Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 60

Văn bản gốc(Tây Tạng)

Trang 16 / 23 (50.000 ký tự/trang)
ས་རིས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་
སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམས་ཡོངས་སུ་རྫོགས་པའི་ལས་བྱེད་པས་ན་ཐམས་ཅད་བྱེད་པའོ། །དེ་ཀུན་གྱི་གནས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའོ། །ཁམས་གསུམ་ལས་རྒྱལ་བ་ཞེས་བྱ་བ་ནི་འདོད་པ་དང་།
གཟུགས་དང་གཟུགས་མེད་པ་ན་གནས་པའི་སེམས་ཅན་གྱི་ཁམས་རྣམས་འདུལ་བར་མཛད་པས་ན་ཁམས་གསུམ་ལས་རྒྱལ་བའོ། །སྣ་ཚོགས་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱབ་པའོ། །ཇི་ལྟར་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཡིན་ཞེ་
ན། ཚར་གཅོད་པ་དང་ཕན་འདོགས་ནུས་ཞེས་གསུངས་ཏེ། གང་གི་ཕྱིར་འདི་ཁམས་གསུམ་པ་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་ལ། ཚར་གཅོད་པ་དང་ཕན་འདོགས་པ་ནུས་པས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་སྦྱོར་བ་སེམས་

ཅན་གྱི་ཁམས་ཐམས་ཅད་ལ་སྩོལ་བ་ཡིན་པའི་ཕྱིར་ཏེ། དེ་བས་ན་ཐམས་ཅད་ལ་རྗེས་སུ་དགའ་བས་ཀུན་ལ་རྗེས་སུ་ཆགས་པའི་སེམས་ཀྱི་ངོ་བོས་སོ། །དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཅན་ཐམས་ཅད་བསྐྱེད་
པར་མཚུངས་པ་མེད་པ་གཉིས་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་མཆོག་ཡིན་པས་ན་ཀུན་མཆོག་གོ། །ཀུན་རིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་སོ། །དངོས་གྲུབ་ཐམས་ཅད་སྟེར་ཞེས་བྱ་
བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྟེར་བས་ན་དངོས་གྲུབ་ཐམས་ཅད་སྟེར་བའོ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གོ་བར་ཟད་དོ། །རྣམ་པ་དེ་ལྟ་བུར་བསྒོམས་པས་རྡོ་རྗེ་སེམས་
དཔའ་ལ་སོགས་པ་དང་འདྲ་བར་གྲུབ་པར་གསུངས་ནས་ད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་བརྙན་དང་འདྲ་བར་བསྒོམས་པས། རྡོ་རྗེ་འཛིན་པ་ཉིད་དམ། དེ་བཞིན་གཤེགས་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། །གལ་ཏེ་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གལ་ཏེ་ཞེས་བྱ་བ་ནི་ཅི་སྟེ་ཞེས་བྱ་བའི་དོན་ཏེ། ཇི་སྟེ་དངོས་གྲུབ་ཐམས་ཅད་ཀྱི་མཆོག་རྡོ་རྗེ་འཛིན་པ་ཉིད་དམ། སངས་རྒྱས་ཉིད་དམ་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སོགས་པའི་མཚན་ཉིད་ཅན་སྒྲུབ་པར་འདོད་
པ་དེའི་དངོས་གྲུབ་ཀྱི་མཆོག་སྒྲུབ་པའི་ཐབས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་སྦྱོར་བས་དེ་འདི་ལྟར་སྒྲུབ་ན་སྒྲུབ་པའི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། ཕྱི་མས་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། རྒྱུད་ཀྱི་ཕྱི་མ་ལས་གསུངས་པའི་ཆོ་ག་རྣམས་ཀྱིས་སམ། དབང་ཕྱུག་ཆེན་པོ་ལ་སོགས་པའི་རྒྱུད་ལས་བཤད་པའི་འཇིག་རྟེན་པས་སམ། དེ་བཞིན་གཤེགས་པ་ལ་སོགས་པའི་རྟོག་པ་ལས་གསུངས་པའི་རྟོག་པ་ཐམས་

ཅད་ཀྱིས་སམ། རང་ཉིད་ཀྱིས་མཛད་པ་ཞེས་བྱ་བ་རྡོ་རྗེ་སེམས་དཔས་གསུངས་པའི་ཆོ་གས་མྱུར་ཞིང་རིངས་པ་དང་། རྟོག་ཅིང་བརྟན་པར་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྒྲུབ་
པར་བྱ་བའི་ཕྱིར་ཆོ་ག་གསུངས་ནས། ད་ནི་རང་གི་ལྷའི་སྐུར་བདག་ཉིད་བསྐྱེད་དེ། དངོས་གྲུབ་འདི་དག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བརྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ན་རང་གི་ཕྱག་རྒྱས་བདག་ཉིད་བསྒྲུབ་པར་བྱ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་
ཏེ། རང་གི་ཕྱག་རྒྱས་རང་གི་ལྷའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོར་བདག་ཉིད་སྒྲུབ་པ་ནི་རང་གི་ལྷའི་སྐུར་བདག་ཉིད་བསྐྱེད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཕྱག་རྒྱ་ཆེན་པོར་མཉམ་གཞག་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་
སྐུའི་གསང་བ་ནི་ཕྱག་རྒྱ་ཆེན་པོའོ། །དེར་མཉམ་པར་གཞག་པ་ནི་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་རྣམ་པར་བསྒོམས་ནས་བསྒྲུབ་པར་བྱ་ཞིང་བརྟན་པར་བྱའོ། །རང་གི་སྙིང་པོ་ཞེས་བྱ་བ་ནི་རང་གི་ལྷའི་སྙིང་པོས་སོ། །ལན་ཅིག་ཅེས་བྱ་བ་ནི་ལན་ཅིག་སྟེ། ཐུན་
མཚམས་དང་པོ་ལ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་སྟོན་པ་ཡིན་ཏེ། ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་ཇི་ལྟ་བ་བཞིན་དུ་བཅུག་ལ། དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ནས། ཆོས་དང་ལས་ཀྱི་ཕྱག་རྒྱ་གཉིས་ཀྱིས་རྒྱས་བཏབ་ལ། ཕྱག་རྒྱ་
ཆེན་པོ་བཅིངས་ཏེ་རང་གི་ལྷའི་སྙིང་པོ་བཟླ་བར་བྱའོ། །དེ་ལྟར་ན་རྣལ་འབྱོར་པ་ལ་རང་གི་ལྷའི་སྙིང་པོ་དེས་རང་གི་སྐུའི་གསང་བས་བྱིན་གྱིས་རློབ་པར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཕྱག་རྒྱ་ཆེན་པོས་བདག་ལ་
བྱིན་གྱིས་བརླབ་པ་བྱས་ཏེ། དེའི་རྗེས་ལ་རང་གི་ལྷའི་སྙིང་པོ་བཟླ་བར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ན་ཡི་གེ་ཧཱུཾ་གི་གླུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རོ་བྷི་ཏ་སོགས་ཕྱག་རྒྱར་ལྡན། །ཞེས་བྱ་བ་ལ་

སོགས་པ་ནི་བཤད་ཟིན་ཏོ། །འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ནོ། །རྒྱུད་འདི་ལས་ནི་གཙོ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཡིན་ལ། དེ་བས་ན་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ལ་ལྟེ་བར་ཧཱུཾ་ལ་སོགས་པ་རང་གི་ལྷའི་སྙིང་པོ་བསམས་
ལ་ཡང་རང་གི་སྙིང་གར་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལ་ཡི་གེ་ཧཱུཾ་ལ་སོགས་པ་རྣམ་པར་བསམས་ནས། དེ་ཉིད་ཇི་ལྟ་བ་བཞིན་དུ་ཟློས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་རྡོ་རྗེ་སེམས་དཔའི་རང་བཞིན་བསྒོམ་པར་བྱའོ། །དེ་ལྟར་ཆོས་ཀྱི་
ཕྱག་རྒྱ་སྒྲུབ་པ་གསུངས་ནས། ད་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་གསུངས་པ་ནི་དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་མཆོག་སྒྲུབ་པའི་རྒྱུད་བཤད་དོ་ཞེས་བྱ་བ་གསུངས་པ་ཡིན་ཏེ། ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་
ཕྱག་རྒྱ་ཐམས་ཅད་དེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱའོ། །དེ་རྣམས་ཀྱི་མཆོག་གྲུབ་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུའི་གསང་བར་བདག་ཉིད་བསྒོམ་པའོ། །གལ་ཏེ་ཕྱག་རྒྱ་བསྒྲུབ་པར་འདོད་
ན་ཞེས་བྱ་བ་ནི་གལ་ཏེ་རྣལ་འབྱོར་པ་གང་ལ་ལ་ཞིག་རྡོ་རྗེ་སེམས་དཔའི་སྐུའི་གསང་བ་སྒྲུབ་པར་འདོད་པ་དེས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་འཛིན་པ་ཉིད་ཀྱིས་རང་གི་སྙིང་པོ་
བཟླས་ཤིང་། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །སྐྱོ་བར་གྱུར་པ་ན་ངལ་སོ་ཞིང་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཤད་པར་གསུངས་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་གསུངས་
པ་ནི། དེ་ལ་ཇི་ལྟར་དམ་ཚིག་ཐམས་ཅད་གྲུབ་པའི་རྒྱུད་ཡིན་ཞེ་ན་ཞེས་བྱ་བ་ཡིན་ཏེ། དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་སྐད་སྟོན་པ་ཡིན་ཏེ་སྔ་མ་བཞིན་དུ་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་ས་མ་

ཡ་སྟྭཾ། ཞེས་བརྗོད་ཅིང་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། རང་གི་སྙིང་གར་གནས་པའི་སྐུའི་རྡོ་རྗེ་ལ་རང་གི་ལྷའི་སྙིང་པོ་ཡིད་ཀྱིས་བྲིས་ལ། རང་གི་ལྷའི་སྐུ་གཟུགས་བརྙན་དང་མཚུངས་པར་བསྒོམས་ཏེ། རང་གི་ལྷའི་སྙིང་པོ་བཟླ་བར་བྱའོ། །དེ་ལྟར་
དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་གསུངས་ནས། ད་ནི་ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་གསུངས་པ་ནི། དེ་ནས་ལས་ཀྱི་ཕྱག་རྒྱའི་མཆོག །ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །ཞེས་བྱ་བ་ནི་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ནི་གར་གྱི་མཆོད་
པ་ཡིན་པའམ། ལས་ཀྱི་ཕྱག་རྒྱའི་གར་གྱི་མཆོད་པའོ། །གར་གྱི་མཆོད་པ་རྒྱུར་གྱུར་པས། །དེས་སྒྲུབ་ཅིང་བསྐྱེད་པར་བྱའོ། །སྐྱོ་བར་མ་གྱུར་ཞེས་བྱ་བ་ནི་གོ་བར་ཟད་དོ། །མཆོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་མཆོད་པ་ཐམས་ཅད་དེ། ཕྱག་
རྒྱའི་མཆོད་པ་བཅུ་གཉིས་སོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་མཆོད་པ་ཐམས་ཅད་ལ་སོགས་པ་ལས་ཐམས་ཅད་ཀྱི་མཆོག་སོ་སོར་རྟོགས་པ་ལ་སོགས་པའི་ངོ་བོའོ། །ཚེ་འདི་ཉིད་ལ་གྲུབ་པར་འགྱུར། །ཞེས་བྱ་བ་ནི་དེ་སྒྲུབ་པ་པོ་ལ་སྐྱེ་བ་འདི་ཁོ་ནར་འགྲུབ་
པར་འགྱུར་བའོ། །རྡོ་རྗེ་འཆང་ཆེན་ཉིད་དང་ནི། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་རང་གི་ལྷ་ཡང་དག་
པར་མཆོད་པས་ཕྱག་བྱས་ཏེ། ཨ་ཞེས་བྱ་བས་སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། དེའི་སྟེང་དུ་རང་གི་ལྷའི་བཟླ་བར་བྱ་བའི་སྙིང་པོ་བསམས་ནས་དེ་ཉིད་ཟློས་ཤིང་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། རང་གི་ལྷ་དང་ཆོས་ཐམས་ཅད་རང་གིས་འོད་
གསལ་བར་བསྒོམ་པར་བྱའོ། །རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྟོག་པ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། །ལས་ཀྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་སྒྲུབ་པ་ཆེན་པོ་ནི་བཤད་མ་ཐག་

པ་ཉིད་དོ། །དེ་ཉིད་ནི་དོན་ཡོད་པར་གྲུབ་པའི་ཆོ་ག་རྒྱས་པའོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཆེན་པོ་ཞེས་བྱའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་བཞི་བསྒྲུབ་པ་བཤད་ནས་ད་ནི་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པ་དང་།
རབ་ཏུ་ལྡན་པའི་སྒྲུབ་པ་བདུན་གྱིས་ཀྱང་གལ་ཏེ་གྲུབ་པར་མ་གྱུར་ན། དེའི་ཚེ་འོག་ནས་རྗེས་ཐོགས་ཉིད་ལ་འཆད་པའི་ལས་རྣམས་ལན་ཅིག་བཟླས་པས་གྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། །དེ་ནས་རྟོག་པ་ཐམས་ཅད་བསྒྲུབ་པའི་དངོས་གྲུབ་ཐམས་ཅད་
ཀྱི་རྒྱུད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་དང་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་ནི་རྟོག་པ་ཐམས་ཅད་དོ། །དེ་རྣམས་ཀྱི་སྒྲུབ་པ་ནི་ཇི་སྐད་དུ་བཤད་པས་ན་མ་གྲུབ་པ་ནི་བསྐྱེད་ཅིང་རྫོགས་པར་མ་གྱུར་པའོ། །དངོས་གྲུབ་ཐམས་
ཅད་ནི་ལས་ཉིས་བརྒྱ་གྲུབ་པའོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དེ། དེ་བཤད་པར་བྱའོ་ཞེས་སྦྱར་བར་བྱའོ། །ཉིན་རེ་ཞེས་བྱ་བ་ནི་ཉིན་ཞག་རེ་རེ་ཞིང་ངོ་། །དང་པོར་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པའི་སྔོན་དུའོ། །ལན་ཅིག་ཅེས་བྱ་བ་ནི་
ལན་ཅིག་གཅིག་གོ། །ཕྱག་རྒྱ་སྒྲུབ་ལ་དོན་ཡོད་པ། །ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པའི་དོན་ཡོད་ཅིང་འབྲས་བུ་དང་བཅས་པའོ། །དེ་ཉིད་ཀྱིས་ན་དངོས་གྲུབ་ཐོགས་པ་མེད་པ་སྟེ། རྒྱུ་དེ་རྗེས་སུ་བཤད་པར་བྱའོ་ཞེས་བྱ་བ་ནི་བསྟན་པར་
བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་ཇི་སྐད་དུ་བཤད་པའི་སྒྲུབ་པ་བདུན་གྱིས་བསྒྲུབས་སུ་ཟིན་ཀྱང་། ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པ་པོས་གྲུབ་པར་མ་གྱུར་ན། དེའི་
ཚེ་ཡང་རང་གི་ལྷའི་སྦྱོར་བ་བྱས་ལ། ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་སོགས་པའི་ལས་གྲུབ་པར་བྱེད་པའི་ཕྱག་རྒྱ་བཅིངས་ལ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པ་ལ་སོགས་པའི་ལས་ལན་ཅིག་བྱའོ། །དེའི་རྗེས་ལ་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་བཞི་

བསྒོམ་པར་བྱའོ། །དེ་ལྟར་ན་ཕྱག་རྒྱ་བཞིའི་དངོས་གྲུབ་ངེས་པ་དེ་ཁོ་ནར་འགྲུབ་པར་འགྱུར་རོ། །ད་ནི་ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་
དཔའ་ལ་སོགས་པ་རྗེས་སུ་མཉེས་པར་བྱ་བ་ནི་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་ལས་རང་དབང་དུ་གྱུར་པར་བྱ་བའི་ཕྱིར་མངོན་དུ་ཕྱོགས་པར་བྱའོ། །དགུག་པ་དང་ཞེས་བྱ་བ་ནི་དེ་རྣམས་ཉིད་སྤྱན་དྲང་བ་ནི་དགུག་པའོ། །བཅིང་བ་དང་ཞེས་བྱ་བ་ནི་སྤྱན་དྲངས་པ་དེ་རྣམས་
ཉིད་རང་དབང་དུ་བྱས་པའི་ཕྱིར་རྡོ་རྗེ་ལྕགས་སྒྲོག་གིས་མི་འགུལ་བར་བྱ་བ་ནི་བཅིང་བའོ། །དབང་དུ་བྱ་བ་དང་ཞེས་བྱ་བ་ནི་དེ་རྣམས་ཉིད་རང་དབང་དུ་བྱས་པ་ནི་དབང་དུ་བྱ་བའོ། །དེ་ལྟར་ན་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་དང་། དགུག་པ་དང་། བཅིང་བ་དང་།
དབང་དུ་བྱ་བ་སྒྲུབ་པ་ནི་དེ་བསྐྱེད་པའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་ལྟ་བས་སོ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ། །དེའི་ལྟ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་ལྟ་བ་སྟེ། རྡོ་རྗེ་འབར་བའི་ལྟ་བ་བརྟན་པ་དང་པོའི་རྡོ་རྗེ་
དང་བཅས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བ་གསང་བའི་ལྕགས་ཀྱུས་སྤྱན་དྲངས་ལ། མདུན་དུ་ཇི་ལྟ་བ་བཞིན་དུ་བསྒྲུབས་ཏེ། ཕྱག་རྒྱ་ཐམས་ཅད་ཀྱིས་དབང་
བསྐུར་ཏེ་ཕྱག་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་ཧཱུཾ་ཟློས་ཤིང་དེའི་རྗེས་ལ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་འཛུམ་པའི་བལྟ་བས་བཅོམ་ལྡན་འདས་ལ་བལྟ་ཞིང་དེ་བསྒོམ་པར་བྱའོ། །དེ་ལྟ་བུས་ནི་རྗེས་སུ་མཉེས་པར་འགྱུར་ཏེ། སྒྲུབ་པ་པོ་གང་ལ་རྗེས་སུ་ཆགས་
པ་དང་བཅས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་གནོད་སྦྱིན་མོ་ལ་སོགས་པ་བསྒྲུབས་ན་ཡང་རྗེས་སུ་ཆགས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་དང་པོའི་རྡོ་རྗེ་བཅིངས་ཏེ། འབར་བའི་ལྟ་བས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་

པ་སྤྱན་དྲང་བར་བྱ་སྟེ། དེ་ལྟ་བུས་ནི་དེ་ཐམས་ཅད་འགུག་པར་འགྱུར་རོ། །གནོད་སྦྱིན་མོ་ལ་སོགས་པ་བསྒྲུབ་པ་ནི། དཔལ་རྡོ་རྗེ་སེམས་དཔའི་བཙུན་མོ་གནོད་སྦྱིན་མོ་ལ་སོགས་པའི་ལུས་སུ་ཡིད་ཀྱིས་བཅུག་ལ། གནོད་སྦྱིན་མོ་ལ་སོགས་པའི་ལུས་
དང་དེ་གཅིག་ཏུ་བྱས་ལ་འཛུམ་པའི་ལྟ་བས་དེ་དགུག་པར་བྱའོ། །དེ་ལྟ་བུས་དེ་སྒྲུབ་པ་པོས་བཀུག་ནས་དབང་དུ་བྱས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་བརྟན་
པའི་ལྟ་བས་བལྟ་བཞིན་དུ་བཟླས་པར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། འཛུམ་པའི་ལྟ་བས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་བལྟ་ཞིང་། དེ་
རྣམས་དགའ་བ་བསྐྱེད་པའི་བསམ་པས་བཟླ་བར་བྱས་ཏེ་དེ་ལྟ་བུས་ནི་དབང་དུ་བྱས་པར་འགྱུར་རོ། །བདེ་བ་དང་། ཡིད་བདེ་བ་དང་། ཕུན་སུམ་ཚོགས་པ་དང་། དངོས་གྲུབ་ཐམས་ཅད་མངོན་པར་འཕེལ་བར་བྱ་བ་ལ་ནི་ཞེས་བྱ་བ་ལ། འཇིག་རྟེན་དང་འཇིག་རྟེན་
ལས་འདས་པའི་བདེ་བ་ནི་བདེ་བ་ཐམས་ཅད་དོ། །ཡིད་བདེ་བ་ཡང་དེ་བཞིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྦྱོར་བ་ཕུན་སུམ་ཚོགས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ནི་དངོས་གྲུབ་ཐམས་ཅད་དོ། །བདེ་བ་དང་། ཡིད་བདེ་བ་དང་།
དངོས་གྲུབ་འདི་ཐམས་ཅད་མངོན་པར་འཕེལ་བ་ནི་གོང་ནས་གོང་དུ་རྒྱུན་མི་འཆད་པའི་ཚུལ་གྱིས་སྐྱེ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བའི་རྡོ་རྗེ་ཆེན་པོའི་རྡོ་རྗེས་སོ་ཞེས་གསུངས་ཏེ། དང་པོའི་རྡོ་རྗེ་མཚན་མ་ལ་སོགས་པར་གནས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །
འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཡི་གེ་ཧཱུཾ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ་རང་གི་མཚན་མར་གཞག་སྟེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་བཅོམ་ལྡན་འདས་ཡུམ་རྡོ་རྗེ་བསྙེམས་མ་དང་ལྷན་ཅིག་ཡང་དག་པར་སྦྱོར་

བ་བསྒོམ་པར་བྱའོ། །དེ་ལྟ་བུས་ནི་དེ་ཉིད་ཀྱིས་བདེ་བ་མངོན་པར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་སྙིང་གར་འཇོག་ཅིང་། རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་ཡིད་བདེ་བ་མངོན་པར་འཕེལ་བར་འགྱུར་རོ། །དེ་
བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་དཔྲལ་བར་བཞག་ལ། བདག་ཉིད་རྡོ་རྗེ་སེམས་དཔའ་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རང་བཞིན་དུ་བསྒོམ་པར་བྱའོ། །དེ་ལྟ་བུས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་པར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་
ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་སྤྱི་བོར་འཇོག་ཅིང་བདག་ཉིད་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པར་བསམས་ཏེ། དེ་ལྟ་བུས་ནི་དངོས་གྲུབ་ཐམས་ཅད་འཕེལ་བར་འགྱུར་རོ། །ཚེ་དང་ལང་ཚོ་དང་། གཟུགས་དང་གཟི་བརྗིད་ཆེན་པོ་མངོན་པར་འཕེལ་
བར་བྱ་བ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚེ་ནི་ཚེ་ཆེན་པོའོ། །ཚེ་དང་ལང་ཚོ་ནི་དེ་རྣམས་ཉིད་ཀྱི་ན་ཚོད་དར་ལ་བབ་པའོ། །དེ་རྣམས་ཉིད་ཀྱི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ནི་གཟུགས་སོ། །དེ་རྣམས་ཉིད་
ཀྱི་གཟི་མདངས་ནི་གཟི་བྱིན་ཆེན་པོའོ། །ཚེ་དང་ལང་ཚོ་དང་གཟུགས་དང་གཟི་བྱིན་འདི་རྣམས་མངོན་པར་འཕེལ་བ་ནི་སྔ་མ་བཞིན་ནོ། །དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་ནི་དབུས་མ་སྙིང་ག་ལ་
སོགས་པར་གཞག་སྟེ་བཏུང་བར་བྱ་བ་འདི་ནི་དང་པོའི་རྡོ་རྗེ་བཅུད་ཀྱིས་ལེན་པ་ཡིན་ནོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ཏེ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་རང་གི་སྙིང་གར་དེའི་རྩེ་མོ་དབུས་མ་གཞག་
པའམ་ཁར་བཞག་ནས་གཞིབ་ཅིང་བཏུང་བ་དཔལ་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག་ཅན་གྱི་བདུད་རྩིའི་རྒྱུན་དུ་རྩེ་མོ་དབུས་མ་ལས་བྱུང་བས། རང་གི་ཁ་ཀུན་དུ་གང་ནས་ཡན་ལག་ཐམས་ཅད་དུ་ཁྱབ་པས། དེས་ལུས་ཐམས་ཅད་རྡོ་རྗེ་སེམས་དཔར་གྱུར་པར་

བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཚེ་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་དེ་རང་གི་མཚན་མར་བཞག་སྟེ། ཁར་འཇོག་ཅིང་བཏུང་བར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའི་ལང་ཚོ་མངོན་པར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་
ཐམས་ཅད་བྱས་ནས། རང་གི་ཁར་བཞག་ནས་བཏུང་བར་བྱ་སྟེ། དེ་ལྟ་བུས་ནི་གཟུགས་ཐམས་ཅད་མངོན་པར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ནས། དཔྲལ་བར་བཞག་ལ་དེའི་འོག་ཏུ་ཁར་བཞག་ནས་རྡོ་རྗེ་རྩེ་མོའི་དབུས་མའི་དེ་ཉིད་བཏུང་བར་བྱ་སྟེ།
དེ་ལྟ་བུས་ནི་རྣལ་འབྱོར་པའི་གཟི་བྱིན་མངོན་པར་འཕེལ་བར་འགྱུར་རོ། །དཔལ་ཆེན་པོ་དང་། སྐལ་བ་བཟང་པོ་དང་། གྲགས་པ་དང་། སྙན་པ་འཕེལ་བར་བྱ་བ་ལ་ནི་དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་དཔལ་ཆེན་པོའོ། །དེ་ཉིད་
ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་བདེ་བ་དང་། ཡིད་བདེ་བ་གྲུབ་པར་བྱ་བའི་ཕྱིར་དངོས་པོ་ཐམས་ཅད་ནི་བདག་ཉིད་ཅན་གང་ཡིན་པ་དེ་ནི་སྐལ་བ་བཟང་བའོ། །དེ་ཉིད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ན་རྟག་ཏུ་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཅོམ་
ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་ཕྱོགས་བཅུར་སྒྲས་ཁྱབ་པ་གང་ཡིན་པ་དེ་ནི་གྲགས་པའོ། །དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པར་འཇུག་པས་རྡོ་རྗེ་དབྱིངས་ཐམས་ཅད་ཐུགས་སུ་ཆུད་པའི་སེམས་ཡེ་ཤེས་སེམས་དཔའོ་ཞེས་སྙན་པའི་སྒྲས་
ཁྱབ་པ་གང་ཡིན་པ་དེ་ནི་སྙན་པའོ། །དཔལ་ཆེན་པོ་དང་། གྲགས་པ་ལ་སོགས་པ་འདི་དག་འཕེལ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ནི་ཞེས་སྔ་མ་བཞིན་དུ་སྦྱར་རོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་གྲུབ་པས་སོ། །ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་
རྗེ་ནི་མཛུབ་མོ་དང་གུང་མོ་དང་སྲིན་ལག་དང་། མཐེའུ་ཆུང་གི་རྡོ་རྗེ་ནི་དང་པོའི་རྡོ་རྗེ་གྲུབ་པ་སྟེ། དེ་ཉིད་ཀྱི་ལས་བཞི་པོ་འདི་དག་མངོན་པར་འཕེལ་བར་འགྱུར་རོ། །འདི་སྐད་སྟོན་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཡི་གེ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ཏེ་

མཛུབ་མོ་གཉིས་གཤིབས་ལ་རྩེ་མོར་བྱས་ནས་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའི་རྒྱལ་སྲིད་ཀྱི་དཔལ་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔར་སྒོམ་ཞིང་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བཟླ་བར་བྱ་སྟེ། དེ་ལྟ་བུས་ནི་དཔལ་རྡོ་རྗེ་སེམས་དཔའ་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ། །དེ་
བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་གུང་མོ་གཉིས་གཤིབས་པའི་རྩེ་མོར་ཕྱི་རོལ་དུ་བཞག་ལ། སྔར་བཤད་པའི་དོན་བསྒོམས་པས་དཔལ་རྡོ་རྗེ་སེམས་དཔའི་སྐལ་བ་བཟང་པོ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་སྲིན་ལག་གཉིས་རྩེ་
མོར་བྱས་པས་དཔལ་རྡོ་རྗེ་སེམས་དཔའི་གྲགས་པ་བསྒོམས་པས་གྲགས་པ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོ་རྡོ་རྗེ་མཐེའུ་ཆུང་གཉིས་གཤིབས་ཏེ་རྩེ་མོར་སྦྱར་ལ་བསྒྲེང་སྟེ་བཞག་ནས། བདག་ཉིད་རྡོ་རྗེ་སེམས་དཔའི་སྙན་པ་དང་ལྡན་པར་
བསམས་ན་དེ་ལྟ་བུས་ནི་སྙན་པ་འཕེལ་བར་འགྱུར་རོ། །སྟོབས་ཆེན་པོ་དང་། ཡེ་ཤེས་དང་ཆོས་དང་ལས་བསྒྲུབ་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྟོབས་ནི་སྟོབས་ཆེན་པོའོ། །དེ་རྣམས་ཉིད་ཀྱི་ངེས་པའི་ཡེ་ཤེས་དང་། དེ་རྣམས་
དེ་ཉིད་ཀྱི་ཡང་དག་པའི་རིག་པ་བསྙེན་པའི་ཆོས་དང་། སངས་རྒྱས་ཀྱི་སྤྲུལ་པ་དང་། སེམས་ཅན་གྱི་དོན་མཛད་པའི་ལས་ནི་དེ་རྣམས་ཀྱི་སྟོབས་པོ་ཆེ་དང་། ཡེ་ཤེས་དང་། ལས་དེ་གྲུབ་པ་ནི་རྫོགས་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་སྙིང་པོ་སྟོབས་ཆེ་
བའོ་ཞེས་བྱ་བ་གསུངས་ཏེ་རང་ཉིད་དང་། སྙིང་ག་དང་། ལྕེ་དང་མགོ་བོར་བསྟོད་པ་ནི་དང་པོའི་རྡོ་རྗེའི་སྙིང་སྟོབས་ཆེ་བས་སོ་ཞེས་བྱའོ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཧཱུཾ་གིས་དང་པོའི་རྡོ་རྗེ་
བཅིངས་ལ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་། དེས་བདག་ཉིད་བསྟོད་པའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྟོབས་གྲུབ་པར་འགྱུར་རོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་

ཤེས་བསྐྱེད་པའི་བསམ་པས་དང་པོའི་རྡོ་རྗེ་རང་གི་སྙིང་གར་བསྟོད་ཅིང་བཟླས་བརྗོད་བྱས་ཏེ་དེ་ལྟ་བུས་ནི་དེ་གྲུབ་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། རང་གི་ལྕེ་ལ་རྡོ་རྗེ་བསམས་པས་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ལ་དང་པོའི་རྡོ་རྗེའི་རྩེ་བསྟོད་པའི་ཚུལ་
གྱིས་བྱ་ཞིང་བཟླས་བརྗོད་བྱས་ཏེ་དེ་ལྟ་བུས་ནི་སོ་སོ་ཡང་དག་པའི་རིག་པ་བཞིའི་བདག་ཉིད་ཅན་གྱིས་ཆོས་གྲུབ་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། སངས་རྒྱས་ཀྱི་སྤྲུལ་པ་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་པས་རང་གི་རྡོ་རྗེ་མགོ་བོར་བསྟོད་པའི་ཚུལ་
དུ་བྱེད་ཅིང་དེ་བཞིན་དུ་བྱས་ན་དེ་ལྟ་བུས་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། རྨད་དུ་བྱུང་བ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པ་ལ་ནི་ཞེས་བྱ་བ་ནི་ཕྱོགས་བཅུའི་ནམ་མཁའ་ལ་འགྲོ་བ་ནི་རྫུ་འཕྲུལ་ཐམས་ཅད་དོ། །འབར་བའི་
འབྱིན་པ་ལ་སོགས་པས་བསྟོད་པ་ནི་ཆོ་འཕྲུལ་ལོ། །སྔོན་ཆད་མ་མྱོང་བའི་བདེ་བ་དང་། ཡིད་བདེ་བ་བསྐྱེད་པ་ནི་རྨད་དུ་བྱུང་བའོ། །རང་གི་ལུས་ལ་སོགས་པ་ལ་དེ་བཞིན་གཤེགས་པ་དང་། དེའི་རིགས་དང་། རྡོ་རྗེའི་རིགས་དང་། པདྨའི་རིགས་དང་། ནོར་བུའི་
རིགས་སྤྲུལ་པ་ནི་རྣམ་པར་འཕྲུལ་པའོ། །རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། རྨད་དུ་བྱུང་བ་དང་། རྣམ་པར་འཕྲུལ་པ་དེ་དག་ཐམས་ཅད་སྟོན་པ་ལ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཉེ་བར་དམིགས་སུ་རུང་བར་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་རྣམ་པར་འཕྲུལ་
པས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ། ནམ་མཁར་བསྐྱེད་པ་དང་། མཐེ་བོང་དང་སྲིན་ལག་འབར་བའི་ཚུལ་དུ་བྱ་བ་དང་། སྙིང་དགའ་བ་དང་། རང་གི་ལུས་ལ་བསྐོར་བའི་ཚུལ་དུ་བྱ་བ་འདི་ནི་དང་པོའི་རྡོ་རྗེའི་རྣམ་པར་འཕྲུལ་པ་ཞེས་བྱའོ། །འདི་སྐད་
སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཨ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་ནམ་མཁར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྐྱེད་པའི་ཚུལ་དུ་བྱས་ནས། དེ་ལྟ་བུས་ནི་ཕྱོགས་བཅུར་རྡོ་རྗེ་སེམས་དཔའི་སྐུས་བདག་

ཉིད་འགྲོ་བ་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། དང་པོའི་རྡོ་རྗེ་དེ་བཞིན་དུ་བཅིངས་ཏེ། དེའི་མཐེ་བོང་གཉིས་དང་། སྲིན་ལག་གཉིས་འབར་བའི་ཚུལ་དུ་བྱས་ནས་དེ་ལྟ་བུས་ནི་ཆོ་འཕྲུལ་ཐམས་ཅད་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་
རང་གི་སྙིང་གར་དགའ་བ་བསྐྱེད་པའི་ཚུལ་དུ་བཞག་ན། དེ་ལྟ་བུས་ནི་རྨད་དུ་བྱུང་བ་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། རིགས་ལྔ་བསྐྱེད་པའི་བསམ་པས་རང་གི་ལུས་ལ་བསྐོར་བར་བྱས་ཏེ། དེ་ལྟ་བུས་ནི་རྣམ་པར་འཕྲུལ་པ་ཐམས་ཅད་
སྟོན་པར་འགྱུར་རོ། །ཐམས་ཅད་དུ་ཡི་གེ་དང་། གཟུགས་ཀྱིས་བདེན་པ་ཐམས་ཅད་མཐོང་བ་དང་། ཐོས་པ་དང་སྨྲ་བ་དང་འདྲི་བར་གྲུབ་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་ནམ་མཁའ་དང་། རས་རིས་དང་། རྩིག་པ་དང་། སྐུ་གཟུགས་ལ་སོགས་པ་ཐམས་ཅད་ལས་མངོན་པར་
འདོད་པའི་དོན་སྟོན་པར་བྱེད་པའི་ཡི་གེ་ཨ་ལ་སོགས་པ་དང་། རྡོ་རྗེ་སེམས་དཔའི་སྐུ་ལ་སོགས་པའི་གཟུགས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དངོས་པོ་ཇི་ལྟ་བ་བཞིན་དུ་མིག་གི་རྣམ་པར་ཤེས་པས་མཐོང་བ་དང་། རྣ་བའི་རྣམ་པར་ཤེས་པས་
ཐོས་པ་དང་། ལྕེས་སྨྲ་བ་དང་ལུས་ཀྱིས་འདྲི་བ་སྟེ། འདི་རྣམས་གྲུབ་པ་ནི་རྫོགས་པར་སྣང་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་ཐམས་ཅད་དུ་བསྐོར་ཏེ་དབང་པོ་ཐམས་ཅད་ལ་གཞག་པ་ནི་དང་
པོའི་རྡོ་རྗེ་དོན་ཡོད་པའི་བདེན་པའོ། །འདི་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། ཡི་གེ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ཏེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་ཐམས་ཅད་བསྐོར་བར་ཧཱུཾ་ལས་མིག་གཉིས་སུ་རྡོ་རྗེ་བསམས་ལ་མིག་དང་
གཟུགས་ཐམས་ཅད་ལས་བདེན་པ་ཐམས་ཅད་མཐོང་བའི་བསམ་པས་མིག་ཏུ་གཞག་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་བདེན་པ་ཐོབ་པར་འགྱུར་རོ། །ཧཱུཾ་གིས་རྣ་བ་གཉིས་སུ་རྡོ་རྗེ་གཉིས་བསམས་ལ། དེ་བཞིན་དུ་བསྐོར་ནས་རྣ་བ་གཉིས་སུ་གཞག་པར་བྱས་ཏེ། དེ་ལྟ་

བུས་ནི་ཐམས་ཅད་བདེན་པ་ཐོབ་པར་འགྱུར་རོ། །ལྕེ་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོ་བསམས་ལ་ཧཱུཾ་ཡིད་ཀྱིས་བྲིས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བདེན་པ་ཐོབ་པ་སྨྲ་བར་འགྱུར་རོ། །ཡི་གེ་ཧཱུཾ་ལུས་ཐམས་ཅད་ལ་ཡིད་ཀྱིས་བྲིས་ལ་དེ་བཞིན་དུ་དང་པོའི་རྡོ་རྗེ་བཅིངས་ཏེ་
ཀུན་དུ་བསྐོར་ལ་ལུས་ལ་བཞག་ན། དེ་ལྟ་བུས་ནི་ལུས་ཀྱིས་ཐམས་ཅད་དྲིས་པས་གྲུབ་པར་འགྱུར་རོ། །དབང་པོ་ཐམས་ཅད་ཀྱིས་བདེ་བ་ཐམས་ཅད་མཐོང་བ་དང་ཐོས་པ་དང་སྨྲ་བ་དང་ཟིལ་གྱིས་གནོན་པར་བྱ་བ་ལ་ཞེས་བྱ་བ་ནི་དབང་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དབང་པོ་ཐམས་ཅད་
དེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོའོ། །དེ་རྣམས་ཀྱིས་བདེན་པ་ཐམས་ཅད་སྟོན་ཏེ། དེ་ལ་མིག་གི་དབང་པོས་ཐམས་ཅད་བདེན་པར་མཐོང་བ་དང་། རྣ་བའི་དབང་པོས་ཐམས་ཅད་བདེན་པར་ཐོས་པ་དང་། ལྕེའི་དབང་པོས་ཐམས་ཅད་བདེན་པར་སྨྲ་བ་
དང་། ལུས་ཀྱི་དབང་པོས་ཟིལ་གྱིས་གནོན་པའི་ལང་ཚོ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་རྩེ་མོ་དབུས་མས་དབང་པོ་ཐམས་ཅད་ལ་རེག་པར་བྱ་བ་
ནི་དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཡི་གེ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ་ཧཱུཾ་ཉིད་ཀྱིས་མིག་གཉིས་སུ་རྡོ་རྗེ་བསམས་ལ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའ་དེས་
ཐམས་ཅད་བདེན་པ་མཐོང་བའི་བསམ་པས་མིག་གཉིས་ལ་རེག་པར་བྱས་ན་ཐམས་ཅད་བདེན་པ་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། ཧཱུཾ་ལས་རྣ་བ་གཉིས་སུ་རྡོ་རྗེ་བསམས་ལ་རྡོ་རྗེ་དབུས་མ་རྣ་བ་གཉིས་སུ་རེག་པར་བྱས་ན། དེ་ལྟ་བུས་ནི་ཐམས་ཅད་
ཐོས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ལྕེ་ལ་སྔ་མ་བཞིན་དུ་རྡོ་རྗེ་བསམས་ཏེ་ཡིད་ཀྱིས་ཧཱུཾ་བྲིས་ལ་རྡོ་རྗེ་དབུས་མ་དེས་ལྕེ་ལ་རེག་པར་བྱས་ཏེ། དེ་ལྟ་བུས་ནི་ལྕེ་ཐམས་ཅད་བདེན་པ་སྨྲ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ལུས་ལ་ཧཱུཾ་ལས་རྡོ་རྗེར་

བསམས་ཏེ། རྡོ་རྗེ་དབུས་མ་དེས་རང་གི་ལུས་ལ་རེག་པར་བྱས་ལ་རྡོ་རྗེ་སེམས་དཔའི་ལང་ཚོ་དང་བདག་ཉིད་ལྡན་པར་བསམས་ན། དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའི་ལང་ཚོ་དང་ལྡན་པར་འགྱུར་རོ། །སྒྱུ་མ་ཐམས་ཅད་དང་། བདེ་བའི་མཆོག་དང་། ལུང་བསྒོ་བ་དང་། ལན་
ཐོབ་པར་གྱུར་པ་ལ་ནི་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་སྤྲུལ་པ་ནི་སྒྱུ་མ་ཐམས་ཅད་དོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཉམས་སུ་མྱོང་བ་ནི་བདེ་བའི་མཆོག་གོ། །མ་འོངས་པའི་དོན་ལུང་སྟོན་པ་ནི་ལུང་བསྒོ་བའོ། །ཡན་ལག་ཏུ་མ་གྱུར་པར་རང་གི་ལྷ་
དངོས་ལ་གཞན་དག་ཟློས་ཤིག་ཅེས་བསྟན་པའམ། དངོས་པོ་གང་བྱེད་འདོད་པ་དེ་ཡོངས་སུ་དོར་ལ་གཞན་དག་གྱིས་ཤིག་ཅེས་ལྷས་བསྟན་པ་གང་ཡིན་པ་དེ་ནི་ལན་ཐོས་པ་ཞེས་བྱའོ། །འདི་རྣམས་ཀྱི་གྲུབ་པ་ནི་སྔ་མ་བཞིན་ནོ། །དེ་གང་གིས་འགྱུར་ཞེ་ན། དང་པོའི་རྡོ་རྗེ་
རྨད་དུ་བྱུང་བས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་རང་གི་ལས་བྱེད་པས་ན་དང་པོའི་རྡོ་རྗེ་རྨད་དུ་བྱུང་བའོ། །འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་ཧཱུཾ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ། ཨ་ནུ་ར་ག་ཡཱ་མི་
ཧཱུཾ་ཞེས་ཟློས་ཤིང་དང་པོའི་རྡོ་རྗེ་རྩེ་མོ་དབུས་མས་སྒྱུ་མ་བསྟན་པའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་སྒྱུ་མ་ཐམས་ཅད་སྟོན་པར་འགྱུར་རོ། །དེ་ཉིད་ཀྱིས་བདེ་བའི་མཆོག་ཐམས་ཅད་བསྟན་པའི་ཚུལ་དུ་བྱས་ནས་དེ་ལྟ་བུས་ནི་བདེ་བའི་མཆོག་ཐམས་ཅད་སྟོན་པར་འགྱུར་རོ། །དེ་ཉིད་ཀྱིས་ལུང་
བསྒོ་བ་བསྟན་པའི་ཚུལ་དུ་བྱས་ན་ལུང་བསྒོ་བ་ཐམས་ཅད་བསྟན་པར་འགྱུར་རོ། །དེ་ཉིད་ཀྱིས་ལན་ཐམས་ཅད་བསྟན་པའི་ཚུལ་དུ་བྱས་ན་དེ་ལྟ་བུས་ནི་ལན་ཐམས་ཅད་ཐོབ་པ་སྟོན་པར་འགྱུར་རོ། །གཏེར་ཐམས་ཅད་འབྱུང་བ་དང་། ནོར་འཕྲོག་པ་དང་། རྒྱལ་སྲིད་ཐོབ་པ་དང་། ས་
ལ་ཉེ་བར་ལོངས་སྤྱོད་པ་ནི་ཞེས་བྱ་བ་ནི་གཏེར་ཐམས་ཅད་ནི་གོ་བར་ཟད་དོ། །ནོར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དེ་རྣམས་འཕྲོག་པ་ནི་དགུག་པའོ། །རྒྱལ་སྲིད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །ས་ལ་ཉེ་བར་ལོངས་སྤྱོད་པ་ནི་ཁམས་གསུམ་

གྱི་རྒྱལ་པོར་དབང་བསྐུར་བ་ཐོབ་པས་སྐྱེ་བོ་ཐམས་ཅད་བསྒོ་བ་ཉན་ཅིང་རང་དབང་དུ་བྱེད་པའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོས་རྡོ་རྗེས་དབང་བསྐུར་བས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་དབུས་མ་དབང་བསྐུར་བའི་གནས་སུ་བཞག་ལ། དེ་
བཞིན་དུ་འདིའི་དངོས་གྲུབ་བྱེད་པ་ནི་འདིའི་མཚན་ཉིད་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ་དེའི་རྡོ་རྗེ་དབུས་མ་མཛོད་སྤུའི་གནས་སུ་བཞག་སྟེ། སྔར་བཤད་པའི་གཏེར་དབྱུང་བའི་སྦྱོར་བས་ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་ཟློས་ཤིང་། དེ་གཏེར་དབྱུང་
བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་གཏེར་ཐམས་ཅད་འབྱིན་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དེ་ཉིད་དཔྲལ་བའི་ཕྱོགས་སུ་གཞག་སྟེ། དེས་ནོར་འགུགས་པའི་ཚུལ་དུ་བྱས་ལ་དེ་ལྟ་བུས་ནི་ནོར་ཐམས་ཅད་འཕྲོག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་
ལ་དཔྲལ་བའི་ཕྱོགས་སུ་དབུས་མའི་རྡོ་རྗེ་བཞག་ལ། ཁམས་ཀྱི་རྒྱལ་པོའི་དབང་བསྐུར་བས་བདག་ཉིད་དབང་བསྐུར་བར་བསམ་པར་བྱ་ཞིང་དེས་དབང་བསྐུར་བ་སྦྱིན་པའི་ཚུལ་དུ་བྱས་ནས་དེ་ལྟ་བུས་ནི་རྒྱལ་སྲིད་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་
དེའི་དབུས་མའི་རྡོ་རྗེ་དབང་བསྐུར་བའི་གནས་སུ་བཞག་ལ། སྐྱེ་བོའི་ཚོགས་ཐམས་ཅད་རང་དབང་དུ་བྱས་པའི་ཚུལ་གྱིས་བཞག་ན་དེ་ལྟ་བུས་ནི་སའི་བདག་པོ་ཉིད་དུ་འགྱུར་རོ། །ཡུལ་ཐམས་ཅད་དང་སྐྱེ་བོ་དང་གྲོང་དང་ནགས་དང་། ཆུའི་ཉེ་བར་ལོངས་སྤྱོད་པ་སྤྲུལ་པ་ལ་ནི་ཞེས་
བྱ་བ་ཡུལ་ཐམས་ཅད་ནི་གོ་བར་ཟད་དོ། །སྐྱེ་བོ་ནི་མངོན་པར་འདོད་པའི་སྐྱེ་བོའོ། །གྲོང་ལ་སོགས་པ་ཡང་གོ་བར་ཟད་དོ། །དེ་རྣམས་ཉེ་བར་ལོངས་སྤྱོད་པ་ནི་ཀུན་དུ་ལོངས་སྤྱོད་པའོ། །དེ་རྣམ་པར་སྤྲུལ་པ་ནི་གོ་བར་ཟད་དོ། །དེ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་
བསྒྲུབ་པས་སོ། །ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་ནི་རྡོ་རྗེ་དབུས་མ་ས་ལ་བཞག་པ་དེ་དག་གི་ཚུལ་དུ་བྱ་བ་འདི་ནི་དང་པོའི་རྡོ་རྗེ་གྲུབ་པའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཡི་གེ་ཧཱུཾ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ།

དེའི་དབུས་མའི་རྡོ་རྗེ་ས་ལ་བཞག་ལ། དེས་ཡུལ་ཐམས་ཅད་སྤྲུལ་པའི་ཚུལ་དུ་བྱ་ཞིང་ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་བཟླས་བརྗོད་བྱས་ནས་ཡུལ་ཐམས་ཅད་སྤྲུལ་ནས་ཉེ་བར་ལོངས་སྤྱོད་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་དབུས་མ་ས་ལ་བཞག་སྟེ། དེས་མངོན་
པར་འདོད་པའི་སྐྱེ་བོ་སྤྲུལ་པའི་ཚུལ་དུ་བྱས་ལ། དེ་བཞིན་དུ་བཟླས་ན་དེ་ལྟ་བུས་ནི་སྐྱེ་བོ་ཐམས་ཅད་སྤྲུལ་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེའི་རྡོ་རྗེ་དབུས་མ་ས་ལ་གཞག་སྟེ། དེས་མངོན་པར་འདོད་པའི་གྲོང་སྤྲུལ་པར་བྱས་ཏེ། དེ་ལྟ་བུས་ནི་གྲོང་སྤྲུལ་
པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། དང་པོའི་རྡོ་རྗེའི་རྡོ་རྗེ་དབུས་མ་ས་ལ་གཞག་སྟེ། འདིས་ནགས་དང་ཆུ་བོ་སྤྲུལ་པའི་ཚུལ་དུ་བྱ་ཞིང་། དེ་བཞིན་དུ་བཟླས་བརྗོད་བྱས་ན་ནགས་དང་ཆུ་བོ་ལ་སོགས་པ་སྤྲུལ་པར་འགྱུར་རོ། །ཐམས་ཅད་ལ་སྔོན་མ་བྱུང་བའི་ཡུལ་
ལྷའི་ཡུལ་དང་། རིན་པོ་ཆེ་དང་། གཡོག་འཁོར་ཤིན་ཏུ་བཟང་པོ་ལ་སོགས་པ་སྤྲུལ་ཏེ་ཉེ་བར་སྤྱོད་པ་ལ་ནི་ཐམས་ཅད་ལས་ཞེས་བྱ་བ་ནི་ལས་ལ་སོགས་པའི་དངོས་པོ་ཐ་ན་ལས་སྔོན་མ་བྱུང་བའི་ལྷའི་ཡུལ་དང་། ལྷའི་རིན་པོ་ཆེ་དང་། ལྷའི་བདེ་བ་དང་། ཡིད་བདེ་བ་སྐྱེད་
པར་བྱེད་པའི་རིག་འཛིན་ལྟ་བུའི་བསྙེན་བཀུར་བ་མཐའ་ཡས་པ་དག་སྤྲུལ་ནས། དེ་རྣམས་ལ་ཉེ་བར་ལོངས་སྤྱོད་ཅིང་ཀུན་དུ་ཡོངས་སྤྱོད་པར་འགྱུར་བ་དེ་ཕྱག་རྒྱ་གང་གིས་འགྱུར་ཞེ་ན། དང་པོའི་རྡོ་རྗེ་སྤྲུལ་པས་སོ། །ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེའི་རྡོ་རྗེ་དབུས་མ་ཐམས་
ཅད་དུ་བསྐོར་ལ་ཡིད་ཀྱིས་དེ་དག་སྤྲུལ་པར་བྱས་ཏེ། འདི་ནི་དང་པོའི་རྡོ་རྗེ་སྤྲུལ་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དེ་བཞིན་དུ་དང་པོའི་རྡོ་རྗེ་བཅིངས་པ་སྟེ། སྔགས་ཟློས་ཤིང་དང་པོའི་རྡོ་རྗེའི་རྡོ་རྗེ་དབུས་མ་སྔོན་མ་བྱུང་
བའི་ལྷའི་ཡུལ་སྤྲུལ་པའི་བསམ་པས་ཐམས་ཅད་བསྐོར་བར་བྱས་ཏེ་དེ་ལྟ་བུས་ནི་ལྷའི་ཡུལ་སྤྲུལ་པར་འགྱུར་རོ། །རིན་པོ་ཆེ་མངོན་པར་སྤྲུལ་པའི་བསམ་པས་ནི་ལྷའི་རིན་པོ་ཆེ་སྤྲུལ་པར་འགྱུར་རོ། །ལྷའི་དཀྱིལ་འཁོར་གྱི་དབང་བསྐུར་བ་བཟང་པོ་མངོན་པར་སྤྲུལ་པའི་བསམ་

པས་ནི་གཡོག་འཁོར་ཤིན་ཏུ་བཟང་པོ་སྤྲུལ་པར་འགྱུར་རོ། །ལྷའི་ཡུལ་ལ་སོགས་པ་ཇི་ལྟར་སྤྲུལ་པ་ཡོངས་སུ་ལོངས་སྤྱོད་པའི་བསམ་པས་ཐམས་ཅད་དུ་བསྐོར་ན་ལྷའི་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་འབྱུང་བར་འགྱུར་རོ། །སྐད་ཅིག་གཅིག་གིས་ས་གཞི་
ཐམས་ཅད་ལས་འབྲུ་ལ་སོགས་པ་སྨིན་པར་བསྐྱེད་པ་དང་། ཆུའི་ཕུང་པོ་ཆེན་པོ་དབྱུང་བ་དང་། སྣང་བ་ཆེན་པོ་བསྐྱེད་པ་དང་། རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་སླའོ། །དེ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་གིས་སོ་ཞེས་བྱ་བ་
གསུངས་ཏེ། དང་པོའི་རྡོ་རྗེ་རྩེ་མོ་དབུས་མ་ལ་ཁྲོ་བོ་འབར་བའི་ལྟ་བ་གཡོ་བས་མིག་མི་འཛུམས་པར་བལྟ་ཞིང་ལས་འདི་དག་སྒྲུབ་པར་བྱེད་པས་ན། འདི་ནི་དང་པོའི་རྡོ་རྗེ་དབང་ཕྱུག་གོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དང་
པོའི་རྡོ་རྗེའི་རྡོ་རྗེ་དབུས་མས་ཇི་ལྟར་མངོན་པར་འདོད་པའི་འབྲུ་ལ་སོགས་པ་ས་གཞི་ལས་བསྐྱེད་པའི་ཚུལ་དུ་བྱ་ཞིང་མིག་མི་འཛུམས་པར་བལྟས་ན་དེ་ལྟ་བུས་ནི་སྤྲུལ་པར་འགྱུར་རོ། །དེ་ཉིད་ཀྱིས་ཆུ་མེད་པའི་ཕྱོགས་སུ་ཆུའི་ཕུང་པོ་བསྐྱེད་པའི་ཚུལ་དུ་བྱ་ཞིང་མིག་མི་འཛུམས་པར་བལྟས་
ལ་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་ཆུའི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ཉིད་ཀྱིས་མུན་པར་སྣང་བ་ཆེན་པོ་བསྐྱེད་པའི་ཚུལ་དུ་བྱ་ཞིང་འབར་བའི་ལྟ་བས་བལྟ་བཞིན་དུ་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་མུན་པར་སྣང་བ་ཆེན་པོ་འབྱུང་བར་འགྱུར་རོ། །གཡོ་བའི་ལྟ་བས་
བལྟ་ཞིང་འདི་ཉིད་ཀྱིས་ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་རང་དབང་དུ་བྱ་བའི་ཚུལ་དུ་བྱས་ཏེ་དེ་ལྟ་བུས་ནི་དབང་དུ་འགྱུར་རོ། །རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བཟའ་བ་དང་བཏུང་བ་དང་ཞེས་བྱ་བ་ནི་གོ་བར་ཟད་དོ། །རྩེར་གཞུག་པ་ནི་དགའ་ཞིང་རོལ་པའོ། །ལས་
ཐམས་ཅད་ལ་སྦྱོར་བ་ནི་གོ་སླའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་དོན་ཡོད་པའི། །ཐམས་ཅད་དབང་དུ་བྱེད་པས་སོ། །ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ལ་དེའི་རྡོ་རྗེ་དབུས་མ་ལས་གྲུབ་པའི་ཚུལ་དུ་བྱས་ལ་ལྡང་བ་དང་། བཏུང་བ་དང་ལུས་བསྐྱོད་པའི་ཚུལ་དང་། མགོ་

བོས་བཀའ་བསྒོ་བའི་ཚུལ་དུ་བྱས་པ་འདི་ནི་དང་པོའི་རྡོ་རྗེ་དོན་ཡོད་པའི་ཐམས་ཅད་དབང་དུ་བྱས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དེ་བཞིན་དུ་དང་པོའི་རྡོ་རྗེ་བཅིངས་ནས་དེའི་དབུས་མའི་རྡོ་རྗེས་སྲིན་པོ་ལ་སོགས་པ་ཟ་བ་ལྟར་བྱེད་ཅིང་བཟླས་བརྗོད་བྱས་ཏེ་དེ་
ལྟ་བུས་ནི་ཐམས་ཅད་ཟོས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་དབུས་མའི་རྡོ་རྗེས་རྒྱ་མཚོ་ཆེན་པོ་བཏུང་བའི་ཚུལ་དུ་བྱ་ཞིང་བཟླས་བརྗོད་བྱས་ནས་དེ་ལྟ་བུས་ནི་ཐམས་ཅད་འཐུང་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་དབུས་མ་དེས་གནོད་སྦྱིན་མོ་ལ་སོགས་པ་དང་རྩེད་
མོའི་ཚུལ་དུ་བྱས་ལ། ཡང་དག་པའི་སྦྱོར་བས་བསྒོམས་ནས་དེ་ལྟ་བུས་ནི་ཐམས་ཅད་རྩེ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། དང་པོའི་རྡོ་རྗེ་དབུས་མས་ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་དང་། མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་ངེས་པར་སྦྱོར་བའི་ཚུལ་དུ་བྱེད་ཅིང་
རང་གི་མགོ་བོས་ལུང་བསྒོ་བའི་ཚུལ་དུ་བྱེད་ཅིང་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་རོ། །དངོས་པོ་ཐམས་ཅད་ལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་འཛིན་པ་དང་། རྡོ་རྗེ་ལ་སོགས་པ་ཐམས་ཅད་མཐོང་བ་ལ་
ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་བསྙེམས་པས་སོ། །ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ལ། དེ་བཞིན་གཤེགས་པ་ལ་
སོགས་པ་རྗེས་སུ་དྲན་པ་བསྒོམ་ཞིང་ཐམས་ཅད་དུ་བསྐོར་བ་འདི་ནི་དང་པོའི་རྡོ་རྗེ་བསྙེམས་པ་ཐམས་ཅད་དོ། །དེ་ཡང་ཐམས་ཅད་རྗེས་སུ་དྲན་ཞིང་ཐམས་ཅད་དུ་བསྐོར་བར་བྱའོ་ཞེས་བཤད་པ་ཡིན་ནོ། །འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་
བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་ཞིང་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་

འགྱུར་རོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་དྲན་པས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་ངོ་། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རྡོ་རྗེ་འཛིན་པ་ཐམས་ཅད་རྗེས་སུ་དྲན་པས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྡོ་རྗེ་འཛིན་པ་
ཐམས་ཅད་མཐོང་ངོ་། །དང་པོའི་རྡོ་རྗེ་ལ་སོགས་པ་མཚན་མ་ཐམས་ཅད་རྗེས་སུ་དྲན་པས་ནི་དང་པོའི་རྡོ་རྗེ་ལ་སོགས་པ་རྡོ་རྗེ་ཐམས་ཅད་མཐོང་བར་འགྱུར་རོ། །རང་ཞེས་བྱ་བའི་བདག་ཉིད་དོ། །དེ་གང་གིས་ཤེ་ན། བདག་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་པོའིའོ། །དེ་ཅི་ཞིག་ཅེ་ན། རྡོ་རྗེ་
སེམས་དཔའ་ལ་སོགས་པའི་གཟུགས་ཐམས་ཅད་སྟོན་པ་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བའོ། །དེ་གྲུབ་པ་ནི་རྫོགས་པའོ། །ཤིན་ཏུ་ཕྲ་བ་དང་། སྦོམ་པ་དང་། དུ་མར་སྟོན་པ་ཞེས་བྱ་བ་ལ་རབ་ཏུ་ཕྲ་བ་ནི་ཤིན་ཏུ་ཕྲ་བ་སྟེ། རྡུལ་ཕྲ་རབ་ལ་སོགས་པའི་ཚུལ་ལོ། །ཤིན་ཏུ་ཕྲ་བ་དེ་རི་
རབ་ལ་སོགས་པའི་ཚུལ་དུ་བྱིན་གྱིས་རློབ་པ་ནི་བརྩོན་པའོ། །ནམ་མཁའ་ཐམས་ཅད་ཁྱབ་པའི་གཟུགས་སྣ་ཚོགས་སྟོན་པའི་བྱིན་གྱིས་བརླབས་པ་ནི་དུ་མ་སྟེ། འདི་ཐམས་ཅད་ཀྱིས་ཉེ་བར་སྟོན་པ་དམིགས་པར་འགྱུར་བ་ནི་སྟོན་པའོ། །འདི་དག་ནི་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་
རྗེའི་གཟུགས་སྣ་ཚོགས་པས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་མཐེའུ་ཆུང་དང་། མཐེ་བོང་དང་། གུང་མོའི་རྡོ་རྗེ་བཞི་སྙིང་གར་གཞག་པར་བྱས་ཏེ། འདི་ནི་དང་པོའི་རྡོ་རྗེ་སྣ་ཚོགས་གཟུགས་ཅན་ཡིན་ནོ། །འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་
དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། མཐེའུ་ཆུང་གཉིས་གཤིབས་པའི་རྩེ་མོ་གུང་མོ་གཉིས་གཤིབས་པའི་རྩེ་མོ་དང་སྦྱར་ལ་སྙིང་གར་བཞག་སྟེ། བདག་ཉིད་ཀྱི་ལུས་ལས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པ་བསྒྲུབ་པའི་བསམ་པས་དེ་བཞིན་དུ་བཟླས་བརྗོད་བྱས་ཏེ། དེ་
ལྟ་བུས་ནི་དེ་གྲུབ་པར་འགྱུར་རོ། །མི་སྣང་བའི་བསམ་པས་བཟླས་ན་མི་སྣང་བ་གྲུབ་པར་འགྱུར་རོ། །ནམ་མཁའ་ལ་འགྲོ་བ་བསྒོམ་པས་ནི་ནམ་མཁའ་ལ་འགྲོ་བར་གྲུབ་བོ། །ཤིན་ཏུ་ཕྲ་བ་དང་སྦོམ་པོ་དང་། དུ་མར་སྟོན་པ་བསྒོམ་པས་ནི་ཤིན་ཏུ་ཕྲ་བ་དང་། སྦོམ་པ་དང་དུ་མར་སྟོན་

པར་འགྱུར་རོ། །ཁམས་གསུམ་གྱི་བདག་པོ་ཐམས་ཅད་དབབ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི་གོ་བར་ཟད་དོ། །འདི་དག་ཐམས་ཅད་ནི་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་ཧཱུཾ་མཛད་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་
བཅིངས་ལ་མཛུབ་མོ་གཉིས་ཧཱུཾ་མཛད་དང་བཅས་པ་ལྟ་བུར་བྱས་ཏེ། འདི་ནི་དང་པོའི་རྡོ་རྗེ་ཧཱུཾ་མཛད་དོ། །འདིས་ནི་འདི་སྐད་སྟོན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། མཛུབ་མོ་གཉིས་སོ་སོར་བསྒྲེང་བ་གྱེན་དུ་བཏེག་སྟེ། ཁམས་གསུམ་པའི་
བདག་པོ་ཐམས་ཅད་དབབ་པའི་བསམ་པས་འོག་ཏུ་བསྒྱེལ་ལ། ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཧཱུཾ་ཞེས་བཟླས་ན་དེ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ཟློས་ཤིང་མཛུབ་མོ་གཉིས་པོ་དེས་ཁམས་གསུམ་གྱི་བདག་པོ་ཐམས་ཅད་དབང་དུ་བྱས་པའི་བསམ་པས་སྡིགས་མཛུབ་བྱས་ནས། དེ་ལྟ་
བུས་ནི་དེ་འགྲུབ་པར་འགྱུར་རོ། །མཛུབ་མོ་གཉིས་པོ་དེ་ཉིད་ཀྱིས་ཁམས་གསུམ་གྱི་བདག་པོ་ཐམས་ཅད་བཅིང་བའི་བསམ་པས་ནི་དེ་རྣམས་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་འགྱུར་རོ། །མཛུབ་མོ་གཉིས་པོ་དེ་ཉིད་ཀྱིས་ཁམས་གསུམ་གྱི་བདག་པོ་ཐམས་ཅད་ལ་ངེས་པར་སྦྱོར་བའི་
བསམ་པས་དེ་ལ་སྡིགས་མཛུབ་བྱས་ནས། དེ་ལྟ་བུས་ནི་དེ་མངོན་པར་འདོད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ལྷ་ཐམས་ཅད་དབབ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱོར་བ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་དག་ཇི་ལྟར་
འགྱུར་ཞེ་ན། དང་པོའི་རྡོ་རྗེའི་ལྷའི་བདག་པོས་ཞེས་བྱ་བ་སྨོས་ཏེ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་དཔྲལ་བའི་ཐད་ཀར་མིག་ལྟ་བུའི་ཚུལ་དུ་བྱས་པ་ནི་དང་པོ་ལྷའི་བདག་པོའི་ཕྱག་རྒྱའི་བདག་པོའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དེ་
བཞིན་དུ་དང་པོའི་རྡོ་རྗེ་བཅིངས་ཏེ། ལྷ་ཐམས་ཅད་དབབ་པའི་བསམ་པས། དབུས་མའི་རྡོ་རྗེས་དཔྲལ་བར་ཕྲེད་དུ་མིག་གི་ཚུལ་དུ་བྱས་ན་འདིར་འགྱུར་རོ། །དེ་བཞིན་དུ་ལྷ་ཐམས་ཅད་བཅིང་བའི་བསམ་པས་མིག་གི་ཚུལ་དུ་བྱས་ན་དེ་ལྟ་བུས་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་འགྱུར་

རོ། །དེ་བཞིན་དུ་ལྷ་ཐམས་ཅད་དབང་དུ་བྱ་བའི་བསམ་པས་མིག་གི་ཚུལ་དུ་བྱས་ལ་བཟླས་བརྗོད་བྱས་ནས་དེ་ལྟ་བུས་ནི་དབང་དུ་འགྱུར་རོ། །དེ་བཞིན་དུ་ལྷ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་སྦྱོར་བའི་བསམ་པས་མིག་གི་ཚུལ་དུ་བྱས་ལ་བཟླས་བརྗོད་བྱས་ན་ལྷ་ཐམས་
ཅད་ལས་ཐམས་ཅད་ལ་སྦྱར་བར་འགྱུར་རོ། །ཀླུ་ཐམས་ཅད་གནོད་པ་དང་། འདུལ་བ་དང་དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་དང་སྐྲག་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་འབར་བའི་རྡོ་རྗེས་སོ་ཞེས་བྱ་བ་གསུངས་
ཏེ། དང་པོའི་རྡོ་རྗེ་རང་གི་སྙིང་གར་བཅིངས་ལ་བསྐྱོད་ཅིང་འཛུམ་པའི་ལྟ་བས་འོག་ཏུ་བལྟ་ཞིང་ཧ་ཧཱུཾ་ཧོ་དྷྲྀ་ཞེས་བྱ་བ་ཟློས་པ་འདི་དང་པོའི་རྡོ་རྗེ་འབར་བའི་རྡོ་རྗེའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དེ་བཞིན་དུ་དང་པོའི་རྡོ་རྗེ་རང་གི་སྙིང་གར་
བཅིངས་ཏེ། བསྐྱོད་ཅིང་འཛུམ་པའི་ལྟ་བས་འོག་ཏུ་བལྟ་ཞིང་ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཧ་ཞེས་ཟློས་ཤིང་འོད་ཟེར་འབར་བས་ཀུན་འཁྲུགས་པའི་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོས་ཀླུ་རྣམས་ཀུན་དུ་དྲངས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད་དབང་དུ་འགྱུར་རོ། །ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་
ཞེས་བྱ་བ་ཟློས་ཤིང་ཀླུ་ལ་བལྟ་བར་བྱས་ཏེ། དེ་ལྟ་བུས་ནི་དགུག་པར་འགྱུར་བའི་ཀླུ་ཐམས་ཅད་འདུལ་བར་འགྱུར་རོ། །ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཧོ་ཞེས་བྱ་བས་དགུག་པའི་ལྟ་བས་བཀུག་པར་བལྟ་ཞིང་བཟླས་པར་བྱས་ཏེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད་དབང་དུ་འགྱུར་རོ། །དེ་བཞིན་དུ་
བཀུག་པའི་ཀླུ་ལ་བལྟ་ཞིང་ལས་ཐམས་ཅད་ལ་ངེས་པར་སྦྱར་བའི་བསམ་པས་ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་དྷྲྀ་ཞེས་བྱ་བ་བཟླས་པར་བྱས་ཏེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད་ལས་ཐམས་ཅད་ལ་སྦྱོར་བར་འགྱུར་རོ། །གནོད་སྦྱིན་ལ་སོགས་པ་ཐམས་ཅད་དགུག་པ་དང་དབང་དུ་བྱ་བ་དང་། ལས་ཐམས་
ཅད་ལ་ངེས་པར་སྦྱར་བ་དང་། སྐྲག་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་གདོན་འདུལ་བས་སོ་ཞེས་བྱ་བ་གསུངས་ཏེ། ས་ལ་གནོད་སྦྱིན་ལ་སོགས་པའི་གཟུགས་བྲིས་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་

ནས་དང་པོའི་རྡོ་རྗེ་སྔ་མ་བཞིན་དུ་བཅིངས་ལ་གནོད་སྦྱིན་ལ་སོགས་པ་དེའི་གདོང་ལ་དབུས་མའི་རྡོ་རྗེ་བཞག་སྟེ། དེའི་འབར་བའི་ལྕགས་ཀྱུས་གནོད་སྦྱིན་ལ་སོགས་པ་དགུག་པར་བྱ་ཞིང་དེ་བཞིན་དུ་དེ་རྣམས་ལ་སྔར་བཤད་པའི་གཡོ་ཞིང་འབར་བའི་ལྟ་བས་བལྟས་ན་འགུགས་པར་འགྱུར་
རོ། །དབང་དུ་བྱ་བའི་བསམ་པས་བཞག་ལ་བཟླས་ན་དེ་ལྟ་བུས་ནི་དབང་དུ་འགྱུར་རོ། །བཅིང་བའི་བསམ་པས་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་འགྱུར་རོ། །ལས་ཐམས་ཅད་ལ་ངེས་པར་སྦྱོར་བའི་བསམ་པས་བཟླས་ན་དེ་ལྟ་བུས་ནི་གནོད་སྦྱིན་ལ་སོགས་པ་ཐམས་ཅད་ལས་ཐམས་
ཅད་ལ་ངེས་པར་སྦྱར་བར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་བརྟག་པ་དང་། འཇུག་པ་དང་། མཆོད་པ་དང་། སྒྲུབ་པ་ལ་ནི་ཞེས་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་བརྟག་པ་ནི་རས་དང་། རྩིག་པ་དང་། ནམ་མཁའ་ལ་སོགས་པའི་གནས་ཐམས་ཅད་དུ་སྤྲུལ་པའོ། །
ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པ་ནི་འཇུག་པའོ། །མེ་ཏོག་ལ་སོགས་པའི་ཕྱི་རོལ་གྱི་ཡོ་བྱད་ཀྱི་ཚུལ་རྣམས་དང་རྡོ་རྗེ་མཚོན་ཆ་མ་ལ་སོགས་པས་དཀྱིལ་འཁོར་ཐམས་ཅད་མཆོད་པ་ནི་མཆོད་པའོ། །དཀྱིལ་འཁོར་དེ་རྣམས་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པས་རང་གི་དབང་དུ་
བྱས་པ་ནི་བསྒྲུབ་པའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་འཁོར་ལོས་སོ། །ཞེས་བྱ་བ་གསུངས་ཏེ། དང་པོའི་དབུས་མའི་རྡོ་རྗེ་རྩེ་མོ་ཐུར་དུ་ས་གཞི་ལ་གཟུགས་པས་ནི་བརྟག་པར་འགྱུར་རོ། །ཁའི་དབུས་སུ་བཞག་པས་ནི་ཞུགས་པར་འགྱུར་རོ། །ཕྱག་བྱས་པས་ནི་
མཆོད་པར་འགྱུར་རོ། །སྙིང་གར་བཞག་པས་ནི་བསྒྲུབས་པར་གྱུར་པ་འདི་ནི་དང་པོའི་རྡོ་རྗེ་འཁོར་ལོའི་མཚན་ཉིད་དོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ཏེ། དེའི་རྩེ་མོ་དབུས་མའི་དཀྱིལ་འཁོར་སྤྲུལ་པའི་བསམ་
པས་ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་ཟློས་ཤིང་ས་ལ་བཞག་ན་དེ་ལྟ་བུས་ནི་དཀྱིལ་འཁོར་སྤྲུལ་པར་འགྱུར་རོ། །ཁར་བཞག་སྟེ་བཟླས་ནས་དེ་ལྟ་བུས་ནི་དཀྱིལ་འཁོར་དུ་འཇུག་པར་འགྱུར་རོ། །དེའི་རྩེ་མོ་དབུས་མ་བཏུད་དེ་ཕྱག་བྱས་ན་དེ་ལྟ་བུས་ནི་དཀྱིལ་འཁོར་མཆོད་པར་འགྱུར་རོ། །དེའི་རྩེ་མོ་

དབུས་མ་སྙིང་གར་བཞག་སྟེ་བཟླས་ན་དཀྱིལ་འཁོར་བསྒྲུབས་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་དགུག་པ་དང་། བཅིང་བ་དང་། བརྟན་པར་བྱ་བ་དང་། བསྒྲུབ་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཐམས་ཅད་དོ། །དེ་
རྣམས་སྤྱན་དྲང་བ་ནི་དགུག་པའོ། །དེ་རྣམས་ཉིད་ཀྱི་དམ་ཚིག་གིས་བཅིངས་པས་ནི་བཅིངས་པའོ། །སྒྲུབ་པ་པོའི་འདོད་པ་རྫོགས་པར་བྱ་བ་ལ་དེ་རྣམས་ཉིད་ཀྱི་ཐུགས་རྩེ་གཅིག་པ་ཉིད་དུ་འགྱུར་བ་ནི་བརྟན་པའོ། །དེས་དབང་དུ་བྱ་བ་ནི་སྒྲུབ་པ་པོ་འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན།
དང་པོའི་རྡོ་རྗེའི་ཕྱག་རྒྱ་བསྒྲུབས་པས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་ཕྱག་རྒྱ་བཅིངས་མོད་ལ་སོར་མོ་ཐམས་ཅད་དྲང་བ་ལས་ཡིད་ལ་བྱ་བ་ནི་དང་པོའི་རྡོ་རྗེ་སྒྲུབ་པའི་མཚན་ཉིད་དོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་བ་སྟེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ།
དང་པོའི་རྡོ་རྗེ་བཅིངས་ཏེ། རིགས་ཀྱི་ལྷ་ཐམས་ཅད་ཀྱི་དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་དགུག་པའི་བསམ་པས། རང་གི་སྙིང་གར་རྡོ་རྗེ་བསྡམས་པ་དྲལ་བའི་ཚུལ་དུ་མོས་ལ་སོར་མོ་ཐམས་ཅད་དྲལ་བར་བྱ་སྟེ། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་དགུག་པར་འགྱུར་རོ། །བཅིང་
བའི་བསམ་པས་ནི་ཕྱག་རྒྱ་ཐམས་ཅད་བཅིང་བར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་བརྟན་པར་བྱ་བའི་བསམ་པས་ནི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་ནི་ཡེ་ཤེས་སེམས་དཔའོ། །དེ་རྣམས་དགུག་པ་ནི་སྤྱན་དྲང་བའོ། །དེ་རྣམས་གཞུག་པ་ནི་རང་གི་ལུས་
སམ་རས་རིས་ལ་སོགས་པ་ལ་གཞུག་པའོ། །དེ་རྣམས་ཉིད་བཅིང་བ་ནི་རང་གི་ལུས་ལ་སོགས་པ་ལ་བརྟན་པར་བྱའོ། །དེ་རྣམས་ཉིད་གྲུབ་པ་ནི་ལུས་ལ་སོགས་པ་ལ་རང་དབང་དུ་བྱ་བའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་དམ་ཚིག་གི་མཆོག་གིས་སོ་ཞེས་
བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་ཛཿཧཱུཾ་བཾ་ཧོཿཞེས་ཟློས་པ་འདི་ནི་དང་པོའི་རྡོ་རྗེ་དམ་ཚིག་གི་མཆོག་གོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་བྱས་ལ། ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ལ་རང་གི་དམ་ཚིག་གི་ཕྱག་རྒྱས་

ཇི་ལྟ་བ་བཞིན་དུ་བལྟ་བ་བྱས་ལ་དང་པོའི་རྡོ་རྗེ་དེ་ཛཿཧཱུཾ་བཾ་ཧོཿཟློས་ཤིང་རང་གི་ལུས་ལ་དཀྱིལ་འཁོར་ལ་སོགས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །ལས་ཐམས་ཅད་རབ་ཏུ་བསྒྲུབ་པ་དང་། རྣམ་པར་མི་འཇིག་པར་བྱ་བ་དང་། བརྟན་པར་བྱ་བ་དང་། གྲགས་
པ་ཆེན་པོ་རབ་ཏུ་བསྒྲགས་པ་ནི་ཞེས་བྱ་བ་ནི་ཐམས་ཅད་ཀྱང་ཡིན་ལ་ལས་ཀྱང་ཡིན་པས་ན་ལས་ཐམས་ཅད་དེ། ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་སོགས་པའོ། །དེ་རྣམས་བསྒྲུབ་པ་ནི་རང་དབང་དུ་བྱ་བ་རྫོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རང་དབང་དུ་བྱ་བ་རྣམས་ཕྱི་མའི་
མཐར་ཐུག་པ་མེད་པའི་བར་དུ་བརྟན་པར་བྱ་བ་ནི་རྣམ་པར་མི་འཇིག་པར་བྱ་བའོ། །སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་རྣམས་ཀྱིས་མི་ཤིགས་པར་བྱ་བ་ནི་བརྟན་པར་བྱ་བའོ། །ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་སོགས་པས་རྣལ་འབྱོར་པ་ཆེ་གེ་མོ་ཞིག་སེམས་ཅན་གྱི་དོན་
བྱེད་དེ་ཞེས་ཕྱོགས་བཅུར་སྒྲ་གྲག་པར་འགྱུར་བ་ནི་གྲགས་པ་ཆེན་པོ་བསྒྲགས་པའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་ལས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེའི་རྡོ་རྗེ་དབུས་མའི་ཕྱི་རོལ་གྱི་སྤྱི་བོ་དང་། སྙིང་ག་དང་། ཁ་དང་། ཕྱོགས་
ཐམས་ཅད་དུ་བསྐོར་བ་ནི་འདིའི་མཚན་ཉིད་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། དེའི་རྩེ་མོ་དབུས་མ་ཕྱིར་བསྟན་ཏེ། སྤྱི་བོར་གཞག་པར་བྱས་ཏེ་དེ་ལྟ་བུས་ནི་ལས་ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར་རོ། །
སྙིང་གར་བཞག་ན་ལས་ཐམས་ཅད་རྣམ་པར་མི་འཇིག་པར་འགྱུར་རོ། །ཁར་བཞག་ན་དེ་ལྟ་བུས་ནི་ལས་ཐམས་ཅད་བརྟན་པར་འགྱུར་རོ། །ཕྱོགས་ཐམས་ཅད་དུ་བསྐོར་ན་གྲགས་པ་ཆེན་པོ་རབ་ཏུ་སྒྲོགས་པར་འགྱུར་རོ། །རྡོ་རྗེ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་།
དབང་དུ་བྱ་བ་བསྒྲུབ་པ་ནི་དང་པོའི་རྡོ་རྗེས་སོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། རྡོ་རྗེ་ཁྲོ་བོའི་རྡོ་རྗེ་དང་། པདྨའི་རིགས་དང་། རྡོ་རྗེ་རིན་ཆེན་ཏེ། རིགས་ཐམས་ཅད་ཀྱི་མཚན་མ་ནི་རྡོ་རྗེ་ཐམས་ཅད་དོ། །དེ་རྣམས་དགུག་པ་ལ་སོགས་པ་ནི་ཇི་སྐད་བཤད་

པ་བྱེད་པར་འདོད་པས་རང་གི་སྙིང་གར་དང་པོའི་རྡོ་རྗེ་བཅིངས་ལ་རང་གི་སྙིང་གར་བཞག་སྟེ། རང་གི་བདག་ཉིད་རྡོ་རྗེ་བསྒོམ་པ་ནི་དང་པོའི་རྡོ་རྗེའི་མཚན་ཉིད་དོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་ཐམས་ཅད་བྱས་ནས་ཇི་སྐད་དུ་བཤད་པའི་ཚུལ་གྱིས་དང་པོའི་རྡོ་རྗེ་
བཅིངས་ལ། ཨ་ནུ་རཱ་ག་ཡཱ་མི་ཧཱུཾ། ཞེས་ཟློས་ཤིང་དང་པོའི་རྡོ་རྗེར་བདག་ཉིད་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་ཐམས་ཅད་དགུག་པ་ལ་སོགས་པར་འགྱུར་རོ། །སེམས་དཔའ་ཆེན་པོ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བསྒྲུབ་པ་ལ་ནི་དང་པོའི་རྡོ་
རྗེ་སེམས་དཔས་སོ་ཞེས་བྱ་བ་ནི་སེམས་དཔའ་ཆེན་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་དཔའ་ཆེན་པོ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་བསྐལ་པ་བཟང་པོའི་མཐར་ཐུག་པ་རྣམས་སོ། །དེ་རྣམས་དགུག་པ་ལ་སོགས་པ་ནི་གོ་བར་ཟད་དོ། །འདི་དག་
ཐམས་ཅད་ནི་དང་པོའི་རྡོ་རྗེ་སེམས་དཔར་གྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་རང་གི་བྱང་ཆུབ་སེམས་དཔའ་བསྒོམ་པ་ནི་འདིའི་མཚན་ཉིད་ཡིན་ཏེ། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དང་པོའི་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། ཨ་ནུ་རཱ་ག་ཡཱ་
མི་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའ་བདག་ཉིད་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཉིད་དུ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དེ་དག་ཐམས་ཅད་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་
བསྒྲུབ་པ་ལ་ནི་ཞེས་བྱ་བ་ནི་གོ་སླའོ། །འདི་དག་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེའི་དེ་བཞིན་གཤེགས་པས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་རང་གི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པ་ནི་འདིའི་མཚན་ཉིད་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་
བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བཅིངས་ལ་སྔ་མ་བཞིན་དུ་ཟློས་ཤིང་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དམ། མི་བསྐྱོད་པ་ལ་སོགས་པར་བདག་ཉིད་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་ལ་

སོགས་པར་འགྱུར་རོ། །རྡོ་རྗེ་འཛིན་པ་ཆེན་པོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལ་ནི་ཞེས་བྱ་བ་ལ་རྡོ་རྗེ་འཛིན་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དོ། །དེ་དགུག་པ་ལ་སོགས་པ་ལ་ནི་གོ་བར་ཟད་དོ། །དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་
འཛིན་པས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་ཉིད་དང་པོའི་རྡོ་རྗེ་འཛིན་པ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོར་རང་ཉིད་རྗེས་སུ་དྲན་པ་བསྒོམ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ་ཨ་ནུ་རཱ་ག་ཡཱ་མི་
ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་འཛིན་པ་ཆེན་པོར་བདག་ཉིད་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་འཛིན་པ་ཆེན་པོ་རྣལ་འབྱོར་པ་རང་གི་ལུས་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བར་འགྱུར་རོ། །ཡང་གསུངས་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །འདི་ལས་སྒྲུབ་པ་
ཐམས་ཅད་ལ་ཡི་གེ་ཧཱུཾ་གིས་རང་གི་ཕྱག་རྒྱ་བཅིངས་ལ་ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་བཟླ་བར་བྱའོ། །དེ་ལྟར་ཕྱག་རྒྱ་བཞི་ཚོམས་ཀྱི་ཚུལ་གྱིས་ལས་བརྒྱ་བཅུ་གཉིས་སུ་གསུངས་ཏེ། ད་ནི་དེ་ནས་དང་པོའི་སྙིང་པོ་མ་གྲུབ་པའོ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ལྔ་ཚོམས་ཀྱི་ཚུལ་གྱིས་གར་
ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་ལས་བརྒྱ་པ་བསྒྲུབ་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་སྟོན་པའི་ཚིག་ཡིན་ཏེ། གང་གི་ཚེ་རྣལ་འབྱོར་པས་ཇི་སྐད་དུ་བཤད་པའི་སྒྲུབ་པས་ཧཱུཾ་ཞེས་བྱ་བའི་སྙིང་པོས་མངོན་པར་འདོད་པའི་དངོས་གྲུབ་མ་བསྒྲུབས་ཤིང་རང་དབང་དུ་མ་བྱས་
པ་དེའི་ཚེ་ནི་མ་བསྒྲུབས་པར་གྱུར་པ་ཡིན་ཏེ། མ་བསྒྲུབས་པ་ནི་དང་པོའི་སྙིང་པོ་ཡི་གེ་ཧཱུཾ་དེ་ཐམས་ཅད་དེ། ལྷག་མ་མ་ལུས་པ་དང་། དོན་ཡོད་པ་སྟེ། འབྲས་བུ་ཡོད་པ་ཡིན་ལ་དེ་ཉིད་ནི་ཐོགས་པ་མེད་པའོ། །ལས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ལས་ཐམས་ཅད་དེ། ཐམས་
ཅད་ཤིན་དུ་བསྲུང་བ་ལ་སོགས་པ་ལས་རྣམ་པ་བརྒྱའོ། །དེ་རྣམས་ཀྱི་རབ་འབྱམ་ནི་རྒྱུན་ཏེ། དེ་སྐད་ཅིག་གིས་བསྒྲུབས་པ་ནི་སྐད་ཅིག་རང་དབང་དུ་བྱ་བའོ། །དེ་ཐམས་ཅད་རྗེས་སུ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་ཐམས་ཅད་ཀྱི་སྣ་ཚོགས་ཕྲིན་ལས་རྡོ་རྗེ་འཆང་ཆེན་པོས་

གསུངས་སོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔས་བཀའ་སྩལ་པའོ། །དོན་ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །ལས་ཀྱི་རྒྱུན་དེ་དག་ཀྱང་གང་ཞེ་ན། དངོས་གྲུབ་སྐད་ཅིག་གིས་གྲུབ་ཅེས་གསུངས་པ་དང་། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་
པ་ཡིན་ཏེ། འདི་ལྟར་ཞེས་བྱ་བ་ཉེ་བར་སྟོན་པའི་ཚིག་ཡིན་ནོ། །ཐམས་ཅད་ཤིན་ཏུ་བསྲུང་བ་དང་། ཡོངས་སུ་སྐྱོང་བ་དང་། ཞི་བ་དང་། བདེ་ལེགས་སུ་བྱ་བ་དང་། ཚེ་མངོན་པར་འཕེལ་བ་ལ་ནི་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ལྷག་པར་བསྲུང་བ་ནི་ཐམས་ཅད་ཤིན་ཏུ་བསྲུང་བའོ། །
རྒྱལ་སྲིད་ལ་སོགས་པའི་ལོངས་སྤྱོད་ཡོངས་སུ་འཕེལ་བར་བྱ་བ་ནི་སེམས་ཅན་ཡོངས་སུ་བསྐྱང་བ་ཡིན་ཏེ། བདེ་བ་དང་ཡིད་བདེ་བ་ཐམས་ཅད་འབྱིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དུས་མ་ཡིན་པར་འཆི་བ་དང་། ཡམས་དང་ཉེ་བར་འཚེ་བ་ཞི་བར་བྱ་བ་ནི་ཞི་བའོ། །འདི་དག་ཉིད་མ་སྐྱེས་པ་རྣམས་
མི་སྐྱེ་བར་བྱ་བའི་ཕྱིར་ཞི་བའི་ལས་གང་ཞིག་བྱེད་པ་དེ་ནི་བདེ་ལེགས་སོ། །ཚེ་སྲུང་བར་བྱེད་པ་ནི་ཚེ་མངོན་པར་འཕེལ་བའོ། །འདི་དག་ཐམས་ཅད་ཇི་ལྟར་ཞེ་ན། རྡོ་རྗེ་གར་གྱི་རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱིས་སོ་ཞེས་གསུངས་ཏེ། རྡོ་རྗེ་གར་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་གཙུག་ཏོར་
གྱི་ཕྱག་རྒྱས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་སྐུའི་མཆོག་གི་གཙུག་ཏོར་གྱི་ལས་དང་། རྡོ་རྗེ་བསྡམས་པ་བཙིར་བ་དང་། དབུས་མའི་ནོར་བུ་བསྐོར་བ་དང་། སོར་མོ་ཐམས་ཅད་ཀྱི་རྡོ་རྗེ་དང་སོར་མོ་ལྷག་མ་རྣམས་ཀྱི་འོད་ཀྱི་རྡོ་རྗེའོ། །འདིས་ནི་འདི་
སྐད་སྟོན་པར་འགྱུར་ཏེ། སྔ་མ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ནས་གཡོན་པའི་མཐེ་བོའི་སྟེང་དུ་གཡས་པའི་མཐེ་བོང་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་བཞག་པ་འདི་ནི་རྡོ་རྗེ་སྐུའི་མཆོག་གོ། །འདི་སྤྱི་གཙུག་
ཏུ་བཞག་ལ་བཙིར་ཞིང་བསྒྲུབ་པར་བྱ་བའི་སྐྱེས་བུ་ཆེན་པོའི་མཚན་གཙུག་ཏོར་དང་ལྡན་པའི་རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱི་རང་བཞིན་དུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ཤིན་ཏུ་བསྲུང་བར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་ཀྱི་གུང་མོ་སོར་མོ་དབུས་མ་གཉིས་ཀྱིས་རྒྱབ་ཏུ་བཀུག་ལ།

ནོར་བུར་བྱས་པ་བསྒྲུབ་པར་བྱ་བའི་སེམས་ཅན་གྱི་ཁམས་ཐམས་ཅད་དབང་བསྐུར་བ་ཐོབ་པ་ལས་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་རྒྱལ་སྲིད་ལ་རབ་ཏུ་གཞག་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་ཡོངས་སུ་བསྐྱངས་པར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་དེ་གཉིས་བསྐོར་ལ་བསྒྲུབ་
པར་བྱ་བ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བདུད་རྩིའི་ཕྲ་རབ་ཀྱིས་ཡོངས་སུ་བཀང་ལ་རྡོ་རྗེ་སེམས་དཔར་བྱས་ཏེ། དེ་ལྟ་བུས་ནི་ཞི་བར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་ཉིད་ཀྱིས་མཐེ་བོང་གཉིས་གཞིབས་ཏེ་རྩེ་མོར་བྱས་པ་དང་། མཛུབ་མོ་གཉིས་ཀྱི་རྩེ་མོ་དང་། གུང་མོ་གཉིས་ཀྱི་རྩེ་མོ་
དང་། སྲིན་ལག་གཉིས་ཀྱི་རྩེ་མོ་དང་། མཐེའུ་ཆུང་གཉིས་ཀྱི་རྩེ་མོར་བྱས་ལ་བསྒྲུབ་པར་བྱས་པའི་དུས་མ་ཡིན་པའི་འཆི་བ་དང་། ནད་ལ་སོགས་པ་ཟིལ་གྱིས་མནན་ལ་རྡོ་རྗེ་སེམས་དཔར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བདེ་ལེགས་སུ་བྱས་པར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་དེ་ཉིད་བཅིངས་
ལ། སྲིན་ལག་དང་མཐེའུ་ཆུང་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་བཅིངས་ཏེ། འོད་ཀྱི་དཀྱིལ་འཁོར་བྱས་ལ་དཔལ་རྡོ་རྗེ་སེམས་དཔའི་བདུད་རྩིའི་རྒྱུན་གྱིས་བསྒྲུབ་པར་བྱ་བ་ཀུན་བཀང་ལ། རྡོ་རྗེ་སེམས་དཔའ་གྱུར་ནས་རྒ་ཤི་མེད་པར་བསམས་ནས་ཚེ་མངོན་པར་འཕེལ་བར་འགྱུར་རོ། །དཀྱིལ་འཁོར་ཐམས་
ཅད་དང་། མཚམས་དང་། ཕྱོགས་དང་། དམ་ཚིག་དང་། དངོས་གྲུབ་བཅིང་བ་དང་། བསྲུང་བ་ལ་ནི་ཞེས་བྱ་བ་ལ་ནི་དཀྱིལ་འཁོར་ཐམས་ཅད་བཅིང་བ་ནི་ར་བའི་འོག་གི་ཆ་རྡོ་རྗེར་བྱ་བའོ། །མཚམས་བཅིང་བ་ནི་མངོན་པར་འདོད་པའི་སའི་ཆ་ཀུན་ནས་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བའོ། །
ཕྱོགས་བཅིང་བ་ནི་ལྷའི་ཁང་པ་ནང་དུ་བཅུག་པར་བྱས་ནས་ཕྱོགས་བཅུར་རྡོ་རྗེའི་མེ་འབར་བར་བསྐྱེད་དེ། འདི་དག་གིས་དཀྱིལ་འཁོར་ཐམས་ཅད་དང་། མཚམས་དང་། ཕྱོགས་བཅིང་བས་བསྲུང་བ་ནི་དཀྱིལ་འཁོར་གཞན་དག་ཏུ་ཡང་བྱ་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་
སེམས་དཔའ་དང་། ཕྱག་རྒྱ་ཆེན་པོའི་རང་བཞིན་ནམ་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ནི་རྫོགས་པར་འགྱུར་རོ། །ལས་ལྔ་པོ་འདི་དག་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་ཆེན་པོའི་གར་གྱིས་སོ་སོར་འབྲང་བས་སོ་ཞེས་བྱ་བ་

གསུངས་ཏེ། ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་ཕྱོགས་ཀྱི་ཚོགས་གཡས་ནས་ཡོངས་སུ་བསྐོར་བ་དང་། ཁར་བསྐོར་བ་དང་། སྙིང་གར་ཞུགས་ན་འབར་བའི་རྣམ་པར་བྱ་བ་དང་། དམ་ཚིག་ལ་ནི་བཾ་ཞེས་བྱ་བ་དང་། གྲུབ་པ་ལ་ཡང་བཾ་བརྗོད་པར་བྱས་ཏེ། འདི་ནི་འདིའི་མཚན་ཉིད་
ཡིན་ཏེ། འདིས་ནི་འདི་སྐད་སྟོན་པར་འགྱུར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་ཕྱོགས་ཀྱི་ཚོགས་གཡས་ནས་བསྐོར་བའི་ཚུལ་དུ་བྱས་ནས་དཀྱིལ་འཁོར་བཅིང་བར་འགྱུར་རོ། །དེ་ཉིད་ཁར་བསྐོར་ལ་དེས་མཚམས་བཅིང་བའི་ཚུལ་དུ་བྱས་
ཏེ། འདི་ལྟ་བུས་ནི་མཚམས་བཅིང་བར་འགྱུར་རོ། །དེ་ཉིད་རང་གི་སྙིང་གར་བཞུགས་པར་བྱས་ལ་རང་གི་སྙིང་ག་ལས་རྡོ་རྗེ་འབར་བས་ཕྱུང་ལ་དེས་ཕྱོགས་བཅིང་བར་བྱ་ཞིང་། ཕྱག་རྒྱས་ཕྱོགས་བཅིང་བའི་ཚུལ་དུ་བྱས་ན་འདིས་ཕྱོགས་བཅིང་བར་འགྱུར་ཏེ་ཕྱོགས་ཐམས་ཅད་དུ་མེ་འབར་བའི་ར་བ་
བྱས་ཏེ། ཁྲོ་བོ་ཆེན་པོ་འབར་བའི་རྡོ་རྗེ་བཀོད་པར་ཡང་མི་འཇུག་གོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཡི་གེ་བཾ་དང་ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དམ་ཚིག་ལ་རབ་ཏུ་གཞག་པར་འགྱུར་རོ། །ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་
ཉིད་དང་བཾ་ཟློས་ཤིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བསྒྲུབས་ན། དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་འགྱུར་རོ། །ཉིན་གསུམ་པ་དང་ཉིན་བཞི་པ་དང་། སླར་ཟློས་པ་དང་རྟག་པ་དང་། ཁྱབ་འཇུག་གི་རིམས་ཐམས་ཅད་ཅེས་བྱ་བ་ནི་སྨན་དཔྱད་
ཀྱི་གཙུག་ལག་ལས་ཤེས་པར་བྱའོ། །བསལ་བ་ལ་ནི་ཞེས་བྱ་བ་ནི་དེ་རྣམས་ནད་པའི་རྒྱུད་ལས་ངེས་པར་བསལ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱིས་རིམས་ནད་དང་བྲལ་བས་སོ་ཞེས་བྱ་བ་གསུངས་སོ། །འདིའི་མཚན་ཉིད་ནི་འདི་ཡིན་ཏེ། སེམས་མའི་རྡོ་རྗེ་ལྟ་བས་བསལ་བས་ཉིན་
གསུམ་པ་དང་། བཞི་པ་དང་། སླར་ཟློས་པ་དང་། རྟག་པའི་རིམས་སེལ་ཏོ། །ཚད་མེད་པར་བསྐོར་བས་ནི་དམིགས་འབྱེད་མི་ནུས་པ་ཞི་བར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་དབུས་མའི་གུང་མོ་གཉིས་བསྒྲེང་སྟེ། མྱུ་གུར་

བྱས་པའི་སེམས་མ་རྡོ་རྗེ་མ་བཅིངས་ལ། དེས་རིམ་གྱིས་གཟུང་བར་བྱ་ཞིང་། བྱམས་པའི་ལྟ་བས་ཀྱང་བསལ་ལ། བཅོམ་ལྡན་འདས་གཙུག་འཕྱང་གིས་ཀྱང་ནད་པའི་ལུས་ཀྱི་སྤྱི་བོ་ནས་བརྩམས་ཏེ་རྐང་མཐིལ་གྱི་བར་དུ་ཀུན་དུ་གང་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཉིན་གསུམ་པ་དང་།
ཉིན་བཞི་པ་དང་། སླར་ཟློས་པ་དང་། རྟག་པའི་རིམས་དང་བྲལ་བར་འགྱུར་རོ། །ཁྱབ་འཇུག་གི་རིམས་ནི་དཔག་ཏུ་མེད་པར་ཁྱབ་ཅིང་བསྐོར་བས་བྲལ་བར་འགྱུར་རོ། །ལྟུང་བ་ནི་སེམས་ཀྱི་སྡུག་བསྔལ་ལོ། །གནོད་པ་ནི་གཅོང་ཆེན་པོ་ལ་སོགས་པའོ། །ནད་ནི་སྐྱ་རྦབ་ལ་སོགས་པའོ། །
མྱ་ངན་ནི་འཇིག་རྟེན་དུ་གྲགས་པར་ཟད་དོ། །ལུས་ཀྱིས་གནོད་པ་མྱོང་བ་ལ་སོགས་པ་ནི་སྡུག་བསྔལ་ལོ། །འདི་དག་རྣམ་པར་གཞག་པ་ནི་མེད་པར་བྱ་བའོ། །འདིའི་དོན་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་སྡུག་བསྔལ་ཉེ་བར་ཞི་བས་སོ་ཞེས་བྱ་བས་གསུངས་སོ། །དེས་ན་འདིའི་མཚན་ཉིད་
བཤད་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་ལྕགས་ཀྱུར་སྦྲེལ་ལ་བཏུད་དེ། མཛུབ་མོ་གཞིབས་པའི་རྩེ་མོས་ལས་ཀྱི་དུས་སུ་སྙིང་གར་གཞག་པར་བྱབ་པ་དང་། མཛུབ་མོའི་རྩེ་མོ་བཙིར་བ་དང་། ཁར་གཞུག་པ་དང་བཟློག་སྟེ། མཛོད་སྤུའི་གནས་སུ་གཞག་པའོ། །འདི་དག་
གིས་ནི་དོན་འདི་སྐད་སྟོན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ་སྟེ། མཐེའུ་ཆུང་གཉིས་ལྕགས་ཀྱུར་བྱས་ལ་ཕན་ཚུན་སྦྲེལ་བ་བཅིངས་པ་ལ་མཛུབ་མོ་གཉིས་གཞིབས་པ་རྩེ་མོར་བྱས་ནས་རང་དང་གཞན་གྱི་སྙིང་གའི་ཕྱོགས་སུ་བཞག་ལ།
སྔགས་ཟློས་ཤིང་རྡོ་རྗེ་སེམས་དཔས་བསྒྲུབ་པར་བྱ་བའི་ལུས་ལ་ཀུན་དུ་བཀང་ནས་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་དང་ལྡན་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ལྟུང་བ་ཐམས་ཅད་ཞི་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ཕྱག་རྒྱ་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ལ་བྱབ་པར་
བྱ་ཞིང་། བཅོམ་ལྡན་འདས་ཀྱི་ཕྱག་གིས་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ཁྱབ་པར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོས་ནད་པ་བཙིར་བར་བྱ་ཞིང་། བཅོམ་ལྡན་འདས་

གཙུག་འཕྱང་གིས་ཀྱང་ནད་པའི་ལུས་ལ་ཁྱབ་པར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནད་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། ཕྱག་རྒྱ་དེ་ཉིད་བཀོད་པའི་ཚུལ་གྱིས་ཁར་བཞག་ལ། ཡིད་ཀྱིས་བསྒྲུབ་པར་བྱ་ཞིང་ནད་པའི་ལུས་
དང་ལྷན་ཅིག་ཏུ་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་རྡོ་རྗེ་སེམས་དཔའི་བདེ་བ་དང་ཡིད་བདེ་བ་ཐོབ་ནས་མྱ་ངན་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ཕྱག་རྒྱ་དེ་ཉིད་ཡོངས་སུ་བཟློག་སྟེ། མཛོད་སྤུར་བཞག་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་
བྱ་བ་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། །དུག་དང་སྦྱར་བའི་དུག་ཐམས་ཅད་ཉེ་བར་སྦྱར་བ་དང་། དབབ་པ་དང་། བཟའ་བ་དང་། བཅིང་བ་དང་། བདུད་རྩིར་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་དག་ཐམས་ཅད་གང་གིས་བྱ་
ཞེ་ན། རྡོ་རྗེ་གར་གྱི་ཉེ་བའི་དུག་གིས་སོ་ཞེས་བྱ་བ་གསུངས་ཏེ། དེ་ལ་འདིའི་མཚན་ཉིད་འདི་ཡིན་ཏེ། རྡོ་རྗེ་བསྡམས་པའི་མཐེ་ཆུང་གཉིས་སྦྲེལ་ཏེ། བ་དན་གསུམ་པ་རྡོ་རྗེ་མགུ་བའི་ཚུལ་གྱིས་ཉེ་བར་བསྐུལ་བ་དང་། སྡུད་པའི་ཚུལ་དང་། རྡོ་རྗེ་བསྣུན་པ་དང་། སྙིམ་པས་བཟེད་པ་དང་། རྡོ་རྗེ་
བཏུང་བའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དུག་དང་སྦྱར་བའི་དུག་ཐམས་ཅད་ཀྱི་འོག་ཏུ། ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། །དེའི་སྟེང་དུ་ཡི་གེ་ཧཱུཾ་འོད་ཟེར་འབར་བ་ཀུན་དུ་འཁྲུགས་པ་བསམས་ལ། ལག་
པ་གཉིས་ཀྱིས་བ་དན་གསུམ་པ་བཅིངས་ལ། མཐེའུ་ཆུང་གཉིས་ཀྱིས་ཤིན་ཏུ་མགུ་བའི་ཚུལ་གྱིས་བྱས་ཏེ། དེས་ཀྱང་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་མེའི་དཀྱིལ་འཁ