Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 60

Văn bản gốc(Tây Tạng)

Trang 15 / 23 (50.000 ký tự/trang)
དཀྱིལ་འཁོར་དེ་ཉིད་དུ་རྣམ་པར་སྣང་མཛད་ཀྱི་ངོ་བོས་བཞུགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཐམས་ཅད་བསྡུས་པའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་སྦྱོང་བར་མཛད་པས་ན། རབ་སྦྱོང་མཛད་ཅེས་
བྱའོ། །ལ་ལ་ལས་ནི་རབ་སད་མཛད་པས་ན་རབ་སད་མཛད་ཅེས་བྱ་བ་ཡིན་པར་ཤེས་པར་བྱའོ། །མཚན་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་གྱི་ཡོན་ཏན་སྟོན་པར་བྱེད་པ་ཡིན་ནོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་
ཆེན་པོའི་རང་བཞིན་ནོ། །ཁྲོ་བོ་ཞེས་བྱ་བ་ནི་ཁྲོ་བོའི་རིགས་ཀྱིས་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད་པའོ། །དུས་མཐའ་ལྟར་འབར་ཞེས་བྱ་བ་ནི་སྲེག་པའི་བསྐལ་པ་ལྟ་བུའི་རྡོ་རྗེ་འབར་བས་ཁམས་གསུམ་མ་ལུས་པར་བཀང་སྟེ། སེམས་ཅན་གྱི་ཁམས་མ་ལུས་ཀུན་
ཏུ་རྨོངས་པར་མཛད་པ་སྟེ། དེ་ཡང་། འཇིག་པའི་བསྐལ་པ་ལྟ་བུ་ཡི། །རྡོ་རྗེ་འབར་བ་ཀུན་འཁྲུགས་པས། །ལྷ་ལ་སོགས་པའི་སྲིད་གསུམ་ཀུན། །སྐད་ཅིག་གིས་ནི་ཀུན་རྨོངས་མཛད། །ཅེས་གསུངས་པ་ཡིན་ནོ། །འདུལ་བ་པོ་ཞེས་བྱ་བ་ནི་ཡང་སླར་
གསོ་བའི་རིག་པས་ལྷ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་བླངས་ནས། ཧྲཱིཿཞེས་བྱ་བས་བཀུག་ནས་བཅུག་ལ་བཅིངས་ཏེ། དབང་དུ་མཛད་པས་ན་འདུལ་བ་པོ་ཞེས་བྱའོ། །འདུལ་མཛད་ཆེན་པོ་ཞེས་བྱ་བ་ནི་འདིས་དབང་ཕྱུག་ཆེན་པོ་ལ་སོགས་པ་འདུལ་

བར་མཛད་པས་ན་འདུལ་མཛད་ཆེན་པོ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་རྡོ་རྗེ་རིགས་ཀྱི་རང་བཞིན་གྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་བྱང་ཆུབ་ཆེན་པོ་རབ་ཏུ་འཇོག་པར་མཛད་པས་ན་འདུལ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདུལ་མཛད་ཆེན་པོའོ། །གདུག་
པའི་མཆོག་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཉེ་བར་འཚེ་ཞིང་གནོད་པར་བྱེད་པའི་སེམས་དང་ལྡན་པ་ནི་གདུག་པའི་ཡིད་ཅེས་བྱ་སྟེ། དེ་རྣམས་ལ་འཇིགས་པ་བསྐྱེད་པར་བྱ་བའི་ཕྱིར་ཤིན་ཏུ་གདུག་པ་སྟོན་པས་ན་གདུག་པའི་མཆོག་སྟེ། གདུག་པ་རྣམས་ལས་ཀྱང་གདུག་པ་ཞེས་
བྱ་བའི་ཐ་ཚིག་གོ། །དྲག་པོ་ཞེས་བྱ་བ་ནི་གདུག་པ་དེ་རྣམས་ཉིད་གདུལ་བར་བྱ་བའི་ཕྱིར་རྡོ་རྗེ་དྲག་པོའི་སྐུར་སྟོན་པས་ན་དྲག་པོའོ། །དྲག་པོ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་ཚོགས་སྤྲུལ་ནས་དྲག་པོ་ཐམས་ཅད་ཟ་བར་མཛད་པས་ན་དྲག་པོ་ཉིད་དོ། །ཟ་མཛད་ཅེས་བྱ་བ་ནི་
ཁྲོ་བོ་སྟོབས་པོ་ཆེས་གདུག་པའི་ཚོགས་རྣམས་ཟ་བར་མཛད་པས་ན་ཟ་མཛད་དོ། །མཚན་དགུ་པོ་འདི་དག་ནི་རྡོ་རྗེ་རིགས་ཀྱི་གསང་བའི་རས་རིས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་ཡིན་ནོ། །ཐམས་ཅད་དག་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །པདྨ་ཆེན་པོ་
ཞེས་བྱ་བ་ནི་པདྨའི་དམ་ཚིག་གི་ཕྱག་རྒྱའོ། །ཤེས་རབ་ཐབས་དང་ཞེས་བྱ་བ་ནི་ཤེས་རབ་ཀྱིས་བསྐྱེད་པའི་ཐབས་ནི་ཤེས་རབ་ཐབས་ཏེ། སེམས་ཅན་ཐམས་ཅད་འདུལ་བའི་ཕྱིར་ཁྲོ་གཉེར་ཅན་ལ་སོགས་པ་ལྷ་མོའི་ཚོགས་ཀྱི་དབུས་ན་བཞུགས་པའི་འཇིག་རྟེན་དབང་
ཕྱུག་གི་སྐུའོ། །ཚུལ་ཆེན་ཞེས་བྱ་བ་ནི་གཟུགས་ཐམས་ཅད་ཀུན་དུ་སྟོན་པས་སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་སྦྱོང་བར་མཛད་པས་ན་ཚུལ་ཆེན་པོའོ། །འདོད་ཆགས་དག་པ་ཞེས་བྱ་བ་ནི། ཇི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་པ། །
དེ་བཞིན་དག་པའི་ཁམས་གསུམ་པ། །གནས་ཀྱི་ཉེས་པས་མི་གོས་སོ། །ཞེས་བྱ་བ་ནི་པདྨ་འདབ་མ་ཕྱེད་པའི་རྣལ་འབྱོར་རྡོ་རྗེ་ཆོས་ཀྱི་བསྒོམ་པས་འདོད་ཆགས་དག་པའོ། །ཏིང་ངེ་འཛིན་མཆོག་ཅེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་

བྱ་བར་སེམས་རྩེ་གཅིག་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་མཆོག་སྟེ་དམ་པའོ། །སྣ་ཚོགས་ཆགས་པ་ཞེས་བྱ་བ་ནི་སྣ་ཚོགས་ཆགས་པ་སྟེ་སེམས་ཅན་ཐམས་ཅད་འདུལ་བ་ལ་ཞེན་པའོ། །དབང་ཕྱུག་ཆེ་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོས་འདུལ་བ་རྣམས་ལ་
དེའི་གཟུགས་འཛིན་པར་མཛད་པས་ན་དབང་ཕྱུག་ཆེན་པོའོ། །མཚན་བརྒྱད་པོ་འདི་དག་ནི་པདྨའི་རིགས་ཀྱི་རས་རིས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པའོ། །ནམ་མཁའ་ཞེས་བྱ་བ་ནི། ནམ་མཁའ་དང་མཉམ་པའི་ཡེ་ཤེས་མངའ་བས་ན་ནམ་མཁའོ། །མཐའ་ཡས་
ཞེས་བྱ་བ་ནི་ནམ་མཁའ་དང་ཉེ་བར་ཡེ་ཤེས་རྒྱུ་མཐུན་པ་ལས་བྱུང་བར་གྱུར་པའི་རིན་པོ་ཆེའི་རིགས་ཀྱི་ངོ་བོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནམ་མཁའི་ཁམས་ཐམས་ཅད་ན་རྟག་ཏུ་བཞུགས་པ་ལ། མཐའ་ཡས་པའི་སྒྲར་བཤད་དོ། །རྟག་པ་ཞེས་བྱ་བ་ནི་རྟག་པ་དང་མི་
འགྱུར་བ་ནི་རྟག་པའོ། །དོན་ཞེས་བྱ་བ་ནི་དོན་དུ་གཉེར་བས་ན་དོན་ཏེ། སེམས་ཅན་རྣམས་ཀྱི་དོན་དུ་གཉེར་བ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། འདི་ནི་བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་ངོ་བོ་ཉིད་དུ་སྟོན་པ་ཡིན་ནོ། །འབྱུང་པོ་ཐམས་ཅད་ཅེས་བྱ་བ་ནི་འབྱུང་བས་ན་འབྱུང་
པོ་སྟེ། སེམས་ཅན་དང་སེམས་ཅན་མ་ཡིན་པའི་ངོ་བོའོ། །གནས་ཆེན་པོ་ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་ལ་གནས་པའི་དང་པོའི་གཞལ་ཡས་ཁང་གི་ངོ་བོ་ཉིད་དུ་གྱུར་པས་ན་གནས་ཆེན་པོའོ། །འབྱོར་པ་ཞེས་བྱ་བ་ནི་དབང་བསྐུར་བའི་ལྷའི་ངོ་བོ་ཉིད་དུ་གྱུར་པའོ། །
དཔལ་ཞེས་བྱ་བ་ནི་གཏེར་གྱི་ལྷ་མོའི་རང་བཞིན་དུ་གྱུར་པའོ། །གཙོ་བོ་ཞེས་བྱ་བ་ནི་རྒྱལ་མཚན་མཆོག་གི་ལྷ་མོའི་ངོ་བོ་ཉིད་དུ་གྱུར་པས་ཐམས་ཅད་དུ་སྤོང་བའོ། །རྒྱལ་ཞེས་བྱ་བ་ནི་ལྷ་མོ་ཆེན་མོའི་བདག་པོར་གྱུར་པའི་ངོ་བོ་ཉིད་ཀྱིས་མཛེས་ཤིང་གསལ་བས་ན་རྒྱལ་པོའོ། །
བསམ་པ་ཐམས་ཅད་རྫོགས་མཛད་པ། །ཞེས་བྱ་བ་ནི་དབང་བསྐུར་བ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བས་ན་ཐམས་ཅད་རྫོགས་པར་མཛད་པའོ། །མཚན་བཅུ་གཅིག་པོ་འདི་དག་ནི་རིན་པོ་ཆེའི་རིགས་ཀྱི་

རས་རིས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་ཡིན་ནོ། །ཕྱག་འཚལ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་ལོ། །ཞེས་བྱ་བ་ཡང་དང་ཡང་དུ་ཕྱག་འཚལ་འདུད་པ་ནི་ལྷག་པར་གུས་པའི་ཁྱད་པར་སྟོན་པ་ཡིན་ནོ། །དད་པས་ཁྱེད་ལ་བདག་བརྟེན་
བགྱིད། །ཅེས་བྱ་བ་ནི་ཁྱེད་མངོན་སུམ་དུ་བྱ་སྟེ་ཞེས་བྱ་བ་ནི་རྟག་པ་ཁོ་ནར་བསྒོམ་པར་བགྱིའོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དེ་བཞིན་དུ་རོ་གཅིག་པ་སྟེ། དེ་ཡང་། ཐོག་མ་ཐ་མ་མེད་ཅིང་རྟག །མི་ཟད་མཉམ་པ་མེད་མི་འགྱུར། །སེམས་དཔའ་རྡོ་
རྗེ་ཆེ་རང་བཞིན། །སེམས་དཔའ་རྡོ་རྗེ་ཞེས་བཤད་དོ། །ཞེས་འོག་ནས་བཤད་པ་ཡིན་ནོ། །དང་པོ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ངོ་བོ་ཉིད་ཀྱིས་རྟག་པ་བཞུགས་པ་ཡིན་པས་ན་དང་པོའི་ཞེས་སྔར་བཤད་པ་ཡིན་ནོ། །མཚན་གཉིས་པོ་འདི་ནི་ཐམས་ཅད་དུ་དཔལ་རྡོ་
རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །བདག་གྲུབ་མཛད་དོ་ཞེས་བྱ་བ་ནི་སློབ་དཔོན་གསོལ་བ་འདེབས་པའོ། །ད་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་ཕན་ཡོན་གསུངས་པ་ཡིན་ནོ། །ཉིན་རེ་ཞེས་བྱ་བ་ནི་རེ་རེ་ཞིང་
ངོ་། །ནང་པར་ཞེས་བྱ་བ་ནི་སྔ་དྲོའི་ཐུན་ཚིགས་དང་པོ་སྟེ། བཟླས་བརྗོད་དང་བསྒོམ་པའི་སྔོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །རྗོད་བྱེད་ན་ཞེས་བྱ་བ་ནི་འདོན་པར་བྱེད་ནའོ། །ཇི་ལྟར་ཞེ་ན། ཆོས་ཀྱི་ཚིག་གི་ལན་ཅིག་ནི། །ཞེས་བྱ་བ་སྨོས་ཏེ། རྔ་སྒྲ་ལྟར་ཟབ་པའི་དབྱངས་ནི་
ཆོས་ཀྱི་ཚིག་གོ། །ཆོས་ཀྱི་ཚིག་དེས་འདོན་ཅིང་རྗོད་པར་བྱེད་པ་གང་ཡིན་པ་དེ་ལ་ཅི་ཞིག་ཏུ་འགྱུར་ཞེ་ན། དངོས་གྲུབ་ཤིན་ཏུ་མྱུར་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་དངོས་གྲུབ་གང་ཞིག་སྒྲུབ་པ་ལ་འཇུག་པར་འགྱུར་བ་དེ་འདིར་མཚན་བརྒྱ་རྩ་བརྒྱད་
པའི་མཐུས་རིང་པོར་མི་ཐོགས་པར་མྱུར་དུ་འགྲུབ་པར་འགྱུར་བའོ། །གལ་ཏེ་འདིར་གྲུབ་མི་འདོད་ན། །ཞེས་བྱ་བ་ནི་གལ་ཏེ་རྣལ་འབྱོར་པ་གང་ལ་ལ་ཞིག་བཟླས་བརྗོད་དང་བསྒོམ་པའི་ཚེ་འདི་ལ་དངོས་གྲུབ་གང་ཞིག་དོན་དུ་གཉེར་ན། དང་པོ་སྟེ་ཉིན་རེ་ཞིང་སྔ་དྲོ་དང་། ཉི་མ་ཕྱེད་

དང་། ཕྱི་དྲོའི་དུས་གསུམ་དུ་ཇི་སྐད་དུ་བཤད་པའི་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་ལ་བསྟོད་པར་བྱའོ། །བསྟོད་ན་རྣལ་འབྱོར་པ་དེ་ཅིར་འགྱུར་ཞེ་ན། སྡིག་པ་ཀུན་ལས་མྱུར་དུ་གྲོལ། །ཞེས་བྱ་བ་གསུངས་ཏེ། སྒྲིབ་པ་ཐམས་ཅད་དང་
བྲལ་བར་འགྱུར་རོ། །དེ་ལྟར་སྡིག་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་ཕྱིར་འཆི་བའི་དུས་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་རོ། །དེ་ནས་དེར་སྐྱེས་ནས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ལན་ཅིག་ཕྱིར་བརྗོད་ཙམ་གྱིས་
ཀྱང་། །རྟག་ཏུ་སྡུག་བསྔལ་ཐམས་ཅད་སེལ། །ཞེས་བྱ་བ་ནི་གོ་བར་ཟད་དོ། །དངོས་གྲུབ་ཐམས་ཅད་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་སྐལ་བ་བཟང་པོར་བྱེད་དེ་འདིས་དངོས་གྲུབ་ཐམས་ཅད་འགྲུབ་
པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །དཔལ་གྱི་ཕུན་སུམ་ཚོགས་པ་ནི་ཕྱག་རྒྱ་ལ་སོགས་པའི་འབྱོར་པའོ། །དེ་འཕེལ་བར་བྱེད་པ་ནི་འདི་གོང་ནས་གོང་དུ་རྒྱས་པར་བྱེད་པའོ། །དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་གྲུབ་ཐམས་ཅད་དོ། །ཕྱག་རྒྱ་
ཆེན་པོ་ལ་སོགས་པ་རྫོགས་པའོ། །དེའི་དོན་ཡོད་པ་ནི་འབྲས་བུ་ཡོད་པ་བསྐྱེད་པའི་རྒྱུར་གྱུར་པའོ། །ཡོན་ཏན་གྱི་རྒྱུ་ཡིན་པས་ན་ཡོན་ཏན་ནོ། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ཞེས་བྱ་བ་ནི་གསང་བ་དམ་པ་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་ལ་དེ་ལྟར་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་ཡང་དག་པར་བསྟོད་ནས། དེས་ཕྱིས་འདོད་ཆགས་རྡོ་རྗེ་མ་དང་། ཀཱི་ལི་ཀཱི་ལི་མ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་སྙེམས་མའི་མཆོད་པའི་ཕྱག་རྒྱ་རབ་ཏུ་དགའ་བ་ཞེས་བྱ་བ་གུས་
པས་ཡང་དག་པར་མཆོད་ལ། ཡང་གླུ་མ་དང་རོལ་མོའི་མཆོད་པ་འོག་ནས་བཤད་པའི་མཚན་ཉིད་ཅན་གྱིས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་མཆོད་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རང་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

རང་གི་ཕྱག་རྒྱས་གྲུབ་ནས་སྙིང་པོ་འདིས་རྡོ་རྗེ་བླང་བར་བྱའོ་ཞེས་བྱ་བར་སྦྱོར་རོ། །དེ་ལྟར་བཅོམ་ལྡན་འདས་ཡང་དག་པར་མཆོད་པས་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ། །དེ་ལྟར་ན་ཕྱག་རྒྱའི་དངོས་གྲུབ་ཐམས་ཅད་འགྲུབ་
པར་འགྱུར་རོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་དབང་བསྐུར་བའི་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག །མཚན་ཉིད་འོག་ནས་བཤད་པས་བདག་ཉིད་དབང་བསྐུར་ལ། སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་རིན་པོ་ཆེ་
ལས་བྱས་པ་ལུགས་མའམ་བརྐོས་པའམ་བྱས་པའམ་བྲིས་པས་དབང་བསྐུར་བར་བྱའོ། །ཕྱག་བྱས་ནས་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བའོ། །རང་གི་རྡོ་རྗེ་བླངས་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དང་པོའི་རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་ནི་རྣལ་འབྱོར་པ་
འདིའི་རང་གི་རྡོ་རྗེ་ཡིན་ནོ། །འདི་སྐད་སྟོན་ཏེ། དང་པོའི་རྡོ་རྗེ་དྲིལ་བུ་དང་བཅས་པ་བླང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །དེ་ནས་ཀྱང་ནི་ཅི་འདོད་པར། །ཞེས་བྱ་བ་ནི་དེ་ལྟར་བདག་ཉིད་འཇུག་པ་ལ་སོགས་པའི་གོ་
ཆ་རྗེས་སུ་སྤྱད་ནས། དུས་ཕྱིས་བདག་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ་སྟེ། ཇི་ལྟར་སྤྲོ་བས་གང་ཞིག་འདོད་པའང་གྲུབ་ནས་ཆོ་གའི་མཆོག་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒོམས་པ་བསྒྲུབས་ནས། རྡོ་རྗེ་གར་གྱི་མཆོད་པས་ཡང་དག་པར་མཆོད་ནས་
རབ་ཏུ་གྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་ལ་སོགས་པའི་མཆོད་པ་རྣམ་པ་བཅུ་གཉིས་ནི་རྡོ་རྗེ་གར་གྱི་མཆོད་པ་སྟེ། རྡོ་རྗེ་གར་གྱི་མཆོད་པ་དེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ། མཆོད་པ་བྱས་ནས་ཡང་དག་པར་རྫོགས་
པར་འགྱུར་བ་སྟེ། དཀྱིལ་འཁོར་གྱི་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི། དཀྱིལ་འཁོར་བསྒྲུབས་པ་ནས་ཉེ་བར་བཟུང་སྟེ། རྡོ་རྗེ་བདག་ནི་རྡོ་རྗེ་སྐུའི། །རྡོ་རྗེ་ཀུན་གྱི་གསང་མཆོག་འཛིན། །ཞེས་བྱ་བ་ནས།

རྡོ་རྗེ་ཀུན་གྱི་རིགས་ལྔའི་རང་བཞིན་ཅན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་གསང་བ་བཟང་པོ་ནི་གསང་བ་མཆོག་སྟེ། དཔལ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དེ་འཛིན་པས་ན། རྡོ་རྗེ་ཀུན་གྱི་
གསང་མཆོག་འཛིན། །ཞེས་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་མཉམ་པར་འགྲུབ་པ་དེའི་བདག་ཉིད་ཀྱིས་འཛིན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཞེ་ན། རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།
གང་ཕྱིར་དཀྱིལ་འཁོར་དེ་གྲུབ་པས། །རྡོ་རྗེ་ཐམས་ཅད་འཛིན་སློབ་དཔོན། །ཞེས་བྱ་བ་རྡོ་རྗེ་སེམས་དཔའི་སློབ་དཔོན་དཔལ་རྡོ་རྗེ་སེམས་དཔའ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེན་པོ་
གྲུབ་པ་ནི། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ། །ཞེས་བྱའོ། །ཕྱག་རྒྱ་ཆེ་ཀུན་ནི་ལྷ་མོའི་རང་བཞིན་ཏེ། དེ་རྣམས་ཀྱི་བདག་ནི་རིགས་ཀྱི་བདག་པོ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱིས་ན་དབང་ཕྱུག་སྟེ། གཙོ་བོའོ། །ཐམས་
ཅད་མཁྱེན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་དང་། འཇིག་རྟེན་དབང་ཕྱུག་དང་། དེའི་རིགས་ཀྱི་ངོ་བོ་ཉིད་ཡིན་པས་ཐམས་ཅད་མཁྱེན་པའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་བདག་པོ་དང་། དེའི་རིགས་ཀྱི་ངོ་བོ་
ཉིད་ཀྱིས་ཐམས་ཅད་དུ་སོང་བའི་ཕྱིར་རྡོ་རྗེ་ཆེའོ། །ཐམས་ཅད་མཁྱེན་པ་ཡང་ཡིན་ལ་རྡོ་རྗེ་ཆེན་པོ་ཡང་ཡིན་པས་ན་ཐམས་ཅད་མཁྱེན་པའི་རྡོ་རྗེ་ཆེའོ། །ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ནོར་བུའི་རིགས་དང་ལས་ཀྱི་རིགས་གཉིས་ཀྱི་དཀྱིལ་འཁོར་གྱི་ལས་གང་ཡིན་པ་དེ་
ནི་ལས་རྣམས་ཐམས་ཅད་དེ། དེ་རྫོགས་པར་བྱེད་ནུས་པར་འགྱུར་རོ། །རྟོག་པ་དད་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཟིལ་གྱིས་གནོན་པར་མི་ནུས་པས་ན་མི་ཚུགས་པའོ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་གསད་པར་མི་ནུས་པས་ན་མི་གསོད་པའོ། །

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཐམས་ཅད་བྱེད་པས་ན་ཀུན་བྱེད་དོ། །རྒྱུ་དེ་ཉིད་ཀྱིས་ན་གདུལ་བྱ་རྣམས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་རྒྱལ་ཆེན་
ནོ། །དེ་ཉིད་ཀྱིས་ན་ཚར་གཅོད་པ་དང་། ཕན་འདོགས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་ཐམས་ཅད་སྒོམ་པ་པོ་ནི་རྗེས་སུ་ཆགས་པའོ། །དེ་ཉིད་ནི་རྣལ་འབྱོར་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ཐམས་ཅད་མཆོག་གོ། །རྡོ་རྗེ་སེམས་དཔའ་ལ་
སོགས་པ་ཡེ་ཤེས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་རྟོག་པས་ན་ཀུན་རིག་གོ། །རིགས་ཐམས་ཅད་ཀྱི་གཞིར་གྱུར་པས་ན་ཐམས་ཅད་གནས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་
བྱ་ནི་འདོད་པ་ཐམས་ཅད་དོ། །དེ་རྣམས་ལ་རབ་ཏུ་སྤྱོད་པ་ནི་བདག་པོར་འགྱུར་བའོ། །དོན་འདི་ཉིད་བཤད་པ་ནི། ཕུན་ཚོགས་ཀུན་གྱི་དབང་ཕྱུག་ཆེ། །ཞེས་བྱ་བ་ཡིན་ནོ། །ལྷག་མ་ནི་གོ་བར་ཟད་དོ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་
དཀྱིལ་འཁོར་སྤྲུལ་པས་འགྲུབ་པའི་རྣལ་འབྱོར་པ་ནི་ལུས་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་གྱུར་པ་ནི་གྲུབ་པའོ། །ཅིའི་ཕྱིར་འདི་རང་ཉིད་དཀྱིལ་འཁོར་དུ་འཇུག་པས་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཐོབ་པར་འགྱུར་ཞེ་ན། འདི་
ལྟར་ཞེས་བྱ་བ་སྨོས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བཤད་མ་ཐག་པའི་སྒྲུབ་པའི་ཆོ་གའི་རྣམ་པས་བསམ་པ་དག་པ་སྟེ་སེམས་དག་པར་གྱུར་པས་རང་ཉིད་དགྱེས་ནས་དེའི་བདག་པོའི་རྡོ་རྗེ་སློབ་དཔོན་དུ་འགྱུར་བའོ། །དད་པར་གྱུར་པས་
ཀྱང་ཞེས་བྱ་བ་ནི་དད་པ་ནི་སེམས་དང་བ་སྟེ། མ་དད་པ་ནི་དྲི་མ་དང་བྲལ་བས་དད་པར་འགྱུར་བ་སྟེ། དད་པར་གྱུར་པ་དེས་ཀྱང་ངོ་། །ཇི་ལྟར་ན་དད་པར་འགྱུར་བ་ཡིན་ཞེ་ན། དེ་ཁོ་ན་ཉིད་ཅེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་བ་དང་། ཆོས་ཀྱི་དྲིལ་བུ་དཀྲོལ་བ་

དང་། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་པ་ནི་དེ་ཁོ་ན་ཉིད་དེ། དེས་དད་པར་གྱུར་པ་སྟེ། རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་སྒྲིབ་པ་མེད་པའི་སེམས་ཉེ་བར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དགྱེས་པ་ནི་ཐུགས་རངས་པའོ། །
རང་ཉིད་ནི་རང་བདག་ཉིད་དེ། སྒྲུབ་པ་པོ་དེའི་བདག་པོར་རྡོ་རྗེ་སེམས་དཔའ་སློབ་དཔོན་དུ་གྱུར་ནས་དཀྱིལ་འཁོར་དུ་འཇུག་པར་མཛད་པ་དེའི་ཕྱིར་དཀྱིལ་འཁོར་བསྒྲུབས་པས་ཇི་སྐད་བཤད་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ལྷ་མོའི་
དཀྱིལ་འཁོར་རོ། །དེས་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པའི་སློབ་དཔོན་ནི། བདེ་བ་ཆེན་པོའི་རྡོ་རྗེ་སློབ་དཔོན་ནོ། །དེའི་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་སུ་བསྐྱེད་པ་སྟེ། དེ་དོན་དུ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ནི་རྡོ་རྗེ་
སེམས་དཔའི་ལྷ་མོའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་བྱ་བའི་རྒྱུད་དེ་དེ་སྟོན་པར་བྱེད་པའི་རྒྱུད་རྫོགས་སོ།། །།དེ་ལྟར་སློབ་དཔོན་ལས་ཀྱི་ཆོ་ག་གསུངས་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་
གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའི་དོན་སྟོན་པའི་ཚིག་ཡིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་པའི་སློབ་མ་ནི་རྡོ་རྗེ་སློབ་མ་སྟེ། དེ་རྣམས་ཀྱི་ཆོ་ག་རྒྱས་པ་ནི་འཇུག་པ་ལ་སོགས་པའི་བྱ་བའི་རྒྱུན་ཏེ། དེ་སྟོན་པར་
བྱེད་པའི་རྒྱུད་རྗེས་སུ་བཤད་པར་བྱའོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་པས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་དང་། ཇི་ལྟ་བ་བཞིན་དུ་ལྡན་པའི་ཕྱག་འཚལ་བ་ལ་
སོགས་པ་སྔོན་དུ་འགྲོ་བས་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱིས་རྡོ་རྗེ་མཆོད་ཡོན་གྱི་ཕྱག་རྒྱ་རང་གི་སྙིང་གའི་ཕྱོགས་སུ་བསྐོར་ལ་མེ་ཏོག་གི་ཕྲེང་བ་དང་ལྡན་པར་བཅིངས་ཏེ། ལྷག་པར་མོས་པའི་ཁྱད་པར་ཕུལ་དུ་བྱུང་བས་བཞིན་གྱི་པདྨ་གཡོས་པ་ནི་བསམས་པ་བཞིན་གཡོས་

པ་སྟེ། དེས་བཅོམ་ལྡན་འདས་ལ་མགོ་བོས་ཡང་དག་པར་ཕྱག་བྱས་པ་ནི་མགོ་བོས་ཡང་དག་པར་ཕྱག་བྱས་པའོ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་བྱ་སྟེ། རྣལ་འབྱོར་པའི་དངོས་གྲུབ་ཀུན་སྐྱེད་པར་བྱེད་པ་ཡིན་ནོ། །རྣལ་འབྱོར་པ་གནས་གང་དུ་གནས་
ནས་བཅོམ་ལྡན་འདས་ལ་ཕྱག་བྱ་ཞེ་ན། དཀྱིལ་འཁོར་ཞུགས་ནས་ཞེས་བྱ་བའི་ཐ་ཚིག་གསུངས་ཏེ། ནང་གི་དཀྱིལ་འཁོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་དུ་ཞུགས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅི་ཞིག་བྱ་ཞེ་ན། བདེ་བ་ཆེན་པོ་ཞེས་
བརྗོད་ཅིང་། །ཞེས་བྱ་བ་གསུངས་སོ། །ཅི་ཞིག་བྱེད་ཅིང་དེ་སྐད་ཅེས་བརྗོད་ཅེ་ན། བསྐོར་བ་ལན་གསུམ་བྱེད་བཞིན་དུ། །ཞེས་བྱ་བ་གསུངས་ཏེ། ནང་གི་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་དུ་བྱེད་ཅིང་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །
འགྲོ་བ་ཀུན་ལ་གྲུབ་པར་མཛོད། །ཅེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །འཁོར་ལོ་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་ཁྱད་པར་དུ་བྱེད་པ་ནི་གནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དང་། རྡོ་རྗེ་པདྨ་དང་། ནོར་བུའི་
རིགས་དང་། འཇིག་རྟེན་པའི་གཞལ་ཡས་ཁང་ཐམས་ཅད་ཀྱི་གཞིར་གྱུར་པས་ན་གནས་སོ། །དངོས་གྲུབ་མཐའ་ཡས་ནི་ནམ་མཁའ་ཐམས་ཅད་ལ་རྟག་ཏུ་བཞུགས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྐྱེད་པ་གང་ཡིན་པ་དེའི་
མཐའ་ནི་སྔར་བཤད་པའི་ཚུལ་གྱིས་མཐར་ཐུག་པར་མི་ནུས་པས་ན་མཐའ་མེད་པའོ། །བཤད་དོ་ཞེས་བྱ་བ་ནི་བཤད་མཐའ་གཞུང་དེས་རབ་ཏུ་བསྟན་པའོ། །ནམ་མཁའ་ཕྱོགས་སུ་མ་ལུས་པ་ནི་ཕྱོགས་བཅུའི་ནམ་མཁའོ། །དེ་ལ་རབ་ཏུ་གནས་ཤིང་གཞིར་བྱ་བ་
གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མཉམ་པ་མེད་པའི་བདེ་བ་ནི་དེ་བཞིན་གཤེགས་པའི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་རྡོ་རྗེ་དང་པོའི་རྡོ་རྗེ་དང་། རིན་པོ་ཆེ་དང་པདྨ་དང་། སྣ་ཚོགས་རྡོ་རྗེའོ། །དེ་རྣམས་ཀྱི་གསང་བ་ནི་འཁོར་ལོ་དེ་སྟེ། དེ་རྣམས་ཀྱིས་

ལེགས་པར་སྦྱར་བའི་ཕྱིར་རོ། །དང་པོ་ཞེས་བྱ་བའི་སྒྲ་ནི་བཤད་ཟིན་ཏོ། །བདེ་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་བདེ་བའི་མཆོག་ཡིན་ཏེ། དངོས་གྲུབ་ཐམས་ཅད་མི་འགྱུར་བའི་བདེ་བའོ། །མཆོག་ཀྱང་ཡིན་ལ་དང་པོའི་བདེ་བ་ཡང་ཡིན་པས་ན་
མཆོག་དང་པོའི་སྐྱེས་བུ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེའི་འཁོར་ལོའོ། །ཡང་འདིའི་དོན་བརྗོད་པར་བྱ་སྟེ། བདག་བསྲུང་བ་དང་། བགེགས་གཞོམ་པ་ལ་སོགས་པ་བྱས་ལ་བསང་གཏོར་བྱ་བའི་ཕྱིར་སྤོས་ཆབ་ཀྱིས་བཀང་བའི་སྣོད་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་
ལ་ལྷའི་ཁང་པའི་སྒོར་བཞག་ལ་མཆོད་ཡོན་དང་། མཆོད་པ་རྣམ་པ་ལྔས་ཇི་ལྟ་བ་བཞིན་དུ་མངོན་པར་བཟླའོ། །མཆོད་ཆེན་ཐམས་ཅད་དགུག་པ་དང་། །བདག་ལ་བྱིན་རླབས་སོགས་གྲུབ་པས། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ལུགས་
མའམ་ཡང་ན་བརྐོས་པའམ། །བྱས་པའམ་ནི་བྲིས་པ་ཡི། །དང་པོའི་འཁོར་ལོ་བཞག་ནས་ནི། །དེར་ནི་ལྷར་ཡང་རབ་ཏུ་འགྲུབ། །ཡི་གེ་ཧཱུཾ་ཟློས་ཤིང་དང་པོའི་རྡོ་རྗེ་ཕྱག་རྒྱ་བཅིངས་ལ། ཨ་ནུ་རཱ་ག་ཡ་མི་ཞེས་བརྗོད་ནས་ས་ལ་བཞག་སྟེ། བཅོམ་ལྡན་འདས་ཡུམ་གྱི་དཀྱིལ་
འཁོར་སྤྲུལ་ལ། དེ་ཉིད་རང་གི་སྙིང་གར་བཞག་ན་དཀྱིལ་འཁོར་དེར་རབ་ཏུ་ཞུགས་པར་འགྱུར་རོ། །དེ་ནས་གལ་ཏེ་འབྱོར་པ་ཡོད་ན་མེ་ཏོག་ལ་སོགས་པའི་དཀྱིལ་འཁོར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི་ཞེས་བྱ་བ་དང་ཕྱོགས་ཐམས་
ཅད་ནས་ཡན་ལག་ལྔས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕྱག་བྱས་ལ། ཕྱག་བཞི་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ལ། སྡིག་པ་དྲལ་བའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཟླ་བ་ལ་གནས་པའི་དང་པོའི་རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་མངོན་
པར་ཡིད་ཀྱིས་བྲིས་ལ། དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་རང་བཞིན་གྱིས་འོད་གསལ་ཞིང་། ནམ་མཁའ་དང་མཉམ་པའི་སེམས་ཡི་གེ་ཧཱུཾ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས་བསྐོར་བ་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་

བསམ་པར་བྱའོ། །དེའི་སྟེང་དུ་ཡང་ཧཱུཾ་ཀ་ནས་ཀྵའི་བར་དུ་གསལ་བའི་ཡི་གེ་སྐར་མ་ལྟ་བུ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམས། ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་ཧཱུཾ་དང་བཅས་པ་ལས་དང་པོའི་རྡོ་རྗེ། རྡོ་རྗེའི་དབུས་སུ་ཡང་ཧཱུཾ་བསམས་ལ་བཛྲ་ཧཱུཾ་ཞེས་ཟློས་
ཤིང་རྡོ་རྗེ་ནི་བདག་གོ་ཞེས་རྡོ་རྗེའི་ང་རྒྱལ་དུ་བསྒོམས་ནས། རྡོ་རྗེ་ལས་རྡོ་རྗེ་སེམས་དཔའ་དང་བཅས་པའི་ལྷ་མོའི་དཀྱིལ་འཁོར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྡུལ་ཕྲ་རབ་དང་མཉམ་པ་སྤྲོས་ལ། དེས་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་འཆང་ཆེན་པོར་
རྟོགས་པར་བྱས་ནས། རྡོ་རྗེ་འཆང་ཆེན་པོར་བྱས་ནས་དེ་རྡོ་རྗེ་དེར་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་དེ་བཛྲ་སཏྭ་ཧཾ་ཞེས་ཟློས་ཤིང་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་
བླངས་ལ་ལག་པ་གཡས་པས་དང་པོའི་རྡོ་རྗེ་བསྙེམས་པ་དང་བཅས་པས་གསོར་ལ། ཡང་བཛྲ་སཏྭ་ཧཾ་ཞེས་བརྗོད་དོ། །དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་ནི་སྤྱིའི་སྔགས་བརྗོད་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བཅིངས་ལ་ས་མ་ཡཱ་ཧཾ་ཞེས་
བརྗོད་པར་བྱའོ། །དེ་ཉིད་ཀྱི་སྙིང་ག་དང་དཔྲལ་བ་དང་ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབས་ལ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བརྗོད་དོ། །དེ་ནས་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། ལུས་ནི་དྲང་པོར་གཞག་བྱས་ལ། །རྡོ་རྗེ་བསྙེམས་མ་འཆང་བྱེད་
ཅིང་། །བསྒྱིངས་དང་བཅས་པས་རྡོ་རྗེ་གསོར། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡིས། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཞེས་བྱ་བ་འདིས་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བཅིངས་ནས། རང་གི་སྙིང་གའི་ཟླ་བའི་དཀྱིལ་
འཁོར་ནམ་མཁའི་ཁམས་ཐམས་ཅད་དང་མཉམ་པར་འཇུག་པའི་ཚུལ་ཙམ་དུ་ཡིད་ཀྱིས་ཞུགས་ལ། སྔ་མ་བཞིན་དུ་དང་པོའི་རྡོ་རྗེ་དེར་ལྷ་མོའི་དཀྱིལ་འཁོར་སྤྲུལ་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བའི་བར་གྱིས་རང་གི་འཇུག་པའི་ཆོ་ག་བྱས་ལ། དཀྱིལ་

འཁོར་དེ་རང་གི་ལུས་ལ་ཐིམ་པར་བསམས་ནས་རང་གི་ལུས་ཀྱི་ལྷ་ཐམས་ཅད་ཀྱི་གནས་སུ་ཧྲཱིཿལས་སྣ་ཚོགས་པདྨའི་གདན་བསམས་ལ་གཞིའི་ལུས་ལ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་གི་གནས་སུ་འདུག་ལ་མདུན་དུ་ནམ་མཁའི་
ཕྱོགས་སུ་ཧཱུཾ་ཨཱ་ཞེས་བྱ་བ་སྣ་ཚོགས་པདྨའི་སྟེང་དུ་དང་པོའི་རྡོ་རྗེ་ཁ་དོག་དམར་པོ་བསྐྱེད་ལ། དེའི་དབུས་སུ་ཧཱུཾ་བསམས་ལ། ཧཱུཾ་བཛྲ་ཧཾ་ཞེས་ཟློས་ཤིང་རྡོ་རྗེའི་ང་རྒྱལ་དུ་བསྒོམས་ནས་ཧཱུཾ་བཛྲ་སཏྭ་ཧཾ་ཞེས་བརྗོད་ལ་རྡོ་རྗེ་དེ་རྡོ་རྗེ་སེམས་དཔའི་བདག་ཉིད་བསྒོམ་པར་བྱའོ། །དེ་
བཞིན་དུ་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་གཞིའི་ལུས་ལ་རང་གི་གནས་ནས་ཡིད་ཀྱིས་བཛྲ་གྷཎྚ་ཧོ་ཨཱ་ཞེས་ཡིད་ལ་ཟློས་ཤིང་མདུན་གྱི་ནམ་མཁའི་ཕྱོགས་སུ་སྣ་ཚོགས་པདྨའི་སྟེང་དུ་རྡོ་རྗེ་དྲིལ་བུ་བསྐྱེད་པར་བྱའོ། །རྡོ་རྗེ་དྲིལ་བུའི་དབུས་སུ་བཛྲ་གྷཎྚ་ཧོ། ཞེས་
ཟློས་ཤིང་བསམས་ལ། བཛྲ་གྷཎྚ་ཧོ། ཞེས་ཟློས་ཤིང་རྡོ་རྗེ་དྲིལ་བུའི་ང་རྒྱལ་དུ་རྣམ་པར་བསྒོམས་ལ། བཛྲ་གྷཎྚ་ཧོ། བཛྲ་གྷཎྚ་ཧོ྅ཧཾ་ཞེས་ཟློས་ཤིང་རྡོ་རྗེ་དྲིལ་བུ་མའི་གཟུགས་སུ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱས་བཅོམ་ལྡན་འདས་
འཁོར་དང་བཅས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་ཧཱུཾ་དྲྀ་ཤྱ་ཞེས་བྱ་བས་བཅོམ་ལྡན་འདས་བལྟ་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་དྲིལ་བུ་མའི་ཕྱག་རྒྱ་བཅིངས་ལ། བཛྲ་གྷཎྚ་ཧོཿདྲྀ་ཤྱ་ཞེས་བྱ་བས་རྡོ་རྗེ་
དྲིལ་བུ་མ་བལྟ་བར་བྱའོ། །དེ་ནས་གསང་བའི་ལྕགས་ཀྱུ་མ་བཅིངས་ལ། ཧཱུཾ་ཟློས་ཤིང་བཅོམ་ལྡན་འདས་འཁོར་དང་བཅས་པ་རང་གི་ལུས་ལ་གནས་ཤིང་ཇི་ལྟ་བ་བཞིན་དུ་གཞུག་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་ས་མ་ཡ་སྟྭཾ་ཞེས་ཟློས་ཤིང་འོད་ཟེར་
དམར་པོ་འབར་བའི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་ཧོ་ཨཾ། ཨོཾ་སུ་ར་ཏ་སྟྭཾ། ཨ་ནུ་རཱ་ག་ཡ་མི་ཞེས་ལན་གསུམ་ཟློས་ཤིང་བཅོམ་ལྡན་འདས་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་དྲིལ་བུ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ས་མ་

ཡ་སྟྭཾ་ཞེས་ཟློས་ཤིང་འོད་ཟེར་དམར་པོ་འབར་བའི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ཧཾ་བཛྲ་གྷཎྚེ་ཧོ། ཞེས་ལན་གསུམ་ཟློས་ཤིང་བཅོམ་ལྡན་འདས་མ་བསྒྲུབ་པར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་ཆོས་དང་ལས་
དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་དེ་བསྡུ་བའི་ཕྱག་རྒྱ་བཅིངས་ལ་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་རང་གི་ལུས་དང་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྐུ་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ། རང་གི་དམ་
ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྒྱས་བཏབ་ལ། དང་པོའི་རྡོ་རྗེ་བཅིངས་ནས་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་རང་གི་སྙིང་གར་རྡོ་རྗེ་བསམ་མོ། །
དེ་ཉིད་ཀྱི་དཔྲལ་བའི་གནས་སུ་བཛྲ་རཏྣ། ཨ་དྷི་ཏིཥྛ་སྭ་མཾ་ཞེས་རིན་པོ་ཆེ། དེ་ཉིད་ཀྱི་ལྐོག་མའི་ཕྱོགས་སུ་བཛྲ་དྷརྨ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་པདྨ། དེ་ཉིད་ཀྱི་སྤྱི་བོར་བཛྲ་ཀརྨྨ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་སྣ་ཚོགས་རྡོ་རྗེ་བསམས་མོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་
པར་བྱས་ལ། སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ། དེ་བཞིན་དུ་ཡི་གེ་གཉིས་ཀྱི་གོ་ཆས་བདག་ཉིད་བགོ་བར་བྱའོ། །དེ་ནས་རྡོ་རྗེའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་བླངས་ལ། མིང་གི་དབང་
བསྐུར་བ་བླང་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་མཆོད་ལ་མཆོད་པ་དེ་རྣམས་རང་གི་གནས་སུ་གཞག་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་
དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཧཱུཾ་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱའོ། །དེ་ནས་དང་པོའི་རྡོ་རྗེ་ནམ་མཁའི་ཕྱོགས་སུ་ཇི་སྐད་དུ་

བཤད་པ་ལ་དང་པོའི་གཞལ་ཡས་ཁང་བསྐྱེད་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཧྲཱིཿལས་སྣ་ཚོགས་པདྨའི་གདན་བསམ་པར་བྱའོ། །དེའི་རྗེས་ལ། དེ་ནས་གཞལ་ཡས་ཁང་ཉམས་དགའ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། །ཞེས་བྱ་བ་ནས་
བརྩམས་ཏེ་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་བསྒོམས་ནས། སྒོ་ཕྱེ་བ་ལ་ཡང་བསྡུ་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །ལན་ཅིག་
རབ་ཏུ་བརྗོད་པར་བྱ། །དེ་ནས་གསང་བའི་ལྕགས་ཀྱུ་མ་དང་། །སྤྱན་དྲང་བའི་སྔགས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ལ་རྡོ་རྗེ་གནོད་སྦྱིན་ལ་སོགས་པས་བགེགས་བསལ་བ་ལ་སོགས་པ་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་
དཀྱིལ་འཁོར་གྱི་སྒོ་རྣམས་བཅད་དེ། རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། ཧཱུཾ་ཞེས་བྱ་བས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་
འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ནས་མཆོད་ཡོན་ཕུལ་ལ། མཆོད་པ་རྣམ་པ་ལྔ་དང་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱའི་
མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་རྣམ་པར་དག་པའི་སྒེག་པའི་རྡོ་རྗེ་མས་ཕྱག་བྱས་ལ། ཕྱག་བཞི་བྱས་ནས་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སརྦ་ས་མོ྅ཧཾ། ཞེས་བྱ་བའི་སྙིང་
པོ་ཟློས་ཤིང་དོན་རྣམ་པར་བསྒོམས་ལ། བདག་ནི་རང་ཉིད་དཔལ་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ནས། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེ་ཉིད་དབང་ཕྱུག་ཆེ། །འདོད་ཆགས་ཆེན་པོ་

བདེ་བ་ཆེ། །རྡོ་རྗེ་སེམས་དཔར་བདག་གྱུར་ཅིག །ཅེས་བརྗོད་ལ་རང་གི་སྙིང་གར་རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ཏེ། རྡོ་རྗེའི་དམ་ཚིག་གམ། རབ་ཏུ་དགའ་བའི་ཚིག་ཟློས་ཤིང་ལྷ་མོའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ། །དེ་ལྟར་དང་
པོ་བྱིན་གྱིས་བརླབས་པ་ལན་ཅིག་བྱས་ནས་གང་གི་ཚེ་མཉམ་པར་མ་བཞག་པའི་སྦྱོར་བས་གནས་པར་འདོད་པ་དེའི་ཚེ། བཛྲ་ས་ཏྭ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་སེམས་དཔའི་གནས་སུ་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་བཞག་ལ། དེ་ལྟར་དང་པོའི་རྡོ་རྗེར་བདག་ཉིད་བྱིན་གྱིས་
བརླབས་ལ་གནས་ཏེ། བྱ་བ་ཐམས་ཅད་བྱས་ནས་ཡང་ཞུགས་ཏེ་ཧཱུཾ་ཟློས་ཤིང་གསང་བའི་ལྕགས་ཀྱུ་མས་བཅོམ་ལྡན་འདས་རང་གི་ལུས་ལ་བཅུག་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། མཆོད་པ་བཅུ་གཉིས་ཀྱིས་མཆོད་ནས་ཕྱག་ཀྱང་བྱས་ལ། དེ་བཞིན་
དུ་བསྒོམ་པར་བྱའོ། །སྒོམ་པས་དུབ་པར་གྱུར་ན་ཡང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས་མཆོད་པ་རྣམ་པ་ལྔ་དང་། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་ཡང་བྱས་ནས་ཡང་རྣམ་པར་དག་པའི་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་རྒྱ་བཞིས་ཕྱག་
བྱས་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ལོ། །དེ་ལྟར་ཉིན་རེ་ཞིང་ཟླ་བ་གཅིག་གམ། དྲུག་གམ་ལོ་གཅིག་གི་བར་དུ་ཉིན་རེ་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །དེ་ནས་
ཉིན་རེའམ་ཟླ་བ་རེའམ། ལོ་རེ་ཞིང་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་དང་པོར་ས་སྦྱང་བ་དང་། ས་ཡོངས་སུ་གཟུང་བའི་ཆོ་ག་རྗེས་སུ་སྤྱད་ལ། དང་པོས་རྡོ་རྗེས་དེ་བཞིན་དུ་དཀྱིལ་འཁོར་སྤྲུལ་ལ། ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས། སྡོམ་
པ་བཟུང་ལ་རྣལ་འབྱོར་ཆེན་པོ་དང་། གཞལ་ཡས་ཁང་དང་གདན་རྣམས་བསྐྱེད་ནས། དཀྱིལ་འཁོར་གྱི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ། དེང་དུས་བདག་ཚེ་འབྲས་བུ་ཡོད། །ཅེས་བྱ་བ་ལ་སོགས་པས་བདག་ཉིད་སྤྲོ་བ་

བསྐྱེད་པར་བྱའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ་སྤོས་སྣོད་ལག་ན་ཐོགས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །དེ་ནས་ཡན་ལག་ཐམས་
ཅད་ཀྱིས་ཕྱག་བྱས་ལ། དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ཤིང་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཧཱུཾ་ཞེས་ཟློས་ཤིང་ཕྱག་རྒྱ་ཆེན་པོ་བཅིངས་ལ་དཀྱིལ་འཁོར་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་
ཆེན་པོ་བྲི་བར་བྱ་བའི་ཕྱིར་བཅོམ་ལྡན་ཁྱོད་ལ་གསོལ་བ་ནི་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་མོ། །དེ་ནས་ལངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ནས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་གང་བར་བསམས་ཏེ། བདག་ནི་རང་ཉིད་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དང་། ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེའི་ཧཱུཾ་བཛྲོད་ཏིཥྛ་མཎྜ་ལ་ཨུཏྤཱ་ད་ཡ་མི་ཞེས་ཟློས་ཤིང་དཀྱིལ་
འཁོར་བཏེག་ལ། ནམ་མཁའི་ཕྱོགས་སུ་ཡིད་ཀྱིས་བཏེག་ནས་ཡང་དང་པོས་རྡོ་རྗེ་དང་ཧཱུཾ་ཞེས་བྱ་བས་སྙིང་ག་དང་ལྐོག་མ་དང་དཔྲལ་བ་དང་སྤྱི་བོར་བདག་ཉིད་བྱིན་གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་བཛྲ་དྲྀཥྚ་མ་ཊ་ཞེས་བྱ་བ་མིག་གཉིས་
སུ་དགོད་ལ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །ཧཱུཾ་ཞེས་བྱ་བ་ཟློས་བྱེད་ཅིང་། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་སློབ་མ་ཐམས་ཅད་ལྷག་པར་གནས་པ་དང་། ལྷ་
ལྷག་པར་གནས་པ་བྱས་ནས་ཉི་མ་འཆར་བའི་དུས་སུ། གསང་བའི་དཀྱིལ་འཁོར་དུ་སྔར་བཤད་པའི་ཆོ་གས་ཐིག་གདབ་པར་བྱའོ། །དེ་ནས་ཡི་གེ་ཧྲིཿལས་མིག་གཡོན་པ་དང་གཡས་པ་གཉིས་སུ་ཉི་མ་དང་ཟླ་བ་བསྐྱེད་ལ་ཁྲོ་བོའི་ལྟ་བས་ཀུན་ནས་བལྟ་ཞིང་

སྒོ་རྣམས་བྱའོ། །དེ་ལྟར་ཐིག་གདབ་པའི་ཆོ་ག་བྱས་ནས་ཚོན་དགྱེ་བར་བྱའོ། །རེ་ཞིག་དང་པོར་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བས་ཚོན་རྩི་ཐམས་ཅད་ལ་རེ་ཞིག་ལན་བདུན་བདུན་བཟླ་བར་བྱའོ། །དེ་ནས་རྡོ་རྗེ་ཉི་མའི་ཁྲོ་བོའི་ཕྱག་རྒྱ་དང་། ཧི་ཞེས་བྱ་བས་
སྦར་བར་བྱའོ། །དེ་ནས་དང་པོའི་རྡོ་རྗེའི་ཡི་གེ་ཧཱུཾ་ཟློས་ཤིང་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ནས་བསྐོར་བའི་རིམ་གྱིས་ཚོན་རྩི་ཐམས་ཅད་དགྱེ་བ་ནི་དང་པོ་རྩོམ་པའི་ཚེ་ནས་བྱས་ནས་ཕྱིས་ནི་ཅི་བདེར་བྱའོ། །རིམ་པ་ནི་འདི་ཡིན་ཏེ། དམར་པོ་
དང་ལྗང་གུ་དང་། སྔོན་པོ་དང་སེར་པོ་དང་། དཀར་པོ་ནི་ཐམས་ཅད་ཀྱི་ནང་དུ་བྱའོ། །དཀྱིལ་འཁོར་དབུས་སུ་སྣ་ཚོགས་པདྨ་སྡོང་བུ་དང་བཅས་པར་དཔལ་རྡོ་རྗེ་སེམས་དཔའ་ལུགས་མའམ། འབུར་དུ་བརྐོས་པའམ། བྲིས་པ། འཛུམ་བཅས་ཟླ་བའི་
མདོག་ཅན་ལ། །འོད་ཟེར་དམར་པོ་འབར་བའི་འོད། །སངས་རྒྱས་ཀུན་གྱི་དབང་བསྐུར་སོགས། །རྒྱན་དང་ན་བཟའ་སྣ་ཚོགས་ལྡན། །ཞེས་བྱ་བ། ཨོཾ་སུ་ར་ཏ་སྟྭཾ་ཞེས་ཟློས་ཤིང་། སེམས་དཔའི་སྐྱིལ་མོ་ཀྲུང་གིས་རྡོ་རྗེ་སྙེམས་ཚུལ་དུ་བཞུགས་པ་དགོད་
པར་བྱའོ། །དེའི་ཤར་གྱི་ཆར་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་འདོད་ཆགས་རྡོ་རྗེ་མ་སྐུ་མདོག་དམར་མོ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཞུ་བསྣམས་ཤིང་གཡས་པས་མདའ་གསོར་བ་ལ་བརྩོན་པ་གཡས་ལོགས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལའི་གནས་སུ་རྡོ་རྗེ་ཀཱི་ལི་ཀཱི་
ལ་ཡ་སྐུ་མདོག་དཀར་ལྗང་ཕྱག་གཉིས་ཀྱིས་དང་པོའི་རྡོ་རྗེ་འཁྱུད་དེ་བཞུགས་པ། རྒྱབ་ཏུ་རྡོ་རྗེ་དྲན་མའི་གནས་སུ་ལྷ་མོ་དྲན་མ། སྔོན་མོ་ཕྱག་གཡོན་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པ། ཕྱག་གཡས་ཇི་ལྟར་མཛེས་པར་བཞུགས་པའོ། །བཅོམ་ལྡན་
འདས་ཀྱི་གཡོན་ལོགས་སུ་རྡོ་རྗེ་སྙེམས་མའི་གནས་སུ་འདོད་པ་མའི་དབང་ཕྱུག་མ་སྐུ་མདོག་སྔོ་བ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ཏེ་གཉིས་ཀ་དཀུར་བརྟེན་པར་བཞུགས་པའོ། །འདི་རྣམས་དགོད་པའི་སྔགས་ནི་ཛཿབཛྲ་དྲྀཥྚ་ས་མ་ཡ་

ཀེ་མ་ཊ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། བཾ་བཛྲི་ཎི་སྨ་ར་ཏ། ཧོ་བཛྲ་ཀཱ་མེ་ཤྭ་རི་ཏྭཾ། ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་མེའི་མཚམས་སུ་རབ་ཏུ་དགའ་བ་མ་སྐུ་མདོག་དམར་བ། བདེན་བྲལ་གྱི་མཚམས་སུ་ཤིན་ཏུ་དགའ་མ་པ་ལ་ཤའི་མདོག་ལྟར་དཀར་བ། རླུང་གི་
མཚམས་སུ་སྤྱན་མ་སྐུ་མདོག་སྔོ་བ། དབང་ལྡན་གྱི་མཚམས་སུ་དཔལ་མོ་ཆེན་མོ་གསེར་གྱི་མདོག་ཅན་འདི་རྣམས་ནི་མེ་ཏོག་དང་། བདུག་སྤོས་དང་། མར་མེ་ཆེན་པོ་དང་། དྲི་སྤྱི་བོར་ཐལ་མོ་སྦྱར་ཏེ་འཇུག་པའོ། །ལྷ་མོ་རྡོ་རྗེ་རྒྱལ་མོ་འདི་རྣམས་ཀྱི་སྔགས་བཤད་པ་ནི་ཧེ་བཛྲ་ར་ཏི།
མ་ཧཱ་ར་ཏི། ཨོཾ་བཛྲ་ལོ་ཙ་ན་ནི་མ་ཤ་རི་བི་བཛྲ་ཧོ། །ཕྱིའི་དཀྱིལ་འཁོར་གྱི་མེའི་མཚམས་སུ་སྒེག་མོ་སྐུ་མདོག་དམར་བ། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་མོ་ལྔ་པ་བསྣམས་ནས། དཀུ་གཉིས་སུ་བརྟེན་ཏེ་བཞུགས་པ། བདེན་བྲལ་གྱི་མཚམས་སུ་བཞད་མ་པ་ལ་ཤའི་
མདོག་ལྟར་དཀར་བ། ཕྱག་གཉིས་ཀྱིས་སོའི་ཕྲེང་བ་གཉིས་བསྣམས་ནས་བཞད་པར་སྟོན་པ། རླུང་གི་མཚམས་སུ་གླུ་མ་སྐུ་མདོག་སྔོ་བ་པི་ཝང་ལེན་པ་ལ་བརྩོན་པའོ། །དབང་ལྡན་གྱི་མཚམས་སུ་གར་མ་སྐུ་མདོག་སེར་བ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ཕྱག་གཉིས་ན་
བསྣམས་ཏེ་གར་མཛད་པའོ། །དེ་ལ་འདི་རྣམས་ཀྱི་སྙིང་པོ་ནི་ཧེ་ར་ཏི་བཛྲ་བི་ལཱ་ས་ནི་ཏྲ་ཊ། བེ་བ་ག་ཏེ་བཛྲ་ཧཱ་སེ་ཧ་ཧ། ཧེ་ར་ཧི་བཛྲ་གཱི་ཏེ། གཱི་ཏེ་གཱི་ཏེ། ཧེ་ར་ཏི་བཛྲ་ནྲྀ་ཏྱེ། བེ་བ་བེ་བ། དེ་ནས་ཕྱི་དང་ནང་དུ་བཅས་པའི་ཤར་སྒོ་གཉིས་སུ་རྡོ་རྗེ་ལྕགས་ཀྱུ་མ་སྐུ་མདོག་དམར་
བ་རྡོ་རྗེ་ལྕགས་ཀྱུས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ལྷ་རྣམས་དགུག་པར་མཛད་པ། ལྷོ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་ཞགས་པ་རྣམས་པ་ལ་ཤ་ལྟར་དཀར་བ། རྡོ་རྗེ་ཞགས་པས་གཞུག་པར་མཛད་པའོ། །ནུབ་ཕྱོགས་ཀྱི་སྒོ་གཉིས་རྡོ་རྗེ་ལྕགས་སྒྲོག་མ། སྐུ་མདོག་
སྔོ་བ་ལྕགས་སྒྲོག་གིས་འཆིང་བར་མཛད་པའོ། །བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་དྲིལ་བུ་མ་སྐུ་མདོག་སེར་བ་ཕྱག་གཡས་པས་རྡོ་རྗེ་དྲིལ་བུ་དཀྲོལ་བ་ཕྱག་གཡོན་པས་སྟན་ལ་སྙེམས་པ་བྲིའོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ཏེ། བཛྲ་ཨཾ་ཀུ་ཤུ་ཛཿ། བཛྲ་པཱ་

ཤ་ཧཱུཾ། བཛྲ་ཤྲིཾ་ཁ་ལེ་བཾ། བཛྲ་གྷཎྚེ་ཧོཿ། དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ནི་འཛུམ་པ་དང་བཅས་ཤིང་དགའ་བ་ཆེན་པོས་གཟིགས་པ་སྟེ། འདོད་ཆགས་རྡོ་རྗེ་མ་དང་རབ་ཏུ་དགའ་མ་དང་སྒེག་མོ་དང་། ལྕགས་ཀྱུ་མ་རྣམས་ཀྱིས་སྒེག་ཅིང་འཛུམ་པ་དང་བཅས་པས་
རྣམ་པར་གཡོ་ཞིང་ཟུར་གྱིས་བལྟ་བ་ལ་སྤྱན་རས་གཟིགས་པ་ཀཱི་ལི་ཀཱི་ལ་དང་། ཤིན་ཏུ་དགའ་མ་དང་། བཞད་མ་དང་། ཞགས་པ་མ་འཛུམ་ཞིང་མིག་མི་འཛུམས་པ་ལ་ལོངས་སྤྱོད་པར་མཛད་པ། རྡོ་རྗེ་དྲན་མ་དང་། སྤྱན་དང་། གླུ་མ་དང་། ལྕགས་སྒྲོག་མའི་སྙེམས་མ་
དང་བཅས་པ་ལ་མཆོག་ཏུ་བཞད་པས་སྤྱན་གཡོན་དུ་གཟིགས་པ། རྡོ་རྗེ་འདོད་པའི་དབང་ཕྱུག་མ་དང་། དཔལ་ཆེན་མོ་དང་། གར་མ་དང་། དྲིལ་བུ་མ་རྣམས་ཀྱིས་རྣམ་པར་སྒེག་པའི་འཛུམ་ཞིང་རབ་ཏུ་འདུད་པ་དང་ལྡན་པ་ལ་གཟིགས་པར་མཛད་པའོ། །འདི་དག་
ཐམས་ཅད་ཀྱང་སྣ་ཚོགས་པདྨ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དགོད་ཅིང་བདེ་བའི་གཟུགས་ཅན་ནོ། །ཤར་ཕྱོགས་ན་བཞུགས་པ་རྣམས་ནི། མི་བསྐྱོད་པའི་ཅོད་པན་གྱི་དབང་བསྐུར་ལ། ལྷོ་ཕྱོགས་པ་རྣམས་ནི་རིན་ཆེན་འབྱུང་ལྡན་ཅོད་པན་
གྱིས་སོ། །ནུབ་ཕྱོགས་པ་རྣམས་ནི་འོད་དཔག་ཏུ་མེད་པའི་ཅོད་པན་གྱིས་སོ། །བྱང་ཕྱོགས་པ་རྣམས་ནི་དོན་ཡོད་གྲུབ་པའི་ཅོད་པན་གྱིས་དབང་བསྐུར་བ་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ཤིང་བཀོད་ནས་སྒོ་དབྱེ་བ་དང་། བསྡུ་བ་ཇི་ལྟ་བ་བཞིན་དུ་བྱས་ལ།
མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་ལ་བསྟོད་པ། རྡོ་རྗེ་ཅན་གྱི་སྤྱན་སྔར་ནི། །སེམས་དཔའི་སྐྱིལ་ཀྲུང་གིས་འདུག་སྟེ། །བདེ་ཆེན་རྡོ་རྗེ་ཅན་རབ་མཆོག །བདག་པོ་ལན་ཅིག་ཡང་དག་དགུག །ཧེ་མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡ་མ་ནུ་པཱ་ལ་ཡ། པྲ་བུདྡྷ་
སུ་ར་ཏ་སྟྭཾ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་དྲྀ་ཌྷོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། བྷ་ག་ཝཱན། ཨ་དྷི་ནི་ད་ན་སཏྭ་སརྦ་སིདྡྷིམྨེ་པྲ་ཡཙྪ། ཨེ་ཥ་སྟྭཾ་ཨ་ཀྲྀ་ཤ་པྲ་བེ་ཤ་ཡ་ས་མ་ཡེ་ར་བ་ཏཾ་བ་ཤི་ཀ་རོ་མི། ཨི་མེར་མུ་དྲ་མནྡྲ་པཱ་དེ་ཛཿཧཱུཾ་བཾ་ཧོཿདེ་ལ་བདེ་བ་ཆེན་པོ་རྡོ་རྗེ་ཆེ། །

རྡོ་རྗེ་མཆོག་མ་ནི་རྡོ་རྗེ་གསང་བའི་ལྕགས་ཀྱུ་མའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ལ་སོགས་པ་བྱས་ནས་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་སྒོ་ཐམས་ཅད་ལ་རྡོ་རྗེ་བསྲུང་བའི་དམ་ཚིག་གི་ཕྱག་རྒྱས། ལྷ་ཐམས་ཅད་ལེགས་པར་བསྲུངས་ནས་
བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཧཱུཾ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ་ཧཱུཾ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨོཾ་སུ་ར་ཏ་སྟྭཾ། ཨ་ནུ་རཱ་གཱ་མི་ཧཱུཾ། ཞེས་ལན་གསུམ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ་དཔལ་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ། །དེ་
ནས་རྡོ་རྗེ་འདོད་ཆགས་མའི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཛཿབཛྲ་དྲྀཥྚ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་བཛྲ་དྲྀཥྚ་ས་མ་ཡ་ཀེ་མཊ། ཅེས་ལན་གསུམ་བརྗོད་ལ། འདོད་ཆགས་རྡོ་རྗེ་མ་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་དྲིལ་བུའི་དམ་
ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་གྷཎྚེ་ཧོཿ དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨོཾ་བཛྲ་གྷཎྚེ་ཧོཿ། ཞེས་ལན་གསུམ་བཟླས་པ་ལ་རྡོ་རྗེ་དྲིལ་བུ་མ་བསྒྲུབ་པར་བྱའོ། །ཡང་གསང་བའི་ལྕགས་ཀྱུ་མ་བཅིངས་ལ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་དང་། བཅོམ་ལྡན་
འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ། །ཡང་གསང་བའི་རྡོ་རྗེ་ལྕགས་ཀྱུ་མ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ལ་བསྟན་པར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་གདབ་པར་
བྱའོ། །དེ་ནས་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་བུམ་པ་གང་བ་ལ་སོགས་པས་ཡང་དག་པར་མཆོད་དེ། རྡོ་རྗེ་གནོད་སྦྱིན་བཟླས་པའི་གོས་དང་ཡང་སྒོ་སྲུང་བཟླས་པའི་གོས་ཀྱིས་གདོང་གཡོགས་ལ་གོས་སྣ་
ཚོགས་བགོས་ཤིང་མེ་ཏོག་གི་ཕྲེང་བ་བཏགས་པ་དང་། ཁ་དྲི་ཞིམ་པོར་བྱས་ལ། ཕྱག་བཞི་བྱས་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་།

ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་ནས་སྡོམ་པ་གཟུང་བར་བྱའོ། །དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུ་ལ་དཔལ་རྡོ་རྗེ་སེམས་དཔའ་ཡོངས་སུ་བཟླས་པས་བདག་ཉིད་དབང་བསྐུར་ལ་བཛྲ་བཛྲ་ཞེས་ཟློས་ཤིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་
ཞུགས་ཤིང་། དཀྱིལ་འཁོར་གྱི་རྡོ་རྗེ་གླུ་འདི་ཕྱག་རྒྱ་དང་བཅས་པས་བླང་བར་བྱའོ། །རྗེས་སུ་ཆགས་པ་ཐམས་ཅད་ཀྱི། །ཡིད་ཀྱི་བདེ་བ་དམ་པ་ཡི། །རྡོ་རྗེ་སེམས་དཔའ་བསྐྱེད་པའོ། །རབ་ཏུ་དགའ་བའི་འགྲོ་རྣམས་ལ། །བདེ་བ་ཆེན་པོ་བརྟན་ཞིང་མཐོང་། །ཐོག་
མའི་གྲུབ་པ་མྱུར་མཛོད་ཅིག །ཨོཾ་མ་ཧཱ་སུ་ཁ་བཛྲ་སིདྡྷི། བཛྲ་སཏྭ་སིདྡྷྱ་ཛཿཧཱུཾ་བཾ་ཧོཿ སིདྡྷི་ས་མ་ཡ་སིདྡྷི་ཧཱུཾ། ཞེས་བྱ་བ་ནི་རྡོ་རྗེའི་གླུའོ། །དེ་ལ་ཕྱག་རྒྱ་འདི་ཡིན་ཏེ། རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །སྤྱི་བོར་ཐལ་སྦྱར་མེ་ཏོག་བཅས། །ཕྱག་རྒྱ་ཀུན་གྱི་རྣལ་འབྱོར་ཆེ། །
དཀྱིལ་འཁོར་དམ་པར་འཇུག་པར་བྱའོ། །སྒོ་སྲུང་གི་ལྷ་མོ་རྣམས་ཀྱི་སྙིང་པོ་ཡང་དེ་བཞིན་དུ་བཟླས་པར་བྱའོ། །དེ་ནས་འདིའི་མཚན་ཉིད་བརྗོད་པར་བྱ་སྟེ། བ་དན་གསུམ་པ་རྩེ་གསུམ་བཅས། །བསྒྱིངས་བཅས་མཐའ་སོགས་ལས་གྲོལ་བས། །གློག་
འགྱུ་ལྟར་གདེག་མདུན་དུ་བསྐོར། །དེ་ནི་རྡོ་རྗེ་གར་ཞེས་བཤད། །ཐལ་མོ་ཁོང་སྟོང་མེ་ཏོག་གི་ཕྲེང་བ་དང་བཅས་པ་སྤྱི་བོར་གཞག་པར་བྱའོ། །དེ་ནས་འདི་སྐད་ཅེས་བརྗོད་དོ། །མ་ཧཱ་ར་ཏ་སུ་དྲྀ་ཌྷ། སུ་དྲྀ་ཤྱ་སུ་ཁ་སུ་སཏྭ་ཨ་དྷི་སིདྡྷྱ་མི། རྣམ་སྒེག་དགའ་བའི་རྡོ་
རྗེ་ནི། །རྣམ་པར་འགྱུར་བས་སྒེག་བཅས་པ། །བཞིན་རས་པདྨ་ཁ་ཕྱེ་བས། །བཞུགས་གནས་མགོན་ལ་ཕྱག་བྱའོ། །ཨོཾ་པ་ར་མ་སུ་ཁ་ཤ་ཡ་སུ་ལ་ལི་ཏ། བི་ལཱ་སྱ་ན་མ་སྟི། ན་མ་མི། བྷ་ག་ཝཱནྟཾ་ཛཿཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཞེས་
བརྗོད་པར་བྱའོ། །དེ་ལ་འདིའི་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་སྟེ། རྡོ་རྗེ་གར་གྱི་མཆོད་པ་དང་བཅས་པའི་འཛུམ་པའི་མིག་དང་ཕྱག་བྱ་བས་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱའོ་ཞེས་བྱ་བའི་བསམ་པས་ཕྱག་

རྒྱའོ། །དེ་ནས་དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ལ། མཆོད་པ་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་བདག་དེང་གྲུབ་མཛོད། །ཅེས་བྱ་བ་དེ་ཁོ་ན་
ཉིད་བརྗོད་པར་བྱའོ། །དེ་ནས་ཛཿཧཱུཾ་བཾ་ཧོཿ པྲ་སིདྡྷ་མཾ་ཞེས་བྱ་བ་འདི་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ཆུ་འཐུངས་ལ་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མའི་རྡོ་རྗེ་ཕྱེ་ལ་ཧཱུཾ་ཨཱཿ ཞེས་ལན་བརྒྱ་རྩ་བརྒྱད་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་མེ་ཏོག་དོར་
བར་བྱའོ། །ཨོཾ་པ་ར་མ་སུ་ཁ་ཤ་ཡ་ཞེས་བྱ་བ་ལ་སོགས་པ་ཕྱག་བྱ་བའི་གླུ་དང་ཟློས་ཤིང་འཇུག་པའི་ཕྱག་རྒྱ་ཉིད་ཕབ་ལ་བསྒྱིངས་པ་དང་བཅས་པས་མཛུབ་མོ་དང་མཐེ་ཆུང་གི་རྩེ་མོ་མཐའ་ནས་དགྲོལ་བ་ནི་མེ་ཏོག་དོར་བའི་ཕྱག་རྒྱའོ། །དེ་ནས་ཕྲེང་བ་དེ་བླངས་ལ་འདིས་
རང་གི་མགོ་ལ་བཅིང་བར་བྱའོ། །དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་ནས་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥིཉྩ་མཾ་སུ་ར་ཏ་སྟྭཾ་ཞེས་བྱ་བའི་བར་དུ་བརྗོད་དོ། །དེ་ནས་སྙིང་པོ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །ཨོཾ་བཛྲ་ཙཀྵུ་མ་ཧཱ་སུ་ཁ་སུ་ར་ཏ་སྟྭཾ། དེ་ནས་ཧེ་བཛྲ་པཱ་ཤྱ་
ཞེས་ཟློས་ཤིང་། རྡོ་རྗེ་ལྕགས་ཀྱུ་མ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའི་བར་གྱི་དཀྱིལ་འཁོར་རྣམས་ཀྱི་ངོ་བོར་བསྟན་པར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་འདིས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་
ནས་རྡོ་རྗེ་ཐལ་མོ་བསྐོར་བས་ཤིས་པར་བརྗོད་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་ལ་བསྟོད་པར་བྱའོ། །དེ་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་གསང་བའི་མཆོད་པ་བཞི་གླུ་དང་རོལ་མོའི་མཆོད་པས་བཅོམ་
ལྡན་འདས་ལ་ཡང་དག་པར་མཆོད་པར་བྱའོ། །དེ་ནས་བདག་ཉིད་དཔལ་རྡོ་རྗེ་སེམས་དཔར་བསམས་ལ་དང་པོའི་རྡོ་རྗེ་དང་བཛྲ་སཏྭ་ཞེས་བྱ་བ་ཟློས་ཤིང་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་དམ་ཚིག་གི་ཕྱག་

རྒྱས་རང་གི་ལུས་ལ་གནས་ཇི་ལྟ་བ་བཞིན་དུ། བདག་ཉིད་དབང་བསྐུར་བ་ལ་སོགས་པ་གཟེངས་བསྟོད་པ་དང་། ལུང་བསྟན་པའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ནས་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ཇི་ལྟར་མངོན་པར་འདོད་པའི་བཟླས་
བརྗོད་བྱའོ། །དེ་ནས་མཆོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ལ་ཕྱིར་དབྱུང་བར་བྱའོ། །དེ་ནས་སློབ་མ་གཞུག་པར་འདོད་ན། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་ལ། །སྙིང་ནས་
བསམ་པ་གཡོས་པ་ཡིས། །མགོ་བོས་ཡང་དག་ཕྱག་བྱས་ལ། །དངོས་གྲུབ་དམ་པར་རབ་གྲུབ་བྱེད། །དཀྱིལ་འཁོར་ཉིད་དུ་ཞུགས་པས་ཀྱང་། །བསྐོར་བ་ལན་གསུམ་བྱ་བ་ཡིན། །བདེ་བ་ཆེན་པོ་འདོད་ཆགས་ཆེ། །འགྲོ་བ་ཀུན་ཀྱང་གྲུབ་ཕྱིར་བྱ། །
དེ་ནས་མཆོད་པ་བཞི་པ་ཡིས། །བདེ་བ་ཆེ་ལ་ཡང་དག་མཆོད། །དེ་བཞིན་རྡོ་རྗེ་དབང་བསྐུར་ལ། །སློབ་མ་བཟུང་སྟེ་གཞུག་པར་བྱ། །འདིར་ཆོ་ག་ཐམས་ཅད་དང་པོར་གཞུག་པར་བཤད་པ་ཡིན་ལ། འདིར་ཁྱད་པར་ནི་འདི་ལྟར་རྡོ་རྗེ་མཆོད་ཡོན་གྱི་ཕྱག་
རྒྱས་འཇུག་པ་ཡིན་ནོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ལ་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བའི་དགེ་བསྙེན་ནམ། དགེ་སྦྱོང་ངམ་དགེ་སློང་གི་སྡོམ་པ་ཡོངས་སུ་བཟུང་བ་ལ་རིག་པའི་སྡོམ་པ་འཛིན་དུ་བཅུག་སྟེ། དེས་སློབ་
དཔོན་ལ་ཕྱག་བྱས་ནས་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་གྱི་རིམ་པས་འཛིན་དུ་གཞུག་གོ། །དེ་ནས་སློབ་དཔོན་གྱིས་སློབ་མ་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ར་མ་མ་ཧཱ་བོ་དྷི་
ཙིཏྟ་ཨུཏྤཱ་ད་ཡ་མི་ཨ་བེ་ཤ་སརྦ་སཏྭ་དྷཱ་ཏུ་པ་རི་ཏྲ་ན་སུ་ཁོཏྟ་མ་སིདྡྷི་ནི་མི་ཏྟཾ་ཨ་ཏ་ག་དཾ་བྷ་བ་ས་མ་སིདྡྷི་མ་ཧཱ་ཤྱ་དྱ་དྱི་བཏྟྱ་ཡཱ་ཨ་བད་སརྦ་ད་མ་མ་ཧཱ་སིདྡྷི་མ་ཧཱ་ཧི་ཤྭ་དྱ་དྷི་སིདྡྷི་ཡཱ་ཡ་ཙ་ཞེས་བྱ་བའི་སྔགས་ཀྱིས་བྱ་བའོ། །དེ་ནས་དེའི་སྙིང་གར་སུ་ར་ཏེ་ས་མ་ཡ་སྟྭཾ་ཧི་བཛྲ་སིདྡྷི་ཡ་

ཐ་སུ་ཁཾ་ཞེས་བྱ་བ་དང་། དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ། དེ་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་བཤད་པའི་སྔགས་དང་། ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པས་མཆོད་ལ་ཡོན་གྱི་མཆོག་བླངས་ཏེ། སློབ་དཔོན་གྱིས་
ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་བ་ལ། དང་པོའི་འཇུག་པའི་ཕྱག་རྒྱ་དང་། རྡོ་རྗེ་ཤུགས་ཀྱིས་རང་གི་དབང་བསྐུར་བའི་ཆོ་གས་དབང་བསྐུར་བར་བྱའོ། །སྒོ་བཞི་ལས་ཤར་སྒོ་ནས་རྡོ་རྗེ་ལྕགས་ཀྱུ་མའི་ལས་ཀྱི་ཕྱག་རྒྱས་དགུག་པར་བྱའོ། །ལྷོ་
ཕྱོགས་ནས་ཞགས་པའི་ལས་ཀྱི་ཕྱག་རྒྱས་གཞུག་པར་བྱའོ། །ནུབ་ནས་ལྕགས་སྒྲོག་མས་བཅིང་བར་བྱའོ། །བྱང་ནས་དྲིལ་བུ་མའི་ལས་ཀྱི་ཕྱག་རྒྱས་དབང་དུ་བྱའོ། །དེ་ནས་ཤར་ཕྱོགས་ནས་ཡང་བཅུག་ལ་འདི་སྐད་ཅེས་བརྗོད་དོ། །འདོད་ཆགས་བྲལ་འདུལ་
འཇིག་རྟེན་ལ། །ཆགས་བྲལ་གྱིས་ནི་དག་པར་འགྱུར། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་སྦས་པ་ཡིན། །འདོད་ཆགས་བྲལ་འདྲའི་སྡིག་པ་ནི། །གཞན་དག་ངོ་བོ་ཉིད་ཀྱིས་མེད། །དེ་བས་ཀུན་དང་ཆགས་བྲལ་བར། །ཁྱོད་ནི་ནམ་ཡང་མ་
བྱེད་ཅིག །དེ་ནས་འདི་སྐད་ཅེས་བརྗོད་དོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཞེས་བྱ་བ་ནི་དཀྱིལ་འཁོར་བསྟན་ཞིང་དབབ་པའི་ཕྱག་རྒྱ་དགྲོལ་བའི་བར་གྱི་ཆོ་ག་སྔར་བཤད་པ་བཞིན་དུ་བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་ཤར་
སྒོར་བལྟས་པའོ། །སྣ་ཚོགས་པདྨ་ལ་བྲིས་ལ། སློབ་མ་དཔལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། ཕྱག་རྒྱ་ཆེན་པོ་པདྨའི་སྟེང་དུ་གཞག་སྟེ། དབང་བསྐུར་བ་ནས་ཕྱག་རྒྱ་བཞི་བྱིན་གྱིས་བརླབ་པའི་བར་གྱི་ཆོ་ག་རྒྱས་པ་རྣམས་བྱ་བ་ནི་སྔར་དཔལ་རྡོ་རྗེ་སེམས་
དཔའི་ཆོ་ག་ལས་གསུངས་པའི་ཚུལ་དུ་ཐམས་ཅད་བྱ་བར་ཤེས་པར་བྱའོ། །སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བསྟན་ནས། ད་ནི་དམ་

ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟོན་པའོ། །དེ་ཕྱིར་
ཞེས་བྱ་བ་ནི་རྒྱུ་སྟེ། གང་གི་ཕྱིར་སྒྲུབ་པ་མེད་པར་གདུལ་བྱ་རྣམས་ཀྱིས་མངོན་པར་འདོད་པའི་དོན་གྲུབ་པར་མི་འགྱུར་བས་ན་རྒྱུ་དེའི་ཕྱིར་སྒྲུབ་པ་བཤད་པར་བྱའོ། །སྒྲུབ་པ་དེ་ཉིད་དངོས་གྲུབ་ཀྱི་རྒྱུ་ཡིན་པས་ན་སྒྲུབ་པའོ། །སྒྲུབ་པ་དེའི་དངོས་གྲུབ་ཁྱད་པར་ཇི་ལྟ་བུ་
ཡིན་ཞེ་ན། ཤིན་ཏུ་རྟག་པ་ཡིན་ཞེས་གསུངས་ཏེ་ཐོག་མ་དང་ཐ་མ་མེད་པ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་པའི་ཕྱིར་ཤིན་ཏུ་རྟག་པའི་དངོས་གྲུབ་སྟེ། དངོས་གྲུབ་ཤིན་ཏུ་རྟག་པ་དེའི་སྒྲུབ་པ་བཤད་པའོ་ཞེས་བྱ་བའི་དོན་ཏོ། །སྲིད་པ་
འདིར་ཞེས་བྱ་བ་ནི་ཚེ་འདི་ཉིད་ལའོ། །གང་གི་ཕྱིར་ཐོབ་ཅེས་བྱ་བ་ནི་སྒྲུབ་པ་གང་གིས་དེ་ཐོབ་པར་འགྱུར་བའོ། །ཅི་ཞིག་ཐོབ་ཅེ་ན། ཤིན་ཏུ་རྟག་པའི་དངོས་གྲུབ་ཉིད། །ཅེས་བྱ་བ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པ་ནི་ཤིན་ཏུ་རྟག་པའི་
དངོས་གྲུབ་བོ། །ཅིའི་ཕྱིར་སྒྲུབ་པ་འདིས་ཤིན་ཏུ་རྟག་པའི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་ཞེ་ན། འདི་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོག་ནས་བཤད་པའི་སྒྲུབ་པ་འདིས་སོ། །བྱང་ཆུབ་སེམས་དཔའ་ནི་ཞེས་བྱ་བ་སྒྲུབ་པ་པོ་སྲིད་པར་
གནས་ཤིང་ཞེས་བྱ་བ་ལ་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་སྲིད་པ་ན་གནས་པའོ། །སྲིད་པ་སྤངས་པ་ཞེས་བྱ་བ་འདོད་པའི་སྲིད་པ་ལ་སོགས་པ་སྤངས་པའོ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་ཆེ། །ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ལ་སོགས་
པའི་དངོས་གྲུབ་ཐམས་ཅད་ཐོབ་ཅིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་རྫོགས་པས་ན། དངོས་གྲུབ་ཀུན་གྱི་དབང་ཕྱུག་ཆེ། །ཞེས་བྱའོ། །རྟག་ཏུ་སེམས་ཅན་ཀུན་དོན་བྱེད། །ཅེས་བྱ་བ་ནི་ཕྱི་མའི་མཐར་ཐུག་པ་མེད་པར་སེམས་ཅན་གྱི་དོན་མཛད་

པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྦྱོར་བས་ཀྱང་ཚེ་འདི་ཉིད་ལ་སྲིད་པ་ལ་གནས་ཤིང་སྲིད་པ་སྤངས་པ་གྲུབ་ཅིང་སེམས་ཅན་གྱི་དོན་རྟག་ཏུ་བྱེད་པར་འགྱུར་བས་ན་སྒྲུབ་པ་འདི་ཅི་ཞིག་བྱ་ཞེས་རྟོག་ན་དེའི་ཕྱིར་ཇི་ལྟར་འདི་ཡིས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གྲུབ་པ་འདིས་ཚེ་འདི་ཉིད་ལ་སྲིད་པར་གནས་ཤིང་སྲིད་པ་སྤངས་པ་གྲུབ་པར་གྱུར་པ་དེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སོགས་པས་སྒྲུབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དེས་བསྐལ་པ་གྲངས་མེད་པ་
གསུམ་གྱིས་སངས་རྒྱས་ཉིད་ཐོབ་པར་བཤད་པའི་ཕྱིར་རོ། །བྱང་ཆུབ་སྤྱོད་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། བྱང་ཆུབ་སེམས་དཔའི་ས་བཅུའི་སྤྱོད་པའོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སྤྱོད་པ་ལ་སོགས་ཏེ། ཉན་ཐོས་དང་རང་སངས་
རྒྱས་ཀྱི་ས་ཐོབ་པར་བྱ་བ་དང་། བསམ་པ་དང་། བསྒོམ་པའི་རང་བཞིན་ཅན་གྱི་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་སོགས་པ་ཞེས་བྱའོ། །དགེ་བའི་ཚུལ་ནི་གཞན་གྱིས་ཀྱང་། །ཞེས་བྱ་བ་ནི་འཇིག་རྟེན་པའི་དགེ་བའི་སྤྱོད་པས་ཀྱང་སྟེ། དེ་དག་གིས་
ཚེ་འདི་ཉིད་ལ་སངས་རྒྱས་ཐམས་ཅད་ལ་སོགས་པའི་དངོས་གྲུབ་ཀྱི་མཆོག་སྟེ། དམ་པར་གྱུར་པ་ཇི་ལྟར་འདིས་ཐོབ་པར་གྱུར་པ་དེ་བཞིན་དུ་དེ་དག་གིས་ཐོབ་པར་མི་འགྱུར་རོ། །ཚུལ་གཞན་དག་གིས་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་ཚེ་འདི་
ཉིད་ལ་གྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཅིའི་ཕྱིར་མི་བྱེད་ཅེ་ན། གདུལ་བྱ་མིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་བསྐྱེད་པའི་བག་ཆགས་མེད་པས་སངས་རྒྱས་དང་ཏིང་ངེ་འཛིན་ལ་སོགས་
པ་མཐོང་བ་ལྟ་བུའི་སྐལ་བ་མེད་པའི་སེམས་ཅན་གྱི་ཁམས་ནི་གདུལ་བྱ་མ་ཡིན་པའོ། །མཚམས་མེད་པ་ལ་སོགས་པའི་ལས་གྱི་ལམ་དང་ལྡན་པའི་སེམས་ཅན་གྱི་ཁམས་ནི་བསོད་ནམས་མེད་པའོ། །དེ་བས་ན་གདུལ་བྱ་མ་ཡིན་པ་འམ། བསོད་

ནམས་མེད་པའི་རྒྱུའི་ཚུལ་གཞན་གྱིས་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་མཐོང་ནས་སེམས་ཅན་གྱི་དོན་བྱ་བར་མི་ནུས་ཤིང་། ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་མི་འགྱུར་རོ། །དེ་བས་རྒྱུད་
ཆེན་ལས་གྲུབ་པས། །ཞེས་བྱ་བ་ནི་བསྐྱེད་པའོ། །ཅི་ཞིག་ཅེ་ན། སངས་རྒྱས་ཡང་ན་རྡོ་རྗེ་འཛིན། །ཞེས་བྱ་བ་གསུངས་ཏེ། འོག་ནས་ཇི་སྐད་བཤད་པའི་སྒྲུབ་པས་གྲུབ་ཅིང་སངས་རྒྱས་སམ། །རྡོ་རྗེ་འཛིན་པ་ཐོབ་པའམ། ཐོས་པ་འམ། རེག་པས་
སམ། ཆོས་རྟོག་པའི་བག་ཆགས་བསྐྱེད་པས་འགྲོ་བའི་དོན་བྱེད་པའི་མཐོང་བ་ལ་སོགས་པ་རྒྱུར་གྱུར་པས་གདུལ་བྱ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པར་བྱེད་པའི་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །ཚད་ཇི་ཙམ་ཞིག་ཅེ་ན། ནམ་མཁའ་
དང་མཉམ་པ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བདག་ཉིད་ཀྱི་དངོས་པོ་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་དུ་བསྐྱེད་པ་རྫོགས་པར་བྱས་པ་ནི་སེམས་ཅན་གྱི་དོན་ནམ་མཁའ་དང་མཉམ་པ་སྟེ། ནམ་མཁའ་དང་མཉམ་
པ་དེ་མཛད་པའོ། །ཇི་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་སེམས་ཅན་གྱི་དོན་མཛད་ཅེ་ན། སྲིད་པའི་ཉེས་པ་དྲི་མ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའོ། །འདོད་པའི་
འདོད་ཆགས་ལ་སོགས་པ་ནི་སྲིད་པའི་ཉེས་པའོ། །དེའི་དྲི་མ་མེད་པ་ནི་དྲི་མ་དེ་དང་བྲལ་བའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཞེས་བྱ་བ་ནི་གོ་བར་ཟད་དོ། །ནམ་མཁའ་མཐའ་ཡས་པ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བར་མཐའ་ཡས་པས་ནམ་
ནམ་མཁའ་མཐའ་ཡས་ཏེ། དེའི་ངོ་བོ་ཉིད་ནི་ནམ་མཁའ་མཐའ་ཡས་པ་ཉིད་དོ། །ནམ་མཁའ་མཐའ་ཡས་པ་ཉིད་དེས་ནམ་མཁའ་མཐའ་ཡས་ལྟར་ཐམས་ཅད་དུ་སོང་བས་སངས་རྒྱས་དང་རྡོ་རྗེ་འཆང་དེ་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་

ཁམས་ལ་བཞུགས་ནས་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་མཛད་པའོ། །ཇི་ལྟར་ནམ་མཁའ་དང་མཉམ་པར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅེ་ན། དཀྱིལ་འཁོར་དག་ཏུ་མ་ཞུགས་པའམ། །ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། གང་གི་ཕྱིར་བསྒྲུབ་པ་འདིས་སེམས་ཅན་དཀྱིལ་འཁོར་དུ་མ་ཞུགས་པ་དང་། བསོད་ནམས་མེད་པ་དང་། ལེ་ལོ་ཅན་ཡང་འགྲུབ་པར་འགྱུར་རོ། །དེ་བས་ན་འདིའི་ནུས་པས་སངས་རྒྱས་རྡོ་རྗེ་འཛིན་ལ་སོགས་པ་དེ་རྣམས་ནམ་མཁའ་དང་མཉམ་
པའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དོ། །སུ་ཞིག་གིས་དེ་སྐད་གསུངས་ཤེ་ན། བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་གསུངས་སོ། །དེ་ལྟར་སློབ་དཔོན་གྱི་སྒྲུབ་པ་བཤད་ནས། ད་ནི་རྭ་ནས་བཟུང་བའི་ཚུལ་གྱིས་
བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཡོད་པ་ནི་འབྲས་བུ་ཡོད་པ་སྟེ། དེ་ཉིད་ཀྱིས་ན་ཐོགས་པ་མེད་པའོ། །མྱུར་བ་ནི་རིང་པོར་མི་ཐོགས་པའོ། །མཆོག་ནི་བསྒྲུབ་པའི་ཐབས་གཞན་ལས་དམ་པར་གྱུར་པའོ། །དེ་
ཡང་གང་ཞིག་ཡིན་ཞེ་ན། བསྒྲུབ་པ་ཞེས་བྱ་བ་སྟེ། འདི་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་སྒྲུབ་པས་ན། སྒྲུབ་པ་ཞེས་བྱའོ། །རྗེས་སུ་བཤད་པ་ཞེས་བྱ་བ་ནི། བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གསུངས་སོ། །ལུགས་
མའམ་ཞེས་བྱ་བ་ལ་སོགས་པ་ནི། དཔལ་རྡོ་རྗེ་སེམས་དཔའི་སྐུ་གཟུགས་བཟོ་བོ་བཟང་པོ་བྱེད་དུ་གཞུག་པའམ། རང་ཉིད་ཀྱིས་བྱས་པའོ། །དེ་ནས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བཞག་ལ་བསྒྲུབ་པར་བྱའོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཉིན་རེ་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མ་རེ་རེ་ནི་ཉིན་རེའོ། །བཟླས་པ་དང་བསྒོམ་པའི་དུས་ཀྱི་ཐོག་མ་ནི་དང་པོའོ། །ལན་ཅིག་ནི་ཞེས་བྱ་བ་ནི་ལན་ཅིག་གཅིག་གོ། །ཡུལ་དང་ལྡན་གྱུར་པ་ཞེས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་དང་རྒྱན་གྱིས་

བདག་ཉིད་བརྒྱན་པར་གྱུར་པའོ། །དེ་བཞིན་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུས་དགུག་ཅིང་སྤྱན་དྲངས་ལ། མཆོད་པ་ཞེས་བྱ་བ་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད་དོ། །གང་གིས་ཡང་དག་པར་དགུག་པར་བྱ་ཞེ་ན། གསང་བ་མཆོག་གིས་ཞེས་བྱ་བ་
གསུངས་ཏེ། ཡི་གེ་ཧཱུཾ་ཟློས་ཤིང་གསང་བའི་ལྕགས་ཀྱུ་དྲིལ་བུ་དང་བཅས་པས་རང་གི་ལུས་ལ་གཞུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱག་རྒྱ་ཆེན་པོས་རང་བྱིན་གྱིས་བརླབ་ཅེས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་རབ་ཏུ་ཞེས་བྱ་བ། ཤིན་ཏུ་
བྱིན་གྱིས་བརླབ་པ་སྟེ། །རྡོ་རྗེ་སེམས་དཔར་བྱས་པ་ནི། །ཕྱག་རྒྱ་ཆེན་པོར་རབ་བྱིན་བརླབ། །ཅེས་བྱའོ། །རྡོ་རྗེ་མིག་གིས་དེ་བཞིན་བལྟ། །ཞེས་བྱ་བ་ནི། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའ་བསྐལ་པ་བཟང་པོའི་ཐོག་མར། རྡོ་རྗེ་ལྟ་བའི་ཕྱག་རྒྱས་གཟིགས་
ཤིང་། ཡི་གེ་ཧཱུཾ་གི་གླུ་གསུང་ཞིང་བཞུགས་པ་དེ་བཞིན་དུ་རྣལ་འབྱོར་པས་རྡོ་རྗེ་མིག་གིས་བལྟ་བར་བྱའོ། །རྡོ་རྗེ་བསྙེམས་ཚུལ་བདག་ཅེས་བྱ་བ་ལ། རྡོ་རྗེ་བསྙེམས་ཚུལ་ནི། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང་ལྷ་མོའོ། །དེའི་བདག་ཉིད་ནི་གཉིས་སུ་
མེད་པའི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ཀྱི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །རང་ཉིད་ནི་བདག་ཉིད་ཀྱི་རྣལ་འབྱོར་པའོ། །ཡི་གེ་ཧཱུཾ་ནི་གླུ་ཟློས་པས། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་
བསྡམས་པ་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་ཨཱ་བེ་ཤ་ཨཱ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱས། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འབེབས་པའི་དམ་ཚིག་ཕྱག་རྒྱ་རང་གི་སྙིང་གར་
དགྲོལ་ལ། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིང་བར་བྱའོ། །དེ་ནས་སྙིང་གར་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལས། ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ནས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སེམས་ནམ་མཁའི་ཕྱོགས་སུ་ཡི་གེ་ཧཱུཾ་གི་

གཟུགས་སུ་བསམས་ལ། དེ་ཉིད་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་གིས་ཟླ་བའི་དཀྱིལ་འཁོར་གཉིས་པ་ཧཱུཾ་དང་བཅས་པ་ལས་དང་པོའི་རྡོ་རྗེ་དང་། རྡོ་རྗེའི་དབུས་སུ་ཧཱུཾ་བསམས་ལ། རྡོ་རྗེ་ནི་བདག་པོ་ཞེས་བསྒོམ་པར་བྱའོ། །དེ་
ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས། བཛྲ་སཏྭ་ཧཾ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ལ། བཛྲ་སཏྭ་ཧཾ་ཞེས་ཡང་བཟླ་བར་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་
བརྗོད་དོ། །དེ་ནས་ས་མ་ཡ་སྟྭཾ་ཞེས་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ། ས་མ་ཡ་སྟྭཾ་ཞེས་བཟླ་བར་བྱའོ། །དེ་ནས་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས། སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་
ཧཱུཾ་ཟློས་ཤིང་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཧཱུཾ་ཨ་ཞེས་བྱ་བས་མདུན་དུ་སྣ་ཚོགས་པདྨ་དང་དང་པོའི་རྡོ་རྗེ་རྩེ་ལྔ་པ་བསྐྱེད་པར་བྱས་ལ་བཛྲ་ཧཾ་ཞེས་བྱ་བས་ང་རྒྱལ་བསྒོམས་ལ། རྡོ་རྗེ་བཛྲ་སཏྭ་ཧཾ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་བསྒོམ་པར་བྱའོ། །
དེ་ནས་དེར་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་ཧཱུཾ་དྲྀ་ཤྱ་ཞེས་བྱ་བས་ལྟ་བ་བྱས་ནས་གསང་བའི་ལྕགས་ཀྱུ་མ་དང་
ཧཱུཾ་གིས་རང་གི་ལུས་ལ་བཅུག་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་འོད་ཟེར་དམར་པོ་འབར་བའི་འོད་ཀྱིས་དཀྱིལ་འཁོར་བསྐྱེད་པར་བྱའོ། །དེ་ནས་རང་གི་ལུས་ཀྱི་ནང་དུ་ཆུད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་ཆུ་དང་འོ་མ་བཞིན་
དུ་གཅིག་ཏུ་གྱུར་པར་བདག་ཉིད་བསམས་ལ། ས་མ་ཡ་སྟྭཾ་ཨ་ཧཾ་ཛཿཧཱུཾ་བཾ་ཧོ། ཞེས་ལན་གསུམ་བཟླ་བར་བྱ་ཞིང་། ལྔ་པོ་བསྡུས་པ་བཅིངས་ལ། ཨོཾ་སུ་ར་ཏ་སྟྭཾ་ཞེས་བརྗོད་དོ། །དེ་ནས་གསང་བའི་ལྕགས་ཀྱུ་མ་བཅིངས་ལ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ལན་

གསུམ་བཟླས་ལ་བསྒྲུབ་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ། བཛྲ་སཏྭ། བཛྲ་རཏྣ། བཛྲ་དྷརྨཱ། བཛྲ་ཀརྨཱ་ཞེས་བྱ་བ་དེ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུའི་མཆོག་བཅིངས་ལ། ཡི་གེ་གཉིས་ཀྱི་གོ་ཆས་གོ་
བགོས་ལ་རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བདག་ཉིད་ལ་ཡང་དག་པར་མཆོད་དེ། རྣམ་པར་སྒེག་པའི་དགའ་བའི་
རྡོ་རྗེས་ཕྱག་བྱས་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེ། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །དེ་ལྟར་བསྒྲུབ་པ་ལན་ཅིག་བྱས་ནས། དེའི་རྗེས་ལ་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་
ཡིན་པར་བསམས་ནས། མཉམ་པར་མ་བཞག་པའི་རྣལ་འབྱོར་པས། རས་རིས་དང་སྐུ་གཟུགས་ལ་སོགས་པ་ལས། ཡི་གེ་ཧཱུཾ་གི་གླུ་ཉིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་བྱིན་གྱིས་བརླབས་པ་ལན་ཅིག་བྱས་
ནས། ཇི་སྲིད་བཅོམ་ལྡན་འདས་བདག་ཉིད་ཀྱི་མདུན་དུ་ཉིན་རེ་ཞིང་མདུན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམ་པར་བྱའོ། །དེ་ནས་དེ་ཅིར་འགྱུར་ཞེ་ན། འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་
ཡིས་ཞེས་བྱ་བ་ནི། བཤད་མ་ཐག་པའི་བསྒྲུབ་པས་སོ། །རྡོ་རྗེ་འདོད་པ་ཀུན་དབང་ཕྱུག །འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་། །ཞེས་བྱ་བ་ནི། འདོད་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་འདོད་པ་ཀུན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་། ཕྱིའི་
འདོད་པའི་ཡོན་ཏན་ལྔའོ། །དབང་ཕྱུག་ནི་དེ་རྣམས་ལ་དབང་བྱེད་པའི་བདག་པོའོ། །འདོད་པ་ཙམ་གྱིས་ཞེས་བྱ་བ་ནི་བསམས་པ་ཙམ་གྱིས་སོ། །འགྲོ་བ་ནི་རང་གི་གནས་ནས་འོག་མིན་ལ་སོགས་པའི་གནས་སུ་སོང་བའོ། །འོང་བ་ནི་གནས་དེ་ནས་རང་གི་

གནས་སུ་ཕྱིར་ལྡོག་པའོ། །དངོས་གྲུབ་ཀུན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་གྲུབ་པ་སྟེ། དེ་ལ་དབང་དུ་བྱེད་པའམ་དེས་དབང་ཕྱུག་ཏུ་གྱུར་པས་ན་རྡོ་རྗེ་ཀུན་གྱི་དབང་ཕྱུག་གོ། །ཇི་ལྟ་ཞེ་ན། གྲུབ་ཅེས་བྱ་བ་གསུངས་ཏེ་ཇི་སྐད་དུ་བཤད་
པའི་བསྒྲུབ་པ་འདིས་རྡོ་རྗེ་སེམས་དཔའི་དངོས་གྲུབ་རྫོགས་པར་འགྱུར་བ་ནི་གྲུབ་པའོ། །ཀུན་མཆོག་དམ་པའི་དབང་ཕྱུག་ཡིན། །ཞེས་བྱ་བ་ནི་ཀུན་ཀྱང་ཡིན་ལ་མཆོག་དམ་པ་ཡང་ཡིན་པས་ན་ཀུན་མཆོག་དམ་པའོ། །དེ་ཉིད་ནི་དབང་ཕྱུག་ཡིན་པས་ན་
ཀུན་མཆོག་དམ་པའི་དབང་ཕྱུག་ཅེས་བྱའོ། །ཕུན་སུམ་ཚོགས་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ཕུན་སུམ་ཚོགས་པ་ཀུན་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་འབྱོར་པའོ། །དེ་རྣམས་ཀྱི་བདག་པོ་ཡིན་པས་ན་ཕུན་སུམ་ཚོགས་པ་ཀུན་
བདག་གོ། །ཐམས་ཅད་ཡིན་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །འདོད་ཆགས་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཚུལ་ལོ། །བདེ་བ་ཆེན་པོ་ནི་བཤད་ཟིན་ཏོ། །ཐམས་ཅད་འདུལ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་བདག་པོར་
གྱུར་པའོ། །སྣ་ཚོགས་ཞེས་བྱ་བ་ནི་རྡོ་རྗེའི་རིགས་རྣམས་ཀྱི་རང་བཞིན་ནོ། །རྟག་པར་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཀུན་དུ་འདུལ་བའོ་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ཚུལ་གྱིས་ཐམས་ཅད་འདུལ་བར་མཛད་པས་ན་ཀུན་དུ་འདུལ་
བའོ། །དངོས་གྲུབ་ཀུན་གྱི་བདེ་མཆོག་མཆོག །ཅེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ནི་དངོས་གྲུབ་སྟེ། དེས་བསྐྱེད་པའི་བདེ་བ་ནི་དངོས་གྲུབ་ཀུན་གྱི་བདེ་བའོ། །བདེ་བ་མཆོག་ཅེས་བྱ་བ་དེ་
བཞིན་གཤེགས་པ་རྣམས་ཀྱི་མཆོག་ཡིན་པས་ན་དངོས་གྲུབ་ཀུན་གྱི་བདེ་མཆོག་ཅེས་བྱའོ། །ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཡིན། །ཞེས་བྱ་བ་ལ། ཕྱག་རྒྱ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ཕྱག་རྒྱ་ཀུན་ཏེ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ལྷ་

མོའི་རང་བཞིན་ནོ། །དེ་རྣམས་ཀྱི་བདག་པོ་ནི་གཙོ་བོའོ། །དེ་རྣམས་ཀྱི་གཙོ་བོར་གྱུར་པ་ཉིད་ཀྱིས་ན་དབང་ཕྱུག་ཡིན་ཞེས་བྱའོ། །རྡོ་རྗེ་ཀུན་གྱི་དངོས་གྲུབ་ཆེ། །ཞེས་བྱ་བ་ལ། རྡོ་རྗེ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་རྡོ་རྗེ་ཀུན་ཏེ། རྡོ་རྗེ་རིགས་ཀྱི་རས་རིས་
ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཅན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སོགས་པ་ནི་དངོས་གྲུབ་ཆེན་པོའོ། །ཐམས་ཅད་མཁྱེན་པའི་འབྱུང་གནས་ཆེ། །ཞེས་བྱ་བ་ལ་ཐམས་ཅད་མཁྱེན་པ་ནི་
པདྨའི་རིགས་ཀྱི་རས་རིས་ཀྱི་དཀྱིལ་འཁོར་རོ། །དེའི་འབྱུང་གནས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། ཐམས་ཅད་མཁྱེན་པའི་འབྱུང་གནས་ཆེ། །ཞེས་བྱ་སྟེ། པདྨའི་རིགས་ཀྱི་རས་རིས་ཀྱི་དཀྱིལ་འཁོར་གྱི་རྒྱུར་གྱུར་པ་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་
པའི་འཕགས་པ་འཇིག་རྟེན་དབང་ཕྱུག་གོ། །མི་ཚུགས་པ་ནི་ཟིལ་གྱིས་གནོན་པར་མི་ནུས་པའོ། །མི་སོད་པ་ནི་གསོད་པར་མི་ནུས་པའོ། །ཐམས་ཅད་བྱེད་ཅེས་བྱ་བ་ལ་ནི་འཕགས་པ་ནམ་མཁའི་སྙིང་པོའི་ར