Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 55

Văn bản gốc(Tây Tạng)

Trang 7 / 17 (50.000 ký tự/trang)
ྭའི་གནས་རྣམས་སུ། །ཞེས་བྱ་བ་ནི་འཁོར་ལོའི་གྲྭའི་མཚམས་སུ་རྡོ་རྗེ་ལྷ་མོ་རྣམས་ཞེས་བྱ་བ་སྔར་བཤད་པ་རྣམས་སོ། །མེའི་ཕྱོགས་ནས་བརྩམས་ཏེ་བདུག་པའི་མཆོད་པ་ཐོག་མར་བྱས་ནས་སངས་རྒྱས་ཀྱི་མཆོད་པ་རྣམས་གཞག་
པར་བྱའོ། །མི་བསྐྱོད་པའི་སྒོར་དང་པོ་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་རྣམས་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་གནས་རྣམས་སུ་བྱམས་པ་ལ་སོགས་པའི་བསྐལ་པ་བཟང་པོ་པ་རྣམས་ཕྱག་རྒྱ་ཆེན་པོའི་གཟུགས་སུའམ། པདྨའི་གདན་དུ་ཇི་
ལྟར་འདོད་པར་བྲི་བར་བྱའོ། །དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་གཟུགས་སུ་བྲི་བར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་སངས་རྒྱས་སུ་བྲི་བར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཡེ་ཤེས་ཀྱི་ཁུ་ཚུར་བཅངས་པ་བྱ་སྟེ། ཕྱོགས་བཞི་ཆར་དུ་
ཡང་གཟུགས་སུ་བྲི་བར་བྱ་ཞིང་། སེང་གེའི་གདན་ལ་བཞུགས་པར་བྱའོ། །བཅོམ་ལྡན་འདས་མི་བསྐྱོད་པ་ནི་རྡོ་རྗེའི་གདན་ལ་བཞུགས་པ་ལྟ་བུའི་གཟུགས་སུ་བྲིའོ། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ནི་ཕྱག་གཡས་པ་དམ་པ་སྦྱིན་པའི་ཚུལ་ལ། གཡོན་པ་སྐྱིལ་མོ་ཀྲུང་གི་སྟེང་
དུ་བཀན་པའོ། །བཅོམ་ལྡན་འདས་སྣང་བ་མཐའ་ཡས་ནི་ཏིང་ངེ་འཛིན་གྱི་ཚུལ་དུ་བཞུགས་པ་སྟེ། ཕྱག་གཉིས་སྐྱིལ་མོ་ཀྲུང་གི་སྟེང་དུ་འཇོག་པའོ། །གདོན་མི་ཟ་བར་གྲུབ་པ་ནི་ཕྱག་གཡོན་པས་ཆོས་གོས་ཀྱི་གྲྭ་འཛིན་ཅིང་། གཡས་པ་མི་འཇིགས་པ་སྦྱིན་པའོ། །བྱང་ཆུབ་སེམས་
དཔའ་གཞན་རྣམས་ཀྱང་རང་རང་གི་ཕྱག་རྒྱ་འཛིན་ཅིང་། རང་རང་གི་ལས་མཛད་པའི་ཚུལ་དུ་གནས་པར་བྲིའོ། །མཆོད་པའི་ལྷ་མོ་དང་སྒོ་སྲུང་རྣམས་ཀྱང་དེ་བཞིན་དུ་བྲི་བར་བྱའོ། །ཐམས་ཅད་ཀྱི་ཡང་ཐུགས་ཀའམ། ཕྱག་རྒྱའམ། འོད་ཀྱི་དཀྱིལ་འཁོར་དུ་ཆོས་ཀྱི་ཡི་གེ་བྲི་བར་བྱའོ། །
དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པ་ནི་དངོས་གྲུབ་ངེས་པར་བྱེད་པར་འགྱུར་ཏེ། ཕྱག་རྒྱ་བཞི་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་རྣམས་སོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གང་ལྷའི་སྣམ་བུ་ལ་གནས་པ་དེ་དག་ནི་ནང་

གི་དཀྱིལ་འཁོར་དུ་སྤྲུལ་པའམ། བྲིས་པའི་ཕྱག་རྒྱ་ཆེན་པོ་རྣམས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ཏེ། མེ་ཏོག་དེར་བབས་པར་གྱུར་ན་ཡང་སེམས་དཔའ་དེ་རྣམས་ཉིད་འགོ་བ་ཡིན་པས། བསྟེན་པ་བྱས་ན་དངོས་གྲུབ་ཀྱང་དེ་དག་ཉིད་ཀྱིས་རྩོལ་བར་ཤེས་པར་བྱའོ། །དཀྱིལ་འཁོར་
ཆེན་པོ་བྲི་བའི་ཆོ་ག་རྒྱས་པར་བཤད་ཟིན་ཏོ། །ད་ནི་དཀྱིལ་འཁོར་བྲིས་པའི་འོག་ཏུ་སློབ་དཔོན་གྱི་ལས་སུ་བྱ་བ་གང་ཡིན་པ་དེ་སྟོན་ཏོ། །དེ་བས་ན་དེ་བསྟན་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་བྲིས་ནས་ཚོན་སྣོད་ལ་སོགས་པ་བསྡུས་ཏེ། དཀྱིལ་འཁོར་གྱི་སའི་ཉེ་འཁོར་ཕྱག་དར་
བྱས་ལ། རྐང་ལག་བཀྲུས་ཏེ་འདུག་ན་ཉེ་རེག་བྱ་བའམ། རང་བཞིན་གྱིས་དག་པར་བསམ་པ་བྱས་ལ་དམ་ཚིག་མཆོག་གི་ཕྱག་རྒྱ་བཅིང་བར་བྱའོ། །དམ་ཚིག་མཆོག་གི་ཕྱག་རྒྱ་ཡིན་པས་ན་དམ་ཚིག་མཆོག་སྟེ། དམ་ཚིག་མཆོག་ནི་རྡོ་རྗེ་སེམས་མའོ། །དེ་ཡང་རྡོ་རྗེ་སེམས་
དཔའ་དང་དེ་བཞིན་གཤེགས་པ་རྣམས་ཐོག་མར་དེ་ལས་བྱུང་བས་ན་མཆོག་ཅེས་གསུངས་སོ། །སེམས་སོ་སོར་རྟོག་པའི་འོག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་སེམས་དཔའ་སྟེ། ཀུན་དུ་བཟང་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཅན་གང་ཡིན་པ་དེ་ནི་
སེམས་དཔའ་ཡིན་ནོ། །དེ་བརྟན་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། སེམས་དཔའ་དང་རྡོ་རྗེ་ནི་སེམས་དཔའ་རྡོ་རྗེའོ། །རྡོ་རྗེ་བསྡམས་པའི་གུང་མོ་གཉིས་གཤིབས་ནས་བསྒྲེང་བའི་ཕྱག་རྒྱ་གང་ཡིན་པ་དེའི་ཡུལ་ཇི་སྐད་སྨྲ་བའི་སེམས་དཔའ་རྡོ་རྗེ་འདི་ལ་ཡོད་པས་ན་རྡོ་རྗེ་སེམས་མ་ཞེས་གསུངས་སོ། །
དེ་བས་ན་དམ་ཚིག་ཅན་རྣམས་ཀྱི་མཆོག་ཅེས་གསུངས་ཏེ། དེ་ཆོ་ག་བཞིན་དུ་བཅིང་བར་བྱའོ། །སྔར་དཀྱིལ་འཁོར་འདྲི་བའི་ཚེ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་པ་ལས། གལ་ཏེ་དཀྲོལ་བར་གྱུར་ན་སླར་ཡང་བྱིན་གྱིས་བརླབ་པ་ལ་སོགས་པ་དེ་དག་བྱས་ནས། དེའི་འོག་ཏུ་ཕྱག་རྒྱ་
བཅིངས་ཏེ་འཇུག་པར་བྱའོ། །ཡང་ན་ཕྱི་རོལ་ཆེ་ཆུང་ལ་སོགས་པ་བྱས་པར་གྱུར་ན། གལ་ཏེ་རྣམ་པར་རྟོག་པ་དཔྱོད་པ་རྣམས་རང་བཞིན་གྱིས་དག་པ་ལ་གནས་པར་མ་ནུས་ན་ཁྲུས་ལ་སོགས་པ་བྱས་ཏེ་ཉེ་རེག་བྱས་ནས། རྡོ་རྗེ་སེམས་དཔའ་འམ། རང་གི་སྔགས་ཀྱིས་བྱིན་གྱིས་བརླབ་

ཅིང་བདག་ཉིད་དབང་བསྐུར་བ་ལ་སོགས་པ་བྱས་ནས་འཇུག་པར་བྱའོ། །འོན་ཏེ་རང་བཞིན་གྱིས་དག་པ་ལ་གནས་པར་ནུས་པ་ཞིག་ཡིན་ན་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བརྗོད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོར་སྐད་ཅིག་བསྒོམས་ལ་ཕྱག་
རྒྱ་བཅིངས་ནས་འཇུག་པར་བྱ་སྟེ། ཆོ་ག་བཞིན་བཅིངས་ཞེས་སྨོས་པས་ནི་ཆོ་ག་འདི་རྣམས་སྟོན་ཏོ། །རྡོ་རྗེ་སེམས་མའི་ཕྱག་རྒྱ་དེས་ཕྲེང་བ་བཟུང་ལ་འཇུག་པར་བྱ་ཞིང་ཕྲེང་བ་དེ་རྡོ་རྗེ་སེམས་དཔའ་ལ་གཏོར་ཏེ། དེ་སློབ་དཔོན་དུ་ལྷག་པར་མོས་པ་དང་། ཕྲེང་བ་དེ་བླངས་ལ་མགོ་ལ་བཅིང་
བར་བྱ་ཞིང་ཕྲེང་བ་དེ་ཉིད་ཀྱང་རྡོ་རྗེ་སེམས་དཔའ་བཅིངས་པར་ལྷག་པར་མོས་པར་བྱའོ། །དབང་བསྐུར་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཐམས་ཅད་བདག་ཉིད་ཀྱིས་བྱེད་པས་ན་དེས་བྱས་པར་བསམ་མོ། །ཕྱག་རྒྱ་དེ་ཡང་ལག་པ་གཡས་པའི་ཕྱག་རྒྱ་ཕྱེད་བཞག་ལ། ལག་པ་གཡོན་པ་རྡོ་རྗེ་
ཁུ་ཚུར་བྱས་ནས། དེའི་མཛུབ་མོ་བཀུག་པས་གཡས་པའི་གུང་མོ་ལན་དུ་མར་ཡང་ནས་ཡང་དུ་དྲང་ཞིང་དྲལ་བར་བྱས་ཏེ། རྡོ་རྗེ་དབབ་པའི་སྙིང་པོ་ཡང་བརྗོད་པར་བྱའོ། །འདིའི་དོན་ནི་ཕྱག་རྒྱ་དྲལ་བ་བྱས་ལ་དབབ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་བདག་ཉིད་ལ་སེམས་དཔའ་
དབབ་པར་འདོད་ན་དཀྱིལ་འཁོར་གྱིས་དབེན་པར་བྱས་ལ། སེམས་དཔའ་གང་དབབ་པར་འདོད་པ་སྔར་བསྒོམས་པ་དེའི་གཟུགས་བདག་ཉིད་ཀྱི་སྙིང་དུ་ཞུགས་པར་བསམས་ཞིང་ཡན་ལག་དང་ཉིང་ལག་ཐམས་ཅད་ཀུན་དུ་གང་བར་བསམས་ལ་རྡོ་རྗེ་དབབ་པའི་སྙིང་པོ་རྒྱུན་མ་ཆད་པར་ལན་
སྟོང་བརྗོད་ཅིང་དྲི་དང་བདུག་པ་ལ་སོགས་པ་ཡང་དབུལ་བར་བྱ་བ་དང་། དང་པོར་བདག་ཉིད་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ནས་ལྕེ་ལ་རྡོ་རྗེ་དཀར་པོ་བཀོད་ལ་དེ་ལྟ་བུས་ནི་བདག་གམ་གཞན་ལ་འབབ་པར་འགྱུར་རོ། །ཆོ་ག་ཤེས་པ་ཞིག་ཀྱང་དྲུང་དུ་གཞག་པར་བྱ་སྟེ། གང་ལ་བབས་པར་
གྱུར་པ་དེ་འཕར་བར་གྱུར་ན། དེའི་སྟེང་དུ་རྡོ་རྗེའི་རང་བཞིན་གྱི་རི་རབ་རྩེ་མོ་བརྒྱད་པ་བསམ་པར་བྱ་ཞིང་། དེའི་དབུས་སུ་དཀྱིལ་འཁོར་གྲུ་བཞི་པ་གསེར་གྱི་མདོག་ཅན་བསམ་པ་དང་། དེའི་སྟེང་དུ་རྡོ་རྗེ་སེར་པོ། དེའི་སྟེང་དུ་ཡི་གེ་ཨ། དེའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐྱིལ་

མོ་ཀྲུང་དུ་ཞུགས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་འཕར་བར་མི་འགྱུར་རོ། །གལ་ཏེ་སྨྲ་བར་མི་བྱེད་ན་ཁའི་ནང་དུ་ལྕེ་ལ་རྡོ་རྗེ་བསམས་ལ། དེ་ནས་དྲིས་ན་གང་དྲིས་སོ་ཅོག་དེ་ཐམས་ཅད་སྨྲ་བར་འགྱུར་ཏེ། འདི་ནི་དབབ་པའི་སྦྱོར་བ་སྟེ། ལྡང་བའི་ཚེ་ན་ཡང་ཅི་རིགས་པའི་ཚུལ་དུ་གཏང་བར་
བྱའོ། །བཀའ་ནོད་དོ་ཞེས་བྱ་བ་ལ། གང་ལས་བཀའ་ནོད་པར་བྱ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ནོད་པར་བྱའོ། །མནོད་པ་ནི་འདི་ལྟར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་གསང་
སྔགས་ཀྱི་སྒོའི་སྤྱོད་པ་ལ་གནས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀའ་སྩལ་པའི་ཆོ་གས་སེམས་ཅན་གྱི་དོན་བགྱིད་ཅིང་། བདག་གི་ཆོ་ག་རྣམས་རྫོགས་པར་བགྱིས་ལགས་ཀྱིས། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ལ་གནང་བ་
སྩལ་དུ་གསོལ། དགོངས་ཤིང་བརྟག་པར་ཡང་མཛད་དུ་གསོལ། །དེ་ལྟར་བཀའ་མནོས་པའི་སྔར་དཀྱིལ་འཁོར་འདིར་ཞུགས་ཏེ། དེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལས་དབང་བསྐུར་བ་ལ་སོགས་པ་གསོལ་བ་བཏབ་ཅིང་དེས་ཀྱང་གནང་ངོ་། །དེ་ནས་དཀྱིལ་འཁོར་དུ་འཇུག་
པ་ལ་སོགས་པ་དང་དབང་བསྐུར་བ་བྱས་པར་ལྷག་པར་མོས་པར་བྱས་པས། སློབ་དཔོན་དེས་དམ་ཚིག་ལས་འདས་པ་གང་ཅུང་ཟད་བྱས་པ་དེ་དག་ཐམས་ཅད་དག་པར་གྱུར་པར་མོས་པར་བྱའོ། །དེ་ལྟར་དག་པར་གྱུར་ནས་ཡང་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་སྨོས་པ་ནི། དེས་
སྔར་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ཟིན་མོད་ཀྱི། འོན་ཀྱང་དམ་ཚིག་ལས་འདས་པ་ལ་སོགས་པར་བཤད་པའི་སྡིག་པ་དེ་ཡོངས་སུ་མ་དག་པར་གྱུར་པ་ཡིན་ལ། དེ་ཡོངས་སུ་མ་དག་པར་གྱུར་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་ཆོ་གའི་ཚོགས་
བྱ་བར་མི་རིགས་པས་ན། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ཇི་ལྟར་བྱ་ཞེ་ན། དེ་ལྟར་ཞེས་བྱ་བ་གསུངས་ཏེ། རྣམ་པ་དེ་གཉིས་ཀྱིས་སོ། །བདག་མིང་བརྗོད་ཅེས་བྱ་བ་ནི་གནང་

བར་གསོལ་བ་འདེབས་པའི་ཚེ་ཉིད་ནའོ། །དེ་ནས་རྡོ་རྗེས་བསྒྲུབ་བགྱི་བ། །ཞེས་བྱ་བ་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་ལས་ཀྱི་རྡོ་རྗེ་སྒྲུབ་པ་འོག་ནས་བཤད་པ་སྟེ། སློབ་དཔོན་གྱིས་རྡོ་རྗེ་གང་ཐོགས་ནས་དཀྱིལ་འཁོར་ལ་སོགས་པའི་ལས་བྱ་བའི་ལས་ཀྱི་རྡོ་རྗེ་
དེ་ཐོགས་ཏེ། དཀྱིལ་འཁོར་ཐམས་ཅད་དུ་ལས་བྱའོ། །བསྡུ་བ་དང་བྱིན་གྱིས་བརླབ་པ་ནི་བཤད་མ་ཐག་པ་ཉིད་དེ། སྔར་དེ་བཞིན་གཤེགས་པས་ཡོངས་སུ་བརྟགས་པའི་སྤྲུལ་པའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱིས་བསྡུ་བ་དང་བྱིན་གྱིས་བརླབ་པ་མཛད་པའོ། །སེམས་དཔའ་
རྡོ་རྗེ་ལྕགས་ཀྱུ་ཡང་དེ་ཉིད་དུ་བཤད་ཟིན་ཏོ། །འདི་ནི་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་དུ་གསང་སྔགས་ཀྱི་སྒོར་སྤྱོད་པ་ལ་གནས་པའི་བསྡུ་བ་དང་བྱིན་གྱིས་བརླབ་པ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་གང་བ་རྣམས། །ཞེས་བྱ་བ་ནི་ཐམས་ཅད་ཚོགས་པ་ཞེས་བྱ་བའི་དོན་ཏོ། །སློབ་
དཔོན་དེས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་སྔར་ལྟ་བུ་བྱས་ཟིན་མོད་ཀྱི། འོན་ཀྱང་དུས་དེ་ཉིད་ཀྱི་ཚེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་ཞེས་སྨོས་པ་ནི་རྡོ་རྗེ་སེམས་དཔར་བདག་ཉིད་ངེས་པར་བསྒོམ་པར་གྱིས་ཤིག་པ་སྟེ། འདིས་ནི་རྣམ་པར་གཡེང་བ་དགག་པར་མཛད་པ་ཡིན་ནོ། །
དེ་ནས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཆོ་གའི་ཚོགས་ལ་ནན་ཏན་དུ་བསྒྲུབས་ཤིང་། བདག་ཉིད་རྡོ་རྗེ་སེམས་དཔར་སྒོམ་པ་དང་། རྡོ་རྗེ་སེམས་དཔའ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པས་དགྱེས་ཤིང་མཉེས་ནས་བརྟན་པར་གྱུར་པ་སྟེ། འདི་ནི་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་འོས་པ་ཡིན་
ནོ་ཞེས་སློབ་དཔོན་དེ་ལ་ཕན་འདོགས་པའི་དགོངས་པ་བརྟན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་འབའ་ཞིག་དེ་ལྟར་མཛད་པར་མ་ཟད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡང་མཛད་པའོ། །རང་གྲུབ་པ་ཞེས་བྱ་བ་ནི་མ་བསྒྲུབས་པ་ཉིད་དུ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་
མཛད་ཅེ་ན། དེའི་ཕྱིར། གྲོགས་པོ་ཉིད་དུ་ཉེ་བར་གནས། །ཞེས་བྱ་བ་གསུངས་ཏེ། གྲོགས་པོ་དང་འདྲ་བས་ན་གྲོགས་པོ་སྟེ། བྱ་བ་རྣམས་ལ་འབད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཚན་བརྒྱ་རྩ་བརྒྱད་པ་བརྗོད་ནས་སྒོ་རྣམས་དབྱེ་བར་བྱའོ། །དེ་ནས་སྒོ་ཕྱེ་བའི་རྗེས་ལ། ལྕགས་ཀྱུ་ལ་

སོགས་ལས་བགྱིས་ནས། །ཞེས་བྱ་བ་སྟེ། སློབ་དཔོན་དེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ཏེ། སེམས་དཔའ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལས་ཡོངས་སུ་གྱུར་པ་ཡིན་ལ། དེ་བས་ན་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ལྕགས་ཀྱུ་ནི་ལྷན་ཅིག་ཐ་མི་དད་པར་བསམས་ལ། རྡོ་རྗེ་ལྕགས་ཀྱུ་
ཉིད་དུ་བདག་ཉིད་བསམ་མོ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱའི་གནས་ནས་བདག་གི་ལག་པར་བསམས་ལ། སེམས་དཔའ་ཆེན་པོ་རྣམས་རང་གི་སྒོའི་ཐད་ཀར་བཀུག་ལ་གཞག་གོ། །དེ་ནས་ལྕགས་ཀྱུ་དེ་དགོངས་པར་བྱས་ཟིན་པའི་ཕྱིར་གནས་དེ་ཉིད་དུ་སླར་གཞག་པར་བྱའོ། །དེ་ནས་དེ་བཞིན་
དུ་རྡོ་རྗེ་ཞགས་པ་དང་ཐ་མི་དད་པར་བསམས་ལ། ཕྱག་རྒྱའི་གནས་ནས་ཀྱང་ཞགས་པ་བདག་གི་ལག་པར་བསམས་ཏེ། སེམས་དཔའ་ཆེན་པོ་དེ་རྣམས་རང་རང་གི་སྒོར་གཞུག་པར་བྱའོ། །བཅུག་ནས་སོ་སོའི་ཕྱག་རྒྱའི་གནས་སུ་རང་རང་གི་ཕྱག་རྒྱ་ལ་རྗེས་སུ་ཞུགས་པར་བྱ་བཞིན་དུ་བསམ་པར་
བྱའོ། །དེ་ནས་ཞགས་པའི་ཕྱག་རྒྱ་དེ་བཞིན་དུ་ཕྱག་རྒྱའི་གནས་སུ་བཞག་ལ། ཡང་རྡོ་རྗེ་ལྕགས་སྒྲོག་དང་ཐ་མི་དད་པར་སྔ་མ་བཞིན་དུ་བསམ་མོ། །དེ་ནས་ཕྱག་རྒྱའི་གནས་ནས་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་རང་གི་ལག་ཏུ་བསམས་ལ། སོ་སོའི་ཞབས་ཀྱི་དྲུང་དུ་བཞག་ནས་འདི་སྐད་དུ་འདི་ལྟ་སྟེ།
འདིས་ནི་སྟོན་པའི་བཀས་ཁྱེད་རྣམས་ཀྱི་དམ་ཚིག་གི་འཆིང་བ་ཡིན་ནོ། །དེ་བས་ན་ཇི་སྐད་དུ་བྱ་བ་མ་ཟིན་ཅིང་གཤེགས་སུ་མ་གསོལ་གྱི་བར་དུ་མ་བཞུད་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ལྕགས་སྒྲོག་གི་ཕྱག་རྒྱ་གནས་དེ་ཉིད་དུ་གཞག་པར་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་དང་ཐ་མི་དད་པར་དེ་བཞིན་
དུ་བསམ་མོ། །དེ་ནས་དྲིལ་བུ་དེ་དཀྲོལ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ་ཡང་བརྗོད་པར་བྱ་སྟེ། དྲིལ་བུ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱངས་སྟོན་པ་ཡིན་ནོ། །དེ་བས་ན་དབྱངས་དེས་དེ་དག་མཉེས་པར་འགྱུར་བ་ཡིན་ནོ། །དེ་ནས་སྒོ་རྣམས་ཐམས་ཅད་དུ། ལྕགས་
ཀྱུ་ལ་སོགས་ལས་བགྱིས་ནས། །ཞེས་བྱ་བ་འདིར་སྙིང་པོ་བཞི་དང་ཡང་སྦྱར་བར་བྱའོ། །ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །ཞེས་བྱ་བ་ལ། ལས་ཆེན་པོ་ཡིན་པས་ན་ལས་ཆེན་ནོ། །དེ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་རྣམས་ཀྱི་ལས་གང་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་

མཆོག་ཅེས་བཤད་དོ། །དེ་བས་ན་ལས་ཆེན་མཆོག་གི་ཕྱག་རྒྱ་དེ་རྣམས་ཀྱིས། དམ་ཚིག་རྣམས་ནི་གཞག་པར་བགྱི། །ཞེས་པ་སྟེ་བཞུགས་པར་བྱ་བའོ། །དཀྱིལ་འཁོར་གང་དང་གང་དུ་སངས་རྒྱས་བཅོམ་ལྡན་འདས་སམ། བྱང་ཆུབ་སེམས་དཔའ་རྣམས་སམ།
འཁོར་གང་དང་གང་ཡིན་པའི་ལས་ཀྱི་ཕྱག་རྒྱ་གང་དང་གང་ཡིན་པ་དེ་དང་དེས། སེམས་དཔའ་དེ་དང་དེ། ལས་དེ་དང་དེ་དེ་བཞིན་དུ་མཛད་ཅིང་བཞུགས་པར་བསམ་པར་བྱའོ། །སེམས་དཔའ་དེ་དང་དེ་དག་ལ་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱི་ཕྱག་རྒྱ་དེ་དང་དེ་བཅིངས་ལ། ཉེ་བར་བསྟན་ལ་ཁྱེད་རྣམས་ཀྱིས་
ལས་འདི་དག་མཛོད་ཅིག་ཅེས་བྱའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་བསྟན་ནས། དམ་ཚིག་མཆོག་གི་ཕྱག་རྒྱ་དང་། །ཞེས་པས་ཅི་ཞིག་བྱ་ཞེ་ན། སེམས་དཔའ་ཆེན་པོ་བསྒྲུབ་ཅེས་བྱ་བའོ། །འདི་སྐད་སྟོན་ཏེ། ལས་ཀྱི་ཕྱག་རྒྱ་བསྟན་ལ་ཁྱེད་རྣམས་ཀྱིས་ལས་འདི་མཛོད་ཅིག་ཅེས་བྱ་ཞིང་། དེ་ཡང་
བཅོམ་ལྡན་འདས་ཀྱི་བཀས་བྱ་བ་ཡིན་ལ། བཀའ་དེ་ཡང་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ཡིན་ཏེ། དམ་ཚིག་གི་ཕྱག་རྒྱ་དེ་རྣམས་ལ་བསྟན་པས་དེ་རྣམས་ལས་དེ་བྱེད་དོ། །དེ་བས་ན་འགྲུབ་པར་འགྱུར་ཏེ། སྐྱེ་དགུ་རྣམས་ལ་རྒྱལ་པོའི་ཕྱག་རྒྱ་བསྟན་པ་དང་འདྲའོ། །འདིར་ཆོས་ཀྱི་ཕྱག་རྒྱ་མ་སྨོས་
མོད་ཀྱི། འོན་ཀྱང་ཆོས་ཀྱི་ཕྱག་རྒྱ་ཡང་བརྗོད་པར་བྱའོ། །དེ་ཡང་དེ་དག་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ནི་བྲིས། ལས་དང་དམ་ཚིག་གི་ཕྱག་རྒྱ་ནི་བསྟན། ཆོས་ཀྱི་ཕྱག་རྒྱ་ཡང་བརྗོད་པ་ཡིན་ཏེ། ཕྱག་རྒྱ་བཞིས་ནི་གདོན་མི་ཟ་བར་བྱིན་གྱིས་རློབ་པར་མཛད་པས་དེ་ལྟ་བུས་ནི་འགྲུབ་པར་ཡང་
འགྱུར་རོ། །ཡི་གེ་ཛ་ལ་སོགས་པ་འདིར་སྨོས་མོད་ཀྱི། འོན་ཀྱང་རང་གི་གནས་ཉིད་དུ་ཤེས་པར་བྱའོ། །དེ་ལྟ་བུའི་ཆོ་ག་རྣམས་ཀྱིས་བྱ་བའི་ཚོགས་རྣམས་རྫོགས་པར་མཛད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་དག་གི་འབྲས་བུ་སྟོན་ཏེ། །དེའི་དབང་དུ་གྱུར་ཞེས་བྱ་བ་ནི་སྔགས་པའི་
དབང་དུ་གྱུར་པའོ། །དེ་ནས་སྔགས་པ་བདག་ཉིད་ཆེན་པོ་དང་འབྲེལ་པའི་གསང་བའི་མཆོད་པ་གང་ཡིན་པ་དེ་རྣམས་སྒེག་མོ་ལ་སོགས་པས་མཉེས་པར་བྱ་ཞིང་མཆོད་པར་བྱའོ། །ཇི་ལྟར་མཉེས་པར་བྱ་ཞེ་ན། གང་དང་གང་གི་ལས་ཀྱི་ཕྱག་རྒྱ་གང་དང་གང་ཡིན་པའི་ལས་ཀྱི་ཕྱག་རྒྱ་དེ་དང་དེ་བསྟན་

ལ། ལྷ་མོ་དེ་ཉིད་དེ་རྣམས་ཀྱི་སྤྱན་སྔར་རོལ་པ་སྟོན་པ་དང་། ཕྲེང་བ་འཆིང་བར་བྱེད་པ་དང་། པི་ཝང་བརྡུང་ཞིང་གླུ་ལེན་པ་དང་། གར་བྱེད་པར་ལྷག་པར་མོས་པར་བྱའོ། །དེ་ལྟར་གསང་བའི་མཆོད་པ་རྣམས་ཀྱིས་མཉེས་པར་བྱས་ནས། བདུག་པ་ལ་སོགས་པས་མཆོད་པ་དང་། དེ་ནས་བཟའ་
བ་དང་བཏུང་བ་ལ་སོགས་པ་དང་། གདུགས་དང་རྒྱལ་མཚན་དང་། བ་དན་ལ་སོགས་པ་དང་། བུམ་པ་རྣམས་ཅི་འབྱོར་པ་ལ་རྡོ་རྗེ་སེམས་དཔའི་སྔགས་ཀྱིས་བཟླས་ཏེ་མཆོད་པ་ཅི་ནུས་པར་བྱའོ། །བུམ་པ་གཅིག་ནི་རྡོ་རྗེས་བྱིན་གྱིས་བརླབས་རྡོ་རྗེ་སེམས་དཔའི་གནས་སུ་གཞག་པ་དང་། གང་
གིས་བསངས་ནས་སློབ་མ་གཞུག་པའི་བུམ་པ་གཉིས་པ་ནི་སྒོའི་ཕྱི་རོལ་དུ་གཞག་པར་བྱ་སྟེ། བུམ་པ་གཉིས་པོ་འདི་དག་ནི་ངེས་པར་མི་གཞག་ཏུ་མི་རུང་ལ། གཞན་ནི་ངེས་པ་མེད་དོ། །ཐམས་ཅད་དོན་ཀུན་འགྲུབ་པའི་ཕྱིར། །ཞེས་བྱ་བ་ནི་མཉེས་པར་བྱས་ནས་དོན་འབྱུང་བ་ལ་སོགས་པ་
འགྲུབ་པའི་ཕྱིར་ཞེས་བྱ་བའི་བར་དུ་སྟོན་པར་འགྱུར་བ་ཡིན་ནོ། །ཐམས་ཅད་མཛོད་ཅེས་གསོལ་བར་བགྱི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་སེམས་ཅན་རྣམས་རྗེས་སུ་གཟུང་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ་པ་སྟེ། སེམས་དཔའ་གང་དང་གང་
གིས་རང་གི་བྱ་བ་གང་ཡིན་པའི་ཕྲིན་ལས་དེ་དང་དེ་དག་གིས་སེམས་དཔའ་དེ་རྣམས། སེམས་ཅན་དེ་རྣམས་རྗེས་སུ་གཟུང་བར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ནི་འོག་ནས་བཤད་པའི་རྟོག་པ་བཞི་པོར་གསུངས་པ་རྣམས་སུའོ། །རྡོ་རྗེ་སློབ་དཔོན་ཞེས་བྱ་
བ་ནི་རྡོ་རྗེས་ཉེ་བར་མཚོན་པའི་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ཏེ། འདི་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི། པདྨ་དང་རིན་པོ་ཆེའི་སློབ་དཔོན་དག་གི་ལས་ཀྱང་འདི་ཉིད་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ཇི་སྐད་སྨྲས་པའི་ཚུལ་གྱིས་སོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་
ལའོ། །རྡོ་རྗེས་ཉེ་བར་མཚོན་པའི་སློབ་མ་ལ་ནི་རྡོ་རྗེ་སློབ་མ་ཞེས་བྱའོ། །གཞུག་མ་ཐོག་མར་བྱས་ནས་དབང་བསྐུར་བ་ལ་སོགས་པ་ནི་ཆོ་ག་རྒྱས་པ་སྟེ། ཆོ་གའི་ལས་ཀྱི་རབ་ཏུ་དབྱེ་བ་ཡིན་ལ། ཆོ་ག་རྒྱས་པ་དེ་ལས་ཆོ་ག་དང་པོ་ནི་གཞུག་པ་ཡིན་ཏེ། གཞུག་པ་དེའི་དགོས་པ་དེ་ཡང་

གང་ཡིན་ཞེ་ན། འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་། བདེ་བའི་དངོས་གྲུབ་ཀྱི་མཆོག་ཐོབ་པར་བྱ་བའི་ཕྱིར་ཏེ། དེ་ལ་ཕན་པ་ཐམས་ཅད་ནི་འཇིག་རྟེན་
དང་འཇིག་རྟེན་ལས་འདས་པའོ། །བདེ་བ་ཐམས་ཅད་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དེ་ཉིད་དོ། །དངོས་གྲུབ་ཀྱི་མཆོག་ནི་སངས་རྒྱས་ཉིད་དམ། བྱང་ཆུབ་སེམས་དཔའ་ཉིད་དོ། །དེ་ལྟར་ཇི་སྐད་སྨྲས་པའི་དགོས་པ་དེ་དག་ནི་འབྲས་བུ་སྟེ། འབྲས་བུ་དེ་ནི་རྒྱུའི་སྒྲུབ་པ་ཉམས་
སུ་ལེན་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དོ། །རྒྱུ་དང་འབྲས་བུའི་རྒྱུར་གྱུར་པ་དེས་གང་གི་ཕྱིར་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པར་འགྱུར་བ་དེའི་ཕྱིར་རྒྱུད་གཞན་ལས་སྣོད་དང་སྣོད་མ་ཡིན་པར་རྟོག་པར་བྱེད་པ་བཞིན་དུ། འདིར་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་
པ་བརྟག་མི་འཚལ་ལོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་འཛིན་པའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་རྗེ་སར་བོས་པ་དང་བཅས་པའི་ཚིག་གི་ལན་ནོ། །དེ་
ཡང་དང་པོ་བཞུགས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཐོང་ཞིང་། སོ་སོའི་ཕྱག་རྒྱ་བསྟན་པས་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་དང་བཟའ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་རྒྱུའི་བྱེ་བྲག་གཉིས་པ་སྟོན་ཏོ། །ནོར་དང་ཞེས་བྱ་བ་
ལ་སོགས་པའི་ཚིག་རྣམས་ལ་ཆགས་པ་ཞེས་བྱ་བ་ནི་རེ་རེ་ཞིང་སྦྱར་བར་བྱའོ། །དམ་ཚིག་ལ་མི་དགའ་བ་ཞེས་བྱ་བ་ལ་དམ་ཚིག་ནི་ཚངས་པར་སྤྱོད་པ་ལ་གནས་པ་ལ་སོགས་པའོ། །སྔར་སྤྱད་པ་ནི་རིག་པའི་བརྟུལ་ཞུགས་སོ། །ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞེས་བྱ་བ་ནི་ཇི་
ལྟར་འདོད་པར་རོ། །ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། སེམས་ཅན་གང་དག་སྡིག་པ་བྱེད་པ་དང་། ནོར་ལ་ཆགས་པ་དང་། བཟའ་བ་དང་བཏུང་བ་ལ་ཆགས་པ་དང་། ཚངས་པར་སྤྱོད་པ་ལ་གནས་པར་མི་ནུས་པ་

དང་། རིག་པའི་བརྟུལ་ཞུགས་ལ་སྤྱོད་པར་ཡང་མི་ནུས་པ་ཡོད་དེ། དེ་རྣམས་ལ་ཡང་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་འགལ་བ་མེད་དོ། །དེའི་ཕྱིར་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་ལ་དད་པ་བརྟན་པ་རྣམས་ནི་དཀྱིལ་འཁོར་དུ་འཇུག་
ན་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བས་ན་རིམ་གྱིས་དེ་རྣམས་འཇུག་པར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་རྗེས་སུ་གནང་བ་ཡིན་ནོ། །དེ་དག་ཀྱང་ཁྱིམ་པ་སློབ་པ་མ་མནོས་པ་ཡིན་པས། དེའི་ཕྱིར་དེ་རྣམས་ལ་བཟའ་བ་དང་བཏུང་བ་ཐམས་ཅད་དང་། གླུ་དང་གར་དང་དྲི་དང་
ཕྲེང་བ་དང་བྱུག་པ་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ལ་སྤྱོད་དུ་གནང་ངོ་། །འདི་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ཏེ། འདིར་བསྒོམ་པའི་ཆོ་ག་ལ་གནས་པ་རྣམས་ལ་ནི་འཇིག་རྟེན་པའི་ཚེ་འདིའི་འབྲས་བུ་ཡང་ངེས་པ་ཉིད་དུ་འབྱུང་བར་འགྱུར་ལ། དེ་ནས་དེ་ལ་ཡིད་ཆེས་པ་སྐྱེས་པའི་ཕྱིར་
འཇིག་རྟེན་ལས་འདས་པའི་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ལ་སོགས་པ་ལ་ཤིན་ཏུ་སྤྲོ་བར་འགྱུར་རོ། །དེ་བས་ན་འཚང་རྒྱ་བའི་བར་དུ་ཡང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ཅེས་བྱ་བ་ལ་སོགས་པས་ནི་རྒྱུའི་བྱེ་བྲག་
གསུམ་པ་སྟོན་ཏེ། སྤྱོད་པ་ཞེས་བྱ་བ་ནི་འདུག་པ་དང་འགྲོ་བ་དང་ཉལ་བའི་སྤྱོད་ལམ་བཞི་པོ་རྣམས་སུ་ཇི་ལྟར་གནས་ཀྱང་རུང་སྟེ། ཡིད་ལ་བྱང་ཆུབ་ཀྱི་སེམས་བསྒོམས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་
ཉིད་ནི་སྟོང་པ་ཉིད་དེ་ཆོས་བདག་མེད་པའོ། །དེ་ཁོང་དུ་མ་ཆུད་པ་ནི་ཡོངས་སུ་མ་ཤེས་པས་སོ། །འདི་སྐད་སྟོན་ཏེ། སྟོང་པ་ཉིད་བསྒོམ་པ་ལ་ཡིད་<གཏོང་‚གཏོད་>པ་རྣམས་ནི་ཟས་དང་སྤྱོད་པ་དང་བཟའ་བ་དང་གླུ་དང་གར་དང་འདོད་པའི་ཡོན་ཏན་རྣམས་ལ་བརྟེན་དུ་ཟིན་ཀྱང་། བསྒོམ་པ་བྱས་པ་ནི་
དངོས་གྲུབ་དང་འགལ་བར་མི་འགྱུར་རོ། །འདི་མ་རྟོགས་ན་རྒྱུ་དེས་ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་གི་ཞེས་བྱ་བ་ལ། ལྷ་གཞན་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའོ། །དེ་དག་གི་རིགས་ནི་ལྷ་གཞན་གྱི་རིགས་ཏེ་དེ་རྣམས་ཀྱི་དཀྱིལ་འཁོར་གང་ཡིན་པ་དེ་ནི་ལྷ་གཞན་གྱི་

རིགས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། དེར་འཇུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དག་གི་རིགས་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་།
རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་རྣམས་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་རོ། །རེ་བ་ཐམས་ཅད་ནི་རེ་བ་ཀུན་ཏེ། སྲིད་པའི་རྣམ་པ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །དེ་དག་ཡོངས་སུ་རྫོགས་པ་ནི་ཇི་ལྟར་སྨོན་པའི་དོན་འགྲུབ་པའོ། །དེའི་ཡང་དག་པར་བསྡུས་པར་གྱུར་པའི་ངོ་བོ་
ཉིད་ནི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རོ། །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ་ཡང་དག་པར་བསྡུས་པར་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི་བླ་ན་མེད་པའི་དགའ་བ་དང་མགུ་བ་དང་རངས་པ་རྣམས་འབྱུང་བར་ཡང་འགྱུར་ཏེ། བླ་ན་མེད་པ་ཞེས་བྱ་བ་ལ་བླ་མ་ནི་ལྷག་པ་སྟེ། བླ་མར་
གྱུར་པ་མེད་པས་ན་བླ་ན་མེད་པའོ། །དགའ་བ་ནི་གནས་ལ་སོགས་པའི་ཡུལ་ལ་གནས་པའོ། །མགུ་བ་ནི་སེམས་ཅན་གྱི་ཡུལ་ལའོ། །རངས་པ་ནི་ཡིད་བདེ་བ་སྟེ། བླ་ན་མེད་པ་ཡང་ཡིན་ལ་དགའ་བ་དང་མགུ་བ་དང་རངས་པ་ཡང་ཡིན་པས་བླ་ན་མེད་པའི་དགའ་བ་དང་མགུ་བ་དང་རངས་
པའོ། །དེ་རྣམས་འབྱུང་བ་ནི་སྐྱེ་བ་སྟེ། དེ་བྱེད་པའི་ངང་ཚུལ་ཅན་ཡིན་པས་ན་བླ་ན་མེད་པའི་དགའ་བ་དང་མགུ་བ་དང་རངས་པ་རྣམས་འབྱུང་བར་བྱེད་པ་སྟེ། བླ་ན་མེད་པའི་དགའ་བ་དང་མགུ་བ་དང་རངས་པ་རྣམས་འབྱུང་བར་བྱེད་པ་དེར་རོ། །དེ་ལྟ་བུ་དེ་གང་ཞིག་ཡིན་ཞེ་ན། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱ་བར་སྙེགས་ཏེ། དེར་མི་འཇུག་པའོ། །རྒྱུ་གང་གིས་མི་འཇུག་ཅེ་ན། བསླབ་པའི་གཞིས་འཇིགས་ཤིང་སྐྲག་ཅེས་བྱ་བ་གསུངས་ཏེ། བསླབ་པ་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའོ། །དེས་འཇིགས་
པ་ནི་བྲེད་པའོ། །སྐྲག་པ་ནི་དངངས་པ་སྟེ་དེས་མི་འཇུག་པའོ། །བདེ་འགྲོ་དང་བྲལ་བས་ན་ངན་སོང་སྟེ། དམྱལ་བ་དང་དུད་འགྲོ་དང་ཡི་དགས་རྣམས་སོ། །དེ་དག་གི་དཀྱིལ་འཁོར་ནི་སྐྱེ་བའི་གནས་སོ། །དེར་འཇུག་པ་ནི་སྐྱེ་བའོ། །དེའི་ལམ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་མོ། །

དེར་ཁ་བལྟས་ཤིང་གནས་པ་ནི་འཇིག་རྟེན་པའི་དཀྱིལ་འཁོར་དེར་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་འགོག་སྟེ། ཁ་ཅིག་ནི་ཆོ་གར་ཡང་སྟོན་ཏོ། །དེ་བས་ན་གང་དེར་འཇུག་པ་དེ་ངན་སོང་གི་དཀྱིལ་འཁོར་གྱི་ལམ་ལ་མངོན་དུ་ཕྱོགས་ཤིང་འཇུག་སྟེ་གནས་པ་ཡིན་ནོ། །དེ་ལྟ་བས་ན་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་འདིར་དེ་ལྟ་བུ་དག་གཟུང་བའི་རིགས་ཏེ། དེ་ལྟ་བུ་འདིར་བཙུད་ན་དེ་ཁོ་ན་ཉིད་རྟོགས་པས། ཉེས་པ་རྣམས་ལ་ཉེས་པ་ཉིད་དུ་ཤེས་ནས་རིམ་གྱིས་ལྡོག་པར་འགྱུར་རོ། །དེ་ནས་རིམ་གྱིས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་རྣམས་ཀྱང་ཐོབ་
པར་འགྱུར་རོ། །བཅོམ་ལྡན་འདས་ཆོས་ཅན་ཞེས་བྱ་བ་ལ་སོགས་པས་ནི། སེམས་ཅན་ཁྱད་པར་ཅན་རྗེས་སུ་གཟུང་བར་སྟོན་པ་སྟེ། ཆོས་ལ་སྤྱོད་པས་ན་ཆོས་ཅན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་
ཏེ། སྤོང་བ་བདུན་གྱི་མཚན་ཉིད་ཅན་ནོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །འདི་དག་ཉིད་ནི་ཐབས་ཏེ། གང་གི་ཞེ་ན། དངོས་གྲུབ་དམ་པ་སྟེ། སངས་རྒྱས་པ་ཉིད་ཀྱི་མཚན་ཉིད་དོ། །དེ་བས་ན་ཐབས་འདི་རྣམས་ཀྱིས་སངས་
རྒྱས་རྣམས་ཀྱི་བྱང་ཆུབ་ཚོལ་བ་སྟེ། མངོན་པར་འདོད་པའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་། ས་རྣམས་ཀྱིས་འབད་ཅིང་ཞེས་བྱ་བ་ལ་བསམ་གཏན་ནི་བཞིའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ས་ནི་བཅུའོ། །འདི་རྣམས་ཀྱིས་འབད་ཅིང་ཉོན་མོངས་པར་གྱུར་པ་སྟེ། བསླབ་པ་དང་སྡོམ་
པ་ལ་སོགས་པ་ལ་གནས་སུ་ཟིན་ཀྱང་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡོངས་སུ་མ་བཟུང་ཞིང་། ཉེ་བར་བསྟན་པ་མ་བྱས་པས་དབང་པོ་ཡོངས་སུ་སྨིན་པ་མེད་པའི་ཕྱིར། ས་དང་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱ་བའི་དོན་དུ་མདོ་སྡེ་ལས་
བསྟན་པ་ཉི་ཚེ་ལ་བརྟེན་ཅིང་མགོན་མེད་པར་སྤྱོད་པས་ཡུན་རིང་པོར་ཉོན་མོངས་སོ། །དེ་བས་ན་དེ་དག་འདིར་བཞུགས་པའི་རིགས་ཏེ། གང་གི་ཕྱིར་ཡོན་ཏན་ལ་གནས་པ་རྣམས་ནི་སེམས་ཡོངས་སུ་སྦྱང་བ་བྱས་པ་ཡིན་པའི་ཕྱིར་འཇུག་པ་ཙམ་གྱིས་དངོས་གྲུབ་དམ་པ་རྣམས་ཀྱང་ཐོབ་

པར་འགྱུར་ན། གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་གསུངས་སོ། །ད་ནི་སློབ་མ་གཟུང་བའི་ཆོ་ག་བསྟན་པའི་ཕྱིར། དེ་ལ་དང་པོ་ཁོ་ནར་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། དེར་ཡང་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྡུ་བའི་ཕྱིར། དང་པོར་ཕྱག་
བཞི་བྱ་བར་བསྟན་ཏོ། །ཐོག་མར་ཁ་ནུབ་ཕྱོགས་སུ་བལྟས་ལ་ཕྱག་བྱ་སྟེ། མི་བསྐྱོད་པའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པའི་ཕྱིར་རོ། །བྱིན་གྱིས་བརླབ་པ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱང་བ་ལ་སོགས་པ་དང་། དམ་ཚིག་བརྟན་པར་བྱ་བའི་ཕྱིར་རོ། །དེ་ནས་ཁ་བྱང་ཕྱོགས་སུ་བལྟས་
ལ་དབང་བསྐུར་བའི་ཕྱིར་རིན་པོ་ཆེའི་རིགས་ལ་ཕྱག་བྱའོ། །དེ་ནས་ཁ་ཤར་ཕྱོགས་སུ་བལྟས་ལ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་པདྨའི་རིགས་ལ་ཕྱག་བྱའོ། །ལྷོ་ཕྱོགས་སུ་བལྟས་ལ་མཆོད་པ་ལ་སོགས་པའི་
ལས་ལ་འཇུག་པའི་ཕྱིར་ཕྱག་བྱ་སྟེ། དེའི་སྔགས་ཀྱི་དོན་ནི་འདིའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ལུས་ཐམས་ཅད་ཀྱིས་ཕྱག་བྱའོ་ཞེས་བྱ་བ་དང་སྦྱར་རོ། །བཛྲ་ཀརྨ་ཞེས་བྱ་བ་ནི་རྡོ་རྗེ་ལས་ཏེ་བོད་པའོ། །ཀུ་རུ་མཾ་ཞེས་པ་ནི་བདག་མཛོད་ཅིག་ཅེས་པ་སྟེ། སྣོད་དུ་རུང་བར་མཛོད་ཅིག་ཅེས་པ་སྟེ།
དངོས་གྲུབ་ལ་སོགས་པའི་ལས་རྣམས་ཀྱི་སྣོད་དུ་རུང་བར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཅི་འདི་ནི་དཀྱིལ་འཁོར་མ་མཐོང་བ་ཡིན་ཏེ། དེ་ལ་ནི་ཕྱག་རྒྱ་གཅིག་ཀྱང་བསྟན་པར་མི་བྱའོ་ཞེས་མ་གསུངས་སམ་ཞེ་ན། ཇི་ལྟར་
སློབ་མ་དཀྱིལ་འཁོར་དུ་ཞུགས་པ་མ་ཡིན་ཡང་། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བས་དེ་ལ་བསྟན་པར་བྱ་དགོས་ཏེ། དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཕྱག་རྒྱ་གཅིག་ཀྱང་བསྟན་པར་མི་བྱའོ་ཞེས་གང་དུ་དགག་པ་མཛད་པ་དེར་ཡང་དམ་ཚིག་གི་ཕྱག་རྒྱ་ནི་མ་གཏོགས་ཏེ། ངེས་
པ་འདི་ནི་ཐམས་ཅད་དུ་མ་ཡིན་ནོ། །དེ་ནས་བཅུག་མ་ཐག་ཏུ་འདི་སྐད་དུ་བསྒོ་ཤིག་ཅེས་བྱ་བ་ལ་སོགས་པ་ལ། ཅི་ཞིག་བསྒོ་བར་བྱ་ཞེ་ན། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དེ་བཞིན་གཤེགས་པའི་རིགས་སུ་ཞུགས་

པ་ཡིན་ཞེ་ན། ཕྱིར་མི་ལྡོག་པའི་འཁོར་ལོར་ཞུགས་པ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་དེ་ཉིད་ནི་དེའི་ས་བོན་དུ་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་རིགས་སུ་ཞུགས་པ་ཡིན་ནོ། །དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱས་ཞེས་བྱ་བ་ལ། དེ་ལྟ་བུའི་ཞེས་བྱ་བ་ནི་དམ་ཚིག་ཐོབ་པ་ཡིན་པའི་ཕྱིར་
རོ། །རྡོ་རྗེ་ཡེ་ཤེས་ནི་རྡོ་རྗེ་དབབ་པ་སྟེ། གང་གིས་འདས་པ་དང་མ་འོངས་པ་ལ་སོགས་པ་ཐམས་ཅད་ཤེས་པའི་ལྷའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག་ཅེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་སྟེ། རྒྱུད་འདིར་
གཙོ་བོ་ནི་དཀྱིལ་འཁོར་ཆེན་པོ་ཡིན་ལ། དཀྱིལ་འཁོར་ཐམས་ཅད་དུ་ཡང་འདིར་སྨོས་པའི་མཚན་ཉིད་ལ་ཕལ་ཆེར་སྙེགས་པའི་ཕྱིར་རོ། །དེ་བས་ན་དཀྱིལ་འཁོར་ཆེན་པོ་འདི་ནི་གཙོ་བོ་ཡིན་ལ། འདི་མཐོང་བ་ནི་ཆོ་ག་བཞིན་དུ་བཅུག་ནས། དབང་བསྐུར་བ་སྦྱིན་པར་བྱ་བའི་ཕྱིར། སློབ་དཔོན་
གྱི་མན་ངག་གིས་སོ་སོའི་ཕྱག་རྒྱ་ཆེན་པོ་བསྟན་ན། དེ་ལྟ་བུ་ནི་དུས་ཕྱིས་དཀྱིལ་འཁོར་ཆེན་པོ་མཐོང་བ་ཞེས་བྱ་བ་སྟེ། གང་གི་ཆོ་ག་འདི་ལྟ་བུས་མ་མཐོང་བ་དེ་ནི་དཀྱིལ་འཁོར་ཆེན་པོ་མ་མཐོང་བའོ། །དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བ་ནི་གང་འདི་མནའ་ཆུ་བླུད་པ་ལ་སོགས་པས་དམ་ཚིག་
ཅན་དུ་བྱས་ཤིང་། མནའི་སྙིང་པོ་བྱིན་པ་དེ་ལས་འདའ་བར་གྱུར་ན་ཉམས་པ་སྟེ་སྡུག་བསྔལ་འཐོབ་པའོ། །དེ་ཡང་ཚེ་འདིར་ནད་ལ་སོགས་པས་གནོད་པར་འགྱུར་བ་དང་། གཞན་དུ་ངན་སོང་དུ་འགྲོ་བའོ། །ཁ་ནང་དུ་བསྟན་པ་ནི་ཁ་ཐུར་དུ་བསྟན་པའོ། །རྡོ་རྗེ་སེམས་དཔའ་ཉིད་ནི་དེང་། །ཁྱོད་
ཀྱི་སྙིང་ལ་ཡང་དག་ཞུགས། །ཞེས་བྱ་བ་ནི་བཀའ་ནོད་པའི་ཚེ་སློབ་དཔོན་གྱིས་གསོལ་བ་བཏབ་པ་དང་། ཕྱག་བཞིའི་ཚེ་སློབ་མས་བདག་ལ་བྱིན་གྱིས་བརླབ་པར་མཛོད་ཅིག་ཅེས་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་ཀྱི་བཀས་ཀྱང་བཞུགས་པ་སྟེ། དེ་ལ་དེའི་ཚེ་རྡོ་རྗེ་སེམས་དཔའ་
རང་ཉིད་སྙིང་ལ་གནས་པར་གྱུར་པ་ཡིན་ནོ། །མི་བདེ་བ་མ་སྤངས་པས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱིས་བསྒྲུབ་པའི་དམ་ཚིག་བསྒོས་ནས་མནའི་སྙིང་པོའི་རྗེས་ལ། དེ་ནས་ཕྱག་རྒྱས་བྱིན་གྱིས་བརླབ་པ་བྱའོ། །དེའི་འོག་ཏུ་རྡོ་རྗེ་སེམས་དཔའ་དབབ་པོ། །མྱུར་དུ་ཞེས་བྱ་བ་གང་

གསུངས་པ་དེ་ནི་ལྷོད་པ་སྤང་བའི་ཕྱིར་ཏེ། ཡེ་ཤེས་དབབ་པའི་ཕྱིར་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་རྡོ་རྗེ་སློབ་མའི་སྙིང་གར་བཞག་ལ་སྙིང་པོ་བརྗོད་པར་བྱའོ། །ཕྱི་མས་ནི་སེམས་དཔའ་དབབ་པ་ཡིན་ཏེ། དེ་ནས་ཁྲོ་བོའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ལ་སོགས་པ་ལ།
ལག་པ་གཡོན་པ་ཁྲོ་བོའི་ཁུ་ཚུར་བྱས་ལ། མཛུབ་མོ་ལྕགས་ཀྱུར་བྱས་ཏེ། ལག་པ་གཡས་པ་ལ་གནས་པའི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་ཕྱེད་ཡིན་ཡང་སེམས་དཔའ་རྡོ་རྗེ་མ་ཞེས་བྱ་སྟེ། ལྕགས་ཀྱུ་དེས་དྲང་ཞིང་གཡས་པའི་གུང་མོ་ལ་དྲལ་བར་བྱའོ། །ཐེག་པ་ཆེན་པོ་མངོན་པར་
རྟོགས་པ་ནི་འོག་ནས་བཤད་པའི་ཡི་གེ་བརྒྱ་པའོ། །རྡོ་རྗེའི་ཚིག་ནི་སྒྲ་སྤངས་པའོ། །ཅི་དགའ་བར་ཞེས་བྱ་བ་ནི་གཅིག་གམ་གཉིས་སམ་གསུམ་དུ་ཅི་དགའ་བར་བཟླ་བར་བྱའོ། །དེ་ནས་ཕབ་སྟེ་བབས་མ་ཐག་ཏུ་ལྷའི་ཡེ་ཤེས་སྐྱེ་བ་དང་། འདས་པ་དང་མ་འོངས་པ་ལ་སོགས་པ་ནི་བཤད་ཟིན་
ཏོ། །འདིའི་སེམས་བརྟན་པར་འགྱུར་ཞེས་བྱ་བ་ནི་རྟོགས་པ་མ་ཐོབ་ཅིང་ཚེ་གཞན་དུ་བརྗེས་སུ་ཟིན་ཀྱང་། ཐེག་པ་ཆེན་པོ་ལས་སེམས་ལྡོག་པར་མི་འགྱུར་བས་ན་བརྟན་པ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔས་ཡོངས་སུ་གཟུང་བ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ཐམས་ཅད་ནི་གཞན་གྱིས་
གནོད་པ་བྱས་པ་དང་། ནད་ལ་སོགས་པའོ། །འཇིགས་པ་ཐམས་ཅད་དང་བྲལ་ཞེས་བྱ་བ་ལ། འཇིགས་པ་ནི་ངན་འགྲོ་དང་དབུལ་བ་དང་། འཁོར་གྱི་བག་ཚ་བའི་འཇིགས་པའོ། །གནོད་པ་མེད་པ་ནི་འཚེ་བ་མེད་པའོ། །སྔོན་མ་བྱུང་བའི་ཞེས་བྱ་བ་ལ་སོགས་པ་ལ། གང་རང་དང་
འཚམ་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བ་ནི་སྔོན་བྱུང་བ་ཡིན་ལ། གང་ཏིང་ངེ་འཛིན་གྱི་དབང་གིས་བསམ་གྱིས་མི་ཁྱབ་པར་བྱུང་བ་དེ་ནི་སྔོན་མ་བྱུང་བ་ཞེས་བྱའོ། །ཁ་ཅིག་གིས་ནི་ཏིང་ངེ་འཛིན། །ཞེས་བྱ་བ་ལ་སོགས་པ་འདི་སྐད་སྟོན་ཏེ། ཅི་ནས་ཀྱང་ཚོགས་ཡོངས་
སུ་རྫོགས་པར་འགྱུར་བའི་ཡོན་ཏན་རྣམས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་བབས་པའི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་དེ་དེ་ལ་བབས་ཤིང་སྙིང་ལ་ཞུགས་པ་དང་། དེ་དེར་བརྟན་པར་བྱ་བའི་ཕྱིར་འདི་སྐད་ཅེས་གསུངས་སོ། །ཕྱག་རྒྱ་དེ་ཞེས་བྱ་བ་ནི་

སེམས་དཔའི་རྡོ་རྗེ་མའི་ཕྱག་རྒྱའོ། །བཅིངས་ཞེས་བྱ་བ་ནི་སློབ་མ་འཇུག་ཁར་བཅིངས་པ་ལས་སྙིང་གར་འགྲོལ་དུ་གཞུག་པ་སྟེ། ཅི་ནས་ཀྱང་ཕྲེང་བ་ལྟུང་བར་མི་འགྱུར་བ་དེ་ལྟར་སོར་མོ་དབྱེ་བ་ཙམ་དུ་དགྲོལ་དུ་གཞུག་གོ། །མ་ཧཱ་བ་ལ་ཞེས་བྱ་བ་ནི་ལྷ་ལ་རྗེ་སར་བོད་པའོ། །འདི་ནི་ཕྲེང་བའི་
དབང་བསྐུར་བ་སྟེ་དང་པོའོ། །སེམས་དཔའ་ཆེན་པོ་དེས་བདག་གིས་བྱས་པར་གྱུར་པ་ནི། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་ཡོངས་སུ་གཟུང་བར་འགྱུར་རོ། །བབས་བཞིན་དུ་ཞེས་བྱ་བ་ནི་བབས་པ་དང་མ་བྲལ་བ་བཞིན་དུ་གདོང་གཡོགས་པ་དགྲོལ་བར་བྱའོ། །རིམ་བཞིན་དུ་ཞེས་བྱ་བ་
ནི་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཐུག་གི་བར་དུ་བསྟན་པར་བྱའོ། །རྡོ་རྗེ་སེམས་དཔའ་ཡང་འདིའི་སྙིང་ག་ན་གནས་སོ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། སྔར་ཡེ་ཤེས་དབབ་པ་དང་སེམས་དཔའ་དབབ་པའི་དུས་སུ་ནི་དེས་གཟུགས་ཀྱི་སྐུ་མ་མཐོང་བ་
ཡིན་ལ། ད་ནི་གཟུགས་ཀྱི་སྐུ་མཐོང་སྟེ། དེ་བས་ན་གཟུགས་ཀྱི་སྐུ་དེ་བྱིན་གྱིས་བརླབ་པ་ལ་སོགས་པ་མཛད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉིད་དུ་ཞེས་བྱ་བ་ལ་གང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་གྱུར་པ་དེ་རྣམས་ནི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་
ལ། གང་དེར་སྐལ་བ་དང་ལྡན་པ་དེ་རྣམས་ནི་དཀྱིལ་འཁོར་དུ་ཞུགས་པར་གྱུར་པས། འབྲས་བུ་དེ་ལྟ་བུའི་རྣམ་པ་འཐོབ་པར་འགྱུར་རོ། །རྡོ་རྗེས་བྱིན་གྱིས་བརླབས་པའི་བུམ་པ་ཞེས་བྱ་བ་ནི་རྡོ་རྗེའི་ཆུ་བླངས་ལ་དཀྱིལ་འཁོར་གྱི་སྒོ་ན་འདུག་བཞིན་པ་ཉིད་ལ་མགོར་ལག་པ་གཉིས་ཀྱིས་
དབང་བསྐུར་བར་བྱ་སྟེ། བུམ་པ་གདེག་པར་ནི་མི་བྱའོ། །ཆུའི་དབང་བསྐུར་བ་སྟེ་གཉིས་པའོ། །གཅིག་ཅེས་བྱ་བ་ནི་གང་ཡང་རུང་བས་བྱ་བར་ཤེས་པར་བྱ་སྟེ། རྒྱུད་ཐམས་ཅད་ལ་ཡང་འདིས་བསྒྲེ་བར་བྱའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི་དེ་བཞིན་གཤེགས་པའི་ཕྲེང་བའོ། །
རྡོ་རྗེའི་རིགས་ལ་ནི་རྡོ་རྗེའི་ཕྲེང་བའོ། །རིན་པོ་ཆེའི་རིགས་ལ་ནི་རིན་པོ་ཆེའི་ཕྲེང་བའོ། །པདྨའི་རིགས་ལ་ནི་པདྨའི་ཕྲེང་བའོ། །དེ་ལ་སོགས་པ་གང་གི་ཚེ་སློབ་མ་དེ་ལ་དབང་བསྐུར་བ་དེའི་ཚེ། དེ་འདི་དག་ནི་སེམས་ཙམ་དུ་ཟད་དོ་ཞེས་རྣམ་པར་བསམས་ལ། དེར་ཟླ་བའི་དཀྱིལ་འཁོར་དེ་བསམ་

མོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ལ་དེའི་སྟེང་དུ་ཡེ་ཤེས་ཀྱི་རྡོ་རྗེ་བསམ་པར་བྱའོ། །དེ་ནས་དེར་དེ་བཞིན་གཤེགས་པ་རྣམས་གཞུག་གོ། །དེ་ནས་རྡོ་རྗེ་སེམས་དཔའི་སྐུར་བསམ་མོ། །དེ་ནས་ལུང་ལས་ཇི་སྐད་བཤད་པ་བཞིན་དུ་དབང་བསྐུར་བ་སྦྱིན་པར་
བྱའོ། །དེ་བཞིན་དུ་རྡོ་རྗེའི་རིགས་ལ་སོགས་པ་ལ་ཡང་སེམས་དཔའ་གང་དང་གང་གི་ཕྱག་རྒྱ་གང་དང་གང་ཡིན་པ་དེ་དང་དེ་ལས་བསྐྱེད་དེ། ཟླ་བའི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཐམས་ཅད་སེམས་དཔའ་དེར་ཡོངས་སུ་གྱུར་ནས་ཕྲེང་བར་གྱུར་པར་བསམས་ཏེ།
དེའི་རྗེས་ལ་ཕྱག་རྒྱའི་དབང་བསྐུར་བ་ལ་སོགས་པ་སྦྱིན་པར་བྱའོ། །རང་གི་མཚན་མ་ནི་རང་གི་ཕྱག་རྒྱའོ། །ཕྲེང་བའི་དབང་བསྐུར་བ་ནི་དང་པོ་སྟེ། རང་གིས་ཡོངས་སུ་གཟུང་བའི་ལྷས་ཕྲེང་བ་བཅིངས་པའི་ཕྱིར་རོ། །དེ་ནས་རྡོ་རྗེས་བྱིན་གྱིས་བརླབས་པའི་བུམ་པ་ལས་ཆུའི་དབང་བསྐུར་བ་ནི་གཉིས་
པ་ཡིན་ནོ། །དེ་ནས་སངས་རྒྱས་ཀྱི་དབུ་རྒྱན་གྱི་དབང་བསྐུར་བ་ནི་གསུམ་པ་ཡིན་ནོ། །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་ནི་བཞི་པ་ཡིན་ནོ། །དེ་ནས་བདག་པོའི་དབང་བསྐུར་བ་ནི་ལྔ་པ་ཡིན་ནོ། །དེ་ནས་མིང་གི་དབང་བསྐུར་བ་ནི་དྲུག་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་འབའ་ཞིག་གིས་བདག་པོའི་
དབང་བསྐུར་བར་རིགས་ཀྱི་གཞན་དག་གིས་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ཐམས་ཅད་ཀྱང་རང་གི་ལས་ལ་བདག་པོར་གྱུར་པ་ནི་འགལ་བ་མེད་དོ། །དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་ཆོ་ག་རྒྱས་པ་ཞེས་བྱ་བ་ལ། དེ་ནས་འོག་ནས་བཤད་པའི་དཀྱིལ་འཁོར་ཇི་སྙེད་པ་དེ་དག་
ཐམས་ཅད་ལ་ཡང་གོ་རིམས་འདི་ཉིད་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དང་པོ་འཇུག་པ་ནས་ཐ་མ་དབང་བསྐུར་བའི་བར་ནི་སློབ་མ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །འཇུག་པ་འདིའི་འབྲས་བུ་ནི་རྣམ་པ་གཉིས་ཏེ་མཐོང་བ་དང་མ་མཐོང་བའོ། །དེ་ལ་མཐོང་བ་ནི་དོན་གྲུབ་པ་ལ་
སོགས་པའོ། །མ་མཐོང་བ་ནི་འཇིག་རྟེན་ཕ་རོལ་གྱིས་ཏེ། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའོ། །དེ་ལ་རེ་ཞིག་མཐོང་བ་སྟེ། དོན་གྲུབ་པ་ལ་སོགས་པ་ནི་དོན་གྱི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ནི་གསེར་ལ་སོགས་

པའོ། །དེ་གྲུབ་པ་ནི་འཐོབ་པའོ། །དེ་ཉིད་ནི་གྲུབ་པ་སྟེ། དེའི་ཕྱག་རྒྱའི་ཡེ་ཤེས་ཏེ། ཐབས་གང་ཞིག་བསྒོམས་པས་དོན་འཐོབ་པར་འགྱུར་བ་དེ་ནི་ཐབས་ཀྱི་ཡེ་ཤེས་ཏེ་དོན་གྱི་དངོས་གྲུབ་འགྲུབ་པའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་ལ་རེ་ཞིག་འོག་ནས་བཤད་པའི་ཚུལ་གྱིས་བདག་ལ་བྱིན་གྱིས་
བརླབ་པ་ལ་སོགས་པ་བྱས་ལ། དེ་ནས་ཟླ་གཅིག་གམ་ཟླ་བ་བཞིའི་བར་དུ་ཐུན་མཚམས་བཞིར་རྣལ་འབྱོར་འདི་བསྒོམ་ཞིང་། དྲི་དང་མེ་ཏོག་དང་བདུག་པ་ལ་སོགས་པ་འབྱོར་པ་ཅི་ཡོད་པ་ལས་མཆོད་པ་བྱའོ། །རྡོ་རྗེ་དབྱིབས་ནི་གཏེར་གནས་པ། །ཞེས་བྱ་བ་ལ་སོགས་པ་ལ། ཟླ་བའི་དཀྱིལ་
འཁོར་གྱི་སྟེང་དུ་གཏེར་གྱི་གནས་བཞག་ལ། དེའི་སྟེང་དུ་རྡོ་རྗེའི་གཟུགས་ཡོངས་སུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་གཅིག་གམ་ཟླ་བ་བཞིའི་བར་དུ་ཅི་ནུས་པར་མཆོད་པ་བྱས་ནས་མཚན་ཐོག་ཐག་བསྒོམས་པའི་རྗེས་ལ་གནས་གང་ན་གཏེར་ཡོད་པར་རེ་བ་དེར་སོང་སྟེ། ཅི་འབྱོར་པས་མཆོད་པ་
བྱས་ལ། གཏོར་མ་ཁ་ན་མ་ཐོ་བ་མེད་པ་ཡང་ཅི་ནུས་སུ་བྱིན་ནས་དེར་འདུག་སྟེ་བསྒོམ་པར་བྱའོ། །དེ་ནས་སའི་ཕྱོགས་གང་ན་གཏེར་ཡོད་པ་དེས་མཐོང་བར་འགྱུར་རོ། །རྡོ་རྗེའི་དབྱིབས་གཅིག་བྲིས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་ཡང་བཤད་མ་ཐག་པའི་ཚུལ་ཉིད་དེ། ནམ་
མཁའ་ལ་བསྒོམ་པ་འབའ་ཞིག་གིས་ཁྱད་པར་དུ་གྱུར་པ་ཡིན་པར་ཤེས་པར་བྱའོ། །གང་དུ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་དབྱིབས་བསྒོམ་པ་ན་རྣལ་འབྱོར་གྱི་སྟོབས་སམ། ལྷའི་སྟོབས་ཀྱིས་ནམ་མཁའ་ལས་གང་དུ་བབས་པར་མཐོང་བ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །བློ་ལྡན་མི་ཡིས་
ཞེས་བྱ་བ་ལ་སོགས་པ་ལ་འདིར་ཡང་རྣལ་འབྱོར་གྱི་མཐུའམ། ལྷའི་མཐུ་ཡིས་ཚིག་ཏུ་སྨྲ་བར་འགྱུར་བར་ཤེས་པར་བྱའོ། །བདེན་པ་ཉིད་དུ་ཞེས་བྱ་བ་འདིས་ནི་ཆོས་ཉིད་ཀྱི་མཐུ་ལས་ཀྱང་ཤེས་པར་བྱའོ། །བདག་གི་ལུས་ནི་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པ་ལ། ལས་ཀྱི་རིགས་ལ་
བདག་ཉིད་ལས་ཀྱི་རྡོ་རྗེའི་ཚུལ་དུ་སྔར་བཤད་པའི་ཚུལ་ཉིད་ཀྱིས་སྒོམས་ཤིག་ཅེས་བྱ་བའི་དོན་ཏོ། །སྒོམ་པ་པོས་སྙིང་པོ་འདི་དག་ནི་བཟླ་བར་བྱ་བ་ཡིན་ནོ། །རྡོ་རྗེའི་རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། འབྱོར་པས་ན་རྫུ་འཕྲུལ་ཏེ་སེམས་ཀྱི་ཡང་དག་པར་འབྱོར་པའི་དབང་ཕྱུག་གོ། །དེའི་དངོས་

གྲུབ་ནི་གྲུབ་པའོ། །དེའི་ཕྱག་རྒྱ་ནི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པས་གང་བྱས་པའི་ཕྱག་རྒྱ་ཆེན་པོའོ། །དེའི་ཡེ་ཤེས་ཡིན་པས་ན་རྫུ་འཕྲུལ་གྱི་དངོས་གྲུབ་འགྲུབ་པའི་ཕྱག་རྒྱའི་ཡེ་ཤེས་སོ། །རྡོ་རྗེ་དབབ་པ་བྱས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམས་པས་
བརྟན་པར་གྱུར་པ་ལ་བྱའོ། །དེ་སྐྱེས་པ་དང་ཆུ་ལ་རྡོ་རྗེའི་དབྱིབས་འདྲ་བར་བསྒོམས་ལ། དེ་ནས་ཆུའི་སྟེང་དུ་བཅག་པར་བྱའོ། །འདིར་ཡང་སྔར་ཇི་སྐད་བཤད་པ་དེ་བཞིན་དུ་བྱ་བ་ཡིན་པས། དེ་ལྟར་དབབ་པ་བསྐྱེད་པར་བྱ། །ཞེས་བྱ་སྟེ། སྔར་བཤད་པའི་ཆོ་གས་རྡོ་རྗེ་ཕྲ་མོ་བསྒོམ་པ་བརྟན་པར་བྱས་ལ་
གདུལ་བའི་དབང་གིས་བདག་ཉིད་གཟུགས་གང་དང་གང་དུ་སྟོན་པར་འདོད་པ་དེ་དང་དེར་བདག་གི་གཟུགས་བསམ་པར་བྱའོ། །དེ་ནས་བདག་ཉིད་ཀྱིས་གཟུགས་དེ་ལྟ་བུར་རང་ཉིད་ཀྱིས་ཀྱང་མཐོང་ཞིང་གཞན་དག་ལ་ཡང་སྟོན་པར་འགྱུར་ཏེ། དེ་ལྟ་བུའི་ངོ་བོ་ཉིད་དུ་ཇི་སྲིད་དུ་བསྒོམ་པ་དེ་སྲིད་དུ་དེ་ལྟར་
སྣང་གི་ཕྱིན་ཆད་ནི་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་དབབ་པ་སྟོན་པའོ། །བདག་གིས་བདག་ཉིད་ནམ་མཁར་ནི། །ཞེས་བྱ་བ་ལ་འདི་ལྟར་བསྒོམ་སྟེ། བདག་གི་ལུས་ཇི་སྲིད་ཆ་ཤས་སུ་གྱུར་པ་དེ་སྲིད་ཀྱི་བར་དུ་རྣམ་པར་གཞིག་ཅིང་རྡུལ་ཕྲ་རབ་ལས་ཆ་དྲུག་ཏུ་རྣམ་པར་བརྟགས་པས་
བསྒོམ་མོ། །དེ་ནས་བདག་ནི་ནམ་མཁའོ་ཞེས་མི་སྣང་བར་བྱས་ནས། དེ་ལྟར་བདག་ཉིད་ཇི་སྲིད་བསྒོམས་པ་དེ་སྲིད་ཀྱི་བར་དུ་མི་སྣང་བར་འགྱུར་རོ། །ཡང་ན་ལག་པ་གཡོན་པའི་མཐིལ་དུ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བསམས་ལ། དེའི་དབུས་སུ་བདག་ཉིད་འདུག་པར་བསམ་མོ། །
དེ་ནས་རྡོ་རྗེ་ཁུ་ཚུར་བཅིངས་ལ། ཁུ་ཚུར་དེ་ཇི་སྐད་བཤད་པའི་ཚུལ་གྱིས་ནམ་མཁའོ་ཞེས་བསྒོམས་ན། ཇི་སྲིད་ཁུ་ཚུར་མ་བཤིག་པ་དེ་སྲིད་ཀྱི་བར་དུ་མི་སྣང་བར་འགྱུར་རོ། །རྡོ་རྗེ་དབབ་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། ཟླ་བ་གཅིག་གམ་ལོ་
གཅིག་གི་བར་དུ་ཇི་སྐད་བཤད་པའི་ཚུལ་གྱིས་བདག་ཉིད་ཡང་བ་ཉིད་དུ་ལྷག་པར་མོས་པར་བྱའོ། །རྡོ་རྗེ་ཡིན་པར་བདག་བསྒོམས་ནས། །ཞེས་བྱ་བ་ནི་བདག་ནི་རྡོ་རྗེ་སེམས་དཔའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཟླ་བ་བཞིའམ་ལོ་གཅིག་གི་མཐར་གནས་དེ་ན་འདུག་བཞིན་དུ་སྒྲུབ་པའི་དུས་སུ་

ཁྲིའམ་གཙུག་ལག་ཁང་གི་སྟེང་ངམ། རི་ལ་སོགས་པའི་སྟེང་དུ་འདུག་ལ་མཚན་ཐོག་ཐག་ཏུ་སྙིང་པོ་ཟློས་ཤིང་བསྒོམས་ན་འགྲུབ་པར་འགྱུར་ཏེ། ཇི་སྲིད་འདོད་པ་དེ་སྲིད་ཀྱི་བར་དུ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རྡོ་རྗེ་རིག་འཛིན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེས་ཉེ་བར་མཚོན་པའི་རིག་
འཛིན་ནི་རྡོ་རྗེ་རིག་འཛིན་ནོ། །ཡང་ན་རྡོ་རྗེའི་ཕྱག་རྒྱ་གྲུབ་པའི་རིག་འཛིན་ཡིན་པས་ན་རྡོ་རྗེ་རིག་འཛིན་ནོ། །དེའི་དངོས་གྲུབ་ཉིད་ནི་གྲུབ་པའོ། །དེའི་ཕྱག་རྒྱ་ནི་རྣམ་པ་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས་སོ། །གང་གིས་
དངོས་གྲུབ་ཕྱིན་ཅི་མ་ལོག་པར་འགྲུབ་པར་གྱུར་པ་དེའི་ཡེ་ཤེས་ནི་རྡོ་རྗེ་རིག་འཛིན་གྱི་དངོས་གྲུབ་གྲུབ་པའི་ཕྱག་རྒྱའི་ཡེ་ཤེས་སོ། །ཟླ་བའི་དབྱིབས་གཅིག་བྲིས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ་གང་སུ་ཡང་རུང་བ་ཚུལ་འདི་ལྟ་བུས་རྡོ་རྗེ་རིག་པ་འཛིན་པ་ཉིད་འདོད་ན། དེས་ཚེས་བཅོ་ལྔའི་
ཟླ་བའི་མདུན་དུ་སྣོད་ཆུས་བཀང་བ་བཞག་ལ། ཟླ་བའི་གཟུགས་ཀྱི་གཟུགས་བརྙན་ལ་ཤིན་ཏུ་བརྟག་པར་བྱའོ། །དེའི་མཚན་མ་ཡང་ལེགས་པར་ཡིད་ལ་བྱའོ། །དེ་ནས་བྱ་བ་ཐམས་ཅད་སྤངས་ཏེ། ས་ཕྱོགས་དབེན་པར་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས་ལྕེ་རྐན་ལ་
བཅར་ཏེ། དབང་པོ་བསྡམས་ཤིང་བློ་བདེ་བས་སྣང་བའི་ཕྱོགས་སུ་ཇི་ལྟར་མཐོང་བའི་ཟླ་བའི་དཀྱིལ་འཁོར་ཁྲུ་བཞི་པ་ཙམ་དུ་གཟུགས་དེ་བཞག་ལ་བསྒོམ་པར་བྱའོ། །ཉིན་རེ་ཞིང་ཡང་ཇི་སྲིད་ཟླ་བ་མ་ཟད་པ་དེ་སྲིད་སྔར་བཤད་པའི་སྣོད་ཀྱི་མཚན་མ་ཡིད་ལ་བཟུང་ནས་བསྒོམ་པར་བྱའོ། །
ཡང་ཚེས་བཅོ་ལྔའི་མཚན་མ་ཡིད་ལ་བཟུང་ལ། དེ་ལྟར་ཇི་སྲིད་གཡོ་བའམ་སྣང་བའམ། འོད་ཟེར་གྱི་མཚན་མ་བྱུང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སེམས་བརྟན་པར་གྱུར་པ་དང་མདུན་དུ་བྲིས་པའི་ཟླ་བའི་དཀྱིལ་འཁོར་ལྟ་བུ་དེ་མེད་པར་བྱས་ལ། མདུན་དུ་ཟླ་བའི་དཀྱིལ་
འཁོར་ཁྲུ་གང་ཙམ་པ་བསམས་ལ། ཇི་སྲིད་དུ་རེག་པའི་མཚན་མ་བྱུང་གི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྤྲོ་བར་བྱས་ཏེ། ནས་ཙམ་དང་། ནས་གཉིས་ཙམ་དང་། སོར་གཅིག་ཙམ་དང་། སོར་གཉིས་ཙམ་དང་། སོར་བཞི་ཙམ་དང་། སོར་བརྒྱད་ཙམ་དང་། དེ་ནས་ཁྲུ་གང་ཙམ་གྱི་

བར་དུ་སྤྲོས་ལ། ཇི་ལྟར་སྤྲོས་པ་དེ་བཞིན་དུ་བསྡུ་བར་བྱའོ། །དེ་ནས་ཡང་ཟླ་བའི་དཀྱིལ་འཁོར་དེ་ཉིད་སོར་གཅིག་ཙམ་གྱི་ཚད་དུས་བཞི་ནས་འཕགས་པ་བསྒོམ་པར་བྱའོ། །དེ་ནས་སོར་གཉིས་དང་སོར་གསུམ་དང་སོར་བཞི་དང་སོར་བརྒྱད་དང་། དེ་ནས་ཁྲུ་གང་
ཙམ་དུ་རིམ་གྱིས་བསྒོམ་ཞིང་། དེའི་འོག་ཏུ་སྒྲུབ་པ་ལ་འཇུག་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་གནས་པར་བསྒོམས་ལ། ལག་ན་རྡོ་རྗེ་ལ་སོགས་པ་ཕྱག་རྒྱ་ཡོད་པར་རབ་ཏུ་བསྒོམ་ཞིང་། ཟླ་བའི་དཀྱིལ་འཁོར་གྱི་འོག་ནས་རླུང་གིས་བཏེག་ཅིང་གང་དུ་འདོད་པ་དེར་ཁྱེར་
བར་བསམས་ན། དེ་ལྟ་བུས་ནི་རྡོ་རྗེ་རིག་འཛིན་ལ་སོགས་པ་འགྲུབ་པར་འགྱུར་རོ། །བདག་ཉིད་དག་པ་ཞེས་བྱ་བ་ནི་བསྒོམ་པ་དག་པ་ལ་བདག་ཉིད་དག་པར་ཤེས་པར་བྱའོ། །རིག་འཛིན་གོ་འཕང་ཞེས་བྱ་བ་ནི་རིག་འཛིན་ཉིད་དེ། རྡོ་རྗེ་སྤྱན་ཞེས་བྱ་བ་བཅོམ་ལྡན་འདས་འཇིག་རྟེན་
དབང་ཕྱུག་སྦྱིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་ཐམས་ཅད་པའི་ཏིང་ངེ་འཛིན་གྱིས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ལས་ཀྱི་རྡོ་རྗེ་ལག་ན་གནས་པར་བསྒོམ་མོ། །དེ་ཡང་རྡོ་རྗེ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་རྡོ་རྗེ་ཐམས་ཅད་དོ། །དེ་འཛིན་པར་བྱེད་པས་ན་རྡོ་རྗེ་ཐམས་
ཅད་འཛིན་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ལས་སོ། །རྩེ་མོ་ཐམས་ཅད་པའི་རྡོ་རྗེས་ཉེ་བར་མཚོན་པའི་རིག་པ་འཛིན་པའི་རིག་འཛིན་ཀུན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གཟུང་ངོ་། །དེ་རྣམས་དང་འབྲེལ་པའི་དངོས་གྲུབ་
དམ་པ་གང་ཡིན་པ་དེ་གྲུབ་པ་ནི་ཐོབ་པའོ། །དེའི་ཕྱག་རྒྱ་ནི་བཞི་སྟེ་དེའི་ཡེ་ཤེས་སོ། །དེ་ལྟ་བུའི་ཕྱག་རྒྱ་གང་ཡིན་པ་བསྒོམས་པས་འདོད་པ་བཞིན་དུ་འགྲུབ་པར་འགྱུར་རོ། །དངོས་གྲུབ་དེ་དག་ནི་གོ་བཟློག་པའི་ཚུལ་གྱིས་གནས་ཏེ། དང་པོ་ནི་ལས་ཀྱི་རིགས་སུ་གཏོགས་པ་ཡིན་
པས་དེའི་ཕྱིར། རྡོ་རྗེ་ཀུན་གྱི་ཏིང་ངེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཀུན་ནི་རྩེ་གསུམ་པ་ཁ་བཞི་པ་སྟེ། དེ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔའི་རིམ་གྱིས་རྒྱ་ཆེར་ཡང་དག་པར་བསམ་མོ། །ནམ་མཁའི་ཁམས་སུ་ཞེས་བྱ་བ་འདིས་ནི་སྤྲོ་བ་སྟོན་ཏོ། །

ཡང་དག་པར་བསམ་པས་ན་བསམ་པ་སྟེ། རང་གི་ངོ་བོ་ཉིད་ཀྱང་བསམས་ལ། ལས་ཀྱི་རྡོ་རྗེའི་འོད་ཟེར་རྣམས་ལས་དེ་བཞིན་གཤེགས་པའི་སྐུ་བྱུང་སྟེ། རྫོགས་པར་བྱས་པར་བསམས་ལ་སྣ་ཚོགས་པའི་གཟུགས་དང་། ཡང་བ་ཉིད་དུ་བསམས་ཏེ་འོག་ནས་འདོད་བཞིན་དུ་རྒྱུ་བའི་
རླུང་གིས་བཏེག་པར་བསམས་ན། ཇི་སྲིད་འདོད་པ་དེ་སྲིད་ཀྱི་བར་དུ་ལྡིང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཀུན་ལས་དག་ཅེས་བྱ་བ་འདི་ནི་ཆོས་ཀྱི་རིགས་དང་འབྲེལ་པའི་དངོས་གྲུབ་སྟོན་ཏེ། ཀུན་ལས་དག་པ་ནི་བཅོམ་ལྡན་འདས་ཀྱི་དོན་དམ་པའི་ཆོས་ཡིན་ལ། ཡུལ་དེ་ལ་
དམིགས་པའི་སེམས་ནི་བསྒོམ་པའི་སེམས་ཏེ། ཀུན་ལས་དག་པའི་ཏིང་ངེ་འཛིན་ཞེས་བཤད་དོ། །བསྒོམ་པ་ནི་གོམས་པར་བྱེད་པའོ། །བླ་མེད་ཅེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་ལ་སོགས་པ་དང་འབྲེལ་པའི་མངོན་པར་ཤེས་པ་ལྔའོ། །དེ་ཡང་ལྷའི་མིག་དང་། ལྷའི་རྣ་བ་དང་།
ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམས་ཏེ། མངོན་པར་ཤེས་པ་ལྔ་པོ་འདི་དག་གང་ཡེ་ཤེས་བསྒྲུབ་པར་འདོད་པས་མྱུར་བ་ཉིད་དུ་ཐོབ་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་འདྲ་བར་ནི། །ཞེས་བྱ་བ་ལ་སོགས་པ་ནི་རིན་
པོ་ཆེའི་རིགས་ཀྱི་སྒོ་ནས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རིན་པོ་ཆེའི་རིགས་ལ་དངོས་སུ་མ་སྨོས་མོད་ཀྱི། འོན་ཀྱང་འདི་དག་ཐམས་ཅད་ནི་དེ་ཡོངས་སུ་གྱུར་པ་ཡིན་པས་ན་འདིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་བསྟན་པ་ཡིན་ནོ། །དེ་ཡང་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་
ཐམས་ཅད་ཀྱི་རང་བཞིན་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་ལ། དངོས་པོ་འབའ་ཞིག་ཏུ་མ་ཟད་ཀྱི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ནམ་མཁའ་ཡང་ཅུང་ཟད་མ་ཁྱབ་པ་མེད་པ་ཉིད་ཡིན་ནོ། །དེ་ལྟར་བསྒོམ་པ་ནི་དྲན་པ་བརྟན་ལྡན་ཞེས་བྱ་སྟེ། བསྒོམ་པ་བརྟན་པའི་འདུས་བྱས་པ་
དང་ལྡན་པའོ། །ད་ལྟར་སྤྲོ་བ་དང་སྡུད་པར་བྱེད་པ་དང་ལྡན་པའི་རྣལ་འབྱོར་པས་ནི་རྡོ་རྗེ་འཛིན་པ་ཉིད་མྱུར་བར་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས་དངོས་གྲུབ་ཀྱི་མཆོག་གི་ལུང་དབོག་པ་སྟོན་ཏེ། སེམས་སོ་སོར་རྟོག་པ་ལ་སོགས་པ་

པའི་རིམ་གྱིས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྐྱེད་ལ། གཟུགས་དེ་ཡང་ཇི་སྲིད་བརྟན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་གཉིས་པ་མདུན་དང་གཡས་དང་གཡོན་དང་། རྒྱབ་དང་། དེ་ནས་རིམ་གྱིས་ནམ་མཁའི་དབྱིངས་ཐམས་ཅད་
དུ་སངས་རྒྱས་ཀྱི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་གང་བར་བསམ་པར་བྱའོ། །དེ་ལྟར་ན་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་ཐམས་ཅད་དུ་ཁྱབ་པས་སངས་རྒྱས་ཉིད་དུ་ཡང་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཇི་སྐད་བཤད་པའི་ཏིང་ངེ་འཛིན་རྣམས་ལ་སྔོན་དུ་བསྙེན་པ་དང་སྒྲུབ་པའི་
ཚེ་ན་རང་རང་གི་སྙིང་པོ་འདི་རྣམས་ཡིན་ནོ། །ཐམས་ཅད་ཀྱི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་ནི་ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱི་རབ་ཏུ་བྱེད་པའི་མཇུག་སྡུད་པ་ཡིན་ནོ། །དེ་ལྟར་ཕྱིས་བསྒྲུབ་པར་བྱ་བའི་འབྲས་བུ་ནི་སྔར་བསྙེན་པ་དང་སྒྲུབ་པ་ལ་རག་ལས་པར་བསྟན་ནས། ད་ནི་
བསྒོམ་པ་ཙམ་ལ་རག་ལས་པའི་ཉེ་བའི་འབྲས་བུ་གསང་ཞིང་སྦ་བའི་ངོ་བོ་ཉིད་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་ཐུབ་པ་ཡིན་པས་ཞེས་བྱ་བ་ནི་གང་གསང་བར་བྱ་བའི་དོན་སྲོག་གི་ཕྱིར་ཡང་སུ་ལ་ཡང་མི་སྨྲ་སྟེ། དེ་ལྟ་བུའི་བརྟན་པ་དང་ལྡན་
པའི་སེམས་ཅན་ནི་གསང་ཐུབ་པ་ཞེས་བྱའོ། །དེ་ལ་དང་པོར་མནའི་སྙིང་པོ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། དེ་ལྟ་བུའི་སེམས་ཅན་ལ་ཡང་གྱ་ཚོམ་དུ་བསྟན་པར་མི་བྱ་སྟེ། མནའ་ཡང་བསྒགས་ཏེ་བསྟན་པར་བྱའོ། །མནའི་སྙིང་པོ་བྱིན་ནས་ཀྱང་སླར་ཡང་འདའ་བར་མི་
བྱ་བའི་དམ་བསྒོའོ། །འདའ་བ་ནི་ཉེས་པ་སྟེ་གསང་བའི་དོན་སྨྲས་པར་གྱུར་ནའོ། །གནོད་པ་མ་སྤངས་པས་ཞེས་བྱ་བ་ནི་གང་ཞིག་སྨྲས་པས་འཆི་བའི་རྒྱུར་གྱུར་པ་འདི་ལྟ་སྟེ། མེར་འཇུག་པ་དང་། གཡང་དུ་ལྷུང་བ་དང་། དུག་ཟ་བ་དང་། མཚོན་གྱིས་འདེབས་པ་སྟེ། དེ་ལྟ་བུ་
ལ་སོགས་པ་གནོད་པ་དེ་རྣམས་མ་སྤངས་པས། ཅི་ནས་ཀྱང་སྡུག་བསྔལ་དང་ཕྲད་པའི་རྒྱུར་གདོན་མི་ཟ་བར་འགྱུར་རོ། །དེ་བཞིན་དུ་འདིར་ཡང་མནའ་ལས་འདས་ན་ངེས་པར་སྡུག་བསྔལ་དང་ཕྲད་པར་འགྱུར་པའོ། །རྡོ་རྗེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དེ་

འབེབས་པས་ན་རྡོ་རྗེ་དབབ་པའོ། །དེ་བསྐྱེད་པ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ཏེ། བསྒྲུབ་པར་བྱ་བ་ལ་ཞུགས་ནས། ཞུགས་པའི་རྗེས་ཐོགས་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་ལུས་ལ་བར་མཚམས་མེད་པར་ཁྱབ་པར་བྱས་ཏེ། རྡོ་རྗེ་ཐལ་མོ་བརྡབ་པར་བྱའོ། །མཉམ་པར་
གཞག་པ་ཞེས་བྱ་བ་འདིས་ནི་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཐལ་མོ་ཞེས་བྱ་བ་ནི་སོར་མོ་མི་དབྱེ་བར་བྱ་བའི་དོན་ཏོ། །ཐལ་མོ་ཇི་ལྟར་བརྡབ་པར་བྱ་ཞེ་ན། དེའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། བགས་ཀྱིས་ཞེས་བྱ་བའི་དོན་ཏོ། །རི་བོ་
ཡང་ནི་དབང་དུ་འགྱུར། །ཞེས་བྱ་བ་ནི་སྦྱོར་བའི་མཐུ་སྟོན་པ་ཡིན་ཏེ། སྦྱོར་བ་འདིས་ནི་སེམས་མེད་པའི་རྡོའི་ཕུང་པོ་ཡང་དབང་དུ་འགྱུར་ན། སེམས་དང་ལྡན་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བཤད་པའི་རྡོ་རྗེ་དབབ་པ་ནི་སྦྱོར་བ་བཞི་ཆར་ལ་ཡང་སྦྱར་བར་
བལྟ་བར་བྱའོ། །རྡོ་རྗེ་བསྡམས་པའི་ངོས་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་གོང་མ་ཉིད་དེ་བཞིན་དུ་མ་བཤིག་པར་ལག་པ་གཉིས་ཀྱི་མཐིལ་གྱིས་སྙིང་གར་བརྡབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་འདྲའོ། །རྡོ་རྗེ་དབབ་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། རྡོ་རྗེ་བསྡམས་
པ་སྙིང་གར་བརྐྱང་ལ། སོར་མོ་ཐམས་ཅད་བརྡབ་པར་བྱའོ། །རྩེ་མོ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་དེ། སོར་མོ་ཐམས་ཅད་ཀྱང་འདིར་བརྡབ་པར་བྱའོ། །མཉམ་པར་བརྡབས་ནས་ཞེས་བྱ་བ་ནི་ཅིག་ཅར་དུ་བརྡབ་པ་སྟེ། བུད་མེད་ལ་སོར་མོ་བརྡེབས་པའི་ཚུལ་དུ་བྱའོ། །ཕྲ་
མོ་དབབ་པའི་ཆོ་ག་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ལ་གོམས་པར་བྱས་པའོ། །འདིར་ནི་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་བསྟན་གྱི་ལྷ་དབབ་པ་ནི་མ་བསྟན་ལ། དེ་བཞིན་དུ་གོང་དུ་ལྷ་དབབ་པ་ནི་བསྟན་ལ། རྡོ་རྗེ་ཕྲ་མོ་བསྒོམ་པ་ནི་མ་བསྟན་མོད་ཀྱི། འདིར་རྡོ་རྗེ་ཕྲ་མོ་བསྒོམ་
པ་ཇི་ལྟ་བ་དེ་བཞིན་དུ་སྔ་མ་རྣམས་ལ་ཡང་ཤེས་པར་བྱ་ལ། ཇི་ལྟར་དེར་ལྷ་དབབ་པ་དེ་བཞིན་དུ་འདིར་ཡང་ལྷ་དབབ་པ་བལྟ་བར་བྱ་སྟེ། དེ་བཞིན་དུ་ཞུགས་ནས་ལུས་ཐམས་ཅད་བཀང་ལ། གང་སྡུག་བསྔལ་གང་གིས་གཟིར་བ་དེའི་སྡུག་བསྔལ་དེ་བཛྲ་ཧ་ར་ཞེས་བྱ་བའི་སྙིང་པོ་བརྗོད་ནས།

སོར་མོ་ཐམས་ཅད་མཉམ་གཞག་ཅིང་། །ཞེས་བྱ་བ་སོར་མོ་ཐམས་ཅད་ཤིན་ཏུ་བསྡམས་ལ་རྡོ་རྗེ་བསྡམས་པ་སྙིང་གའི་གནས་སུ་དགྲོལ་བར་བྱའོ། །ཞུགས་ནས་དགོས་པ་འདི་དག་བྱའོ་ཞེས་ནི་གསུངས་ན། དེ་ལ་བུ་ག་མང་དུ་ཡོད་པས། གང་ན་ཞུགས་
པ་མི་ཤེས་པས་དེའི་ཕྱིར་བུ་གའི་ནང་དུ་ཞེས་བྱ་བ་གསུངས་ཏེ། སྐྱེས་པ་དང་བུད་མེད་ཀྱི་བྷ་ག་ལ་བུ་ག་ཞེས་བྱའོ། །ཇི་སྐད་དུ་སྤྱིར་སྨོས་མོད་ཀྱི། འོན་ཀྱང་བུད་མེད་དང་། སྐྱེས་པའི་དབང་པོ་ཡིན་པར་གཟུང་བར་བྱའོ། །དེ་ཡང་བུ་ག་ཤིན་ཏུ་ཆུང་བས་ལུས་ཆུད་པ་མི་སྲིད་དོ་ཞེ་ན།
དེའི་ཕྱིར་ཡིད་ཀྱིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབབ་པ་བསྐྱེད་པར་བྱའོ་ཞེས་གསུངས་པས། དེའི་ཕྱིར་རྡོ་རྗེ་འབེབས་པའི་ཡིད་རང་གི་ལྷའི་ཕྱག་རྒྱ་ཆེན་པོར་སྣང་བས་སོ། །ཅི་ཞུགས་ནས་ཕྱོགས་གཅིག་ཏུ་གནས་པར་བྱ་བའམ་ཞེ་ན། མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། དེའི་
ལུས་ཀུན་ཁྱབ་པར་བསམས། །ཞེས་བྱ་བ་གསུངས་ཏེ་དབང་པོ་ཐམས་ཅད་ཁྱབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཇི་སྐད་དུ་བཤད་པའི་ལས་འདི་རྣམས་བྱེད་པར་འདོད་ན། དེས་དཀྱིལ་འཁོར་དུ་ཞུགས་ལ། སློབ་དཔོན་ལས་སྦྱོར་བ་འདི་རྣམས་དཀྱིལ་འཁོར་དུ་མནོད་པར་
བྱ་ཞིང་སྙིང་པོ་ཡང་གཟུང་བར་བྱའོ། །དེ་ནས་ཟླ་བ་བཞིའི་བར་དུ་འཇུག་པ་དང་སྤྲོ་བ་བསྒོམ་མོ། །དེ་ནས་མཚན་ཐོག་ཐག་སྙིང་པོ་བརྗོད་ཅིང་བསྒོམས་ཏེ། བསྒྲུབས་ལ་ཕྱིས་ལས་བྱའོ། །ལས་བྱེད་པའི་ཚེ་ན་ཡང་ཐོག་མ་ཉིད་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྙིང་པོ་སྟོང་
རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པས་བདག་གི་ལས་འདི་འགྲུབ་པར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་པ་སྐུལ་ལ། དེ་ནས་ལས་རྣམས་བརྩམ་
པར་བྱའོ། །རྣམ་པ་ཐམས་ཅད་དུ་དམ་ཚིག་བསྲུང་བ་ལ་འབད་པར་བྱ་སྟེ། དེས་ན་ངེས་པར་སྒྲིབ་པ་མེད་པར་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་གྱི་ལས་གང་བསྟན་པ་དེ་རྣམས་ནི་ཕྱག་རྒྱ་བཞིའི་སྦྱོར་བས་བྱའོ་ཞེས་ནི་གསུངས་ན། ཕྱག་རྒྱ་དེ་རྣམས་མ་གསུངས་ཏེ། དེ་བས་

ན་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་སོ། །སྙིང་པོ་བྱིན་ལ་རང་གི་རིགས་ཀྱི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དང་པོ་ཁོ་ནར་རང་གི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའོ། །
དེར་ལྷ་ནི་དེ་བཞིན་གཤེགས་པ་ལ་སོགས་པའོ། །དེ་རྣམས་ཀྱི་ཕྱག་རྒྱ་བཞི་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེའི་ཡེ་ཤེས་ཡིན་པས་ན་རང་གི་རིགས་ཀྱི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས་སོ། །བསླབ་པ་ནི་
མན་ངག་བསྟན་པར་བྱའོ། །ཇི་ལྟར་དཔོག་པ་དེ་བསྟན་པར་བྱ་བའི་ཕྱིར། ཆོ་ག་འདི་སྐད་དུ་ཞེས་བྱ་བ་གསུངས་སོ། །ཆོ་ག་དེ་གང་ཡིན་ཞེ་ན། དེའི་ཕྱིར་ཁྱོད་ཀྱིས་བསྟན་པར་མ་བྱེད་ཅིག་ཅེས་པའོ། །ཅི་ཐམས་ཅད་ལ་བསྙད་པར་མི་བྱའམ་ཞེ་ན། སྨྲས་པ་མ་ཡིན་ཏེ། གཞན་
སུ་ཡང་རུང་བ་ལ་མ་སྨྲ་ཤིག་པའོ། །སུ་ཞིག་ཅེ་ན་གཞན་པ་ནི་མུ་སྟེགས་པ་རྣམས་སོ། །ཅི་བསྟན་པ་འདི་ལ་ཞུགས་པ་ལ་ཡང་མི་སྨྲའམ་ཞེ་ན། དེ་ཡང་ཕྱག་རྒྱ་ལ་མི་མཁས་པ་ལ་མི་བསྟན་པ་སྟེ། ཕྱག་རྒྱ་འདི་རྣམས་ལ་མཁས་ན་ཞེས་བྱ་བའི་དོན་ཏོ། །ལ་ལ་ནི་ཕྱག་རྒྱ་ལ་མི་
མཁས་པ་ནི་མངོན་པར་མི་ཤེས་པའོ་ཞེས་ཟེར་ཏེ། གལ་ཏེ་ཕྱག་རྒྱ་མི་ཤེས་པ་ལ་མི་བསྟན་ན་དེ་ལྟ་ན་ནི་སུ་ལ་ཡང་བསྟན་པར་མི་བྱ་བར་འགྱུར་ཏེ། དང་པོ་ནི་ཐམས་ཅད་ཀྱང་ཕྱག་རྒྱ་མི་ཤེས་པ་ཡིན་ནོ། །དེ་བས་ན་ཕྱག་རྒྱ་ལ་མི་མཁས་པ་ཞེས་བྱ་བ་ནི་དམ་ཚིག་མི་ཤེས་པ་ཞེས་བྱ་བའི་
དོན་ཏོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་དུ་འཇུག་པའི་ཚེ་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་པས་ན། དམ་ཚིག་ཐོབ་པར་གྱུར་པ་ཡིན་ཏེ། ཞུགས་ནས་སྦྱང་བ་བྱས་པ་དེའི་ཚེ་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སློབ་མ་ལ་ཕྱག་རྒྱ་སྟོན་པ་ཡིན་ནོ། །དེ་བས་ན་དམ་ཚིག་ཐོབ་པར་མ་
གྱུར་པ་དེ་ནི་ཕྱག་རྒྱ་རྣམས་ལ་མི་མཁས་པ་ཡིན་ཏེ། དེ་ལ་བསྟན་པར་མི་བྱའོ། །ཕྱག་རྒྱ་ཐམས་ཅད་བསྟན་པར་མི་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཕྱག་རྒྱ་གཅིག་ཙམ་ཡང་བསྟན་པར་མི་བྱའོ། །མ་བསྟན་ཅིག་ཅེས་ནི་གསུངས་ན། བསྟན་ན་ཉེས་པ་ཅི་ཞིག་ཡོད་ཅེས་འདྲི་ན། དེ་ཅིའི་

ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པས་ཉེས་པ་གང་ཡིན་པ་དེ་རྒྱས་པར་སྟོན་ཏོ། །དཀྱིལ་འཁོར་ཆེན་པོ་མ་མཐོང་བ་ཞེས་བྱ་བ་འདིས་ནི་དམ་ཚིག་མི་ཤེས་པ་ཉིད་དུ་སྟོན་ཏེ། ཕྱག་རྒྱ་བཅིང་བ་བྱས་ན་ཞེས་བྱ་བ་ནི་ཕྱག་རྒྱ་འཆིང་
བར་བྱེད་ན་ཞེས་བྱ་བའོ། །དེ་ནས་དེ་དག་དམ་ཚིག་མ་ཐོབ་པ་དང་། རྡོ་རྗེ་ཕྲ་མོ་མ་བསྒོམས་པས་དེ་ལྟར་འགྲུབ་པར་མི་འགྱུར་ཏེ། དེ་རྣམས་གསང་སྔགས་སྤྱོད་པའི་ཚུལ་ལ་ཐེ་ཚོམ་སྐྱེ་བར་འགྱུར་གྱི། བདག་ཅག་ནི་རྣལ་འབྱོར་འདིའི་ཆོ་ག་དང་མི་ལྡན་པ་ཡིན་ནོ་ཞེས་རང་གི་ཉེས་པ་མཐོང་བར་མི་
འགྱུར་རོ། །དེ་ལྟ་བས་ན་དེ་རྣམས་གནོད་པ་མ་སྤངས་པས་ཞེས་བྱ་བ་སྟེ། གནོད་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བཀའ་ལས་འདས་པའོ། །དེ་མ་སྤངས་པས་ན་ཚེ་འདིར་མྱུར་བ་ཉིད་དུ་འཆི་བར་འགྱུར་ཏེ། ཚེ་ཟད་ཅེས་བྱ་བའི་དོན་ཏོ། །གཞན་དུ་ན་ངན་འགྲོར་ལྟུང་བར་འགྱུར་
རོ་ཞེས་པའོ། །ཁྱོད་ཉིད་ཅེས་བྱ་བ་ནི་དམ་ཚིག་མི་ཤེས་པ་ལ་ཕྱག་རྒྱ་སྟོན་པར་བྱེད་པ་ཁྱོད་དོ། །ཆོ་ག་འདི་སྐད་ཅེས་བྱ་བས་ཕྱག་རྒྱ་བསྟན་པར་བྱའོ་ཞེས་ཇི་སྐད་གསུངས་པ་བཤད་ཟིན་ནས། ད་ནི་ཕྱག་རྒྱ་བསྟན་པར་བྱའོ། །དེ་ལ་རེ་ཞིག་དང་པོ་ཉིད་དུ་ཕྱག་རྒྱ་ཐམས་ཅད་ཀྱི་གཞིར་
གྱུར་པ་ཡིན་པས་ན་ཕྱག་རྒྱ་ཆེན་པོ་བཤད་པར་བྱ་སྟེ། དེ་བས་ན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གཟུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་
སེམས་དཔའ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའོ། །དེ་རྣམས་ཀྱི་བསྒྲུབ་པ་ནི་མངོན་པར་འདོད་པའི་དོན་སྩོལ་བར་མཛད་པའོ། །དེ་ཡང་ཕྱག་རྒྱ་རྣམས་མེད་ན་མི་འབྱུང་ལ། ཕྱག་རྒྱ་དེ་རྣམས་ཀྱང་རྣམ་པ་མང་བས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་
ཕྱག་རྒྱ་ཆེན་པོ་ཞེས་གསུངས་པ་ཡིན་ཏེ། དེའི་ཡེ་ཤེས་སོ། །དེ་ལ་དང་པོར་ཁོ་ནར་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བཤད་དེ། སྔར་བཤད་པའི་ཆོ་གས་གནས་ཇི་ལྟ་བ་བཞིན་དུ་འདུག་ལ། འདི་དག་ཐམས་ཅད་ནི་སེམས་ཙམ་མོ་ཞེས་ཤེས་པ་ནི་སེམས་རྟོགས་པ་

སྟེ། འདིས་ནི་སེམས་སོ་སོར་རྟོག་པའི་མཚན་ཉིད་མངོན་པར་བྱང་ཆུབ་པའི་སྔགས་དང་པོ་སྟོན་པ་ཡིན་ནོ། །དེ་ནས་བརྩམས་ཏེ་སྔགས་ལྔ་པའི་བར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། དེ་ནས་རྡོ་རྗེ་ཉི་མའི་ལས་ཀྱི་ཕྱག་
རྒྱ་བཅིངས་ཏེ། ལྟག་པའི་ཐད་ཀར་འོད་ཀྱི་དཀྱིལ་འཁོར་བསམ་མོ། །དེ་ཡང་མུན་པ་ཐམས་ཅད་ཞི་བར་བྱེད་པའི་མཚན་ཉིད་ཉི་མའི་དཀྱིལ་འཁོར་དུ་བསྒོམ་སྟེ། མཚན་མོ་ཡང་ཉིན་མོ་ཇི་ལྟ་བ་བཞིན། མུན་པ་ལ་ཡང་ཉི་མའི་དཀྱིལ་འཁོར་བཞིན་དུ་སྣང་བར་གྱུར་པར་བསམ་པར་བྱའོ། །
ཉི་མའི་འོད་ཟེར་གྱི་སྣང་བ་དེ་ཡང་ཇི་སྲིད་ནམ་མཁའི་ཁམས་ཀྱི་བར་དུ་སྤྲོ་བར་བྱ་ཞིང་། བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་ཡང་བསྒོམ་ཞིང་། རྡོ་རྗེ་དབྱིངས་ཀྱི་སྔགས་ཀྱང་བརྗོད་པར་བྱ་སྟེ། འདི་ནི་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སོ། །གྲུབ་མ་ཐག་ཏུ་ཞེས་བྱ་བ་ནི་ཕྱག་
རྒྱ་ལ་དབང་ཐོབ་མ་ཐག་ཏུ་ཞེས་བྱ་བའི་དོན་ཏོ། །འདི་ཡིས་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱས་སོ། །ཡེ་ཤེས་ནི་དུས་གསུམ་ལ་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པའོ། །ཚེ་ནི་རིང་བར་འགྱུར་བའོ། །སྟོབས་ནི་ལུས་ཀྱི་སྟེ། གང་གིས་སེམས་ཅན་ཐམས་ཅད་ཀྱིས་མི་ཐུབ་པར་
འགྱུར་བའོ། །ན་ཚོད་ནི་ལོ་བརྒྱ་པ་ཡང་ལོ་བཅུ་དྲུག་པ་ལྟ་བུར་འགྱུར་བའོ། །གཞན་ཡང་། ཀུན་དུ་འགྲུབ་པ་ཉིད་རྣམས་འཐོབ། །ཅེས་བྱ་བ་དང་། སངས་རྒྱས་ཀྱི་ཕྱག་རྒྱ་གྲུབ་པས་འཚང་རྒྱ་བ་ཉིད་ཀྱང་འཐོབ་པའོ། །འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་
པ་ཉིད་ཀྱི་ཚེ་ན་ཡང་རྣལ་འབྱོར་ལ་གོམས་པའི་སྟོབས་ཀྱིས། སངས་རྒྱས་ཀྱི་སྐུའི་ཕྱག་རྒྱའི་གཟུགས་བསྒྲུབས་པ་ཙམ་གྱིས་འབྲས་བུ་བཤད་པ་ཡིན་ཏེ། གང་ཡང་ཤིན་ཏུ་རྙེད་པར་དཀའ་བའི་གཙོ་བོར་གྱུར་པའི་སངས་རྒྱས་ཉིད་དུ་གྱུར་པ་དེ་ཡང་རྙེད་པར་འགྱུར་རོ་ཞེས་བྱ་
བའི་དོན་ཏོ། །སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་བཤད་ཟིན་ནས། ད་ནི་འཁོར་ལོས་སྒྱུར་བའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་བསྒྱིངས་པར་སེམས་བསྐྱེད་དེ། །ཞེས་པ་ལ། རྡོ་རྗེ་བསྒྱིངས་པ་ནི་རྡོ་རྗེ་སེམས་

དཔའི་ཕྱག་རྒྱ་ཆེན་པོ་སྟེ། དེར་སྔགས་པའི་ལུས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བསྒྱུར་བ་ཙམ་འབའ་ཞིག་ཏུ་མ་ཟད་པ་མ་ཡིན་གྱི། གཞན་ཡང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའ་ནི་བདག་ཡིན་
པར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ་པའོ། །བསྒྱིངས་བཅས་རྡོ་རྗེ་གསོར་བྱེད་ན། །ཞེས་བྱ་བ་ལ་རྡོ་རྗེ་བསྒྱིངས་པ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་སྟ་ཟུར་དུ་འཇོག་པའོ་ཞེས་བཤད་པ་སྟེ། བསྙེམས་པ་དང་བཅས་པས་ན་བསྒྱིངས་བཅས་སོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་ཞེས་བྱ་བ་སྟེ།
ལག་པ་གཡས་པ་ན་གནས་པའི་རྩེ་ལྔ་པ་ལ་ནི་བསྒྱིངས་བཅས་རྡོ་རྗེ་ཞེས་བྱའོ། །དེ་གསོར་བ་ནི་རྣམ་པ་གཉིས་ཏེ། ས་ཡོངས་སུ་གཟུང་བ་ལ་སོགས་པའི་དུས་སུ་དབུས་ནས་བཟུང་ནས་ཡང་ནས་ཡང་དུ་འཕེན་ཅིང་འཛིན་པར་བྱེད་པའི་གསོར་བ་དང་། མཉམ་པར་གནས་པས་འདུག་བའི་
དུས་སུ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཇོག་པའི་གསོར་བའོ། །དེ་ལྟར་བསྒྱིངས་པ་དང་བཅས་པའི་རྡོ་རྗེ་གསོར་བ་དེ་ཡང་དང་པོར་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་སོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒྲུབས་ནས། ད་ནི་དངོས་གྲུབ་དེའི་འབྲས་བུ་སྟོན་ཏེ།
ཀུན་དུ་འགྲོ་བ་ནི་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་བའི་ཕྱིར་རོ། །དེ་བཞིན་དུ་འདོད་པ་ཀུན་བདག་ཅེས་བྱ་བ་སྟེ། འདོད་པའི་ཁམས་ཐམས་ཅད་ཀྱི་བདག་པོ་ནི་འདོད་པ་ཀུན་བདག་སྟེ་བདག་པོར་གྱུར་པའོ། །འདི་ལ་བདེ་བ་ཡོད་པས་ན་བདེ་བ་ཅན་ཏེ། འདིས་ནི་ནད་མེད་པ་ཉིད་སྟོན་ཏོ། །
རྫུ་འཕྲུལ་ནི་འབྱོར་པའོ། །ཚེ་ནི་རིང་དུ་འཚོ་བའོ། །སྟོབས་ནི་ལུས་ཀྱི་སྟེ་རི་འཕེན་པ་ལ་སོགས་པའོ། །གཟུགས་ནི་མཚན་ལ་སོགས་པས་བརྒྱན་པའོ། །མཆོག་ནི་འདི་རྣམས་ཀྱིས་མཆོག་ཏུ་གྱུར་པ་སྟེ། རྫུ་འཕྲུལ་ཚེ་སྟོབས་གཟུགས་མཆོག་རྣམས་ཀྱིས་ཏེ། དེ་ལྟ་བས་ན་རྡོ་རྗེ་
སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་སྔགས་པ་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་གྱི་ཕྱག་རྒྱ་ཆེན་པོ་དང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཤད་ཟིན་ནས། སེམས་དཔའ་ལྷག་མ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་སྐུ་གསུང་

ཐུགས་ཀྱི་རྡོ་རྗེའི་ཞེས་བྱ་བ་ལ་སོགས་པས་འདྲེས་གཅིག་ཏུ་བསྒྲེས་པ་ཡིན་ནོ། །འདི་སྐད་སྟོན་ཏོ། །བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། སེམས་དཔའ་གང་དང་གང་གིས་ཕྱག་རྒྱ་གང་དང་གང་ཡིན་པ་དེ་དང་དེ་གཟུང་བའམ། ལག་པར་བསྒོམས་ཏེ་གང་དང་གང་གིས་ལས་ཀྱི་
ཕྱག་རྒྱ་གང་དང་གང་ཡིན་པ་དེ་དང་དེའི་ཚུལ་དུ་བསྒྱུར་ཏེ། གནས་ལ་དེ་དང་དེའི་གཟུགས་སུ་བདག་ཉིད་བསམ་ཞིང་། གོས་དང་རྒྱན་དང་བཅས་པའི་དཀྱིལ་འཁོར་དུ་ཇི་ལྟར་མཐོང་བ་དེ་དང་དེ་བཞིན་དུ་བདག་བསམས་ལ། སེམས་དཔའ་དེ་དང་དེ་ལྟ་བུའི་སྐུ་གསུང་ཐུགས་རྡོ་རྗེ་དང་བདག་ཐ་མི་
དད་པར་བསྒོམ་མོ། །མཚན་མ་ནི་གོས་དང་རྒྱན་ལ་སོགས་པའོ། །ཕྱག་རྒྱ་ནི་རྣམ་པ་བཞིའོ། །དེ་རྣམས་དང་ལྡན་པ་ནི་དེ་དང་བཅས་པའོ། །སེམས་དཔའ་ཆེན་པོ་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པའོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྒྲུབ་པར་བྱའོ་ཞེས་
བྱ་བའི་དོན་ཏོ། །བཤད་མ་ཐག་པའི་གཞུང་གིས་ཕྱག་རྒྱ་བསྒྲུབ་པ་ཅུང་ཞིག་ནི་བཤད་ལ། ཅུང་ཞིག་ནི་མ་བཤད་དེ། ཅི་ཞིག་བཤད་ཅེ་ན། ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ནི་བཤད་ལ། བྱིན་གྱིས་བརླབས་པ་ལ་སོགས་པ་དང་། རང་གི་ལྷ་གཞུག་པ་ནི་མ་བཤད་དོ། །དེ་བས་ན་མ་བཤད་
པར་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །རྟོག་པ་ཀུན་གྱི་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའོ། །བསྒྲུབ་པ་ཞེས་བྱ་
བ་ནི་ཕྱག་རྒྱ་ཡོངས་སུ་རྫོགས་པར་བསྒྲུབ་པ་སྟེ། བྱ་བའི་ཚོགས་ཇི་སྙེད་ཀྱིས་ཕྱག་རྒྱ་ཆེན་པོའི་ལས་མཐར་ཕྱིན་པར་ནུས་པ་འདི་ནི་བསྒྲུབ་པ་ཞེས་བྱའོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་རྫོགས་པའོ། །གྲུབ་ཅིང་རྫོགས་པ་རྣམས་ཀྱིས་ལས་ཆེན་པོ་རྣམས་ནི་ཕྱག་རྒྱ་གང་དང་གང་གི་ལས་
གང་དང་གང་ཡིན་པ་དཀྱིལ་འཁོར་དུ་གསུངས་པ་དེ་ནི་ལས་ཆེན་པོ་ཞེས་བཤད་དེ། དེ་བཤད་པར་བྱ་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ་ཞེས་བྱའོ། །ཅིག་ཅར་དུའམ་ཞེ་ན་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན་གོ་རིམས་བཞིན་དུ་བབ་སྟེ། རིམ་གྱིས་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་

དང་ནི་དངོས་གྲུབ་དང་། །གྲུབ་པ་རྣམས་ཀྱི་ལས་ཆེན་རྣམས། །གོ་རིམས་བཞིན་དུ་བཤད་པར་བྱ། །ཞེས་གསུངས་པས་ན། ཇི་ལྟར་བསྟན་པར་མཛད་པ་དེ་བཞིན་དུ་བཤད་པར་མཛད་པར་རིགས་ཏེ། དེའི་ཕྱིར་དང་པོར་རེ་ཞིག་སྒྲུབ་པ་བཤད་པར་བྱ་བའི་ཕྱིར་དང་
པོར་ཉིན་རེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་ཞེས་བྱ་བ་ནི་ཐོག་མར་རོ། །ཉིན་རེ་ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང་ངོ་། །གང་ལས་ཤེ་ན། ལས་ཀྱི་མཐའ་ལས་ཏེ། དུས་བཞིན་དུ་ཞེས་བྱ་བ་ནི་རྒྱུད་ཕྱི་མ་ལས་དུས་བཞིར་བྱ་བའི་དུས་ངེས་པ་འོག་ནས་གསུངས་ཏེ་འདི་ནི་དུས་ངེས་པ་
ཡིན་ནོ། །དུས་མ་ངེས་པ་ཡང་ཡོད་དེ། ལས་ཕྲན་ཚེགས་ལ་སོགས་པ་ཅུང་ཟད་བྱེད་པར་འདོད་པ་འདི་ཡང་དུས་ཡིན་ནོ། །རང་ལ་བྱིན་གྱིས་བརླབ་ལ་སོགས། །ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྟེ། བྱིན་གྱིས་བརླབ་པ་ལ་སོགས་པ་ནི་རྒྱུད་ཕྱི་མ་ལས་ཕྱིས་འཆད་ལ་
ཅུང་ཟད་ནི་འདི་ཉིད་ནས་ཀྱང་སྟོན་ཏོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དབང་བསྐུར་བ་ལ་སོགས་པ་བསྡུའོ། །བྱས་ནས་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་ལ་སོགས་པ་འོག་ནས་ཇི་སྐད་བཤད་པའི་ཆོ་ག་དེས་བྱས་པའོ། །ནས་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ། བྱིན་གྱིས་
བརླབ་པ་ལ་སོགས་པ་བྱས་ནས་བྱ་བ་ཉིད་ཡིན་གྱི། མ་བྱས་པ་ཉིད་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ནི་ཡོངས་སུ་རྫོགས་པའོ། །བསྒྲུབ་བྱ་སྟེ་ཞེས་བྱ་བ་ནི་རྫོགས་པར་བྱ་བའོ། །དེ་ཡི་འོག་ཏུ་ཅི་དགར་བྱ། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། ཕྱག་རྒྱ་བསྒྲུབ་སྟེ་
རྫོགས་ནས་དཀྱིལ་འཁོར་གྱི་ལས་སམ། རྗེས་སུ་དྲན་པའམ