྱུད་པའི་ ཚུལ་གྱིས་བཞུགས་པའོ། །རྡོ་རྗེ་བསྙེམས་པ་སྐུ་མདོག་སྔོ་བ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་གཉིས་བསྣམས་ཏེ་བསྙེམས་ཚུལ་གཉིས་མཛད་པས་བཞུགས་ཤིང་དཔུང་པ་གཡོན་དུ་འདུད་པའོ། །རྡོ་རྗེ་བསྡམས་པ་སྐུ་མདོག་སེར་པོ་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་བསྣམས་ནས་གཡོན་པའི་ཁུ་ཚུར་ གྱིས་བསྡིགས་པར་མཛད་པ་ལ་བརྩོན་པའོ། །རྡོ་རྗེ་ཁུ་ཚུར་སྐུ་མདོག་པདྨ་ལྟར་དམར་སྐྱ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་གྱིས་དམ་ཚིག་གི་ཕྱག་རྒྱ་འཆིང་བ་གཡོན་པའི་ཁུ་ཚུར་གྱིས་སྡིགས་མཛུབ་མཛད་པ་ལ་བརྩོན་པའོ། །རྡོ་རྗེ་སྡེ་སྐུ་མདོག་དཀར་དམར་གཡས་ པའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བསྣམས་པ། གཡོན་པའི་ཁུ་ཚུར་གྱིས་དེ་བཞིན་དུ་སྡིགས་མཛུབ་མཛད་པའོ། །གཙུག་འཕྱང་སྐུ་མདོག་དམར་པོ་མདའ་དང་གཞུ་བསྣམས་པ་རྡོ་རྗེའི་མདའ་འཕེན་པས་གདུག་པ་ཐམས་ཅད་གསོད་པའོ། །རྡོ་རྗེ་ཕྱག་མཚན་སྐུ་མདོག་སྔོ་བ། གཡས་པའི་ཁུ་ཚུར་ གྱིས་རྡོ་རྗེ་བསྡམས་པ། གཡོན་པའི་ཁུ་ཚུར་གྱི་མཛུབ་མོས་གདུག་པ་ཐམས་ཅད་ལ་ཡང་དག་པར་བསྡིགས་ཏེ་འདུད་པ་མཛད་ཅིང་བཞུགས་པའོ། །རྡོ་རྗེ་རྐང་གདུབ་སྐུ་མདོག་དམར་པོ་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་རྐང་གདུབ་བསྣམས་པ། གཡོན་པའི་ཁུ་ཚུར་གྱིས་གདུག་པ་ ཐམས་ཅད་ཀུན་དུ་བསྡིགས་ནས་བརྒྱལ་བར་མཛད་པའོ། །རྡོ་རྗེ་སྒྲོག་སྐུ་མདོག་དཀར་དམར་གཡས་དང་གཡོན་གྱི་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་བསྣམས་པས་གདུག་པ་ཐམས་ཅད་བཅིང་བའི་ཚུལ་གྱིས་བཞུགས་པའོ། །རྡོ་རྗེ་རྣོ་བ་སྐུ་མདོག་སྔོ་བ་གཡས་པའི་ རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོས་གདུག་པ་ཐམས་ཅད་རབ་ཏུ་བསྡིགས་པའོ། །རྡོ་རྗེ་འབེབས་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བསྣམས་ནས་གསོར་བ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གདུག་པ་ཐམས་ཅད་བསྡིགས་ཤིང་བཞུགས་པའོ། །འདི་དག་ཐམས་ཅད་ཀྱང་ གཡོན་བརྐྱང་བའི་ཚུལ་གྱིས་བཞུགས་པ། འོད་ཟེར་འབར་བ་ཀུན་དུ་འཁྲུག་པ། མཆེ་བ་ཅུང་ཟད་གཙིགས་པ། ཁྲོ་བ་དང་བཅས་པ་བཞད་པའི་ཞལ་རས་ཅན། ཁྲོ་གཉེར་དང་བཅས་ཤིང་ཁྲོ་བའི་ལྟ་བ་དང་ལྡན་པའི་སངས་རྒྱས་ལྔ་དང་། རྡོ་རྗེ་ཕྲེང་བས་དབང་བསྐུར་བ་དང་ལྡན་པ་སྣ་ ཚོགས་པའི་གདན་ལ་བཞུགས་པའོ། །རིམ་པ་གཉིས་པ་ལ་སྔགས་རྣམས་ནི་གཡས་ཀྱི་ཁུ་ཚུར་གྱིས་དམ་ཚིག་གི་འཆིང་བ་གཡོན་གྱིས་སྔ་མ་བཞིན་དུ་སྡིགས་མཛུབ་ལ་བརྩོན་པ་རྡོ་རྗེ་ཁུ་ཚུར་གཟུགས་ཅན་ནོ། །དེ་རྣམས་ཀྱི་ལྷ་མོ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པི་ཝང་ཐོགས་ཏེ་བརྡུང་བ་ དང་། རྡོ་རྗེ་གླུ་མའི་གཟུགས་ཅན་དུ་གཡོན་ཕྱོགས་ཉིད་ལ་གནས་པའོ། །རྡོ་རྗེ་མགོན་པོ་ནི་བྱང་ཆུབ་སེམས་དཔའི་གཟུགས་ཅན་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་བཟུང་སྟེ་སྟོད་དེ་མཆོད་པ་དང་གཡོན་པས་གདན་ལ་བསྙེམས་ཏེ་གནས་པའོ། །དེ་རྣམས་ཀྱི་ལྷ་མོ་ཉིད་ཀྱང་དེའི་གཟུགས་ འཆང་བ་ཉིད་ཀྱིས་གཡོན་ལོགས་ན་གནས་པའོ། །ཡང་སྲད་བུ་གསུམ་པར་རྡོ་རྗེ་རྒྱལ་པོ་རྣམས་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་ཚུལ་ཅན་གསེར་གྱི་མདོག་འདྲ་བ། ལྷ་མོ་བཞིའི་དབུས་ན་གནས་པ་སྟེ། ལྷ་མོ་དེ་རྣམས་ཀྱང་དེའི་ཚུལ་འཛིན་པ་ཉིད་དོ། །ཡང་སྲད་བུ་བཞི་པར་རྡོ་རྗེ་ ཆེན་པོ་འཇོམས་མ་རྣམས་ནི་སྒེག་པ་དང་། བཞད་པ་དང་། གླུ་ལེན་པ་དང་། གར་བྱེད་པ་རྡོ་རྗེའི་རོལ་མོ་ཆེན་པོ་གླུ་ལེན་པའི་ཚོགས་རྣམས་དང་ལྷན་ཅིག་གནས་ཤིང་ཇི་ལྟར་མངོན་པར་འདོད་པའི་གྲངས་དང་ལྡན་པར་ཤེས་པའོ། །ཡང་སྲད་བུ་ལྔ་པའི་ནང་དུ་རྒྱལ་ཕྲན་རྣམས་ སྔར་བཤད་པའི་མཚན་ཉིད་དང་ལྡན་པར་ཤེས་པར་བྱའོ། །སྒོ་བ་རྣམས་ནི་མདོག་སྔོ་བ། གཡོན་པའི་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ནས་གཡས་པས་རྡོ་རྗེ་དབྱུག་པ་འཛིན་པའོ། །རྡོ་རྗེ་ཚོགས་ནི་སྐུ་མདོག་སྔོ་བའོ། །གཡོན་པའི་མཛུབ་མོ་སྡིགས་མཛུབ་བྱེད་པར་བརྩོན་པ། གཡས་པའི་ རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་ཐོགས་ནས་མདུན་དུ་བསྡུ་བ་དང་ཕྱིར་འགྱེད་པའི་ཚུལ་གྱིས་གནས་པའི་ཁྲོ་བོ་རྣམས་ནི་མདོག་སྣ་ཚོགས་པ་གཡས་པའི་ཁུ་ཚུར་རྡོ་རྗེ་དང་བཅས་པས་སྡིགས་མཛུབ་བྱེད་པ་ལ་བརྩོན་པ། གཡོན་དཀུར་བརྟེན་པར་གནས་པའོ། །སྒོ་བ་ལ་སོགས་པ་འདི་དག་ཐམས་ཅད་ གཡོན་བརྐྱང་བའི་གནས་པས་གནས་པ། སྤྱན་དམར་ཞིང་འཇིགས་སུ་རུང་བ། འོད་ཟེར་འབར་བ་ཀུན་དུ་འཁྲུག་པ། ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བསྡུས་པ། ཞལ་གྱི་མཆེ་བ་གཙིགས་པའོ། །རིམ་པ་དྲུག་པ་ལ་ཕོ་ཉ་རྣམས་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་འོད་མའི་ལྕུག་མ་གཉིས་ ཐོགས་པའོ། །གནོད་སྦྱིན་རྣམས་ནི་གཡོན་པའི་ཁུ་ཚུར་གྱི་མཛུབ་མོས་སྡིགས་མཛུབ་བྱེད་པ་ལ་བརྩོན་པ་གཡས་པའི་ཁུ་ཚུར་གྱིས་དྲིལ་བུ་འཛིན་པའོ། །སྲིན་པོ་རྣམས་ནི་གཡོན་པའི་ཁུ་ཚུར་གྱི་མཛུབ་མོས་སྡིགས་མཛུབ་བྱེད་པ། གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་མཆེ་བ་ཐོགས་པའོ། ། མངག་གཞུག་པ་རྣམས་ནི་གཡོན་པའི་ཁུ་ཚུར་གྱི་མཛུབ་མོས་སྡིགས་མཛུབ་བྱེད་པ། གཡས་རལ་གྲི་འཛིན་པའོ། །རིམ་པ་བདུན་པར་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་པ་དགོད་དོ། །འདི་དག་ཐམས་ཅད་ཀྱང་གཡོན་བརྐྱང་བའི་གནས་པས་འདུག་ལ། འོད་ཟེར་ འབར་བ་ཀུན་དུ་འཁྲུག་པ། གདོང་ལ་མཆེ་བ་རྣམ་པར་གཙིགས་པ། དཔྲལ་བ་ཁྲོ་གཉེར་དང་བཅས་ཤིང་བཅུམ་པ་མིག་དམར་ལ་འཇིགས་སུ་རུང་བའོ། །རྡོ་རྗེའི་རིགས་ཐམས་ཅད་ཀྱང་རྡོ་རྗེ་ཕྲེང་བས་སངས་རྒྱས་ལྔ་དང་ལྡན་པའི་ཅོད་པན་གྱིས་དབང་བསྐུར་བ་ཡིན་ནོ། །སྲིན་པོ་ལ་ སོགས་པ་ནི་ཀུན་དུ་གདུག་པའི་གཟུགས་ཅན་ཐོད་པའི་ཕྲེང་བ་ཅོད་པན་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་ཕྲ་མན་མ་བཞི་ནི་ཁ་དོག་སྣ་ཚོགས་པ། གཡས་ཀྱི་ཁུ་ཚུར་གྱིས་རྩེ་གསུམ་པ་ཁ་ཊྭཱཾ་ག་དང་དབྱུག་པ་དང་། བ་དན་ཐོགས་པ། གཡོན་གྱིས་ཐོད་པ་ཐོགས་ཤིང་གར་བྱེད་པའི་ ཚུལ་གྱིས་གནས་པར་ཤེས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ཕྱི་དྲོའི་ཚེ་དགོངས་ཀའི་དུས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱས་ཁྲོ་བོ་ཏི་རནྟི་རི་བཅིངས་ལ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ་ཧཱུཾ་བཞི་ཟློས་ཤིང་། རྡོ་རྗེ་ཤུགས་ཀྱིས་འཇུག་ པར་བྱའོ། །དེ་ལྟར་ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་དཀྱིལ་འཁོར་བསྐོར་བ་ལན་བདུན་བྱའོ། །དེ་ནས་བཞུགས་ལ་དཀྱིལ་འཁོར་མ་ཚང་བ་ནི་བཀང་བར་བྱའོ། །ལྷག་པ་ནི་བསལ་བར་བྱའོ། །དེ་ནས་མེ་ཏོག་དེ་ཡི་གེ་ཧཱུཾ་གིས་ བཅོམ་ལྡན་འདས་ལ་ཕུལ་ལ་དེ་ཉིད་ཟློས་ཤིང་གར་བྱས་ལ་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དབུས་སུ་གནས་གྱུར་ནས། །རྡོ་རྗེ་སློབ་དཔོན་མཉམ་པར་གཞག །རྡོ་རྗེ་སྒོ་རྣམས་བཞི་པོ་ནི། །ཡིད་ཀྱིས་དབྱེ་བ་ཉིད་དུ་བྱ། །ཨོཾ་བཛྲ་དྷ་རོདྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་ ཕྱག་རྒྱ་དང་བཅས་པར་བྱའོ། །དེ་ནས་འདིའི་ཕྱག་རྒྱ་བཤད་པར་བྱ་སྟེ། རྡོ་རྗེ་མཛུབ་མོ་ཡང་དག་སྦྱར། །བཀན་ཏེ་རབ་ཏུ་བསྡམས་ནས་སུ། །རབ་ཏུ་ཁྲོས་ནས་དབྱེ་བ་ནི། །སྒོ་དབྱེ་བ་ཡི་མཆོག་ཡིན་ནོ། །དེ་ནས་རྡོ་རྗེ་མེ་ལྟར་འབར་བའི་ང་རྒྱལ་གྱིས་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་ བརྒྱད་པས་བསྟོད་པར་བྱའོ། །དེ་ནས་རྡོ་རྗེ་མེ་ལྟར་འབར་བའི་མདུན་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ་རྡོ་རྗེ་དྲིལ་བུ་དང་བཅས་པའི་རྡོ་རྗེ་མེ་ལྟར་འབར་བའི་ལྕགས་ཀྱུ་ཆེན་པོས་བཅོམ་ལྡན་འདས་འཁོར་དང་བཅས་པའི་སྔགས་ཀྱིས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཨོཾ་ བཛྲ་ཛྭ་ལ་ཨ་ན་ལཱརྐ་ས་ཧི་ཛ་སརྦ་བཛྲ་ཀུ་ལ་ནི་པྲ་བེ་ཤ་ཡ་ཧཱུཾ་སརྦ་མུ་དྲ་ག་དཾ་བནྡྷ་ན་ཏྲཊ། སརྦ་ས་མ་ཡ་ས་ཏ་ཡ་ཕཊ། སརྦ་དུཥྚཱ་ན་ཧ་ན་པ་ཙ་བྷསྨིཾ་ཀུ་རུ་མ་ཧཱ་ཀྲོ་དྷ་ཨགྣི་བཛྲ་ནི་ཧཱུཾ་ཕཊ། ཨ་ཨ་ཨ་ཨ། དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ལ་སོགས་པ་བྱས་ལ། རྡོ་རྗེ་ཁུ་ཚུར་ གྱིས་སྒོ་རྣམས་བཅད་དེ། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ནས་ཧཱུཾ་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ལ་རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པ་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་རིམ་པ་འདིས་བསྒྲུབ་པར་བྱའོ། རྡོ་རྗེ་མེ་ལྟར་ འབར་བ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཨོཾ་ཧཱུཾ་དྲྀ་ཤྱ་ས་མ་ཡ་སྟྭཾ་ཧི་ས་མ་ཡ་སྟཾ་ཨ་ཧཾ་ཛཿཧཱུཾ་བཾ་ཧོཿཏཾ་ཧི། དེ་བཞིན་དུ་བཛྲ་གྷཏྚེ་ཧོ་དྲྀ་ཤྱ་ས་མ་ཡ་སྟྭཾ་ཨ་ཧཾ་ཛཿཧཱུཾ་བཾ་ཧོཿབཛྲ་གྷཎྚེ་ཧོ་ཞེས་བྱ་བའི་བར་དུ་རྡོ་རྗེ་དྲིལ་བུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ སྔགས་བརྗོད་པ་རྡོ་རྗེ་དྲིལ་བུ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱིས་རྒྱས་བཏབ་ལ་སངས་རྒྱས་ལྔའི་ཅོད་པན་གྱིས་ཕྱག་རྒྱ་དང་རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་དབང་བསྐུར་ཏེ་ཕྱག་བྱས་པ་རིམ་པ་འདིས་ མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དང་པོར་རེ་ཞིག་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་བུམ་པ་ལ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་མེ་ཏོག་གི་ལྕུག་མ་ལ་དེ་རྣམས་ཀྱི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ལ་དཀྱིལ་འཁོར་ གྱི་ཕྱི་རོལ་ཀུན་དུ་གཞག་པར་བྱའོ། །དེ་བཞིན་དུ་བུམ་པ་གང་བ་ལ་ཡང་བཅོམ་ལྡན་འདས་ཀྱི་བུམ་པ་དང་། རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་མེ་དང་རྡོ་རྗེ་མེ་ལྟར་འབར་བ་དེ་བཞིན་དུ་བཟླས་ལ་ཡང་ཨོཾ་མ་ཧཱ་སུ་ཁ་བཛྲཱ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷ་ཨ་བྷི་ཥིཉྩ་སརྦ་སུ་ཁ་སོ་མ་ན་ས་སྱི་ན། ཨ་ད་ད་ཀུ་རུ་ཛཿ ཧཱུཾ་བཾ་ཧོཿཨ་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ལན་ཉི་ཤུ་རྩ་བརྒྱད་བཟླས་ལ་རྡོ་རྗེ་མེ་ལྟར་འབར་བའི་མདུན་དུ་གཞག་པར་བྱའོ། །ཡང་གཉིས་པ་ཡི་གེ་ཧཱུཾ་བརྒྱ་རྩ་བརྒྱད་བཟླས་ལ་དང་པོ་འཇུག་པའི་སྒོར་བལྟས་པས་ཕྱི་རོལ་གྱི་དཀྱིལ་འཁོར་དུ་གཞག་པར་བྱའོ། །རས་ཟུང་འབུམ་ མམ་ཁྲིའམ་སྟོང་ངམ་བརྒྱ་འམ་རེ་རེ་ཞིང་ཟུང་རེ་རེ་འམ། ཐམས་ཅད་ལ་ཟུང་གཅིག་དང་བླ་རེ་དང་གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་པ་རྡོ་རྗེ་རིན་ཆེན་དང་ཨོཾ་ཧཱུཾ་གཉིས་ཡོངས་སུ་བཟླས་ཏེ་དབུལ་བར་བྱའོ། །མེ་ཏོག་གི་ཤིང་བརྒྱའམ་ཤིང་བཞི་འམ། མེ་ཏོག་ཐམས་ཅད་མེ་ཏོག་གི་ རིག་པས་དབུལ་བ་དང་། དེ་བཞིན་དུ་དྲིའི་རིག་པས་དྲི་ཐམས་ཅད། བདུག་སྤོས་ཀྱི་རིག་པས་བདུག་སྤོས་ཐམས་ཅད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱད་ཅེས་བྱ་བ་བཟླས་པའི་ཁ་ཟས་ཐམས་ཅད་དང་། མར་མེའི་རིག་པ་བཟླས་པས་མར་མེ་འབུམ་བཅོམ་ལྡན་འདས་ འཁོར་དང་བཅས་པ་ལ་དབུལ་བར་བྱའོ། །ཡང་ན་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བ་མཆོད་པའི་སྔགས་མངོན་པར་བཟླས་ལ་པི་ཝང་ལ་སོགས་པ་རོལ་མོའི་ཕྱག་རྒྱ་དང་། ཧཱུཾ་ཟློས་ཤིང་དབུལ་བར་བྱའོ། །མཆོད་པ་ལྷག་མ་རྣམས་ནི་སྔར་བཤད་པ་ལས་ཤེས་པར་བྱའོ། །དེ་ནས་ཁྲོ་བོ་ མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཁྲོ་བོའི་ཁུ་ཚུར་ལས་ཕྱུང་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་དེ། ཡིད་ཀྱིས་མཆོད་པ་ཡང་སྔ་མ་བཞིན་དུ་བྱས་ལ་ཕྱག་བཞི་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་སྦྱིན་ནོ། ། དེ་ནས་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་མེ་དང་མར་གྱི་སྦྱིན་སྲེག་སྔ་མ་བཞིན་དུ་བྱས་ལ། ཐབ་ཀྱི་དབུས་སུ་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་གྱི་སྦྱོར་བ་ཡིད་ཀྱིས་བཀོད་ལ་ཡི་གེ་ཧཱུཾ་གིས་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་འཛིན་མ་ལ་སོགས་པའི་སྙིང་ པོས་སྦྱིན་སྲེག་ལན་བདུན་བྱའོ། །དེ་ནས་མེ་ཏོག་དོར་ལ་དཀྱིལ་འཁོར་དེ་ཧཱུཾ་ཟློས་ཤིང་བྲི་བའི་དཀྱིལ་འཁོར་དང་གཅིག་ཏུ་བྱའོ། །དེ་ནས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བ་ལ་སོགས་པ་དེ་བཞིན་དུ་བྱང་ ཆུབ་ཏུ་སེམས་ཆེན་པོ་བསྐྱེད་པ་བྱས་ལ་སུ་ར་ཏ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་བྱ་བས་དེ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་བསྐྱེད་ལ་ཤར་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ་ཧཱུཾ་དང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་ བླངས་ཏེ་བཛྲ་བཛྲ་ཀརྨ་མུ་ཀ་ར་ཡ་ན་མཿ ཤྲི་བཛྲ་རཱ་ག་ས་མ་ཡ་ན་མཿཁ་ཊྭཱཾ་ག་བཛྲ་པྲ་ལ་པྲ་ར་ན་མཿཤྲཱི་བཛྲ་གནྡྷ་ཙ་ལ་ཡ་ན་མཿ ཞེས་བརྗོད་དེ་དཀྱིལ་འཁོར་དུ་ཞུགས་ལ་རྡོ་རྗེ་ལྕགས་ཀྱུ་མའི་སྙིང་པོ་ཡང་བརྗོད་ཅིང་རྡོ་རྗེ་ལྕགས་ཀྱུ་མས་བདག་ཉིད་བཀུག་པར་བསམ་པར་བྱའོ། །ཡང་ལྷོ་ སྒོ་ནས་རྡོ་རྗེ་ཞགས་པ་མའི་སྙིང་པོ་ཡང་ཟློས་ཤིང་དེ་བཞིན་དུ་ཞུགས་ལ་རྡོ་རྗེ་ཞགས་པ་མས་བདག་ཉིད་བཅུག་པར་གྱུར་པར་བསམ་པར་བྱའོ། །དེ་ནས་ནུབ་སྒོ་ནས་རྡོ་རྗེ་ལྕགས་སྒྲོག་མའི་སྙིང་པོ་ཟློས་ཤིང་དེ་བཞིན་དུ་ཞུགས་ལ་རྡོ་རྗེ་ལྕགས་སྒྲོག་མས་བདག་ཉིད་བཅིང་བར་བསམ་མོ། ། ཡང་བྱང་སྒོ་ནས་རྡོ་རྗེ་དྲིལ་བུ་མའི་སྙིང་པོ་ཟློས་ཤིང་དེ་བཞིན་དུ་ཞུགས་ལ་རྡོ་རྗེ་དྲིལ་བུ་མས་བདག་ཉིད་དབང་དུ་བྱས་པར་བསམ་པར་བྱའོ། །ཡང་དེ་བཞིན་དུ་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་སུ་ར་ཏ་སུ་ཏྲི་དྷ་སུ་ཏོ་ཥོ་མེ་སུ་སུ་ཁོ་བཛྲ་ས་ཏྭ་ ཨདྱ་སིདྷྱ་མཱཾ། དེ་ནས་ཁྲོས་པས་རྡོ་རྗེ་གསོར་ཞིང་ཁྲོ་གཉེར་དང་བཅས་པས་བྱའོ། །དེ་བཞིན་ཁྲོ་བོས་གདུལ་བྱ་ལ། །རྡོ་རྗེ་བསྙེམས་པ་འཆང་འགྱུར་ནས། །རྡོ་རྗེ་ཧཱུཾ་མཛད་སྡིགས་མཛུབ་ནི། །ཡི་གེ་ཧཱུཾ་གིས་རབ་ཏུ་སྦྱར། །རྡོ་རྗེ་འཆང་ཆེན་དགྱེས་གྱུར་ཅིག །གདུག་པ་གདུལ་ བས་རབ་ཏུ་དགྱེས། །དེ་ནས་དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ལ། བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ་དེ་ཁོ་ན་ཉིད་ལན་ཅིག་བརྗོད་པར་བྱའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་སོགས་དིང་གྲུབ་ མཛོད། །ཡང་འདི་སྐད་ཅེས་བརྗོད་དོ། །ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷི་མཱཾ། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ་གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མའི་རྡོ་རྗེ་ཕྱེ་ལ་ཧཱུཾ་ཨ་ཞེས་ལན་བརྒྱ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཧཱུཾ་གིས་མེ་ཏོག་དོར་བར་བྱའོ། །དེ་ནས་ཧཱུཾ་དེ་ཉིད་ཀྱིས་ བླངས་ལ་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ཟློས་ཤིང་གདོང་གཡོགས་བཅིངས་པ་ལས་བཀྲོལ་ལ་ཧཱུཾ་ཞེས་བརྗོད་དེ། མིག་གཉིས་སུ་རྡོ་རྗེ་བཀོད་ལ། ཧེ་བཛྲ་པཱ་ཤྱ་ཞེས་བྱ་བས་དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་འཇུག་ པའི་ཕྱག་རྒྱ་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ཏེ་ཤིས་པ་བརྗོད་པའི་ཚུལ་དུ་སྙིང་གར་བཞག་ལ་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྟོད་ནས་དེ་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་མཆོད་པ་བཞིའི་ཁྲོ་བོ་དང་བཅས་པ་དང་ གླུ་དང་གར་རོལ་མོའི་མཆོད་པས་ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་ཤར་སྒོར་བལྟས་པ་བྲིས་ནས་རྡོ་རྗེ་མེ་ལྟར་འབར་བའི་ཕྱག་རྒྱ་ཆེན་པོ་པདྨ་དེར་འདུག་ལ་མཆོད་ཡོན་བླངས་ཏེ་དྲི་དང་མེ་ཏོག་ལ་སོགས་ པས་བདག་ཉིད་མཆོད་ལ། ཁྲོ་བོའི་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཧཱུཾ་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ཅིང་དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་སངས་རྒྱས་ལྔའི་དབང་བསྐུར་བའི་ཕྱག་རྒྱ་དང་རྡོ་རྗེ་ཕྲེང་བའི་ དབང་བསྐུར་ལ་ཕྱི་རོལ་གྱི་སངས་རྒྱས་ལྔའི་ཅོད་པན་དང་རྡོ་རྗེ་ཕྲེང་བའི་དབང་བསྐུར་བར་བྱའོ། །དེ་ནས་ཡི་གེ་གཉིས་ཀྱི་ཆོ་གས་གོ་བགོས་ལ་རྡོ་རྗེ་ཐལ་མོས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བ་བཅོམ་ལྡན་འདས་ལས་བླང་ བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ་མཆོད་པ་རྣམ་པ་ལྔ་དང་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་ལ་མཆོད་དེ། དེ་ཁོ་ན་ཉིད་དང་ཆོས་དང་དྲིལ་བུ་དང་། དམ་ཚིག་བཟུང་ལ་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་དང་ གཟེངས་བསྟོད་པ་དང་ལུང་བསྟན་པ་ཐོབ་པ་དང་རང་གི་སྙིང་པོ་དང་ཕྱག་རྒྱ་བཞིའི་ཡེ་ཤེས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་དེ་ལས་དེ་དག་མནོས་ནས་ཡང་བདག་བྱིན་གྱིས་བརླབས་པ་དང་། འདི་ལྟར་མངོན་པར་འདོད་པའི་བཟླས་བརྗོད་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་ ལ་སོགས་པས་ཡང་དག་པར་མཆོད་དེ་ཕྱིར་དབྱུང་བར་བྱའོ། །སློབ་དཔོན་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བཤད་དེ། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་ལ། །བསམ་པ་གཡོས་པར་གྱུར་པ་ཡིས། །མགོ་བོ་ལེགས་པར་བཏུད་ གྱུར་པས། །དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད། །ཞུགས་ནས་དཀྱིལ་འཁོར་བསྐོར་ནས་ནི། །ལན་གསུམ་བྱས་ཏེ་འདི་སྐད་བརྗོད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འགྲོ་བ་ཀུན་ཀྱང་འགྲུབ་པར་མཛོད། །དེ་ནས་དུས་ཀྱི་མཆོད་པ་ཡིས། །བདེ་བ་ཆེན་པོ་ཡང་དག་མཆོད། །དེ་ བཞིན་རྡོ་རྗེའི་དབང་བསྐུར་ལ། །སློབ་མ་བླངས་ཏེ་འཇུག་པར་བྱ། །དེ་ལ་སློབ་མ་བསླབ་པའི་གཞི་ལྔ་ཡོངས་སུ་བླངས་པ་འམ། དགེ་སྦྱོང་གི་སྡོམ་པ་ཡོངས་སུ་བཟུང་བས་རིག་པའི་སྡོམ་པ་བླངས་ལ། སློབ་དཔོན་ལ་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་ བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་གནོད་སྦྱིན་གྱི་ཁྲོ་བོ་ཡོངས་སུ་བཟླས་པའི་རས་སྔོན་ པོའི་སྟོད་གཡོགས་དང་སྨད་གཡོགས་བྱས་ནས། ཡང་རྡོ་རྗེ་གནོད་སྦྱིན་དང་སྒོ་སྲུང་བཞི་ཡོངས་སུ་བཟླས་པའི་དར་སྔོན་པོས་གདོང་གཡོགས་ལ་མེ་ཏོག་གི་ཕྲེང་བ་བཏགས་ཤིང་ཁ་དྲི་ཞིམ་པར་བྱས་ལ་ཕྱག་བཞི་སྔོན་དུ་འགྲོ་བ་དང་། སྡོམ་པ་འཛིན་དུ་གཞུག་གོ། །དེ་ནས་སྔ་མ་བཞིན་ དུ་བྱང་ཆུབ་གྱི་སེམས་ཆེན་པོ་བསྐྱེད་དུ་བཅུག་ལ་དེ་བཞིན་དུ་དེའི་སྙིང་གར་རྡོ་རྗེ་བསྐྱེད་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ་ཡོན་གྱི་མཆོག་བླངས་ཏེ་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ། སློབ་ དཔོན་འཇུག་པའི་ཆོ་གས་རྡོ་རྗེ་ཤུགས་ཀྱིས་གཞུག་པར་བྱའོ། །དེ་ལ་རྡོ་རྗེ་ཤུགས་ནི་འདི་ཡིན་ཏེ། བདག་ཉིད་རྡོ་རྗེ་སྦྱོར་བ་ཡིས། །རྡོ་རྗེ་རྡོ་རྗེ་ཞེས་སྨྲས་པ། །ཀུན་དུ་འགྲོ་བ་གྲུབ་པའི་ཕྱིར། །རྡོ་རྗེ་ཤུགས་སུ་ཡང་དག་བཤད། །དེ་ནས་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་ ར་ཏ་སུ་ཏྲི་དྷ་སུ་ཏོ་ཥྱོ་མེ། སུ་སུ་ཁོ་བཛྲ་སཏྭ་ཨཱདྱ་སིདྡྷ་མཱཾ་ཞེས་སྨྲོས་ཤིག །ཡང་འདི་སྐད་ཅེས་བརྗོད་དོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་གྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་ སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སློབ་དཔོན་རང་ཉིད་ཀྱིས་ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེན་དུ་བསྟན་པ་བཅིངས་ལ་ རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་གླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་མཆོག་གི་ཕྱག་རྒྱ་དེ་ཉིད་མནའི་སྙིང་པོའི་ཆུ་ལ་ལན་ཅིག་བཟླས་ནས་སློབ་མ་འཐུང་དུ་བཅུག་ལ་འདི་ སྐད་ཅེས་བརྗོད་པར་བྱའོ། །དེ་ལ་མནའི་སྙིང་པོ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་གཞུག་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །ཨོཾ་བཛྲོ་ད་ཀ་ཋ། དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་འདི་སྐད་ཅེས་ བརྗོད་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ། །འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་དབབ་པར་ཤོག །ཨོཾ་བཛྲ་ཨཱ་ཝེ་ཤ་ཨ་ཞེས་ལན་བརྒྱའི་བར་དུ་ཟློས་སུ་གཞུག་གོ། །ཡང་ཁྲོ་བོའི་ཁུ་ཚུར་བཅིངས་ལ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱས་དྲལ་བར་བྱས་ཏེ། ཧཱུཾ་ཨ་ཨ་ཨ་ཨ་ཞེས་ལན་བརྒྱ་ཟློས་སུ་གཞུག་གོ། །ཡང་ན་རྡོ་རྗེ་ འབེབས་པའི་ཕྱག་རྒྱས་བསྒྲུབས་ཟིན་པའི་རྡོ་རྗེ་དྲིལ་བུ་དང་བཅས་པ་བཅིངས་ལ་རྐང་པ་གཡོན་པས་སློབ་མའི་རྐང་པ་གཡས་པ་མནན་ལ། བཛྲ་ཨཱ་བེ་ཤ་ཨ་ཞེས་ལན་བརྒྱ་ཟློས་ཤིང་དབབ་པར་བྱའོ། །དེ་ནས་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བྱ་བས་མེ་ཏོག་གི་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་ དོར་བར་བྱའོ། །དེ་ནས་ཕྲེང་བ་བླངས་ལ། ཨོཾ་བཛྲ་པྲ་ཏི་གྲྀཧྞ་སྭ་མི་མཱཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བ་འདི་ཉིད་ཀྱིས་མགོ་ལ་བཅིང་བར་བྱའོ། །དེ་ནས་སྙིང་པོ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །ཨོཾ་བཛྲ་སཏྭ་ས་དྱནྟེ་ཏ་ཙཀྵུ་གྷ་ཊ་ན་པ་ར། ཨུདྒྷ་ཊ་ཡ་པ་ཡ་ཏི་སརྦ་ཀྵོ་བཛྲ་ཙཀྵུ་རཱ་ ནུཏྟ་རཾ། ཧེ་བཛྲ་པཱ་ཤྱ། དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ། །རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པའི་སྙིང་པོ་སློབ་མ་ལ་བསྟན་པར་བྱའོ། །དེ་ནི་འདི་དག་ཡིན་ཏེ་ཧཱུཾ་ཧཱུཾ་བཛྲ་པྲ་ཧ་ར་ཎི་མཊ། ཨོཾ་བཛྲ་ཤཱུ་ལ་གྲི་ བིནྡྷ་མཊ། ཨོཾ་བཛྲ་ཀྲོ་ཥེ་ཙྪིནྡ་མཊ། ཧཱུཾ་བཛྲ་ཨ་མ་ལ་པདྨེ་མཊ་ཅེས་བྱ་བ་ནི་རྡོ་རྗེ་མཚོན་ཆ་མ་དང་། རྡོ་རྗེ་མདུང་དང་། རྡོ་རྗེ་རལ་གྲི་མ་དང་། རྡོ་རྗེ་པདྨའོ། །དེ་ནས་འདི་རྣམས་ཀྱི་ཕྱག་རྒྱ་དོན་ཡོད་པ་ཐོགས་པ་མེད་པ། སྟོབས་དང་ཕ་རོལ་གནོན་པ་ཤིན་ཏུ་གྲུབ་པ་སེམས་ཅན་ ཐམས་ཅད་མངོན་པར་རྒྱས་འདེབས་པར་སྤྱོད་པ་བསྐུལ་བར་བྱའོ། །ཧཱུཾ་བཛྲ་གུ་ཧྱ་སིདྡྷྱ་པ་ར་མ་ཡོ་གཱི་ཤྭ་རི། ཧཱུཾ་བཛྲ་ཙཎྜེ་ཤྭ་རི་ཁ་ཊྭཱཾ་གི། མ་ཧཱ་བཛྲ་ཀ་པཱ་ལ་མཱ་ལ་མ་ཀུ་ཊེ། རུ་ལུ་རུ་ལུ་ལེ་ཧི། ཨོཾ་བཛྲ་ན་ར་ཡ་ནི་བཛྲི། ཧཱུཾ་བཛྲ་པ་ཏཱ་ཀཛྫི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཡོ་ག་ཌཱ་ཀི་ནྱཿ ལན་ཅིག་བཟླས་ལ་དགོད་པར་བྱའོ། །བཅོམ་ལྡན་འདས་ནི་དེ་ཁོ་ན་ཉིད་ཀྱི་སྙིང་པོས་དགོད་པར་བྱའོ། །དེ་ལྟར་འདིས་དངོས་གྲུབ་རྣམས་ལ་དོན་ཡོད་པ་འགྲུབ་པར་འགྱུར་རོ། །དེ་ནས་འདིས་འཇུག་པའི་ཕྱག་རྒྱས་སློབ་མའི་སྙིང་གར་དགྲོལ་བར་བྱའོ། །ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤཱ་ཤྭ་ ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། དེ་ནས་ཡོན་གྱི་མཆོག་བླངས་ནས་སློབ་མ་སྣ་ཚོགས་པདྨའི་སྟེང་དུ་རྡོ་རྗེ་མེ་ལྟར་འབར་བའི་ཕྱག་རྒྱ་ཆེན་པོས་བཞག་ལ། མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་མཆོད་དེ། སློབ་དཔོན་གྱིས་དབང་བསྐུར་ བའི་ཆོ་གས་དབང་བསྐུར་རོ། །འདི་སྐད་ཀྱང་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །གལ་ཏེ་དཀྱིལ་འཁོར་མ་ མཐོང་སྨྲས། །སྐྱེ་བོ་འདུས་ནང་བསྟན་པའམ། །དད་པ་མེད་པས་བགད་པར་འགྱུར། །དེ་ནས་སངས་རྒྱས་ལྔའི་ཅོད་པན་དང་། རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱ་གཉིས་ཀྱིས་དེ་ལ་དབང་བསྐུར་ལ་ལུགས་མའམ། བརྐོས་པའམ། བྲིས་པའི་ཕྱིའི་སངས་རྒྱས་ལྔའི་རྡོ་རྗེ་ དང་ལྡན་པའི་ཅོད་པན་གྱིས་དབང་བསྐུར་ལ། ཡི་གེ་གཉིས་ཀྱིས་གོ་ཆ་བཀོན་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པའི་སྔགས་ཀྱིས་རྡོ་རྗེ་དང་། བདག་པོ་དང་མིང་གི་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་དག་སྦྱིན་པར་བྱའོ། །སློབ་ མས་ཀྱང་རྡོ་རྗེ་ཐལ་མོ་བསྐོར་བས་བཏུད་ཅིང་ཕྱག་བྱས་ལ་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱ་ཞིང་ཡོན་ཡང་དབུལ་བར་བྱའོ། །དེ་ལྟར་ཡོན་ནི་འདི་ཡིན་ཏེ། །མི་ཆེན་ཡོན་དུ་ཕུལ་ནས་ནི། །སླར་ཡང་རིན་གྱིས་བླུ་བར་བྱ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཡོན་ འདི་ཡོན་གྱི་མཆོག་ཡིན་ནོ། །དེ་ནས་དེ་ལ་མཆོད་པ་ལྔ་དང་། ཁྲོ་བོའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་མཆོད་ལ། དེ་ནས་དེའི་རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་སྦྱིན་པར་བྱའོ། །དེ་ནས་ཆོས་ཀྱི་དྲིལ་བུ་དཀྲོལ་དུ་གཞུག་གོ། །དེ་ནས་དམ་ ཚིག་གིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབས་ཤིག་ཅེས་བསྟན་པར་བྱའོ། །ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་དང་སྙིང་པོ་ཡང་བྱིན་ལ་ཕྱག་རྒྱའི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །དེ་ནས་དམ་ཚིག་བསྟན་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་འདོགས་དང་། །བསྟན་པ་ ཐམས་ཅད་གྲུབ་པའི་ཕྱིར། །གདུག་པ་བཏུལ་ནས་བསོད་ནམས་དག །ཐོབ་ཅེས་རྡོ་རྗེ་འཛིན་པས་གསུངས། །དཀྱིལ་འཁོར་དུ་ཞུགས་ལ་བཅོམ་ལྡན་འདས་ཧཱུཾ་མཛད་ཀྱིས་སྡིགས་མཛུབ་སྦྱར་བར་བྱས་ཏེ། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་དང་། བདུད་ཐམས་ཅད་དང་ ཁམས་གསུམ་ཐམས་ཅད་འདུལ་བ་ཉིད་དུ་བྱིན་གྱིས་བརླབ་པ་མཛད་དེ། དེ་ནས་ཁྲོ་བོའི་ལས་བཞི་པོ་རྒྱས་གདབ་པ་དང་། ཕྱག་རྒྱ་གཞིག་པ་དང་། བསད་པ་དང་། འཆིང་བར་བྱ་བ་སྟེ། ཁྲོ་བོའི་ལས་བཞི་བསླབ་པར་བྱའོ། །ཕྱག་རྒྱ་གང་ཞིག་ཅེས་བྱ་བ་ནས་བརྩམས་ཏེ། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུ་བ་ལ་སོགས་པ་དབུགས་འབྱིན་པར་བྱའོ། །སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་ སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་ལས་ཀྱི་རྒྱུན་སྒྲུབ་པར་བྱེད་ པའི་ཕྱག་རྒྱ་རྣམས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་ཏུ་དོན་སྟོན་པར་བྱེད་པའི་ཚིག་ཡིན་ཏེ། སྒྲུབ་པ་ཆེན་པོ་བྱས་ནས་གང་གི་ཚེ་གྲུབ་པར་མ་གྱུར་ན་དེའི་རྗེས་ཐོགས་ཉིད་ལའོ། །དངོས་གྲུབ་མ་གྲུབ་ཅེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་ཕྱག་ རྒྱ་བཞིས་སྔར་བཤད་པའི་བསྒྲུབ་པའི་ཆོ་གས་བསྒྲུབས་པས་ན་དབང་དུ་བྱས་པར་མ་གྱུར་པ་དེ་ནི་མ་གྲུབ་པའོ། །དེས་དངོས་གྲུབ་བསྒྲུབ་པ་ན་འགྲུབ་པ་ཡིན་ལ་མ་བསྒྲུབས་པས་ན་མ་གྲུབ་པའོ། །ལས་ཀྱི་རྒྱུན་ཞེས་བྱ་བ་ནི་ལས་རྣམས་ཀྱི་རྒྱུན་ཏེ། ཐམས་ཅད་བསྲེག་པ་ལ་སོགས་ པའི་ལས་ཀྱི་རྒྱུན་རྣམས་སོ། །ལས་ཀྱི་རྒྱུན་དེའི་དམ་པ་ནི་མཆོག་གོ། །སུ་ཞིག་གི་ཞེ་ན་རྡོ་རྗེ་ཁྲོ་མཆོག་རྒྱལ་པོ་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་རིགས་ཀྱི་རང་བཞིན་ནོ། །དེ་རྣམས་ཀྱི་མཆོག་ནི་དམ་པའོ། །རྡོ་རྗེ་ཁྲོ་བོ་མཆོག་ཀྱང་ཡིན་རྒྱལ་པོ་ཡང་ཡིན་པས་ན་རྡོ་རྗེ་ཁྲོ་མཆོག་ རྒྱལ་པོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའོ། །ནི་ཞེས་བྱ་བའི་སྒྲས་ནི་ངེས་པར་གཟུང་བ་སྟེ། རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཉིད་དོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བསྒྲུབ་པའི་ཆོ་གས་སོ། །རབ་བཤད་ཅེས་བྱ་བ་ནི་རབ་ཏུ་ཕྱེ་སྟེ་བཤད་པའོ། །འདིས་ ནི་འདི་སྐད་སྟོན་པར་འགྱུར་ཏེ་གང་གི་ཚེ་སྔར་བཤད་པའི་སྔོན་དུ་བསྙེན་པ་བྱས་ནས། ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ཏེ་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པ་ན་འགྲུབ་པར་མ་གྱུར་ན་དེའི་ཚེ་འོག་ནས་རྗེས་ཐོགས་ཉིད་ལ་འཆད་པའི་སྒྲུབ་པའི་ལས་བརྒྱ་པོ་བཀླགས་ པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །ཐམས་ཅད་བསྲེག་པ་ལ་ནི་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་བསྲེག་པ་ནི་ཐམས་ཅད་བསྲེག་པའོ། །བསྐྲད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཧཱུཾ་མཛད་ཀྱིས་སོ་ཞེས་བྱ་བ་ གསུངས་ཏེ་རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བས་སོ། །དེ་ཡང་སྐེ་ཚེ་དང་བཅས་པའི་ཉུངས་མར་གྱི་སྦྱིན་སྲེག་གཡས་པས་བྱ་བ་དང་དེ་ཉིད་ཀྱིས་ཐམས་ཅད་བཅིང་བ་དང་མི་འགུལ་བ་ཉིད་དང་གཉིད་ལོག་པར་སྟོན་པ་དང་། ཁྲོ་བོའི་རྡོ་རྗེའི་ལྟ་བས་བསྡིགས་པ་དང་། ཕྱག་རྒྱ་ལྷོད་ པར་བྱ་བ་དང་། མཛུབ་མོ་གཉིས་སྦྱར་བར་བྱ་བའི་མཚམས་དབྱེ་བ་དང་། དེ་དག་ཉིད་ཀྱིས་གདུ་བུར་བཅིང་བ་དང་། བཅིངས་ཏེ་བཙིར་བ་དང་། དེ་ནས་དྲལ་བ་དང་། གཡས་ནས་བརྡེག་པ་དང་། མཛུབ་མོ་གཉིས་སྦྱར་བ་དང་། གཡས་པའི་གུང་མོ་འགྱེད་པའི་ ཚུལ་དང་། མཛུབ་མོ་འབར་བ་དང་། བཅང་བ་དང་། མཛུབ་མོ་གཉིས་ཀྱིས་སེན་མོ་བཅེར་ཏེ་བཅིང་བ་དང་། ལག་པ་གཉིས་མཉེ་བ་དང་། སོར་མོ་ཐམས་ཅད་དུ་གཏོར་བ་དང་། མོད་ལ་ཕྱག་རྒྱ་དགྲོལ་བ་དང་། གྲང་བས་འདར་བ་ལ་སྡིགས་མཛུབ་བྱ་བ་དང་། གཡས་པའི་མཛུབ་མོ་གདེངས་ཀར་བྱས་ནས་སྡིགས་མཛུབ་བྱ་བ་དང་། གཡས་པ་སོས་བཟུང་བ་དང་། དྲ་བ་དང་། དགོད་པ་དང་། རྒྱུག་པ་ལ་སོགས་པར་སྟོན་པ་དང་། མཛུབ་མོ་གཉིས་སུ་སེ་གོལ་གཏོགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་མེ་ལྟར་ འབར་བའི་རྣལ་འབྱོར་བྱས་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ནས་བཅོམ་ལྡན་འདས་ཇི་སྐད་བཤད་པའི་སྦྱིན་སྲེག་གི་ཐབ་ཁུང་གི་གནས་སུ་ལེགས་པར་བཞུགས་སུ་ གསོལ་ཏེ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པ་ཧི་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་གཡས་པས་བླུགས་གཟར་བླངས་ཏེ། ཡུངས་མར་སྐྱེ་ཚེ་དང་བཅས་པའི་སྦྱིན་སྲེག་བྱ་ཞིང་བསྒྲུབ་པར་བྱ་བ་ཡང་བཅོམ་ལྡན་འདས་བསྐལ་པའི་མེ་ལྟར་འབར་བའི་ཕུང་པོ་འདྲ་ བའི་ཞལ་དུ་ཡིད་ཀྱིས་གཞུག་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྲེག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་བསྒྲུབ་པར་བྱ་བ་བསྐྲད་པའི་བསམ་པས་མཛུབ་མོ་གཉིས་ཀྱིས་གཏོང་བ་ལྟར་བྱས་ཏེ་བསྒྲུབ་པར་བྱ་བ་ ཡང་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱིས་རྩ་བཞིན་དུ་ཁྱེར་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་སྐྲོད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་བཅིངས་ཏེ་བསྒྲུབ་པར་བྱ་བའི་ལུས་ལ་ཡིད་ཀྱིས་ཞུགས་ཏེ་བསྒྲུབ་པར་བྱ་ བའི་ཚིག་ཏུ་སྨྲ་མི་ནུས་པར་བྱ་བའི་ཕྱིར་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛུབ་མོ་གཉིས་ཀྱིས་བདག་ཉིད་ཁ་བཅིང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་གཞིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བསྒྲུབ་པར་བྱ་བའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་ ལ་རྡོ་རྗེ་ཧཱུཾ་མཛད་ཀྱིས་མནན་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་རེངས་སོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ་བསྒྲུབ་པར་བྱ་བ་གཉིད་ལོག་ཏུ་གཞུག་པའི་བསམ་པས་མིག་འཛུམས་པ་ བྱས་ཏེ་དེ་ལྟ་བུས་ཐམས་ཅད་གཉིད་ལོག་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཁྲོ་བོའི་ལྟ་བས་བསྒྲུབ་པར་བྱ་བ་ལ་བལྟ་ཞིང་མཛུབ་མོ་གཉིས་ཀྱིས་སྡིགས་མཛུབ་བྱས་ལ་མིག་ལས་བྱུང་བའི་རྡོ་རྗེ་འབར་བས་ཀྱང་། བསྒྲུབ་པར་བྱ་བའི་ལུས་ལ་བར་མཚམས་ མེད་པར་ཁྱབ་པར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་རྒྱས་འདེབས་སོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ཏེ་བསྒྲུབ་པར་བྱ་བ་རྨོངས་པར་བྱ་བའི་བསམ་པས་ཕྱག་རྒྱ་ལྷོད་པར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་རྨོངས་སོ། །དེ་བཞིན་དུ་ ཐམས་ཅད་བྱས་ལ་བསྒྲུབ་པར་བྱ་བ་གཟིར་བའི་བསམ་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་མཛུབ་མོ་གཉིས་ཕན་ཚུན་གཞིབས་ལ་དཔུང་གི་ཚོགས་ཡན་ལག་བཞི་གཞིག་པའི་བསམ་པས་སོ་སོར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་འཇིག་གོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བསྒྲུབ་པར་བྱ་བ་ བཅིང་པའི་བསམ་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛུབ་མོ་གཉིས་གདུ་བུར་བཅིང་བར་བྱས་ལ་བསྒྲུབ་པར་བྱ་བ་ཡང་རྡོ་རྗེ་ལྕགས་སྒྲོག་གི་ཁྲོ་བོས་བཅིང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བཅིང་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བསྒྲུབ་པར་བྱ་བ་ གཟིར་བའི་བསམ་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛུབ་མོ་གཉིས་གདུ་བུ་བཅིང་བའི་ཚུལ་དུ་བྱས་ལ་དེ་བཙིར་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བཙིར་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བཅིངས་པ་ཐམས་ཅད་དྲལ་བའི་བསམ་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་ མོ་གཉིས་ལྕགས་སྒྲོག་ཏུ་བཅིངས་ལ་དྲལ་བར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་དྲལ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ་བསྒྲུབ་པར་བྱ་བ་ལ་བསྣུན་པའི་བསམ་པས་གཡས་པའི་མཛུབ་མོ་གཡོན་པའི་མཐེ་ཆུང་ལ་བརྡེག་པར་བྱས་ ཏེ། དེ་ལྟ་བུས་ནི་ཐམས་ཅད་བརྡེག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱི་རྩེ་མོས་གྱེན་དུ་འབར་བ་འབྱིན་པའི་ཚུལ་དུ་བྱས་ལ་བསྒྲུབ་པར་བྱ་བའི་འོག་ན་རླུང་གི་དཀྱིལ་འཁོར། དེའི་འོག་ན་མེའི་དཀྱིལ་འཁོར་ལ་མེ་ སྟག་རྣམ་པར་འཁྲུག་པའི་ཡི་གེ་ཧཱུཾ་མི་ཟད་པ་བསམས་ལ་དེས་བསྒྲུབ་པར་བྱ་བ་ཤིང་སྐམ་པོ་བཞིན་དུ་འབར་བར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་ཐམས་