Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 55
Văn bản gốc(Tây Tạng)
Trang 3 / 17 (50.000 ký tự/trang)
ྱི་འཁོར་ལོས་ སྒྱུར་བ་ཉིད་དུ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྟེ་འཁོར་གྱི་དཀྱིལ་འཁོར་རོ། །དེ་བསྒྱུར་བའི་ངང་ཚུལ་མངའ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་སྟེ། བསྒྱུར་བ་ ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་རིམ་བཞིན་དུ་སྤྲུལ་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དོ། །དེའི་དབང་དུ་མཛད་ནས་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་མཛད་ནས་ཤེ་ན། ཡིད་བཞིན་གྱི་ཞེས་བྱ་བ་གསུངས་ཏེ། དེ་དབང་བསྐུར་བ་ནི་ བསྐུར་སྟི་བྱ་བའོ། །ཅི་ཞིག་གིས་དབང་བསྐུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཞེས་བྱ་བ་ལ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟེ། དེ་ཉིད་རིན་པོ་ཆེ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ སྐུ་རིན་པོ་ཆེ་སྟེ། དེ་ནི་དབུ་རྒྱན་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རིན་པོ་ཆེའི་དབུ་རྒྱན་ཏེ་དེས་དབང་བསྐུར་བའོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་ཅོད་པན་བཅིངས་པས་ཀྱང་དབང་བསྐུར་བ་སྟེ། ཅོད་པན་ནི་ཞེང་དུ་ཁྲུ་གང་ཆུར་ནི་ཁྲུ་ཉི་ཤུ་རྩ་ལྔའི་དར་དཀར་པོ་སྟེ། དེས་མགོ་ལ་ དབུ་རྒྱན་དུ་རྩ་བར་ཟེའུ་ཀ་མང་དུ་དཀྲིས་ལ་ངོས་གཉིས་ཀྱི་རྣ་བའི་སྟེང་དུ་བཅུག་སྟེ། གྱེན་དུ་སོར་བཞི་ཙམ་ཕྱུང་ནས་ནམ་མཁའ་ལྡིང་གི་གཤོག་པ་ལྟ་བུར་བྱས་ལ། ལྷག་མའི་མཐའ་མ་བྱིན་པ་ལ་ཐུག་གི་བར་དུ་བརྐྱང་བ་ནི་ཅོད་པན་བཅིང་བ་སྟེ་དེས་དབང་བསྐུར་ནས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱིས་བསྒྲུབས་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་པའི་རྡོ་རྗེ་སེམས་དཔའ་སྟེ། དེས་བསྒྲུབས་པས་འོག་ནས་བཤད་པ་རྣམས་ཀྱི་རྡོ་རྗེ་དེ་ལས་གྲུབ་པས་ན་དེ་ནི་གྲུབ་པའི་རྡོ་རྗེ་ཞེས་བྱའོ། །དེ་ཞེས་བྱ་བ་ནི་སྔར་བསྒྲུབས་པའི་དེ་བཞིན་གཤེགས་པ་ ཐམས་ཅད་དང་འབྲེལ་པ་སྟེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེའི་ལག་ཏུ་བྱིན་པའོ། །ལག་པར་ཞེས་བྱ་བ་འདིས་ནི་རྗེ་སར་བྱ་བ་བསྟན་ཏེ། སེམས་དཔའ་རིན་པོ་ཆེ་དེ་ལ་འཇིག་རྟེན་པ་རྣམས་གུས་པ་བསྐྱེད་པའི་ཕྱིར་རོ། །འདི་ཡང་རྡོ་རྗེའི་དབང་བསྐུར་བ་སྟེ་གསུམ་པའོ། །དེའི་རྗེས་ཐོགས་ལ་ དེ་ལ་དབང་བསྐུར་བ་གང་ཞིག་བྱིན་ཞེ་ན། མིང་གི་དབང་བསྐུར་རོ་ཞེས་གསུངས་ཏེ། ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེ་སྟེ། འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མིང་གི་དབང་བསྐུར་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་སྟེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྗེས་ཐོགས་ཉིད་ལ་ཅི་ཞིག་མཛད་ཅེ་ན། གཡོན་པ་རྡོ་རྗེ་བསྒྱིངས་པ་གསོར་བ་ཉིད་ཀྱིས་ཕྱག་གཡས་པས་རྡོ་རྗེ་དེ་ཉིད་ཀྱི་ཐུགས་ཀར་གཏོད་པའི་ཚུལ་དུ་འཛིན་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་སྨོས་ཏེ། གཡོན་པ་རྡོ་རྗེ་ཞེས་བྱ་བ་ནི་གཡོན་གྱི་རྡོ་རྗེ་ཁུ་ ཚུར་རོ། །དེའི་བསྒྱིངས་པ་ནི་མངོན་པའི་ང་རྒྱལ་ཅན་དུ་སྟོན་པ་སྟེ། འཁོར་ལོས་སྒྱུར་བའི་དབང་ཐོབ་པས་ཟླ་མེད་པར་སྟོན་པ་དང་། འཇིག་རྟེན་གསུམ་པོ་གང་གིས་ཀྱང་བདག་ཟིལ་གྱིས་མི་ནོན་པའོ། །ཇི་ལྟ་ཞེ་ན། དཔེར་ན་འཁོར་ལོས་སྒྱུར་བ་རང་གི་ཡུལ་ན་ཟླ་མེད་པར་སྟོན་པ་དང་འདྲའོ། །གསོར་ བ་ནི་གཡོན་པའི་རྡོ་རྗེ་ཞེས་བྱ་བ་གཡོན་པའི་རྡོ་རྗེ་ཁུ་ཚུར་དེ་སྟ་ཟུར་གྱི་གཡོན་ཕྱོགས་སུ་བཞག་ལ་དཀུར་འདེགས་པ་སྟེ། ལྷས་བྱིན་ལ་སོགས་པ་གཞན་འགའ་ཞིག་ཀྱང་རྡོ་རྗེ་སེམས་དཔའི་དབང་གིས་དབང་བསྐུར་ལ། དེས་ཀྱང་འདི་ལྟར་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ལྷག་པར་མོས་ནས་གནས་ན་ འཇིག་རྟེན་གསུམ་གྱིས་ཀྱང་ལུང་བསྒོ་བ་སྤྱི་བོས་ལེན་པར་འགྱུར་རོ། །ཕྱག་གཡོན་པའི་རྡོ་རྗེ་བསྒྱིངས་པ་གསོར་བ་ནི་ཕྱག་གཡོན་པའི་རྡོ་རྗེ་བསྒྱིངས་པ་གསོར་བ་སྟེ་དེ་ངོ་བོ་ཉིད་ཡིན་པས་ན་གཡོན་པའི་རྡོ་རྗེ་བསྒྱིངས་པས་གསོར་བ་ཉིད་ཡིན་ལ་དེའི་རྒྱུར་གྱུར་པས་རྡོ་རྗེ་ཕྱག་གཡས་པས་ཉིད་ཀྱི་ཐུགས་ ཀར་ཟླ་བའི་དཀྱིལ་འཁོར་ལ་འདེགས་པའི་ཚུལ་གྱིས་ཞེས་གྱེན་དུ་འཇོག་པའི་ཚུལ་གྱིས་འཛིན་པར་མཛད་ཅིང་འཇོག་པ་སྟེ། དེ་ལྟར་འཇོག་པ་འདིས་བདེ་བ་དང་ཡིད་བདེ་བ་ཐོབ་པར་སྟོན་པ་དང་། བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་རྒྱས་བཏབ་ པ་ཉིད་དུ་སྟོན་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཟླ་བ་དང་རྡོ་རྗེ་དང་ཕྱག་རྒྱ་ལས་ཡོངས་སུ་གྲུབ་ནས་འཇིག་རྟེན་གསུམ་གྱི་བླ་མར་གྱུར་པའི་བཀའ་ལས་ནི་འདའ་བར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་བདག་ཀྱང་དེ་རྣམས་ཀྱི་སེམས་དཔའི་རྡོ་རྗེ་ཕྱག་རྒྱས་རྒྱས་བཏབ་ པ་ཡིན་པས་བདག་ཀྱང་འཇིག་རྟེན་གསུམ་གྱི་བླ་མ་ཡིན་པས། དེའི་བསྒོ་བ་ཡང་སེམས་ཅན་ཐམས་ཅད་ཀྱིས་འདའ་བར་མི་བྱ་བ་ཡིན་ནོ། །གང་སེམས་ཅན་གཞན་དག་གིས་ཀྱང་ཕྱག་རྒྱ་འདི་དག་ཡང་དག་པར་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་ཤིན་ཏུ་བསྒོམ་པར་བྱས་ནས། དེ་ཡང་འཇིག་ རྟེན་གསུམ་གྱི་བླ་མར་འགྱུར་ཞིང་ལུང་བསྒོ་བ་ཙམ་གྱིས་ཀྱང་འཇིག་རྟེན་གསུམ་དབང་དུ་བྱེད་པར་འགྱུར་རོ། །ཕྱག་རྒྱ་དེ་དེ་ལྟར་འཛིན་ཅིང་འདི་ཅི་ཞིག་མཛད་ཅེ་ན། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་གསུངས་ཏེ། ཆེད་ཀར་བརྗོད་པས་ན་ཆེད་དུ་བརྗོད་པ་སྟེ། ཐུགས་ལ་མངའ་བའི་དོན་མ་ཞུས་ ཀྱང་བརྗོད་པ་ནི་ཆེད་དུ་བརྗོད་པའོ་ཞེས་སྟོན་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་ཕྱག་གི་མཐིལ་ལ་གནས་པའོ། །དེ་ཞེས་བྱ་བ་ནི་གང་ལས་བདག་སྔར་སྐྱེས་པའོ། །སུ་ཞིག་གི་འདི་ཞེ་ན། སངས་རྒྱས་ཀུན་གྱི་ཞེས་བྱ་བ་གསུངས་སོ། །སངས་རྒྱས་ཀུན་གྱི་ཅི་ཞིག་ཅེ་ན། གྲུབ་པའི་རྡོ་རྗེ་ཞེས་བྱ་བ་ གསུངས་ཏེ། དངོས་ཀྱི་དོན་གྱི་རྡོ་རྗེ་ནི་གྲུབ་པའི་རྡོ་རྗེའོ། །རྡོ་རྗེ་གྲུབ་པ་གཞན་རྣམས་ཀྱིས་ཀྱང་གྲུབ་པའི་རྡོ་རྗེ་སྲིད་དོ་ཞེ་ན། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བླ་ན་མེད་པ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཡིན་གྱི། ཐ་མལ་པ་མ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །བདག་སྟེ་ ཞེས་བྱ་བ་འདིས་ནི་རྡོ་རྗེ་འདི་དང་བདག་ལ་ཐ་དད་དུ་བྱ་བ་མེད་དེ། དེ་ལས་སྐྱེས་པའི་ཕྱིར་ཞེས་སྟོན་ཏེ། དེ་གང་གི་ལག་ཏུ་བྱིན་ཞེ་ན། བདག་གི་ལག་ཏུ་བྱིན་ཞེས་བྱ་བ་གསུངས་ཏེ། འདི་ལས་ཐ་མི་དད་པས་སོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་ལ་ནི་རྡོ་རྗེ་གནས། །ཞེས་བྱ་བ་གསུངས་སོ། །སེམས་ དཔའི་རྡོ་རྗེ་ལ་ཕྱག་རྒྱའི་རྡོ་རྗེ་གནས་པའོ། །འདི་སྐད་སྟོན་ཏེ། བདག་གང་ཡིན་པ་དེ་ནི་བདག་གི་ཕྱག་རྒྱ་ཡིན་ལ། བདག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་སྟོན་ཏོ། །ཇི་ལྟར་ཏིང་ངེ་འཛིན་འདི་ལ་སྙིང་པོ་བསྐྱེད་པ་དང་། སྙིང་པོ་ལས་ཕྱག་རྒྱའི་དབྱེ་བ་བསྐྱེད་པ་དང་། ཕྱག་རྒྱ་བསྡུས་པ་ལས་ སྤྲོ་བ་དང་། བསྡུ་བ་དང་། རྣམ་པར་སྣང་མཛད་ཀྱི་ཕྱག་ན་གནས་པ་དང་། དེ་ལས་འོད་ཟེར་བྱུང་བ་དང་། དེ་རྣམས་ལས་སངས་རྒྱས་ཀྱི་སྐུ་བསྐྱེད་པ་དང་། དེ་རྣམས་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཛད་ནས། སླར་འདུས་ཏེ་སེམས་དཔའི་གཟུགས་སུ་གྱུར་ ནས་སངས་རྒྱས་ཀྱི་གཟུགས་སུ་གནས་པ་དང་། ཆེད་དུ་བརྗོད་པ་གསུང་བ་དང་། །ཉིད་ཀྱི་གདན་ལ་བཞུགས་པ་དང་། ཡང་ཏིང་ངེ་འཛིན་གྱིས་དབང་བསྐུར་བ་དང་། ཕྱག་རྒྱ་བྱིན་པ་དང་། མིང་བཏགས་པ་དང་། ཉིད་ཀྱི་ཕྱག་རྒྱའི་ལས་བསྟན་པ་དང་། ཡང་ཆེད་དུ་བརྗོད་པ་གསུངས་པ་བཞིན་དུ་འོག་ ནས་འབྱུང་བའི་སེམས་དཔའ་བཅོ་ལྔ་ལ་ཡང་གལ་ཏེ་ཁ་ཅིག་ཏུ་གཞུང་མངས་ཀྱིས་དོགས་ནས་ཅུང་ཟད་ལས་མ་སྨོས་མོད་ཀྱི། དེ་ལྟ་ན་ཡང་དོན་གྱི་གོ་རིམས་འདི་ཇི་ལྟ་བ་བཞིན་དུ་རྒྱས་པར་ཁོང་དུ་ཆུད་པར་བྱའོ། །དཀྱིལ་འཁོར་དུ་གདུལ་བྱ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱང་བའི་ཕྱིར་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་བཞག་པ་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་ནི་སེམས་ཅན་རྣམས་བསྡུ་དགོས་པས་དེའི་ཐབས་སུ་གྱུར་པ་བསྡུ་བའི་དངོས་པོ་བཞིའི་ངོ་བོ་ཉིད་ཀྱི་སེམས་དཔའི་སྙིང་པོ་དང་། ཕྱག་རྒྱ་ལ་སོགས་པ་བསྐྱེད་པར་བྱ་བའི་ ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཡང་ཞེས་བྱ་བ་ནི་ཕྱག་རྒྱ་གཞན་བསྐྱེད་པའི་ཕྱིར་རོ། །གདོན་མི་ཟ་བ་ཞེས་བྱ་བ་ནི་རང་གི་ལས་རྣམས་ལ་དོན་ཡོད་པར་མཛད་པའོ། །ལས་དེ་ཉིད་ཀྱིས་གཞན་རྣམས་ལས་བདག་པོར་ གྱུར་པའི་ཕྱིར་རྒྱལ་པོ་སྟེ། གདོན་མི་ཟ་བ་ཡང་ཡིན་ལ་རྒྱལ་པོ་ཡང་ཡིན་པས་ན་གདོན་མི་ཟ་བའི་རྒྱལ་པོའོ། །གདོན་མི་ཟ་བའི་རྒྱལ་པོ་ཡང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་གདོན་མི་ཟ་བའི་རྒྱལ་པོ་སྟེ། བྱང་ཆུབ་ཀྱི་སེམས་ ཞེས་བྱ་བའི་དོན་ཏོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་གདོན་མི་ཟ་བའི་རྒྱལ་པོའི་དམ་ཚིག་ཅེས་བྱའོ། །དེ་གང་ལས་བྱུང་བའི་སེམས་དཔའི་ཁྱད་པར་གང་ཡིན་པ་དེ་ནི་བྱུང་བའི་སེམས་དཔའ་སྟེ། དེ་བྱིན་གྱིས་བརླབ་ ཅིང་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྟེ་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་བཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །སྤྱན་དྲང་བའི་དམ་ཚིག་ཅེས་བྱ་བ་ནི་སྤྱན་དྲང་བ་ལ་དམ་ཚིག་ཡིན་པས་ན་སྤྱན་དྲང་བའི་དམ་ཚིག་སྟེ། བསྡུ་བའི་དངོས་པོ་བཞིའི་ངོ་བོ་ཉིད་དོ། ། དམ་ཚིག་གི་སྒྲ་ནི་འདིར་སྤྱན་འདྲེན་པའི་སྙིང་པོ་དང་། ཕྱག་རྒྱ་ཉིད་ལ་མིང་འདི་སྐད་ཅེས་བྱ་བ་ཉིད་ཡིན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན་འདིའི་ཡོན་ཏན་ལ་མིང་དེ་སྐད་ཅེས་བཏགས་པ་ཡིན་ནོ། །འདི་ཞེས་བྱ་ བ་ནི་ཐུགས་ལ་གནས་པའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་ལ། གང་སྔར་ཀུན་དུ་བཟང་པོ་ཉིད་དུ་བཤད་པ་དེ་ཉིད་ཀྱི་ཕྱག་ན་རྡོ་རྗེ་རབ་ཏུ་གནས་པས་ན་ཕྱག་ན་རྡོ་རྗེ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ་ནི་ལས་དང་རྗེས་སུ་མཐུན་ པར་ཕྱག་རྒྱའི་སྤྲུལ་པ་བསྟན་པ་ཡིན་ཏེ། དེ་བཞིན་དུ་ཏིང་ངེ་འཛིན་དེས་བྱིན་གྱི་རླབས་ཀྱི་དབང་དང་སྨོན་ལམ་དང་ཡེ་ཤེས་ཀྱི་དབང་གིས་གཅིག་ཏུ་འདུས་པར་གྱུར་ཏེ་བྱུང་ནས་བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་གནས་པར་གྱུར་པ་སྟེ། དེ་ལ་གནས་ཞེས་བྱ་བའི་དོན་ཏོ། །སྤྱན་དྲང་བ་ལ་སོགས་པ་ ཞེས་སྨོས་པ་ནི་འདིའི་ཕྲིན་ལས་སྤྱན་དྲང་བ་གཙོ་བོ་ཡིན་པའི་ཕྱིར་ཏེ། སྤྱན་དྲང་བ་ནི་བོད་པའོ། །དེ་ཡང་སྔ་མ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱང་བ་གཙོ་བོ་ཡིན་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ཡིན་པས་ན་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ཏེ། ནམ་མཁའ་ལ་འགྲོ་བ་ལ་ སོགས་པ་སྟེ། སེམས་ཀྱི་འབྱོར་པ་ལ་མངའ་བརྙེས་ཞེས་བྱ་བའི་དོན་ཏོ། །ཆོ་འཕྲུལ་ནི་རྣམ་པར་འཕྲུལ་པ་སྟེ། ངོ་མཚར་དཔག་ཏུ་མེད་པར་སྟོན་པར་མཛད་པའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་ཏེ། དེ་རྣམས་བྱས་ནས་སོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞེས་ བྱ་བ་ནི་བསམ་པའི་དོན་ཆུད་མི་ཟོས་པའི་འབྲས་བུར་གྱུར་པས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏོ། །གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་ནི་རབ་ཏུ་གདོན་མི་ཟ་བས་ན་ཤིན་ཏུ་གདོན་མི་ཟ་བའོ། །ཤིན་ཏུ་གདོན་མི་ཟ་བ་ཡང་ཡིན་ལ་རྒྱལ་པོ་ཡང་ཡིན་པས་ན་ཤིན་ཏུ་གདོན་མི་ཟ་བའི་རྒྱལ་པོ་སྟེ། དེའི་ངོ་བོ་ཉིད་ནི་གདོན་མི་ཟ་བའི་རྒྱལ་པོ་ཉིད་ཡིན་པའོ། །ཤིན་ཏུ་གདོན་མི་ཟ་བའི་རྒྱལ་པོ་ཉིད་ཡིན་པས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མང་པོ་ཡང་འབྲས་བུའི་ངོ་བོ་ཉིད་གཅིག་པ་ཉིད་ཡིན་པར་སྟོན་ཏོ། །ཤིན་ཏུ་བརྟན་པའི་ཕྱིར་ཞེས་བྱ་བ་ཉིད་ཀྱིས་ནི་འདྲེས་པ་ ཉིད་བརྟན་པ་སྟེ། དེ་བས་ན་གཅིག་ཏུ་འདྲེས་པར་གྱུར་ཏོ་ཞེས་གསུངས་སོ། །གཅིག་ཏུ་འདྲེས་པར་གྱུར་ནས་ཅི་ཞིག་ཏུ་གྱུར་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ལུས་སུ་གྱུར་ནས་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པ་སྟེ། གང་གི་ཕྱིར་རྡོ་རྗེ་ལས་ བྱུང་བའི་ལྕགས་ཀྱུ་ཞེས་བྱ་བ་ལ་འཇིག་རྟེན་ན་རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་ཉིད་དུ་འབྱུང་བར་སྣང་ན། འདིར་རྡོ་རྗེ་ལས་ལྕགས་ཀྱུ་འབྱུང་བ་ནི་འབྲས་བུ་མི་འདྲ་བར་བྱུང་བས་ངོ་མཚར་ཆེའོ། །འདི་སྐད་སྟོན་ཏེ། རྣལ་འབྱོར་པ་རྣམས་ཀྱི་སེམས་ཀྱི་དབང་གིས་འདི་དག་འབྱུང་བས་ན། བཅོམ་ ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་གྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་གསུངས་པ་དེ་ནི་ལེགས་པར་གསུངས་པ་ཡིན་ནོ། །བདག་ཅེས་བྱ་བ་འདིས་ནི་དེ་ལས་བྱུང་བ་ཡིན་པའི་ཕྱིར་ལྕགས་ཀྱུ་དང་ཐ་མི་དད་པ་ཉིད་དུ་སྟོན་ཏེ། ངོ་མཚར་དུ་གྱུར་པའི་ལྕགས་ཀྱུ་དེས་ངོ་མཚར་ཅི་ ཞིག་བྱེད་ཅེ་ན། གང་གི་ཕྱིར་ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སངས་རྒྱས་ནི་ཐམས་ཅད་དུ་ཁྱབ་ཅིང་ཀུན་དུ་སོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ཐམས་ཅད་དུ་ཁྱབ་པ་ལྟར་སྤྱན་འདྲེན་པ་ནི་མཛད་པའོ། །དེ་བཞིན་གཤེགས་པ་རྣམས་ཇི་ལྟར་སྤྱན་དྲང་ཞེ་ན། རྣལ་ འབྱོར་པ་རྣམས་ཀྱི་སེམས་ཀྱི་དབང་གིས་ཏེ། དེའི་ཏིང་ངེ་འཛིན་ལ་གནས་ནས། དེ་བཞིན་གཤེགས་པ་རྣམས་ཇི་ལྟར་ལྷག་པར་མོས་པར་བྱས་པ་དེ་ལྟ་བུའི་རྣམ་པ་ཉིད་དུ་བྱོན་ཞིང་མཐོང་བ་དང་། སྟོན་པར་ཡང་མཛད་དོ། །ཅིའི་ཕྱིར་སྤྱན་དྲང་ཞེ་ན། གྲུབ་པའི་ཕྱིར་ཞེས་བྱ་བ་ གསུངས་ཏེ། གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡས་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་ སྒྲས་ནི་འདིར་བཅོམ་ལྡན་འདས་མི་བསྐྱོད་པ་གཟུང་སྟེ། དེའི་གཡས་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །ཡང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་ལྟོས་པའོ། །བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་རང་གི་ལས་ལ་སྦྱོར་བར་གསོལ་བ་འདེབས་སོ་ཞེས་བྱ་བའི་དོན་ཏོ། ། སྔར་རྡོ་རྗེ་སེམས་དཔའི་གཟུགས་ཀྱི་བཀའ་ནོད་པ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱང་བའི་ཕྱིར་ཡིན་ལ། ད་ལྟར་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་ཕྱིར་བཀའ་ནོད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་ཡིན་པས། དེ་བཞིན་ གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་སྟེ། སྤྱན་འདྲེན་པ་ནི་འགུགས་པའོ། །དེའི་དམ་ཚིག་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །དེ་ཉིད་ནི་མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དེ་དམིགས་པར་གྱུར་པའི་ཏིང་ངེ་འཛིན་དེ་ལ་མིང་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ ནས་དེའི་ལག་པར་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་བྱིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་དམ་ཚིག་ཅེས་བྱ་བ་གསུངས་སོ། །ཅིའི་ཕྱིར་བྱིན་ཞེ་ན། སྤྱན་དྲང་བའི་ཕྱིར་ཞེས་པའོ། །བར་དུ་ཞེས་བྱ་བའི་སྒྲས་ནི་དོན་གྲུབ་པ་ལ་སོགས་པ་གཟུང་ངོ་། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་འདུ་བ་ནི་འདུས་པར་མཛད་པ་སྟེ། དེའི་བྱིན་གྱིས་བརླབས་པ་ནི་དེ་བྱེད་པའོ། །འདུ་བའི་བྱིན་གྱིས་བརླབས་པ་ཉིད་དངོས་གྲུབ་པ་སྟེ། དེའི་ཕྱིར་གདོན་མི་ཟ་བའི་རྒྱལ་པོ་དེ་ལ་བྱིན་པའོ། །ཅི་ཞིག་མཛད་ནས་ཤེ་ན་དེ་བཞིན་དུ་ཞེས་བྱ་བ་གསུངས་ཏེ། འདིས་ཅི་ཞིག་སྟོན་ཅེ་ན། དེ་བཞིན་གཤེགས་པའི་སྐུའི་རིན་པོ་ཆེའི་དབུ་རྒྱན་དང་ཅོད་པན་གྱིས་དབང་བསྐུར་བར་སྟོན་ཏོ། །དེ་བས་ན་ཕྱག་རྒྱའི་དབང་བསྐུར་བའི་རྗེས་ཐོགས་ལ་མིང་གི་དབང་བསྐུར་བ་ནི་རྡོ་རྗེ་འགུགས་པ་ཞེས་གསུངས་པ་ཡིན་ཏེ། འགུགས་པར་བྱེད་པས་ན་འགུགས་པའོ། ། རྡོ་རྗེ་བཞིན་དུ་འགུགས་པ་མི་འདའ་བའི་དོན་གང་ཡིན་པ་དེ་ནི་རྡོ་རྗེ་འགུགས་པའོ། །ཡང་ན་འདིས་འགུགས་པས་ན་འགུགས་པ་སྟེ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱའོ། །རྡོ་རྗེ་ལས་འགུགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་འགུགས་པ་སྟེ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་དེ་ལས་བྱུང་བའི་ཕྱིར་རོ། །དེ་ནས་ ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྕགས་ཀྱུ་དེས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་ཞིང་བསྡུས་ནས་ཅི་ཞིག་བྱེད་ཅེ་ན། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་ཏེ། ཆེད་དུ་བརྗོད་པ་ཞེས་བྱ་བ་འདི་བཤད་ཟིན་ཏོ། །འདི་ཞེས་བྱ་བ་ནི་ལག་པའི་མཐིལ་ལ་གནས་པའོ། །དེ་ཞེས་བྱ་བ་འདིས་ ནི་གང་ལས་བདག་སྐྱེས་པ་ཞེས་པའི་དོན་ཏོ། །དེ་གང་ཞེ་ན། རྡོ་རྗེ་ཡེ་ཤེས་བླ་མེད་པ། །ཞེས་བྱ་བ་སྟེ། རྡོ་རྗེ་ཡེ་ཤེས་ནི་མི་གཡོ་བའི་ཡེ་ཤེས་ཏེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པའི་མཚན་ཉིད་ཅན་ནོ། །ཡེ་ཤེས་དེ་སུ་ཞིག་གི་ཡིན་ཞེ་ན། སངས་རྒྱས་ཀུན་གྱི་ཞེས་བྱ་བ་གསུངས་སོ། །ཅིའི་ ཕྱིར་དེ་སངས་རྒྱས་ཡིན་པར་བཤད་ཅེ་ན། སངས་རྒྱས་ཀུན་གྱི་དོན་གྲུབ་ཕྱིར། །ཞེས་བྱ་བ་གསུངས་སོ། །དེའི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཀུན་ནས་སྤྱན་དྲངས་དམ་པའོ། །ཞེས་བྱ་བ་གསུངས་ཏེ། འདིས་ཀུན་ནས་སྤྱན་འདྲེན་པས་ན་ཀུན་ནས་སྤྱན་དྲངས་ཞེས་བྱ་སྟེ། ལྕགས་ཀྱུའོ། ། དེ་ཡང་འགུགས་པ་གཞན་དག་ལས་ཁྱད་པར་དུ་གྱུར་པའི་ཕྱིར་དམ་པ་ཞེས་བྱའོ། །དོན་གང་གི་ཕྱིར་སངས་རྒྱས་ཀུན་གྱི་དོན་ཐམས་ཅད་སྤྱན་འདྲེན་པ་དེ་གང་ཡིན་ཞེ་ན། སངས་རྒྱས་ཀུན་གྱི་གང་གདུལ་བྱའི་སེམས་ཅན་རྣམས་ཀྱི་དོན་གྲུབ་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུན་ རིང་པོ་ནས་མངོན་པར་བཞེད་པ་ཡིན་པའི་ཕྱིར་དོན་དེ་ནི། སངས་རྒྱས་ཀུན་གྱི་དོན་གྲུབ་ཕྱིར། །ཞེས་བྱའོ། །བསྡུ་བའི་དངོས་པོ་བཞིའི་རང་བཞིན་རྡོ་རྗེ་ལྕགས་ཀྱུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྡུས་པ་ཡིན་ལ། བསྡུས་པ་དེ་རྣམས་ནི་ངེས་པར་མཉེས་པར་བྱ་དགོས་ཏེ། གཞན་དུ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྡུས་པ་ལ་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སེམས་དཔའ་གསུམ་པ་འབྱུང་བའི་ཐབས་སྟོན་པ་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས། ཉན་ ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་དེ་ལས་འཕོ་བར་མཛད་པ་ནི་གསོད་པ་ཞེས་བྱ་སྟེ། དེ་བས་ན་གསོད་པར་བྱེད་པའི་ཕྱིར་བདུད་ཅེས་བྱ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བདུད་ཀྱང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་དོ། །དེའི་དམ་ཚིག་ ནི་སྙིང་པོ་དང་ཕྱག་རྒྱ་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཅེས་བྱ་བའི་དམ་ཚིག་གོ། །དེ་ལས་བྱུང་བ་ནི་གང་ལས་སེམས་དཔའ་སྟེ། སེམས་དཔའ་དང་དེའི་བྱིན་རླབས་ཏེ་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་ སུམ་དུ་མཛད་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་དམ་ཚིག་ཅེས་བྱ་བ་གསུངས་ཏེ་མཉེས་པར་བྱེད་པའི་དམ་ཚིག་ནི་རྗེས་སུ་ཆགས་པར་བྱེད་པའི་མཚན་མ་སྟེ། གང་གིས་བྱང་ཆུབ་སེམས་དཔའ་ ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་བཟློག་སྟེ། ཐེག་པ་ཆེན་པོ་ལ་འཇུག་པར་བྱེད་པའོ། །ཡང་ན་སེམས་ཅན་མི་དགེ་བ་ལ་ཞུགས་པ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་པར་བྱ་བའི་ཕྱིར། གང་གིས་རྗེས་སུ་ཆགས་པར་བྱེད་པ་དེ་ལ་རྗེས་སུ་ཆགས་པར་བྱེད་པའི་དམ་ཚིག་ཅེས་བྱའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་དེ། དེ་རྣམས་ཀྱི་ཐུགས་ལ་མངའ་བའི་དོན་ལ་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བའི་ཕྱིར་འདི་འདི་ལྟར་གྱུར་ཅིག་ཅེས་བྱ་བའི་དོན་འདི་སྒྲ་གང་གིས་སྟོན་པར་བྱེད་ པའི་སྒྲ་དེ་ལ་ཡང་སྙིང་པོ་ཞེས་བྱའོ། །དེ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཞེས་བྱ་བ་ལ་ནི་གང་སྔར་རྡོ་རྗེ་རྒྱལ་པོར་བདག་ཉིད་སྟོན་པར་བྱེད་པ་འདི། དེ་ཉིད་མེ་ཏོག་གི་མདར་གྱུར་ནས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་མེ་ཏོག་གི་མདའ་སྟེ། མེ་ཏོག་ གིས་མཚན་པའི་མདའ་དང་བཅས་པའི་གཞུའི་དབྱིབས་སུ་གྱུར་ནས་བྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་མཉེས་པར་བྱེད་པ་ནི་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཉན་ཐོས་ཀྱི་ལམ་ཀུན་དུ་འཛིན་པ་སྔར་གསལ་བའོ། །རྗེས་སུ་ཞེས་བྱ་ བའི་སྒྲས་ནི་ཕྱི་ནས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པ་ལ་སོགས་པར་བྱེད་པ་ནི་རྗེས་སུ་ཆགས་པར་བྱེད་པའོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ ཆུབ་སེམས་དཔའ་རྣམས་གཟུང་ལ་སངས་རྒྱས་རྣམས་ཀྱི་རྗེས་སུ་མཉེས་པར་བྱ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་ནས་ཐུགས་ལས་ཆུང་བ་ལ་ཐུགས་གཞོལ་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ལ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཚངས་པས་བཅོམ་ལྡན་འདས་སེམས་ ཅན་དབང་པོ་རྣོ་བ་ཡང་མཆིས་དབང་པོ་འབྲིང་པོ་ཡང་མཆིས་པས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་གསོལ་བ་བཏབ་པ་ཡིན་ལ། འདི་ནི་སངས་རྒྱས་རྣམས་ཀྱི་མཉེས་པར་བྱ་བ་སྟེ། སེམས་ཅན་གྱི་དོན་མཛད་པར་བཞེད་པ་བསྐྱེད་ པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སེམས་ཅན་གྱི་དོན་ལ་གཡེལ་བ་རྣམས་ལ་དེ་ལ་འདོད་པ་བསྐྱེད་པ་ནི་རྗེས་སུ་མཉེས་པར་བྱ་བའོ། །སོགས་པ་ཞེས་སྨོས་པ་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི་སོགས་པ་གཟུང་ངོ་། །ཤིན་ཏུ་བདུད་བྱེད་པ་ཞེས་བྱ་བ་ནི་རང་གི་ལས་རྣམས་ ཀྱི་མཆོག་ཏུ་མཐར་ཕྱིན་པའོ། །དེ་ཉིད་ཀྱི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ཞེས་བྱ་བའི་དོན་ཏོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ལ་དྲིས་པ་མེད་པར་ཆེད་དུ་སྨྲས་པ་ནི་ཆེད་དུ་བརྗོད་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་ པའོ། །བདག་གི་རང་བཞིན་དག་ཅེས་བྱ་བ་ནི་ངོ་བོ་ཉིད་དག་པའི་ཕྱིར་ཏེ། གང་གིས་ཀྱང་འདུས་བྱས་པ་ལ་སོགས་པས་སྦྱངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱེད་ཇི་ལྟར་ན་རང་བཞིན་གྱིས་དག་པ་ཉིད་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་པའི་བུ་དང་ཆུང་མ་ལ་སོགས་པ་ཟང་ཟིང་གི་ཡུལ་ གྱི་ལོངས་སྤྱོད་ལ་ཆགས་པ་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པ་དང་། མི་དགེ་བའི་ལས་ཀྱི་ལམ་ཀུན་ནས་སློང་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་མཐོང་བའི་ཆོས་ཉིད་ལ་ཡང་སེམས་ཅན་གཞན་རྣམས་ཀྱི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྐྱེད་པའི་རང་བཞིན་ཡིན་པའི་ ཕྱིར་དང་། སྐྱེ་བ་གཞན་དུ་བདག་ཉིད་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་མཐའ་ཡས་པའི་རྒྱུར་གྱུར་པ་ཉིད་དང་། འཁོར་བར་འཆིང་བའི་རྒྱུ་ཉིད་ཡིན་ཏེ། དེ་བས་ན་ཡོངས་སུ་མ་དག་པ་ཡིན་ནོ་ཞེ་ན། གང་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྗེས་སུ་ཆགས་པ་ དེ་ནི་རང་གི་རྒྱུད་ཡོངས་སུ་དག་པའི་རྒྱུ་ཡིན་ལ། དེ་ཡང་བདག་ཉིད་ཀྱི་ཕྱིར་མ་ཡིན་གྱི་སེམས་ཅན་དེ་རྣམས་ཉིད་འཁོར་བ་ལས་ཡོངས་སུ་སྒྲོལ་བའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པས་བདག་ཉིད་སྣོད་དུ་རུང་བར་བྱེད་པ་དང་། མ་འོངས་པའི་དུས་སུ་ཆགས་པ་དེས་སེམས་ཅན་རྣམས་ཀྱང་སྐལ་བ་ཇི་ལྟ་བ་ བཞིན་དུ་འཁོར་བ་ལས་སྒྲོལ་བར་བྱེད་ཅིང་། རྗེས་སུ་ཆགས་པར་བྱ་བས་རང་དབང་དུ་བྱས་ནས་དུས་ཇི་ལྟ་བ་བཞིན་དུ་འཁོར་བའི་ལོངས་སྤྱོད་ཀྱིས་བསྡུས་ཏེ། ཡོངས་སུ་སྨིན་པར་བྱས་ནས་ཕྱིན་ཅི་མ་ལོག་པའི་ལུང་ཕོག་པ་བྱིན་པས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །དེ་བས་ན་བདག་དང་གཞན་ གྱི་རྒྱུད་རྣམ་པར་དག་པའི་རྒྱུར་གྱུར་པའི་ཕྱིར་དང་། ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་མང་པོའི་རྒྱུར་གྱུར་པའི་ཕྱིར་དེ་ལ་ནི་རང་བཞིན་གྱིས་དག་པ་ཞེས་བཤད་དོ། །རྗེས་སུ་ཆགས་པར་བྱེད་པས་ན་དགྱེས་པར་བྱེད་པའོ། །དེ་ལྟ་བུ་དེ་གང་གི་རྗེས་སུ་ཆགས་པ་ཡིན་ཞེ་ན། རང་འབྱུང་ཞེས་ བྱ་བ་གསུངས་ཏེ། རང་འབྱུང་བའི་ཕྱིར་རང་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། འབྱུང་བར་འགྱུར་བའི་ཚུལ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་བྱའོ། །རང་འབྱུང་བ་རྣམས་ཀྱི་རྗེས་སུ་ཆགས་པ་དེ་ལྟ་བུ་འདི་ཡིན་པར་ཇི་ལྟར་ཤེས་ཤེ་ན། གང་གི་ ཕྱིར་འདོད་ཆགས་བྲལ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་རིགས་ཅན་གྱི་གདུལ་བྱ་རྣམས་ཉན་ཐོས་ཀྱི་ཐེག་པར་ལྷུང་ཞིང་འདོད་ཆགས་དང་བྲལ་བ་ཡོངས་སུ་མ་དག་པ་རྣམས་སླར་ཡང་ཐེག་པ་ཆེན་པོ་ལ་དགོད་པའི་ཕྱིར་འདོད་ཆགས་ཀྱིས་གདུལ་བར་བྱེད་པའོ། །འདི་ སྐད་སྟོན་ཏེ། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་སེམས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱ་བའི་ཕྱིར་འདོད་ཆགས་བསྐྱེད་ཅེས་བྱ་བའི་དོན་ཏོ། །ད་ནི་བཅོམ་ལྡན་འདས་ཀྱིས་གང་གི་དོན་དུ་མངོན་པར་འདུ་མཛད་པའི་ལས་དེ་ལ་བསྙེན་བཀུར་སྔོན་དུ་འཇུག་པས་ལས་ལ་སྦྱར་བར་ གསོལ་བ་འདེབས་པ་ནི་བཀའ་ནོད་ཅིང་ཞེས་བྱ་བ་འདིས་བསྟན་ཏེ། བཀའ་ནི་རང་གི་ལས་རྣམས་ལ་ལུང་བསྒོ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། ཉན་ཐོས་བཞིན་ དུ་འཁོར་བས་ཀུན་དུ་སྐྲག་པ་ལ་ཕྱག་རྒྱའི་ཁྱད་པར་གང་གིས་རྗེས་སུ་ཆགས་པར་བྱས་པའོ། །དེའི་བྱིན་གྱི་རླབས་ནི་ཉིད་ཀྱི་ལས་རྣམས་ལ་མཐུ་སྐྱེད་པ་སྟེ། དེ་ལ་བརྟན་པར་ནུས་པའི་ཏིང་ངེ་འཛིན་གང་ཡིན་ཏེ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པའི་བྱིན་རླབས་རྡོ་རྗེ་ཞེས་བྱ་སྟེ། དེ་ སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་ཅི་ཞིག་མཛད་ཅེས་འདིར་རྟོག་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་སྟེ། རྡོ་རྗེ་མདའ་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཅེས་བྱ་བ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བདུད་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ལ། བདུད་ནི་རང་དགར་འཇུག་པ་ལས་བཟློག་ཅིང་གཞན་གྱི་དབང་གི་བྱེད་པའོ། །དེ་ལ་རྡོ་རྗེ་བཞིན་དུ་མི་ཕྱེད་པའི་དམ་ཚིག་གང་ཡིན་པ་དེ་ནི་བདུད་རྡོ་རྗེའི་དམ་ཚིག་གོ། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ཞེས་བྱ་བ་ནི་བཤད་ཟིན་ཏོ། ། བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མ་སྨོས་པ་རྣམས་ཀྱང་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་ཀྱི་ལས་ནི་སངས་རྒྱས་ཀྱི་རིགས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་འཕོ་བར་བྱེད་པ་དང་། སངས་རྒྱས་རྣམས་ཀྱང་ཐུགས་ལས་ཆུང་ངུ་ ལས་བསྐྱོད་པར་བྱེད་པའོ། །བདུད་ཀྱི་ལས་དེ་ཉིད་ནི་དངོས་གྲུབ་ཀྱི་མཆོག་སྟེ། དེ་འཐོབ་པ་ནི་དངོས་གྲུབ་ཀྱི་མཆོག་ཐོབ་པའོ། །དེ་ཉིད་ནི་འབྲས་བུ་ཡིན་པས་ན་དངོས་གྲུབ་ཀྱི་མཆོག་ཐོབ་པའི་འབྲས་བུའོ། །དེ་དག་གི་ཕྱིར་དེ་བཞིན་དུ་དེ་བཞིན་གཤེགས་པའི་རིན་པོ་ཆེའི་དབུ་རྒྱན་དང་ཅོད་པན་གྱི་ དབང་བསྐུར་བ་བྱིན་ནོ་ཞེས་བྱ་བ་སྟེ། སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཕྱག་རྒྱའི་དབང་བསྐུར་བའི་རྗེས་ལ་མིང་གི་དབང་བསྐུར་བ་བསྟན་པའི་ཕྱིར། རྡོ་རྗེ་གཞུ་ཞེས་བྱ་བ་གསུངས་ཏེ། འདིས་སྔར་གཞུ་ཞེས་མ་སྨོས་སུ་ཟིན་ཀྱང་མདའ་དེ་གཞུ་མེད་པར་དེས་དེའི་ལས་མི་སྲིད་པའི་ཕྱིར་ མདའ་ཞེས་སྨོས་པས་གཞུ་མ་སྨོས་སུ་ཟིན་ཀྱང་དོན་གྱིས་སྨོས་པ་ཁོ་ན་ཡིན་པར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བདུད་བྱེད་ཅིང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རིགས་དང་ལྡན་པ་རྣམས་ཉན་ཐོས་ཀྱི་ཐེག་པ་ལས་འཕོ་བར་བྱེད་པའོ། །ཅི་ཞིག་ཅེ་ན། ཆེད་དུ་བརྗོད་པ་འདི་ཆེད་ དུ་བརྗོད་དོ་ཞེས་བྱ་བ་སྟེ། འདི་ཞེས་བྱ་བ་ནི་ལག་མཐིལ་ན་གནས་པའི་མདའི་གཟུགས་སོ། །འདི་ཅི་ཞིག་ཡིན་ཞེ་ན། འདོད་ཆགས་ཀྱི་ཡེ་ཤེས་སོ། །སུ་ཞིག་གི་ཞེ་ན། སངས་རྒྱས་ཀུན་གྱིའོ། །འདོད་ཆགས་ཀྱི་རྒྱུའི་ཡེ་ཤེས་ཡིན་པས་ན་འདོད་ཆགས་ཀྱི་ཡེ་ཤེས་ཏེ། ཡེ་ཤེས་ཀྱིས་དེ་སྤྲུལ་པ་ཡིན་པའི་ཕྱིར་དེ་ཉིད་ལ་ཡེ་ཤེས་ཞེས་བྱའོ། །རྙོག་པ་མེད་པས་ན་དྲི་མ་མེད་པ་སྟེ། ལོངས་སྤྱོད་ཀྱི་སྲིད་པ་མ་འདྲེས་པའི་ཕྱིར་རྙོག་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །འདི་དྲི་མ་མེད་པ་ཡིན་པར་ཅི་མངོན་ཞེ་ན། འདོད་ཆགས་ཀྱིས་ནི་ཆགས་བྲལ་བཅོམ། །ཞེས་བྱ་བ་ གསུངས་ཏེ། བཅོམ་པ་ནི་བརླག་པའོ། །གང་ཞིག་ཅེ་ན་ཆགས་བྲལ་ཞེས་བྱ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ལས་ཆུང་ངུ་ལ་གཞོལ་བའོ། །གང་གིས་བཅོམ་ཞེ་ན། འདོད་ཆགས་ཀྱིས་ཏེ། སེམས་ཅན་རྣམས་སྨིན་པ་དང་གྲོལ་བའི་འདོད་ཆགས་ཀྱིས་འདོད་ ཆགས་དང་བྲལ་བ་བཅོམ་པའོ། །བཅོམ་ནས་ཅི་ཞིག་མཛད་ཅེ་ན། །བདེ་བ་ཐམས་ཅད་སྦྱིན་པར་བྱེད། །ཅེས་བྱ་བ་གསུངས་ཏེ། བདེ་བ་ཐམས་ཅད་ནི་སངས་རྒྱས་ཀྱི་བདེ་བ་བླ་ན་མེད་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་བསྐྱེད་ནས་དེའི་འོག་ཏུ་བྱང་ཆུབ་ཀྱི་སེམས་ལ་སེམས་ཅན་བསྡུས་ནས་དགོད་ པའི་ཕྱིར། སེམས་ཅན་བསྡུ་བའི་ཕྱག་རྒྱ་བསྐྱེད་པ་ཡིན་ལ། སེམས་ཅན་བསྡུ་བ་བསྟན་ནས་སེམས་ཅན་དེ་དག་རྗེས་སུ་ཆགས་པར་བྱ་བའི་ཕྱག་རྒྱ་བསྟན་ཏོ། རྗེས་སུ་ཆགས་པར་བྱ་བ་རྣམས་ནི་དགའ་བར་བྱ་དགོས་པ་དེའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་སྨོས་པ་ཡིན་ནོ། ། རབ་ཏུ་དགའ་བ་ནི་ཡིད་བདེ་བའོ། །དེ་བསྐྱེད་པར་བྱ་བ་ལ་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་རྒྱལ་པོ་ཡིན་པས་ན་རབ་ཏུ་དགའ་བའི་རྒྱལ་པོའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རབ་ཏུ་དགའ་བའི་རྒྱལ་པོ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོའོ། །དེའི་དམ་ ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་སེམས་དཔའི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་ཅིང་མཐུ་བསྐྱེད་པའི་ཕྱིར་རྡོ་རྗེ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ཚིག་འདི་དག་གིས་སྟོན་པ་ཡིན་ནོ། །དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། ། རབ་ཏུ་དགའ་བའི་དམ་ཚིག་གི་ཕྱག་རྒྱ་ནི་རབ་ཏུ་དགའ་བའི་དམ་ཚིག་ཅེས་བྱ་བ་སྟེ། རབ་ཏུ་དགའ་བའི་དམ་ཚིག་ཅེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་དག་གི་ཐུགས་ཀ་ལ་འདིའི་དོན་ གནས་པས་ན་སྙིང་པོའོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ་ཞེས་བཤད་དོ། །རང་གི་ཐུགས་ཀ་ཞེས་བཤད་དེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་སྟེ། དེ་ལས་ཕྱུང་བའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་གང་སྔར་འདིའི་ གཟུགས་སུ་བྱུང་བ་སྟེ། ད་ནི་ལེགས་སོ་ཞེས་བྱ་བར་གྱུར་ནས་ཞེས་པ་ཕྱག་གཉིས་སེ་གོལ་རྡེབས་པའི་ཚུལ་གྱིས་མཆོག་ཏུ་ཡོངས་སུ་དགའ་བའི་རྒྱུ་དང་འབྲས་བུ་མངོན་པར་སྟོན་པའི་ཚུལ་དུ་བྱུང་ངོ་། །འདིས་ཀྱང་མཉེས་པར་བྱེད་པ་སྟོན་ཏེ། ཇི་ལྟར་ཆོ་ག་དེ་ཉིད་རྫོགས་པ་དང་། སངས་རྒྱས་ བཅོམ་ལྡན་འདས་མཉེས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ལེགས་སོ་ལེགས་སོ་ཞེས་སྟོན་པར་མཛད་པ་ལྟ་བུའོ། །རྡོ་རྗེ་དགྱེས་པའི་དབྱིབས་སུ་ཞེས་བྱ་བ་ནི་ལེགས་སོ་ཞེས་བྱ་བ་སྦྱིན་པའི་ཕྱག་རྒྱའི་གཟུགས་སུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་ལ་ སོགས་པ་ཞེས་བྱ་བ་ནི་སེམས་དཔའ་འདི་རང་གི་ལས་འདི་ལ་ལེགས་སོ་ཞེས་བྱ་བ་ནི་སྦྱིན་པར་བྱེད་པ་ཡིན་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་སྔར་གྱི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བསྡུའོ། །ཤིན་ཏུ་དགའ་བར་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། རབ་ཏུ་མི་དགའ་བ་ཉིད་རབ་ཏུ་ དགའ་བ་བསྐྱེད་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པའི་ཕྱིར་རོ། །ཤིན་ཏུ་བསྒོམས་པ་ནི་སེམས་ལ་དབང་དུ་གྱུར་པ་སྟེ། ཤིན་ཏུ་བསྒོམས་པའི་ཕྱིར་གཅིག་ཏུ་གྱུར་ལ་རབ་ཏུ་བརྟན་པའི་ཕྱིར་འདྲེས་པར་གྱུར་པ་སྟེ། སྙིང་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ལུས་ འདི་སྤྲུལ་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པ་ཡིན་ནོ། །ཀྱེ་མའོ་ཞེས་བྱ་བ་འདི་ངོ་མཚར་དུ་གྱུར་པའོ། །འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར་གཟུགས་མེད་པའི་སེམས་ཀྱི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་བདག་གཟུགས་ཅན་དུ་གྱུར་བའོ། །ཅི་ཞིག་གི་ངོ་བོ་ཞེ་ན། ལེགས་པར་སྦྱིན་པའི་ངོ་བོ་ཉིད་དུའོ། །ཅི་ཕྱོགས་གཅིག་པའམ་ཞེ་ན། མ་ཡིན་ཏེ། ཐམས་ཅད་ཅེས་བྱ་བ་སྨོས་ཏེ། ལེགས་པར་བྱ་བ་ཐམས་ཅད་ཀྱི་ལེགས་པ་སྦྱིན་པའོ། །སུ་ཞིག་གི་ལེགས་པ་སྦྱིན་པ་ཞེ་ན། ཐམས་ཅད་མཁྱེན་པ་ཀུན་གྱི་ཞེས་བྱ་བ་གསུངས་སོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མཆོག་ཅེས་བྱ་བ་སྟེ་དམ་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དམ་པ་ཡིན་ཞེ་ན། རྣམ་རྟོག་བྲལ་བ་དེ་དག་གི །ངེས་པར་དགྱེས་པ་བསྐྱེད་པ་ཡིན། །ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། དགའ་བ་ནི་ཡིད་བདེ་བ་ཡིན་ལ། དེ་ཡང་རྣམ་པར་རྟོག་པ་དང་བྲལ་བ་ཡིན་མོད་ཀྱི། འདིས་ནི་རྣམ་པར་མི་རྟོག་ པའི་ཏིང་ངེ་འཛིན་ཐོབ་ཅིང་རྣམ་པར་རྟོག་པ་སྤངས་པ་རྣམས་ཀྱི་ཡང་གང་གི་ཕྱིར་དགྱེས་པ་སྐྱེད་པར་བྱེད་པ་ཡིན་པས་ན་དེའི་ཕྱིར་མཆོག་གོ། །ངེས་པར་ཞེས་བྱ་བ་ནི་གདོན་མི་ཟ་བར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་མཉེས་པར་བྱེད་ པའི་ཕྱིར་རྡོ་རྗེ་ཡིན་པས་ན། མཉེས་པར་བྱེད་པའི་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགྱེས་པ་བླ་ན་མེད་པ་ཞེས་བྱ་བ་ལ་རབ་ཏུ་དགྱེས་པ་ནི་ཡིད་བདེ་བའོ། །འདིའི་གོང་ན་ཡོད་པ་མ་ཡིན་པས་ན། བླ་ན་མེད་པའོ། །དེ་མཁྱེན་པའི་ཡེ་ཤེས་ཡིན་པས་ན་རབ་ཏུ་དགྱེས་པ་བླ་ན་མེད་པའི་ཡེ་ཤེས་ཏེ། དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་ དགྱེས་པ་བླ་ན་མེད་པའི་ཡེ་ཤེས་ཞེས་བྱའོ། །དེའི་དམ་ཚིག་ནི་ཕྱག་རྒྱ་སྟེ། དེ་སྐྱེད་པར་བྱེད་པའི་མཚན་མ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགྱེས་པ་བླ་ན་མེད་པའི་ཡེ་ཤེས་ཀྱི་དམ་ཚིག་ཅེས་བྱ་སྟེ། རྡོ་རྗེ་དགྱེས་པ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོ་དེའི་ ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དགྱེས་པའི་རོ་ཞེས་བྱ་བ་ལ་སོགས་པ་ལ་དགྱེས་པ་ནི་ཡིད་བདེ་བའི་ཁྱད་པར་སྟེ། སྤུ་ལྡང་བ་ལ་སོགས་པའི་རྒྱུའོ། །དེ་ཉིད་ནི་ཚིམ་པར་བྱེད་པ་ཡིན་པའི་ཕྱིར་བླ་ན་མེད་པའོ། །འདི་ཉིད་ནི་བསྒྲུབ་པ་དམ་པ་ཞེས་ཀྱང་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་དེའི་ ལས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེའི་མིང་གི་མཚན་པའི་དགྱེས་པ་ནི་རྡོ་རྗེ་དགྱེས་པའོ། །རྡོ་རྗེ་དགྱེས་པའི་སེ་གོལ་དེའི་ཚུལ་གྱིས་ཕྱག་རྒྱ་དེས་དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ལེགས་སོ་ཞེས་ བྱ་བས་རབ་ཏུ་དགྱེས་པར་བྱེད་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་ཞེས་བྱ་བ་ནི་ལག་ན་གནས་པའོ། །དེ་ཞེས་བྱ་བ་ནི་བདག་གང་ལས་བྱུང་བའོ། །འདི་སུ་ཞིག་གི་ཞེ་ན། སངས་རྒྱས་ཀྱི་ཞེས་བྱ་བ་གསུངས་ཏེ། ལས་ཅི་ཞིག་བྱེད་ཅེ་ན་ལེགས་སྦྱིན་པ། འདི་ནི་རབ་ཏུ་འཇིག་བྱེད་པས། ཞེས་བྱ་བ་གསུངས་ཏེ། ཐམས་ཅད་མགུ་བར་བྱེད་པའོ། །རྡོ་རྗེ་ཞེས་བྱ་བ་ནི་རང་གི་ལས་ལ་གཞན་གྱི་མི་ཕྱེད་པ་ཡིན་པའི་ཕྱིར་རོ། །འདི་ནི་ལྷ་རྣམས་ཀྱི་ཡིན་པས་ན་ལྷ་རྫས་སོ། །འདིས་ནི་ཅི་ཞིག་བྱེད་ཅེ་ན། དགྱེས་པ་སྤེལ་བའོ་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་བྱ་ བ་ནི་བྱང་ཆུབ་ཏུ་གསོལ་བ་འདེབས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་དམ་ཚིག་ནི་བསྡུ་བའི་དངོས་པོ་བཞིའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་དང་རྗེས་སུ་མཐུན་པར་འཇུག་ པའི་རང་བཞིན་ནོ། །དགྱེས་པ་ཆེན་པོ་ནི་དགའ་བ་དང་ཡིད་བདེ་བའི་རང་བཞིན་ནོ། །དམ་ཚིག་ཆེན་པོའི་སེམས་དཔའོ་ཞེས་བྱ་བ་ལ་བྱང་ཆུབ་ཆེན་པོའི་དམ་ཚིག་ཡིན་པས་ན། དམ་ཚིག་ཆེན་པོ་སྟེ་དེ་ཐོབ་པར་བྱེད་པའི་རྒྱུའི་སེམས་དཔའ་ལ་དམ་ཚིག་ཆེན་པོའི་སེམས་དཔའ་ཞེས་བྱའོ། །དེ་བས་ ན་ཡོན་ཏན་དེ་བཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་བཞིའི་ངོ་བོ་ཉིད་དུ་སྤྲུལ་པ་ལ་ནི་དམ་ཚིག་སེམས་དཔའ་ཞེས་བྱའོ། །དེ་དག་གི་དོན་གྱི་དབང་གིས་ན་གོ་རིམས་བཞིན་དུ་དེ་བཞིན་གཤེགས་པའི་ རིགས་ཡིན་ནོ། །དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་མཉེས་པར་བྱས་པའི་རྗེས་ལ། ཇི་ལྟར་རྒྱལ་པོའི་བུ་དགེ་ཞིང་འོངས་པ་རྣམས་ལ་རང་གི་ཡུལ་གྱི་བདག་པོར་དབང་བསྐུར་བ་དེ་བཞིན་དུ། ཇི་སྐད་དུ་སྨོས་པའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་ སེམས་དཔའ་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུགས་ཤིན་ཏུ་དགྱེས་ཏེ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་སྩོལ་བར་མཛད་དོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །ནམ་མཁའ་ཉིད་ཀྱི་སྐྱེ་ གནས་ཡོད་པས་ན། ནམ་མཁའི་སྙིང་པོའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་ནམ་མཁའི་སྙིང་པོ་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་གང་ལས་བྱུང་བ་རིན་པོ་ཆེ་ཞེས་བྱ་བ་ནི་ དད་པའི་ནོར་བུ་རིན་པོ་ཆེ་ལས་སོ། །དེའི་བྱིན་རླབས་ནི་དེའི་མཐུ་བསྐྱེད་པར་བྱ་བའི་ཕྱིར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་སོ། །ཅི་ཞིག་མཛད་ཅེ་ན། དེའི་ཕྱིར་སྨྲས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རང་གི་ཐུགས་ཀ་ནས་ཕྱུང་ངོ་ ཞེས་བྱ་བར་སྦྱར་རོ། །དེ་ལ་མིང་ཇི་སྐད་ཅེས་བྱ་བ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་སྟེ། འདིར་དམ་ ཚིག་ནི་རིན་པོ་ཆེའི་ཕྱག་རྒྱ་སྟོན་པའི་སྒྲ་ལ་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་གང་ཡིན་པ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་ཅེས་བྱའོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ལ་ཇི་སྐད་དུ་སྨྲས་པའི་དབང་བསྐུར་བའི་དོན་དུ་གནས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དེ་རང་གི་ཐུགས་ཀ་ནས་ཕྱུང་བའོ། །ཐམས་ཅད་ནམ་མཁའ་དང་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐམས་ཅད་ནི་ནམ་མཁའ་དང་མཚུངས་སོ་ ཞེས་ཆོས་བདག་མེད་པ་རབ་ཏུ་རྟོགས་པས་ན། ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་དེ་དེའི་ཡེ་ཤེས་ནི་ཐམས་ཅད་ནམ་མཁའ་དང་མཉམ་པའི་ཡེ་ཤེས་སོ། །དེ་ཤིན་ཏུ་རྟོགས་པ་ནི་ཡང་དག་པར་ཐུགས་སུ་ཆུད་ཅེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་ཡིན་པས་ན་ཐམས་ཅད་ནམ་མཁའ་དང་མཉམ་པ་ ཉིད་ཀྱི་ཡེ་ཤེས་ཤིན་ཏུ་རྟོགས་པའི་ཕྱིར་རོ། །སུ་ཞིག་གི་ཡིན་ཞེ་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་སེམས་དཔའི་སྒྲ་ནི་བྱང་ཆུབ་ཀྱི་སེམས་ལ་བྱ་ལ། དེ་ཉིད་ནི་ནམ་མཁའ་དང་མཉམ་པ་ཡིན་པའི་ཕྱིར། ཏིང་ངེ་འཛིན་གྱི་སྒྲར་བཤད་དེ་རྩེ་གཅིག་པའི་ཕྱིར། གཞན་ལ་མི་དམིགས་པས་ ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། འདི་སྐད་སྟོན་ཏེ། དོན་དམ་པར་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་དུ་ཤེས་པར་བྱས་ལ། འདུས་བྱས་རྣམས་ནི་རྣམ་པར་རྟོག་པ་ལ་རག་ལས་པ་ཉིད་དུ་ཁོང་དུ་ཆུད་ནས་མཉམ་པར་བཞག་པའི་སེམས་ཤིན་ཏུ་བསྒོམས་པས། ཇི་ལྟ་ཇི་ལྟར་རྟོགས་ པ་དེ་ལྟ་དེ་ལྟར་འགྱུར་རོ་ཞེས་ཤེས་ནས། དགོས་པའི་དབང་གིས་ནམ་མཁའི་འོད་ཟེར་རྣམས་སུ་གྱུར་ཏེ་བྱུང་བས་ན་ནམ་མཁའ་ཐམས་ཅད་ཀྱི་འོད་ཟེར་རྣམས་སུ་གྱུར་ནས་བྱུང་བ་ཞེས་བྱ་སྟེ། རི་རབ་ཀྱི་ངོས་བཻ་ཌཱུརྱའི་རང་བཞིན་དུ་གནས་པའི་དབང་གིས་ནམ་མཁའ་དངུལ་རྡོ་བཅག་པའི་མདོག་བཞིན་དུ་ སྣང་སྟེ། དེ་དང་འདྲ་བའི་འོད་ཟེར་དུ་གྱུར་ནས་བྱུང་ངོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ནམ་མཁའི་དབྱིངས་ལྟ་བུར་གྱུར་ཏོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནམ་མཁའི་རང་བཞིན་གྱི་འོད་ཟེར་གྱིས་རེག་པའི་མཐུས་སྤྲོ་བའི་དུས་སུ་དེའི་ངོ་བོར་གྱུར་པའོ། །དེ་ནས་དེ་བཞིན་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཏེ། བྱིན་གྱི་རླབས་ནི་འདི་འདི་ལྟར་གྱུར་ཅིག་ཅེས་དགོངས་པ་ཡིན་པས་དེ་ནས་ནམ་མཁའི་དབྱིངས་དེ་ དག་ཐམས་ཅད་བསྡུ་བ་མཛད་པའོ། །ལྷག་མ་རྣམས་ནི་གོ་སླའོ། །ཤིན་ཏུ་བསྒོམས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་ཞེས་པའོ། །མཆོག་ཏུ་ཡང་ཀུན་ནས་ཡོངས་སུ་བསྒོམས་ཤིང་བསླབ་པའི་ཕྱིར་ཤིན་ཏུ་བསྒོམས་པའོ། །ཡང་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་ནམ་མཁའ་དང་མཉམ་ པ་ཉིད་ཀྱི་ཡེ་ཤེས་ཤིན་ཏུ་རྟོགས་པའི་ཕྱིར་ཞེས་སྔར་བཤད་པ་དང་སྦྱར་བར་བྱ་སྟེ། སྔར་རྟོགས་པའི་སྒྲས་ནི་ཁོང་དུ་ཆུད་པ་ཙམ་དུ་བསྟན་པ་ཡིན་ལ། ད་ལྟར་ནི་དེ་ལ་དབང་དུ་གྱུར་པ་ཉིད་བརྙེས་པ་ཡིན་ཏེ། བྱེ་བྲག་ནི་དེ་ཡོད་དོ། །ནམ་མཁའི་ཁམས་ཐམས་ཅད་ཅེས་ བྱ་བ་འདི་ནི་སྔར་བཤད་པའི་བཻ་ཌཱུརྱ་ལྟ་བུའི་འོད་ཟེར་གྱི་ཚོགས་སོ། །སྐྱེ་གནས་ནི་སྐྱེ་བའི་གནས་ཏེ་སྐྱེ་བའི་རྒྱུའོ། །རྡོ་རྗེ་རིན་པོ་ཆེ་ཆེན་པོའི་དབྱིབས་ཞེས་བྱ་བ་ནི། རྡོ་རྗེ་རིན་པོ་ཆེ་ཡང་ཡིན་ལ་རིན་པོ་ཆེའི་དབྱིབས་ཀྱང་ཡིན་པས་ན་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་དབྱིབས་སོ། །གྱུར་ནས་ཞེས་བྱ་བ་ནི་དེར་རེང་པ་སྟེ། སྤྲོ་བ་དང་བསྡུ་བ་མཛད་ནས་བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ་རྡོ་རྗེ་སྨོས་པ་ནི། དེ་རྡོ་རྗེ་སེམས་དཔའ་ལས་བྱུང་བ་ཡིན་པའི་ཕྱིར། དེའི་རང་གི་ལས་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བ་ཡིན་པར་འགྱུར་ཏེ། དེས་དེ་ལ་ སོགས་པ་སངས་རྒྱས་ཀྱི་མཛད་པ་བྱས་ནས་སོ། །ནམ་མཁའི་ཁམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་ཁམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ནམ་མཁའི་ཁམས་ཐམས་ཅད་དོ། །དེ་ཉིད་ནི་སྐྱེ་གནས་ཡིན་པའི་ཕྱིར་སྙིང་པོ་ཡིན་ལ། དེ་ལས་རྡོ་རྗེ་སེམས་དཔའི་ཏིང་ངེ་ འཛིན་ཤིན་ཏུ་བཟང་པོ་ལས་བྱུང་བའི་ཕྱིར། འདི་ནི་ནམ་མཁའི་ཁམས་ཐམས་ཅད་ཀྱི་སྙིང་པོ་ལས་ཤིན་ཏུ་བྱུང་བའོ། །དེ་ལ་དམིགས་པས་དེ་ཤིན་ཏུ་བསྒོམས་པ་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་པས་གཅིག་ཏུ་གྱུར་པའོ། །རབ་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པའོ། །བྱང་ཆུབ་སེམས་ དཔའ་ཆེན་པོ་རྡོ་རྗེ་རིན་པོ་ཆེའི་སྐུར་གྱུར་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་བྱ་བ་ངོ་མཚར་བའོ། །འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་བདག་གིས་དབང་བསྐུར་ན་ཆགས་མེད་རྒྱལ་བ་ཡང་སྟེ། ཆགས་པ་ཐམས་ཅད་སྤངས་པའི་རྒྱལ་བ་ རྣམས་ཀྱང་ཁམས་གསུམ་གྱི་བདག་པོར་དགོངས་པས་ན་ཞེས་བྱ་བ་སྟེ། འདི་ནི་འདིར་ངོ་མཚར་དུ་གྱུར་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཆགས་པ་མེད་པའི་རྒྱལ་བ་ཡང་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་བསྐོས་ཤིང་ཁམས་གསུམ་གྱི་ བདག་པོར་ཞེས་བྱ་བར་དགོངས་པས་ན། མུ་སྟེགས་བྱེད་པ་གཞན་རྣམས་ལ་འདི་ལྟ་བུའི་ཁོང་དུ་ཆུད་པ་མེད་དེ། དེ་ལྟར་ན་ཐུན་མོང་མ་ཡིན་པའི་ཆོས་ཐུགས་སུ་ཆུད་པའི་ཕྱིར། རྒྱལ་བ་ཉིད་ཁམས་གསུམ་གྱི་བདག་པོར་དགོངས་པ་ཡིན་ནོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་རྡོ་རྗེ་མིང་གིས་མཚན་པའི་ རིན་པོ་ཆེའོ། །དམ་པའི་དབང་ནི་ཤིན་ཏུ་བཟང་པོའི་དབང་བསྐུར་བ་སྟེ། འདིས་དབང་བསྐུར་བ་ཡིན་པས་ན་དབང་ངོ་། །ཇི་ལྟ་བུ་ཞེ་ན། མཆོག་ཅེས་བྱ་བ་སྟེ་བླ་ན་མེད་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རིན་པོ་ཆེ་འདི་ཡང་དོན་གྱིས་ན་ཞལ་བཞི་པ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ནས་ཞེས་བྱ་ བ་ལ་སོགས་པ་ནི་གོ་སླའོ། །བཀའ་ནོད་པ་ནི་རང་གི་ལས་ལ་ངེས་པར་སྦྱར་བར་གསོལ་བ་འདེབས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་གང་ལ་གནས་ཏེ། ཁྱོད་ཀྱིས་རྡོ་རྗེ་རིན་པོ་ཆེ་འདིས་དེ་བཞིན་གཤེགས་ པ་ཐམས་ཅད་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་བྱོས་ཤིག་ཅེས་བྱང་ཆུབ་སེམས་དཔའ་ལ་རྡོ་རྗེ་རིན་པོ་ཆེ་བྱིན་པའི་ཏིང་ངེ་འཛིན་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་དགོངས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ནི་ཀྱེ་མའོ་ནམ་བདག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་ནས་ཆོས་ཀྱི་རྒྱལ་པོ་བྱེད་སྙམ་དུ་དགོངས་པའོ། །དེ་ཡོངས་སུ་རྫོགས་པ་ནི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའོ། །དེའི་ དམ་ཚིག་ནི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་གང་གིས་དབང་བསྐུར་བ་འདི་ནི། དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་དམ་ཚིག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་དམ་ཚིག་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རིན་པོ་ཆེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། ། ད་ནི་དེ་གང་གི་ཕྱིར་བྱིན་པ་གཞུང་ལྷག་མ་རྣམས་ཀྱིས་སྟོན་པ་ཡིན་ནོ། །མ་ལུས་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་གྱི་ཁམས་མ་ལུས་པ་དོན་ཐམས་ཅད་ཡོངས་སུ་གྲུབ་པ་ནི་མངོན་པར་འདོད་པའི་དོན་ཐོབ་པའོ། །དོན་ཐོབ་པ་དེས་ནི་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་མྱོང་བར་བྱའོ། ། བར་དུ་ཞེས་བྱ་བའི་སྒྲས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མུ་སྟེགས་ལས་རྣམ་པར་རྒྱལ་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཞག་པ་ལ་སོགས་པ་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་ནི་སེམས་ཅན་རྣམས་འཁོར་བ་ལས་བཏོན་ ཏེ། མྱ་ངན་ལས་འདས་པ་ལ་རབ་ཏུ་འཇོག་པའོ། །དེ་ཉིད་ནི་དངོས་གྲུབ་དམ་པ་ཡིན་ལ་དེ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དེ་རྙེད་པར་བྱ་བའི་ཕྱིར་རོ། །ལྷག་མ་རྣམས་ནི་གོ་སླའོ། །རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རིན་པོ་ཆེས་ཉེ་བར་མཚན་པའི་འཁོར་ལོས་ སྒྱུར་བ་ནི་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་བསྐོར་བ་སྟེ། འཁོར་ལོ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་བསྐོར་ཞིང་སྤྲུལ་པའི་ངང་ཚུལ་འདི་ལ་མངའ་བས་ན་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་བསྐོར་བའོ། །དེའི་ངོ་བོ་ཉིད་ནི་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་བསྐོར་བ་ཉིད་དོ། །རྡོ་རྗེ་རིན་པོ་ཆེའི་མྱུ་གུ་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་ གུའི་ཕྱག་རྒྱ་སྟེ། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་འདི་དང་། ཁྱོད་ཀྱིས་རིན་པོ་ཆེའི་འཁོར་ལོ་བསྐོར་བར་གྱིས་ཤིག་ཅེས་རྡོ་རྗེ་རིན་པོ་ཆེ་མྱུ་གུའི་དབང་དེ་ལ་བསྐུར་བས་ན་འཁོར་ལོས་སྒྱུར་བར་དབང་བསྐུར་བ་སྟེ། རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་དབང་བསྐུར་བ་འདི་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ་ དབང་བསྐུར་བའི་ཕྱིར་ཡིན་ནོ། །འདིར་ཡང་སངས་རྒྱས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ། རྡོ་རྗེ་སྙིང་པོ་རྡོ་རྗེ་སྙིང་པོ་ཞེས་རྡོ་རྗེ་མིང་གི་དབང་བསྐུར་རོ་ཞེས་བྱ་བ་ལ། རྡོ་རྗེ་ཉིད་ཀྱི་སྐྱེ་གནས་མངའ་བས་ན། རྡོ་རྗེ་སྙིང་པོ་སྟེ་རྡོ་རྗེ་ ནོར་བུ་ལས་སྐྱེས་པའི་ཕྱིར་སྙིང་པོ་ནི་སྐྱེ་གནས་ལ་བྱའོ། །རྡོ་རྗེ་ནོར་བུ་ཞེས་བྱ་བའི་སྒྲ་ནི་མཐའ་མི་མངོན་པར་བྱས་ནས་རྡོ་རྗེ་སྙིང་པོ་ཞེས་བརྗོད་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་ལག་པ་ལ་གནས་པའོ། །དེ་གང་ཡིན་ཞེ་ན། སེམས་ཅན་ཁམས་ནི་དབང་བསྐུར་བ་སྟེ། ཁམས་གསུམ་གྱི་འཁོར་ལོའི་ དཀྱིལ་འཁོར་དུ་འཇིག་རྟེན་གསུམ་གྱི་འགྲོ་བ་རྣམས་འདུས་པ་ལ་ཡང་དེས་དབང་བསྐུར་བས་ན། སེམས་ཅན་ཁམས་ནི་དབང་བསྐུར་བ། །ཞེས་བྱའོ། །དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ། །བདག་ཡིན་ཏེ་ཞེས་བྱ་བ་འདིས་ནི་ཕྱག་རྒྱ་དང་ཁྱད་པར་མེད་པར་སྟོན་ཏེ། བདག་གང་ཡིན་པ་དེ་ནི་ བདག་གི་ཕྱག་རྒྱ་ཡིན་ལ། བདག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་པའོ། །འདི་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དད་པའི་ནོར་བུ་རིན་པོ་ཆེའི་ཡོན་ཏན་ཏེ། གདུལ་བྱའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་དབང་བསྐུར་བར་བྱ་བའི་ཕྱིར་སེམས་དཔའ་དང་ཕྱག་རྒྱའི་གཟུགས་ སུ་སྤྲུལ་པར་མཛད་པའོ། །ད་ནི་དབང་བསྐུར་བར་ཐོབ་པ་རྣམས་གཟི་བྱིན་བསྐྱེད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སེམས་དཔའི་ཕྱག་རྒྱ་གཞན་མོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ ཡིན་ལ་གཟི་བརྗིད་ཆེན་པོ་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེན་པོའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེའི་བསམ་པའི་རིན་པོ་ཆེ་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་ཅིང་བརྟན་པར་བྱ་བའི་ཕྱིར་མིང་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ ཞུགས་པ་ནི་མངོན་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་གང་ཡིན་པ་དེའོ། །འདི་སྐད་སྟོན་ཏེ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་སད་པར་བྱ་བའི་ཕྱིར་ཕྱག་རྒྱའི་ཁྱད་པར་གང་ཉི་མའི་དཀྱིལ་འཁོར་དང་འདྲ་བས་འོད་ཟེར་རབ་ཏུ་འགྱེད་པར་མཛད་པའི་ཕྱག་རྒྱའི་ཁྱད་པར་འདི་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཅེས་བྱ་ལ། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ མིང་དེ་སྐད་ཅེས་བྱ་བར་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པའི་དམ་ཚིག་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱའོ། ། དེ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་གང་འདི་ནི་ནམ་མཁའི་འོད་ཟེར་དུ་གྱུར་ཏེ་བྱུང་བ་དེ་ཉིད། ད་འདིར་དགོས་པ་གཞན་གྱི་དབང་གིས་ཉི་མའི་དཀྱིལ་འཁོར་ལྟ་བུའི་ཟླུམ་པོར་གྱུར་ནས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཉི་མའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔས་སྤྲུལ་པ་ཡིན་ པས་ན་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ་གཏོགས་པ་ཡིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་ནི་སེམས་དཔའ་འདིའི་ལས་ཡིན་པས་ན་ཐོག་མར་བསྟན་པ་ཡིན་ཏེ། དེ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་མཛད་ནས་སོ། ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གང་ཤིན་ཏུ་གཟི་བརྗིད་ཆེ་བ་འདི་ལ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་གཟི་བརྗིད་ཆེ་བ་ཞེས་བྱ་བ་ལ། དེའི་ངོ་བོ་ཉིད་ཡིན་པས་ན་ཤིན་ཏུ་གཟི་བརྗིད་ཆེ་བ་ཉིད་དོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཉི་མའི་དཀྱིལ་འཁོར་ལ་དམིགས་པ་ཕུལ་དུ་བྱུང་བར་ཤིན་ཏུ་བསྒོམས་པས་ ན་དེའི་ཕྱིར་གཅིག་ཏུ་ཞེས་བྱ་བ་ལ་རབ་ཏུ་བརྟན་པས་ན་འདུས་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སེམས་ཅན་ཁམས་ཀུན་སྣང་བྱེད་ཅེས་བྱ་བ་ནི། ཡེ་ཤེས་ཀྱི་སྣང་བས་མི་ཤེས་པའི་མུན་པ་བསལ་བའོ། །དེ་གང་ཞེ་ན། གཟི་བརྗིད་དཔེ་མེད་ཅེས་བྱ་བ་སྟེ། འདི་ལ་དཔེ་ཡོད་པ་ མ་ཡིན་པས་ན་དཔེ་མེད་པའོ། །འདིར་ཅི་ཞིག་ངོ་མཚར་ཞེ་ན། གང་ཕྱིར་སངས་རྒྱས་དག་པ་ཡི། །འདྲེན་པ་རྣམས་ཀྱང་སྦྱོང་བར་བྱེད། །ཅེས་བྱ་བ་གསུངས་ཏེ། སངས་རྒྱས་རྣམས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པའི་དྲི་མ་དང་བྲལ་བས་ན་དག་པ་དང་། གནས་ ཡོངས་སུ་གྱུར་པ་བརྙེས་པས་ཀྱང་ཤིན་ཏུ་དག་པ་ཡིན་ནོ། །སངས་རྒྱས་དག་པ་རྣམས་ཀྱི་འོད་ཀྱི་དཀྱིལ་འཁོར་འདོམ་གང་ཙམ་གྱི་ཚད་དུ་རང་བཞིན་གྱི་དཀྱིལ་འཁོར་དུ་གནས་པ་དེ་ཡང་ཡོངས་སུ་སྦྱོང་བར་བྱེད་ཅེས་པ་འཕེལ་བར་བྱེད་པ་སྟེ། ཕྱོགས་ཐམས་ཅད་སྣང་བར་བྱེད་ཅེས་བྱ་བའི་དོན་ཏོ། །འདྲེན་ པ་ཞེས་བྱ་བ་ལ་འདིས་འདྲེན་པར་བྱེད་པས་ན་འདྲེན་པར་བྱེད་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདྲེན་པ་དེ་གང་ལ་ཡོད་པ་ནི་འདྲེན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཅེས་བྱ་བ་ལ། གང་ལ་དྲི་མ་མེད་པའི་གཟི་བརྗིད་ཡོད་པ་དེ་ནི་དྲི་མ་མེད་པའི་གཟི་ བརྗིད་དེ། ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པ་ནི་དེ་དང་འདྲ་བའི་གཟུང་བའི་ཆ་བརྟན་པར་བྱེད་པ་སྟེ། དེའི་རྡོ་རྗེ་ནི་ཤིན་ཏུ་བརྟན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་ ཏིང་ངེ་འཛིན་འདིའི་མིང་ཡང་ལས་དང་རྗེས་སུ་མཐུན་པར་བཏགས་པ་ཡིན་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱབ་ཏུ་གནས་ཏེ། ཉི་མའི་དཀྱིལ་འཁོར་གྱི་ཕྱག་རྒྱས་ གདུལ་བྱའི་སྐྱེ་བོ་རྣམས་སད་པར་བྱ་བའི་ཕྱིར། འོད་ཟེར་རྣམས་འགྱེད་པར་མཛད་པ་གང་ཡིན་པ་དེ་ནི་འོད་ཟེར་རབ་ཏུ་འགྱེད་པའི་དམ་ཚིག་གོ། །འདི་དང་གཟི་བརྗིད་འདྲ་བ་མེད་པས་ན། གཟི་བརྗིད་མཚུངས་པ་མེད་པའོ། །སེམས་ཅན་གྱི་ཁམས་མ་ལུས་པ་འཇིག་རྟེན་གྱི་ཁམས་ལུས་པ་མེད་པ་རྣམས་སུ་ གཟི་བརྗིད་མཚུངས་པ་མེད་པ་མྱོང་བས་བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བ་དང་། ཀུན་དུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པ་ལ་སོགས་པ་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་འོད་ནི་མཐའ་ ཡས་པ་སྟེ། དེ་ཐོབ་པ་ནི་རྙེད་པའོ། །དེ་ཉིད་གྲུབ་པ་དམ་པ་སྟེ། །དེའི་ཕྱིར་རྡོ་རྗེ་ཉི་མ་སྟེ། །བྱང་ཆུབ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེན་པོ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེའི་འོད་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་འོད་རྡོ་རྗེའི་འོད་ཅེས་བྱ་བ་ནི་རྡོ་རྗེ་འདི་ནི་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་ ཕྱིར་སུས་ཀྱང་གཞིག་པར་མི་ནུས་པ་དང་། འོད་ཟེར་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་ནུས་པ་ཡིན་ཏེ། དེ་དེ་ལ་མངའ་བའི་ཕྱིར་རོ། །དེ་བས་ན་དེ་ལ་རྡོ་རྗེའི་འོད་རྡོ་རྗེའི་འོད་ཅེས་བཏགས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་འོད་ཅེས་བྱ་བ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་འོད་མངའ་བས་ན། རྡོ་རྗེ་ འོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་འོད་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་ཅན་གྱི་ཕྱག་རྒྱའི་ཁྱད་པར་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྣང་བར་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་དེའི་འཁོར་གྱི་དཀྱིལ་འཁོར་སངས་རྒྱས་ཀྱི་ཞིང་ དང་བཅས་པ་ཐམས་ཅད་ཀྱང་སྣང་ཞིང་གསལ་བར་བྱེད་པའོ། །མ་དྲིས་སུ་ཟིན་ཀྱང་ངོ་མཚར་དུ་གྱུར་པའི་དོན་འདི་བརྗོད་པར་བྱ་བའི་ཕྱིར། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་གསུངས་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་ཕྱག་ན་གནས་པའོ། །དེ་ཞེས་བྱ་བ་ནི་བདག་གང་ལས་བྱུང་བའོ། ། དེ་གང་ཡིན་ཞེ་ན། མི་ཤེས་མུན་ནག་འཇོམས་བྱེད་པ། ཞེས་གསུངས་ཏེ། མུན་ནག་ནི་གཏི་མུག་ཐིབས་པོའོ། །མི་ཤེས་པ་ཉིད་མུན་ནག་ཡིན་པས་ན་མི་ཤེས་མུན་ནག་གོ། །དེ་འཇོམས་པར་བྱེད་པ་ནི་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའོ། །དེ་སུ་ཞིག་གི་ཡིན་ཞེ་ན། སངས་ རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་གསུངས་སོ། །མི་ཤེས་པའི་མུན་ནག་ཇི་ལྟར་འཇོམས་པར་བྱེད་ཅེ་ན། ཤིན་ཏུ་ཕྲ་རྡུལ་ཇི་སྙེད་པའི། །ཉི་མའི་འོད་བས་ཤིན་ཏུ་ལྷག །ཅེས་བྱ་བ་གསུངས་ཏེ། གླིང་བཞི་པ་རེ་རེ་ཞིང་ཉི་མ་རེ་རེ་སྣང་བའི་བྱ་བ་བྱེད་པ་ཡང་ཕྱི་རོལ་དུ་ཡིན་གྱི་ནང་དུ་མ་ཡིན་ལ་དེ་ཡང་མ་བསྒྲིབས་པའི་ ཕྱོགས་སུ་སྣང་བར་ཟད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཡང་ཉི་མ་བརྒྱ་སྟོང་དཔག་ཏུ་མེད་པའི་གྲངས་སྙེད་འཆར་བར་བྱེད་མོད་ཀྱི། འོན་ཀྱང་དེར་ཕྱི་དང་ནང་གི་མུན་པ་ཐམས་ཅད་སེལ་བར་བྱེད་པ་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་འོད་ཀྱི་དཀྱིལ་འཁོར་ གྱི་ཉི་མ་དེས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕྱི་དང་ནང་གི་མུན་པ་བག་ཆགས་དང་བཅས་པ་སེལ་བར་མཛད་དོ། །དེ་བས་ན། ཤིན་ཏུ་ཕྲ་རྡུལ་ཇི་སྙེད་པའི། །ཉི་མའི་འོད་བས་ཤིན་ཏུ་ལྷག །ཅེས་གསུངས་སོ། །འདི་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འོད་བྱེད་པས་བསྡུས་ པའི་ཐོས་པ་དང་བསམ་པའི་རང་བཞིན་གྱི་ཡེ་ཤེས་རབ་མཆོག་བརྙེས་པ་ཉིད་རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ་གསུངས་པ་ཡིན་ནོ། །ད་ནི་ཆོས་ཀྱི་རྒྱལ་པོའི་གཟི་བྱིན་ཐོབ་པ་རྣམས་ལ་རྒྱལ་པོའི་མཚན་མ་དགོས་སོ་ཞེས་བརྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། སྐྱེ་བོ་ཐམས་ཅད་དགའ་བར་བྱེད་པའི་ཕྱིར་རིན་པོ་ཆེའོ། །མཚན་མ་ཡིན་པས་ན་དཔལ་ཏེ། རིན་པོ་ཆེས་མཚན་པའི་དཔལ་ཡིན་པས་ན་རིན་པོ་ཆེའི་དཔལ་ཏེ། ཕྱག་རྒྱ་དེ་ཉིད་འཛིན་པའི་སེམས་དཔའ་ལ་ཡང་རིན་པོ་ཆེའི་དཔལ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ ཆེན་པོ་ཡང་ཡིན་ལ་རིན་པོ་ཆེའི་དཔལ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་ལོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེའི་རིན་པོ་ཆེའི་བསམ་པ་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་ཅིང་བརྟན་པར་བྱེད་པའི་ཕྱིར་མིང་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་ཉིད་ ནི་དམ་ཚིག་ཡིན་ལ་དོན་དེ་སྟོན་པར་བྱེད་པའི་སྒྲ་གང་ཡིན་པ་དེ་ལ་ཡང་མིང་འདི་སྐད་དུ་བསྟན་པ་ཡིན་ནོ། །དེ་བས་ན་དེ་ལྟ་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྙིང་པོ་རང་གི་ཐུགས་ལས་ཕྱུང་བའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ཁ་དོག་ཅེས་བྱ་བ་ནི་མདངས་དང་གཟུགས་གང་ཡིན་པ་སྣ་ཚོགས་ པ་སྟེ། རྣམ་པ་ཐ་དད་པ་གང་ཡིན་པ་དེ་ནི་ཁ་དོག་དང་གཟུགས་སྣ་ཚོགས་པ་ཞེས་བྱ་བ་ལ་རྒྱན་དང་དབྱིབས་ཀྱང་སྣ་ཚོགས་པ་གང་ལ་ཡོད་པ་དེ་ནི་ཁ་དོག་དང་གཟུགས་དང་། རྒྱན་དང་། དབྱིབས་སྣ་ཚོགས་པ་ཞེས་བྱ་སྟེ། ལྷག་མ་རྣམས་ནི་གོ་སླའོ། །རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་ལ་ རྡོ་རྗེ་ནོར་བུས་མཚན་པའམ། རྡོ་རྗེ་སེམས་དཔས་ཡོངས་སུ་བསྒོམས་པའི་རྒྱལ་མཚན་ཡིན་པས་ན་རྡོ་རྗེ་རྒྱལ་མཚན་ནོ། །རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་ལ་སེམས་དཔའ་འདིའི་ལས་རིན་པོ་ཆེའི་རྒྱལ་མཚན་སྒྲེང་བ་ཡིན་པས་ན་དང་པོར་སྨོས་པ་ཡིན་ནོ། །སོགས་པ་ཞེས་བྱ་ བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱང་བ་ལ་སོགས་པ་ཐམས་ཅད་གཟུང་ངོ་། །རིན་པོ་ཆེ་ཆེན་པོའི་དཔལ་དང་ཞེས་བྱ་བ་ལ་སོགས་པ་ལ། རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཀྱི་སངས་རྒྱས་ཀྱི་སྐུ་རྣམས་གཅིག་ཏུ་བྱེད་པར་ནུས་པས་ན་རིན་པོ་ཆེ་ཆེན་པོའི་དཔལ་ཡིན་ཏེ། དེ་བས་ན་གཅིག་ པའོ། །ཤིན་ཏུ་བརྟན་པའི་ཕྱིར་ན་འདྲེས་པའོ། །དེ་སུ་ཞིག་གི་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་གྱི་སྐུ་ཞེས་བྱ་བ་གསུངས་སོ། །ཅི་ཞིག་ཏུ་གྱུར་ནས་བྱུང་ཞེ་ན། ཡང་དག་པར་གྱུར་ནས་ཞེས་བྱ་བ་སྟེ། རྫོགས་པར་གྱུར་པའོ། །གང་དུ་གནས་ཤེ་ན། ཐུགས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེར་གནས་ནས་ཅི་ཞིག་མཛད་ཅེ་ན། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་གསུངས་སོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །དོན་ཀུན་གྲུབ་པ་དང་ཞེས་བྱ་བ་ལ་འདིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་སྡུད་པས་དཔེ་ མེད་པའི་ཕྱིར་དོན་ཐམས་ཅད་གྲུབ་པ་གང་ཡིན་པ་དེ་ནི་དོན་ཀུན་གྲུབ་ཅེས་བྱ་བ་སྟེ། དེ་ལྟ་བུའི་དོན་ཐམས་ཅད་གྲུབ་པ་ཡིན་པས་ན་དགོས་པ་ཐམས་ཅད་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་དགོས་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། །དོན་རྣམས་ཐམས་ཅད་རྫོགས་ བྱེད་པའི། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཤིན་ཏུ་ཡོངས་སུ་རྫོགས་པར་བྱེད་པ་ནི། དོན་རྣམས་ཐམས་ཅད་རྫོགས་བྱེད་པའི། །ཞེས་བྱའོ། །འདི་དང་འདྲ་བའི་ཟླ་མེད་པས་ན་འདྲ་བ་མེད་པའོ། །དེ་གང་ཡིན་ཞེ་ན། དཔལ་ནི་ཞེས་བྱ་བ་སྨོས་ཏེ། དཔལ་ནི་ཡོངས་སུ་དག་པའི་ མཚན་མ་སྟེ། ཆོས་ཀྱི་རྒྱལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་མཚན་མ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་མཚན་ཉིད་དོ། །དེ་ཉིད་ཀྱིས་ན་འདྲ་བ་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ རྒྱལ་མཚན་ནི་རྒྱལ་མཚན་བསྒྲེང་བ་སྟེ། དེ་བྱིན་གྱིས་བརླབ་པ་ནི་རང་གི་ལས་ལ་མཐུ་བསྐྱེད་པའོ། །དེ་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་མཚན་གྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ནོར་བུ་ཡིད་བཞིན་གྱི་རྒྱལ་པོའི་རྒྱལ་མཚན་བསྒྲེང་བའི་དམ་ཚིག་རྡོ་རྗེ་རྒྱལ་མཚན་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་དེའི་ལག་པ་གཉིས་སུ་བྱོན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ཡིད་ བཞིན་གྱི་ནོར་བུའི་རྒྱལ་མཚན་བསྒྲེངས་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མཛད་དོ། །དེ་བས་ན་ནོར་བུ་ཡིད་བཞིན་གྱི་རྒྱལ་མཚན་བསྒྲེང་བ་ནི་ཐམས་ཅད་ཀྱི་དམ་ཚིག་ཡིན་ནོ། །སེམས་ཅན་གྱི་ཁམས་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་བཞིན་ གཤེགས་པ་ཐམས་ཅད་ནི་དོན་ཆེན་པོ་དངོས་གྲུབ་དམ་པ་ཞེས་བྱ་བ་ལ། དོན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དོན་ཆེན་པོ་སྟེ། ཡུན་རིང་པོར་དོན་དུ་གཉེར་བའི་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཉིད་ནི་དངོས་གྲུབ་དམ་པ་ཡིན་ཏེ། དེ་འཐོབ་པའོ། །དེ་ཉིད་ནི་འབྲས་བུ་ཡིན་ཏེ་ དེ་དག་གི་ཕྱིར་རོ། །ལྷག་མ་རྣམས་ནི་གོ་སླའོ། །རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ལ་ཡུ་བ་མེད་པར་རྒྱལ་མཚན་བསྒྲེང་དུ་མི་འདོད་པས་དོན་གྱིས་ཡུ་བ་མཚོན་པ་ཡིན་ཏེ། དེས་ཉེ་བར་མཚོན་པའི་མིང་གིས་དབང་བསྐུར་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་དེས་ཅི་ཞིག་མཛད་ཅེ་ ན། དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་དུ་བཅུག་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་གསུངས་ཏེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ལ་སྦྱོར་དུ་བཅུག་ཅིང་རབ་ཏུ་འཇོག་པའོ། །སངས་རྒྱས་རྣམས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ལ་འགོད་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་ལག་པ་ལ་གནས་པའོ། །སུ་ཞིག་གི་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་ཅི་ཞིག་ཅེ་ན། དགོས་པ་ཀུན་ཡོངས་སུ་རྫོགས་པར་བྱེད་པའི་ཞེས་བྱ་བ་གསུངས་སོ། །མིང་ཇི་སྐད་དུ་བྱ་ཞེ་ན། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཞེས་བྱ་བ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་གང་གི་ཚུལ་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་བྱ་བ་གསུངས་ཏེ། ཚུལ་ཞེས་བྱ་བ་ནི་ཐབས་ སོ། །རྒྱལ་པོའི་མཚན་མ་བསྒྲེང་བའི་ཆོས་ཀྱི་རྒྱལ་པོ་ནི་ཆོས་རྣམས་ལ་མཆོག་ཏུ་དགའ་བ་སྐྱེའོ་ཞེས་བསྟན་པའི་ཕྱིར། རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་ཞེས་བྱ་བ་ལ་སོགས་པ་ལ། རྟག་པར་ཞེས་བྱ་བ་ལ་གཏན་དུ་ཆོས་ཀྱི་དགའ་བས་དབང་པོ་མགུ་ཞིང་ཁ་བྱེ་བ་གང་ཡིན་པ་དེ་ནི་ རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་ཞེས་བྱའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་ རྒྱ་ལ་སོགས་པ་སྟེ། དེ་རིན་པོ་ཆེའི་བསམ་པ་གང་ལས་བྱུང་བའོ། །དེའི་བྱིན་གྱི་རླབས་ནི་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའ་འབྱུང་བའི་མཐུ་སྐྱེད་པའོ། །ལས་དེ་ལ་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མིང་འདི་སྐད་ཅེས་བྱ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱའི་ཁྱད་པར་གྱི་ཐབས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གདུལ་བྱ་རྣམས་ཀྱི་དགའ་བ་སྐྱེད་པར་མཛད་པ་དེ་ནི་དགྱེས་པའི་དམ་ ཚིག་ཅེས་བྱ་ལ། དེའི་དོན་སྟོན་པའི་སྒྲ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགྱེས་པའི་དམ་ཚིག་ཅེས་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཛུམ་པར་གྱུར་ཏེ་ཞེས་བྱ་བ་ནི་འཛུམ་པ་སྟོན་པར་བྱེད་པ་རྡོ་རྗེ་གཉིས་ཀྱི་ བར་དུ་ཆུད་པའི་སོའི་ཕྲེང་བ་གཉིས་ཀྱི་ཕྱག་རྒྱའི་གཟུགས་སུ་གྱུར་ཏེ། ཕྱག་རྒྱའི་ཁྱད་པར་འགའ་ཞིག་བསྟན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་ཆད་མ་ཐོས་པའི་ཆོས་ཐོས་པར་འགྱུར་རོ་སྙམ་དུ་གདུལ་བྱ་རྣམས་ཁོང་དུ་ཆུད་པར་འཛིན་ཅིང་། དེ་རྣམས་ཆོས་ཉན་ལ་འདུན་པ་བསྐྱེད་པར་ བྱ་བའི་ཕྱིར་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཅུང་ཟད་ཀྱང་བཞད་མི་སྲིད་པ་ལས་དེར་འཛུམ་པ་སྟོན་པར་མཛད་པས་ན་རྨད་དུ་བྱུང་ བ་ཞེས་བྱ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གདུལ་བྱ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། དེ་ལྟ་བུ་སྟོན་པར་མཛད་པ་ཡིན་ནོ། །དེ་བས་ན་རྨད་དུ་བྱུང་བ་བསྟན་པ་ལ་སོགས་པ་མཛད་ནས། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཡང་དག་པར་བསྟན་ཏོ་ ཞེས་བྱ་བའི་དོན་ཏོ། །རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་སྣང་བས་ན་གཅིག་པའོ། །ཤིན་ཏུ་བརྟན་པར་གྱུར་པས་ན་འདུས་པ་སྟེ། མི་ཕྱེད་པའི་སྙིང་པོ་ཉིད་ཅེས་བྱ་ བའི་དོན་ཏོ། །འབྲས་བུ་ནི་རྒྱུ་དང་རྗེས་སུ་མཐུན་པ་ཡིན་པས་ན་བྱང་ཆུབ་སེམས་དཔའི་སྐུ་དེ་ཡང་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་ཉིད་དུ་བྱུང་བ་ཡིན་ནོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་རྟག་ཏུ་ཞེས་བྱ་བ་དུས་ཐམས་ཅད་དུ་ཤིན་ཏུ་མཉམ་པར་གཞག་པས་ན་རྟག་ཏུ་མཉམ་ པར་གཞག་པ་རྣམས་ཀྱི་སྟེ། ཇི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པའོ་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །སངས་རྒྱས་དོན་ལ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཁམས་གསུམ་པ་རྣམས་གདུལ་བར་བྱ་ བའི་ཕྱིར་བཞད་ཅིང་ཡང་འདུལ་བ་ལ་སྦྱོར་བར་མཛད་དེ་དེའི་རྨད་དུ་བྱུང་བའོ། །ཅིའི་ཕྱིར་སྦྱོར་བར་མཛད་ཅེ་ན། སངས་རྒྱས་དོན་ལ་ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ཀྱི་དོན་ཡིན་པས་ན་སངས་རྒྱས་དོན་ཏེ་སངས་རྒྱས་རྣམས་ཀྱི་མཛད་པའོ། །འདི་སྐད་སྟོན་ཏེ། སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི་གདུལ་བྱ་ལ་བཞད་པ་སྟོན་པར་མཛད་ཀྱི། རྒྱུ་གཞན་གྱི་ཕྱིར་ནི་མ་ཡིན་ནོ། །ཅིའི་ཕྱིར་རྒྱུ་གཞན་དག་གི་ཕྱིར་སྦྱོར་བར་མི་མཛད་ཅེ་ན། གང་གི་ཕྱིར་དེ་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་པའི་ཕྱིར་རོ། །སུ་ཞིག་གི་བཞད་པ་ཡིན་ཞེ་ན། ཀུན་མཆོག་གི་ཞེས་བྱ་བ་ གསུངས་ཏེ། ཐམས་ཅད་ཀྱི་མཆོག་ཡིན་པས་ན་ཀུན་མཆོག་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །བཞད་ཆེན་ཞེས་བྱ་བ་ནི་ཆེན་པོའི་བཞད་པ་ཡིན་པས་ན་བཞད་ཆེན་ནོ། །ཡང་ན་དོན་ཆེན་པོ་མཛད་པའི་ཕྱིར་བཞད་ཆེན་ནོ། །བཞད་མོ་ཇི་ལྟ་བུ་ཞེ་ན། རྨད་བྱུང་ཆེན་ པོ་ཡིན་ཞེས་བྱ་བ་གསུངས་ཏེ། རྨད་དུ་བྱུང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྨད་བྱུང་ཆེན་པོ་སྟེ། ཤིན་ཏུ་རྙེད་པར་དཀའ་བས་ན་རྨད་དུ་བྱུང་བའོ། །སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་མཛད་པས་ན་ཆེན་པོའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ རྨད་དུ་བྱུང་བ་ནི་བཞད་པའི་ཕྱག་རྒྱའོ། །དེའི་བྱིན་གྱི་རླབས་ནི་རང་གི་ལས་རྣམས་ལ་ནུས་པ་བསྐྱེད་པ་སྟེ། བྱིན་གྱིས་བརླབས་པ་དེ་ལ་རྡོ་རྗེ་ལྟར་བརྟན་པའི་ཏིང་ངེ་འཛིན་ག