Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 55
Văn bản gốc(Tây Tạng)
Trang 4 / 17 (50.000 ký tự/trang)
ང་ཡིན་པ་དེ་ནི་རྡོ་རྗེ་ཞེས་བྱ་བ་སྟེ། འདི་ཉིད་འདིའི་མིང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བའི་བྱིན་ གྱི་རླབས་རྡོ་རྗེ་ཞེས་བྱ་བ་གསུངས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་ནས་རྨད་དུ་བྱུང་བ་བསྐྱེད་པའི་དམ་ཚིག་སྟེ་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོའི་ཕྱིར་རྡོ་རྗེ་འཛུམ་པ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །ལྷག་མ་རྣམས་ཀྱིས་ནི་དགོས་པ་སྟོན་པ་ ཡིན་ནོ། །ཐམས་ཅད་ཀྱི་དབང་པོ་ཞེས་བྱ་བ་ལ་མིག་ལ་སོགས་པ་དབང་པོ་ཐམས་ཅད་ཉིད་གནས་ཡོངས་སུ་གྱུར་པས་ཡོངས་སུ་བསྡུས་པས་ཤིན་ཏུ་ཡོངས་སུ་དག་པས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་ཡོངས་སུ་དག་པའི་གཟུགས་ལ་སོགས་པ་ལ་དམིགས་པ་ དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་མཚན་དང་དཔེ་བྱད་ལ་དམིགས་པ་དང་། ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པ་མྱོང་བའི་ཕྱིར་བདེ་བ་དང་ཡིད་བདེ་བ་བླ་ན་མེད་པ་མྱོང་བ་ནི་འབྲས་བུ་ཡིན་པར་གསུངས་ཏེ། དབང་པོ་རྣམས་ཆོས་ཀྱི་ལོངས་སྤྱོད་མྱོང་བ་ནས། དུས་ཕྱིས་སངས་ རྒྱས་ཀྱི་གནས་སྐབས་ཐོབ་པའི་དུས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྦྱོང་བ་ཡིན་ཏེ་དེའི་ཡེ་ཤེས་སོ། །དེ་ཉིད་ནི་མངོན་པར་ཤེས་པའོ། །དེ་ཐོབ་པ་ནི་རྙེད་པའོ། །དེ་ཉིད་ནི་འབྲས་བུ་སྟེ་དེ་དག་གི་ཕྱིར་རོ། །དེ་ལ་ཕྱག་རྒྱའི་དབང་བསྐུར་བའི་འོག་ཏུ་གང་སྲོག་ཆགས་སུ་ གྱུར་པ་ཐམས་ཅད་ཀྱིས་ཀྱང་བསྐྱོད་པར་མི་ནུས་པས་དེ་ལྟ་བུའི་དགའ་བ་སྐྱེས་སོ། །དེ་བས་ན་རྒྱུ་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་དགའ་བ་རྡོ་རྗེ་དགའ་བ་ཞེས་མིང་གི་དབང་བསྐུར་བ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་སྐུའི་ཕྱག་རྒྱའི་ཁྱད་པར་དེས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་དམ་ཚིག་ཐོབ་པས་རབ་ཏུ་འཛུམ་པར་བྱེད་ཅིང་ཞེས་བྱ་བ་ཤིན་ཏུ་བཞད་པར་བྱེད་པ་སྟེ། དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། གང་ཡང་གསང་སྔགས་ཀྱི་སྒོའི་སྤྱོད་པ་ལ་ཞུགས་པ་དེ་རྣམས་བཀུག་སྟེ། བཅུག་ནས་བཅིངས་ལ་ དབང་དུ་བྱས་ནས་སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པའི་དེ་བཞིན་གཤེགས་པ་དེ་ཐམས་ཅད་ཀྱང་བཞད་པར་བྱས་ཤིང་། རང་གི་ཕྱག་རྒྱའི་རང་གི་ལས་ཀྱི་མཐུ་བསྟན་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་ཞེས་བྱ་བ་ནི་ལག་པ་ལ་གནས་པའོ། །དེ་ཞེས་བྱ་བ་ནི་བདག་གང་ལས་བྱུང་བའོ། ། གང་གི་ཞེ་ན་སངས་རྒྱས་ཐམས་ཅད་ཀྱིའོ། །འདི་གང་ཞིག་ཅེ་ན། རྨད་དུ་བྱུང་སྐྱེས་སྟོན་པ་པོ། །ཞེས་བྱ་བའོ། །དེའི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། དགྱེས་ཆེན་བྱེད་པའི་ཡེ་ཤེས་ཏེ། །ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་གཟུགས་ཀྱང་ཡེ་ཤེས་དེའི་སྤྲུལ་པ་ཡིན་པས་ན་ཡེ་ཤེས་ཞེས་བཤད་དོ། ། ཅི་འདི་འཇིག་རྟེན་དུ་གྲགས་པ་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན། གང་གི་ཕྱིར། གཙུག་ལག་གཞན་གྱིས་ཤེས་མི་ནུས། །ཞེས་བྱ་བ་གསུངས་ཏེ། གཞན་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཡིན་ལ། མུ་སྟེགས་བྱེད་པ་གང་ཡིན་པ་དེ་རྣམས་ཀྱི་ལམ་དུ་བསྟན་པ་གང་ཡིན་པ་དེ་ནི་གཙུག་ལག་གཞན་ཏེ། དེ་རྣམས་ཀྱིས་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཟབ་ཅིང་རྒྱ་ཆེན་པོའི་ཆོས་ཀྱི་ཡུལ་ལ་དགའ་བ་ནི་རྟག་ཏུ་དགྱེས་པ་དང་རབ་ཏུ་དགའ་བའི་དབང་པོ་ཉིད་ཡིན་ཡང་རྣམ་པར་གཞག་པ་ཡིན་ནོ། །དབང་བསྐུར་བ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་ སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཆེན་པོའི་སེམས་དཔའོ་ཞེས་བྱ་བ་ལ། དབང་བསྐུར་བ་ཆེན་པོ་ལ་སོགས་པ་ཡིན་པའི་ཕྱིར་དང་། འོད་འཕེལ་བའི་དོན་གྱིས་ཀྱང་དབང་བསྐུར་བ་ཆེན་པོའི་སེམས་དཔའ་ཞེས་གསུངས་སོ། །ད་ནི་ཆོས་རྣམས་ལ་ཡིད་དགའ་བས་ ནི་ལུས་ཤིན་ཏུ་སྦྱངས་པར་གྱུར་ལ། ལུས་ཤིན་ཏུ་སྦྱངས་པས་ནི་བདེ་བ་ལ་རེག་པར་འགྱུར་རོ། །བདེ་བ་དང་ལྡན་པས་ནི་སེམས་མཉམ་པར་འཇོག་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལས་བྱུང་བའི་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། ཀུན་དུ་སྤྱན་རས་གཟིགས་པས་ན་ཀུན་དུ་སྤྱན་རས་གཟིགས་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་ཡུལ་དང་། སེམས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱ་བའི་ཕྱིར་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡུལ་དང་། བདག་དང་མཚུངས་པ་མ་ཡིན་པའི་སེམས་ཅན་ཤིན་ཏུ་སྡུག་ བསྔལ་བའི་ཐུགས་རྗེའི་ཡུལ་ལ། ཀུན་དུ་སྤྱན་རས་གཟིགས་པའོ། །ཀུན་དུ་སྤྱན་རས་གཟིགས་པ་ལ་མངའ་བརྙེས་པས་ན་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོའོ། །ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་ཡང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་པས་ན་ཀུན་དུ་སྤྱན་རས་གཟིགས་ ཀྱི་དབང་པོ་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེའི་དམ་ཚིག་ནི་སྙིང་པོ་ལ་སོགས་པ་སྟེ། དེ་གང་ལས་བྱུང་བའི་ཆོས་ཏེ། ཏིང་ངེ་འཛིན་ལ་སོགས་པའི་ཆོས་གཙོ་བོར་བྱས་པའི་བསམ་པ་ལ་ནི་ཆོས་ཞེས་བཤད་དོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་མི་ཕྱེད་པའི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུ་གང་ ཡིན་པ་དེ་ལ། དོན་དང་རྗེས་སུ་མཐུན་པར་མིང་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ནི་ཏིང་ངེ་འཛིན་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་ ཏིང་ངེ་འཛིན་ལ་བརྟེན་ནས་རབ་ཀྱི་མཐར་ཐུག་པའི་འགྲོ་བ་ཐོབ་པས་སྙིང་པོ་འདིས་ནི་ཏིང་ངེ་འཛིན་གྱི་དོན་གྱི་འབྲས་བུ་དང་བཅས་པ་དེ་ཉིད་སྟོན་ཏེ། དེའི་ཕྱིར་སྙིང་པོ་འདི་ལ་ཆོས་ཀྱི་དམ་ཚིག་ཅེས་བྱའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ ལས་བྱུང་མ་ཐག་པ་འདི་ནི་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་བསྐུལ་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །གང་ལས་བྱུང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཏེ། བཞི་པོ་ལས་སོ། །སུ་ཞིག་བྱུང་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་ འཛིན་པ་དེ་ཉིད་དེ་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་དག་པ་ཞེས་བྱ་བ་ནི། དོན་དམ་པར་ངོ་བོ་ཉིད་ཀྱིས་དག་ཅིང་དྲི་མ་མེད་པའི་ཆོས་རྣམས་ཏེ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་ཡིན་པས་རང་བཞིན་གྱིས་དག་པའི་ཆོས་ མཉམ་པ་ཉིད་དོ། །དེའི་ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་རབ་ཏུ་རྟོགས་པ་ནི་ཡང་དག་པར་ཐུགས་སུ་ཆུད་པའོ། །དེའི་ངོ་བོ་ཉིད་ནི་རབ་ཏུ་རྟོགས་པ་ཉིད་དོ། །གང་གི་ཞེ་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །དམ་པའི་ཆོས་ཀྱི་འོད་ཟེར་ཞེས་བྱ་བ་ལ་ཆོས་ཀྱི་རིགས་ལ་ཆོས་ཀྱི་ ཕྱག་རྒྱ་རབ་ཏུ་བསྒོམས་པ་དེ་ཡང་དམ་པའི་ཆོས་སྟོན་པའི་རྒྱུ་ཡིན་པས་པདྨ་ལྟ་བུའི་འོད་ཟེར་ལ་དམ་པའི་ཆོས་ཀྱི་འོད་ཟེར་ཞེས་བྱ་སྟེ། འོད་ཟེར་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀུན་དུ་སྣང་བར་བྱས་ནས་ཞེས་བྱ་བ་ནི་གསལ་བར་བྱས་པའོ། །སྣང་བར་བྱས་པའི་རྗེས་ ཐོགས་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་ཏོ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་གྱུར་ཅིང་རེག་པ་སྟེ། འོད་ཟེར་སྤྲོ་བ་འདིས་ནི། ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་ཐོབ་པར་སྟོན་ཏོ། །ཆོས་ཀྱི་དབྱིངས་དེ་དག་ཐམས་ཅད་ཀྱང་ཞེས་བྱ་བ་ནི་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཐུགས་ལས་པདྨ་ལྟ་བུར་བྱུང་བ་སླར་ཡང་བསྡུས་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ལ་འོད་ཟེར་གྱི་ཚོགས་དེ་དག་ཐམས་ཅད་ཞུགས་ལ། དེ་ཡང་འདྲེས་པར་གྱུར་ནས་ཅི་ཞིག་ཏུ་གྱུར་ཞེ་ན། རྡོ་རྗེ་པདྨ་ཆེན་པོའི་དབྱིབས་སུ་གྱུར་ཏེ་ཞེས་བྱ་བ་གསུངས་སོ། །ཚད་ཇི་ཙམ་དུ་གྱུར་ཞེ་ན། ནམ་ མཁའི་ཁམས་ཐམས་ཅད་དང་མཉམ་པར་འཇུག་པའི་ཚད་ཙམ་ཞེས་བྱ་བ་གསུངས་ཏེ། ནམ་མཁའི་ཁམས་ཐམས་ཅད་དུ་ཀུན་ནས་མཉམ་པར་འཇུག་ཅིང་འདིའི་ཚད་རྒྱ་ཆེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདིས་ནི་ཕྱག་རྒྱར་གྱུར་པའི་སྤྲོ་བ་གཉིས་པ་སྟོན་པ་ཡིན་ནོ། །དེ་ནས་རྡོ་རྗེ་པདྨའི་ དབྱིབས་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྟ་བུའི་བསམ་པ་ལས་སྐྱེས་པས་ན་རྡོ་རྗེ་པདྨའི་དབྱིབས་སོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་ལས་བྱུང་བའི་ཡེ་ཤེས་ཡིན་པས་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ། མཉམ་པར་གཞག་པའི་སེམས་ཀྱིས་ ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་གསུངས་པའི་ཕྱིར་རོ། །མངོན་པར་ཤེས་པ་ནི་ལྔའོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་དང་མངོན་པར་ཤེས་པ་ལ་སོགས་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་གང་སྔར་སངས་རྒྱས་ཀྱི་མཛད་པ་ཉིད་དུ་བསྟན་པ་དེ་ཐམས་ཅད་བྱས་ནས་ ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པ་ལ་ཤིན་ཏུ་ཀུན་དུ་སྤྱན་རས་ཀྱི་གཟིགས་པ་ལ་དབང་ཕྱུག་ཏུ་གྱུར་པའོ། །ཀུན་དུ་སྤྱན་རས་གཟིགས་པ་དེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་པས་ན་གཅིག་པའོ། །ཤིན་ཏུ་བརྟན་པས་ འདྲེས་པ་སྟེ་རབ་ཏུ་བརྟན་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་ན་དམ་པའི་དོན་ཡིན་པའམ། དམ་པ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དོན་ཡིན་པས་ན། ཡོངས་སུ་བཅད་ཅིང་གཟུང་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །དམ་པའི་དོན་དེ་གང་ ཡིན་ཞེ་ན། བདག་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །ཁྱོད་ཅིའི་ཕྱིར་དམ་པའི་དོན་ཡིན་ཞེ་ན། གདོད་ནས་དག་པ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་རང་བཞིན་གྱིས་དག་པ་ཡིན་གྱིས་གང་གིས་ཀྱང་འབད་པའི་ཁྱད་པར་གྱིས་རྣམ་པར་སྦྱངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱོད་གང་གིས་དམ་ པའི་དོན་ཡིན་ཞེ་ན། རང་འབྱུང་ཞེས་བྱ་བ་སྟེ། རང་འབྱུང་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །ཁྱོད་གདོད་ནས་དག་པར་ག་ལས་ཤེས་ཤེ་ན། གང་ཕྱིར་གཟིངས་འདྲའི་ཞེས་བྱ་བར་དགོངས་ཏེ། གཟིངས་ཞེས་བྱ་བ་ནི་སྒྲོལ་བར་བྱེད་པ་ལ་བྱ་སྟེ། ཇི་ ལྟར་ཕ་རོལ་ཏུ་འགྲོ་བར་འདོད་པར་སྤྲོ་བའི་སྐྱེས་བུ་ལ་གྲུ་དང་གྲུ་བོ་ཆེ་མེད་པར་གྱུར་ལ། རྐྱལ་བས་བརྒལ་བར་མི་ནུས་པའི་རྩ་དང་ཤིང་ལ་སོགས་པ་བསྡུས་ཏེ། གཟིངས་བྱས་ནས་ཚུ་རོལ་ནས་ཕ་རོལ་ཏུ་བརྒལ་ལ། ཕ་རོལ་ཏུ་ཕྱིན་ནས་ནི་དེ་ཉིད་དུ་དོར་ཏེ་འགྲོའོ། །དེ་བས་ན་དེ་ལྟར་དུས་ཅུང་ཟད་ དགོས་པ་གཟིངས་དང་འདྲ་ཞིང་མཚུངས་པའི་ཆོས་རྣམས་གང་ཡིན་པ་དེ་ནི་གཟིངས་དང་འདྲ་བའི་ཆོས་རྣམས་སོ། །ལུང་དང་རྟོགས་པའི་ཆོས་དེ་ལྟ་བུ་ཡིན་ཡང་། གང་ལས་རྣམ་པར་དག་པ་དམིགས་པར་གྱུར་པ་སྟེ། ལུང་གི་ཆོས་ནི་མ་ཆགས་པ་ལ་སོགས་པ་དང་། རབ་ཏུ་ལྡན་པ་ཉིད་རྣམ་ པར་དག་པ་ཡིན་ལ། རྟོགས་པའི་ཆོས་ཀྱི་ནི་ཟག་པ་མེད་པ་ཉིད་རྣམ་པར་དག་པ་ཡིན་ཏེ། དེ་དག་གཉི་ག་ཡང་གཟིངས་དང་འདྲ་སྟེ། ལུང་གི་ཆོས་ནི་རྟོགས་པའི་ཆོས་ཐོབ་པའི་གནས་སྐབས་སུ་འདོར་ཏེ། དགོས་པ་བྱས་ཟིན་པའི་ཕྱིར་རོ། །རྟོགས་པའི་ཆོས་ཀྱང་ལྷག་མ་མེད་པའི་མྱ་ངན་ ལས་འདས་པའི་དབྱིངས་སུ་ཞུགས་པའི་དུས་འདོར་ཏེ། དགོས་པ་མེད་པའི་ཕྱིར་རོ། །དེ་བས་ན་གཟིངས་དང་འདྲ་བ་ཞེས་བྱའོ། །འདུས་བྱས་རྣམས་ཀྱང་སྐྱེས་པའི་རྗེས་ཐོགས་ཉིད་ལ་འཇིག་པས་གཟིངས་དང་འདྲ་བ་ཡིན་ལ། རྒྱུན་ཆད་པས་ཀྱང་གདོད་ནས་དག་པ་ཡིན་ནོ། །བདག་ནི་ ཏིང་ངེ་འཛིན་གྱི་རྒྱུན་རྟོགས་པའི་ངོ་བོ་ཉིད་ཡིན་ལ། ཆོས་དེ་རྣམས་ཀྱང་རྣམ་པར་རྟོག་པས་ཀུན་ནས་བསླང་བའི་འདུས་བྱས་ཡིན་ནོ། །དོན་དམ་པར་ནི་གདོད་ནས་མ་སྐྱེས་པ་ཡིན་པས་ན་བདག་ནི་གདོད་ནས་དག་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཏིང་ངེ་འཛིན་གྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པ་ནི་དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གཟུང་ངོ་། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དེའི་ཡེ་ཤེས་ཡིན་པས་ཏིང་ངེ་འཛིན་ནི་ཡེ་ཤེས་སོ། །དེ་ཉིད་ནི་མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེའོ། །དོན་འདི་ཉིད་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། དེ་བཞིན་གཤེགས་ པ་ཐམས་ཅད་རྣམ་པར་སྦྱངས་པའི་དམ་ཚིག་རྡོ་རྗེ་པདྨ་དེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །ལྷག་མ་རྣམས་ཀྱིས་ནི་དགོས་པ་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྦྱང་བའི་དམ་ཚིག་ཅེས་བྱ་ལ། དེ་བཞིན་ གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་སེམས་དཔའ་རྣམས་ཏེ། གང་ཡང་དེ་རྣམས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་ནས་བཟླས་བརྗོད་ལ་སོགས་པ་དེ་རྣམས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམ་པར་སྦྱང་བའི་ཕྱིར་དམ་ཚིག་ཡིན་པས་ན་དེ་བཞིན་ གཤེགས་པ་ཐམས་ཅད་རྣམ་པར་སྦྱང་བའི་དམ་ཚིག་སྟེ། རྣམ་པར་སྦྱང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་སེམས་བཟློག་ཅིང་། འཁོར་བའི་སེམས་ཀྱང་རྣམ་པར་བཟློག་ནས་པདྨའི་ཕྱག་རྒྱའི་འདོད་ཆགས་ཀྱི་དཔེ་བསྟན་ནས་སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་ ཀྱིས་ཆགས་པར་བྱ་བ་སྟེ། དེ་བས་ན་དེ་ནི་འདིར་དམ་ཚིག་ཅེས་བྱ་བའི་སྒྲར་བརྗོད་དོ། །བདག་དང་གཞན་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་དེས་སངས་རྒྱས་ཉིད་ཀྱི་མཐར་ཐུག་པའི་ཡོན་ཏན་ཐོབ་པ་ནི། བདག་རྣམ་པར་དག་པ་ཡིན་ལ། གཞན་རྣམས་ཀྱང་ཇི་སྐད་དུ་བཤད་པའི་ཡོན་ ཏན་འཐོབ་པར་བྱེད་པ་སྟེ། དེ་དག་ནི་བདག་དང་གཞན་རྣམ་པར་དག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ཀྱི་ཡེ་ཤེས་ཡིན་པས་ན་ཆོས་ཀྱི་ཡེ་ཤེས་ཏེ། ཆོས་ཀྱི་ཡེ་ཤེས་ཉིད་མངོན་པར་ཤེས་པ་ཡིན་ནོ། །དེ་ཐོབ་ པ་ནི་རྙེད་པའོ། །དེ་ཉིད་ནི་འབྲས་བུ་སྟེ་དེ་དག་གི་ཕྱིར་རོ། །དམ་པ་རྣམས་ཀྱི་ཆོས་ནི་དམ་པའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་འཐོབ་པའི་རྒྱུ་ནི་ཆོས་ཏེ། ལུང་དང་རྟོགས་པའི་བདག་ཉིད་ཅན་ནོ། །དམ་པའི་ཆོས་ཉིད་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་འཕོ་བར་མཛད་པའི་དོན་གྱིས་ན་ འཁོར་ལོ་སྟེ་དེ་བསྐོར་བའོ། །དེ་བསྐོར་བའི་ངང་ཚུལ་མངའ་བས་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྟེ། ཆོས་ཀྱི་ སྐུ་དེས་དབང་བསྐུར་ཞིང་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དེའི་རྣམ་པར་དག་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཆོས་ཀྱི་སྐུ་ཉིད་དོ། །བརྟན་ཞིང་རྡོ་རྗེ་ལྟ་བུའི་བསམ་པས་འཇུག་པའི་ཕྱིར་རྡོ་རྗེ་པདྨའོ། །ཡང་ན་རྡོ་རྗེས་མཚན་པའི་པདྨོ་ཡིན་པས་ན་རྡོ་རྗེའི་པདྨོའོ། །རྡོ་རྗེ་སྤྱན་ཞེས་བྱ་བ་ལ་ སོགས་པ་ལ། རྡོ་རྗེ་སྤྱན་ཞེས་བྱ་བ་ནི་གང་གི་ཕྱིར་བཅོམ་ལྡན་འདས་འདི་རྡོ་རྗེ་ལྟ་བའི་ཕྱག་རྒྱས་པདྨའི་ཕྱག་རྒྱ་འདི་ཆགས་པ་ཉིད་ལ་གཟིགས་ཏེ། དེ་ལྟ་བས་ན་ལྟ་བ་དེས་མཚན་པའི་མིང་དུ་རྣམ་པར་གཞག་པ་ཡིན་ནོ། །རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་ལ་འདབ་མ་ཁ་འབྱེད་པས་ཞེས་བྱ་བ་ནི་ཕྱག་ གཡས་པའི་སོར་མོ་གསུམ་གྱིས་པདྨ་ཁ་མ་བྱེ་བ་འབྱེད་པའི་ཚུལ་གྱིས་འབྱེད་པའོ། །དེ་ཞེས་བྱ་བ་ནི་གང་ཐོབ་པའོ། །ཅི་ཞིག་རྣམ་པར་དཔྱོད་ཅེ་ན། དེའི་ཕྱིར་འདོད་ཆགས་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཀྱི་རྣམ་པར་དག་པ་ནི་དྲི་མ་མེད་པ་སྟེ། ཀུན་ ནས་ཉོན་མོངས་པ་མེད་པའོ། །པདྨའི་འདབ་མའི་ཆགས་པའི་དཔེས་སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་དཔེ་ཅན་གྱི་མཐུན་པའི་ཆོས་ལ་གཟིགས་པའོ། །འདྲ་བའི་གང་གིས་ཤེ་ན། མ་ཆགས་པའི་ངོ་བོ་ཉིད་ཀྱིས་སོ། །དེ་བས་ན་འདི་སྐད་དུ་སྟོན་ཏེ། པདྨའི་འདབ་མ་འདི་ནི་ཤིན་ ཏུ་དམར་ལ་ཆུའི་ཉེས་པས་ཀྱང་མ་གོས་པའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བའི་འདོད་ཆགས་འདི་ཆགས་པའི་རང་བཞིན་ཅན་ཡིན་དུ་ཟིན་ཀྱང་། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་མ་གོས་པ་ཡིན་ནོ་ཞེས་དོན་འདི་རང་ཉིད་རྣམ་པར་བསྒོམ་ཞིང་གཞན་རྣམས་ལ་ཡང་ གོ་བར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་ཞེས་བྱ་བ་ནི་ཕྱག་ན་གནས་པའོ། །དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ། །སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཕྱག་རྒྱའི་ཁྱད་པར་གང་གིས་བྱང་ཆུབ་ སེམས་དཔའ་ཐམས་ཅད་ལ་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མཛད་དོ། །ཇི་ལྟར་པདྨ་དམར་པོ་རང་བཞིན་གྱིས་དམར་བ་ཡིན་ཡང་། ཆུའི་ཉེས་པས་གོས་པ་མ་ཡིན་ནོ། །དེ་བཞིན་དུ་ཁྱེད་རྣམས་ཀྱིས་ཀྱང་མི་དགེ་བ་བཅུའི་ལས་ཀྱིས་མ་གོས་པར་འདོད་ཆགས་གཟུང་བར་བྱའི་ གཞན་དུ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་འདི་ནི་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་དོ། །མ་གོས་པའི་ཕྱིར་པདྨ་དམར་བ་དང་འདྲའོ། །དེ་ཡང་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ་ནི་རྣམ་པར་དག་པ་ཡིན་ཏེ། དེ་ལྟ་བུའི་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་རྟོགས་པའོ། །འདོད་ཆགས་ཀྱི་དེ་ཁོ་ན་ ཉིད་དེ་ཡང་གང་ཡིན་ཞེ་ན། བདག་སྟེ་ཞེས་བྱ་བའོ། །གང་དུ་ཁྱོད་ལ་བྱིན་ཞེ་ན། བདག་གི་ལག་ཏུ་ཞེས་བྱ་བ་གསུངས་པས་བསྟན་ཏོ། །དེ་ལྟ་བུས་ཅི་ཞིག་ཏུ་གྱུར་ཞེ་ན། ཆོས་ལ་ཆོས་ནི་གནས་པར་གྱུར། །ཞེས་གསུངས་སོ། །འདི་སྐད་སྟོན་ཏེ། བདག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་ བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་ཕྱག་རྒྱ་ཡིན་པས་དེ་གཉིས་ནི་དབྱེར་མི་ཕྱེད་པའི་ཕྱིར་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ནི་ཆོས་ཡིན་ནོ། །དེ་བས་ན་དོན་དེ་པདྨའི་ཕྱག་རྒྱའི་ཁྱད་པར་གྱི་དཔེས་རྟོགས་པར་བྱེད་པ་དེ་ཡང་ཆོས་ཡིན་ལ། དེ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྐུ་ཁྱད་པར་དེ་ཡང་ ཆོས་ཡིན་ཏེ། དེ་བས་ན་པདྨའི་ཕྱག་རྒྱའི་གཟུགས་ཀྱིས་ཆོས་སེམས་དཔའི་ཁྱད་པར་གྱི་ཆོས་དེ་ལ་གནས་སོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བྱེད་པ་འདིས་ནི་གདུལ་བྱ་རྣམས་ལ་ཏིང་ངེ་འཛིན་གྱི་མན་ངག་བསྟན་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ ཀྱི་ཡོན་ཏན་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའི་གཟུགས་སུ་དཀྱིལ་འཁོར་དུ་རྣམ་པར་སྤྲུལ་པ་མཛད་པ་ཡིན་ནོ། །ད་ནི་ཏིང་ངེ་འཛིན་གྱི་འོག་ཏུ་མཉམ་པར་གཞག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་ཏེ། དེ་བས་ན་ཤེས་རབ་དང་ཡེ་ཤེས་ཀྱི་སེམས་དཔའ་བརྟན་ པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །འཇམ་ཞིང་མཉེན་པའི་དཔལ་གང་ལ་མངའ་བ་དེ་ནི་འཇམ་དཔལ་ཏེ། གཞོན་ནུའི་ཆ་ལུགས་ཀྱིས་རྗེས་སུ་འཇུག་པར་མཛད་པའོ། །དཔལ་ནི་གཟི་མདངས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ ལ། འཇམ་དཔལ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་ལོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པར་མཛད་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཆེན་པོ་ཞེས་བྱ་བ་ལ་སོགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ནི་ ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཡིན་ལ། དེ་རྒྱུར་གྱུར་པའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཆེན་པོའི་དམ་ཚིག་ཡིན་ཏེ། དེ་སྟོན་པའི་སྒྲ་ གང་ཡིན་པ་དེ་ལ་ཡང་ཤེས་རབ་དང་ཡེ་ཤེས་ཆེན་པོའི་དམ་ཚིག་ཅེས་བཤད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་གི་སྙིང་པོ་ཕྱུང་བ་ཡིན་ནོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །བྱུང་མ་ཐག་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སྙིང་པོ་འདི་ནི་བཅོམ་ ལྡན་འདས་དང་པོའི་སེམས་དཔའ་དེ་ཉིད་དོ། །སྡུག་བསྔལ་ཐམས་ཅད་གཅོད་པར་ཆོས་མཐུན་པས་ཤེས་རབ་ཉིད་མཚོན་ཆ་ཡིན་པར་སྤྱིར་སྨོས་སུ་ཟིན་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་ཤེས་རབ་ཀྱི་རལ་གྲི་ཞེས་འོག་ནས་བཤད་པའི་ཚུལ་གྱིས་བཤད་དོ། །ཤེས་རབ་ཀྱི་རལ་གྲིར་གྱུར་ནས་གང་དུ་ བཞུད་ཅེ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཞེས་གསུངས་པ་ཡིན་ནོ། །ཞུགས་ནས་འདུ་བྱེད་ཐམས་ཅད་རོ་གཅིག་པས་ན་གཅིག་ཏུའོ། །ཆོས་ཀྱི་དབྱིངས་མི་ཕྱེད་པ་ཉིད་ཀྱིས་ན་འདྲེས་པར་གྱུར་པའོ། །ཅིར་གྱུར་ཞེ་ན། རྡོ་རྗེ་རལ་གྲིའི་དབྱིབས་སུ་ གྱུར་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རལ་གྲིའི་གཟུགས་སུ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་དང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་ཤེས་རབ་དང་ཡེ་ཤེས་ཏེ། འདིའི་ཕྲིན་ལས་སོ། །སོགས་པ་སྨོས་པས་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་ལ་སོགས་པའོ། ། ཤེས་རབ་ཡེ་ཤེས་ལ་སོགས་པ་ལས་སེམས་ཅན་རྣམས་ལ་ཤིན་ཏུ་སྣང་བར་སེམས་དཔའ་འཇམ་དཔལ་གྱི་ངོ་བོ་ཉིད་གྱི་བྱང་ཆུབ་སེམས་དཔའི་སྐུར་སྣང་བར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གང་ཡིན་པ་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་མཛད་པས་ན་ཤིན་ཏུ་འཇམ་པའི་དཔལ་ཏེ། དེའི་ངོ་བོ་ ཉིད་ཡིན་པས་ན་འཇམ་དཔལ་ཉིད་ཡིན་པའོ། །དེ་བས་ན་གཅིག་པ་སྟེ། གཅིག་གི་མཐུ་ལས་གྱུར་པའི་ཕྱིར་རོ། །འདྲེས་པའི་བརྟན་པ་སྟེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་ཡིན་པའི་ཕྱིར་རོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་ པའོ། །ཅི་ཞིག་ངོ་མཚར་དུ་གྱུར་ཞེ་ན། སངས་རྒྱས་ཐམས་ཅད་དུ་གཏོགས་པའི་འཇམ་པའི་དབྱངས་བདག་ཡིན་པར་ལུང་ལས་གྲགས་ཤིང་རབ་ཏུ་བཤད་པའོ། །གལ་ཏེ་ཁྱེད་སངས་རྒྱས་ཐམས་ཅད་ཀྱི་འཇམ་པའི་དབྱངས་ཡིན་ན། དེ་ལྟ་ན་ཡང་ངོ་མཚར་ཅི་ཞིག་ཡོད་ཅེ་ན། དེ་ལྟ་མོད་ཀྱི། གང་ཕྱིར་ཤེས་རབ་གཟུགས་མེད་ཀྱང་། །དབྱངས་ཉིད་དུ་ནི་དམིགས་པ་ཡིན། །ཞེས་བྱ་བ་ནི་ངོ་མཚར་ཆེ་བའོ། །འདི་སྐད་དུ་སྟོན་ཏེ། ཤེས་རབ་ནི་སེམས་ལས་བྱུང་བའི་ཆོས་ཏེ། དེ་ཡང་གཟུགས་མེད་པའོ། །དེ་ལས་ནི་སྔགས་སོ། །དེ་ལས་ནི་རལ་གྲིའི་ ཕྱག་རྒྱའོ། །དེ་ལས་ནི་བདག་སྟེ་དེ་ལྟར་རིམ་གྱིས་གཟུགས་ཅན་ཉིད་དུ་གྱུར་ཅིང་དབྱངས་ཉིད་དུ་སྟེ། བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གཟུགས་ཅན་ཉིད་དུ་ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱིས་ཆོས་རབ་ཏུ་རྣམ་ པར་ཕྱེ་ནས། ཕྱག་རྒྱ་འདི་སེམས་ཅན་འདི་རྣམས་ལ་དཀྱིལ་འཁོར་གྱི་ཆོ་ག་འདི་ལྟ་བུས་སེམས་ཅན་གྱི་དོན་བྱེད་ཅིང་ཡུན་རིང་དུ་གནས་པར་བྱའོ་ཞེས་སྨོན་པར་མཛད་དོ། །སྨོན་ལམ་བཏབ་ནས་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ལ་དམིགས་ཏེ། ཏིང་ངེ་འཛིན་གང་ ལ་དུས་ཅུང་ཞིག་བཞུགས་ནས་ལྡང་བར་སྟོན་པར་མཛད་དོ། །དེ་བས་ན་ཏིང་ངེ་འཛིན་དེ་ལ་དོན་དང་མཐུན་པའི་མིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་དམ་ཚིག་ཅེས་བྱ་བ་ཉིད་དེ། ཏིང་ངེ་འཛིན་འདི་ཉིད་ནི་བརྟན་པ་ཉིད་དང་། མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེ་ཞེས་བྱའོ། ། དེ་བས་ན་ཤེས་རབ་དང་ཡེ་ཤེས་ཀྱི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་གཅོད་པའི་དམ་ཚིག་དང་ཞེས་བྱ་བ་ནི། གང་གིས་དེ་བཞིན་གཤེགས་ པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཚར་གཅོད་པར་མཛད་པའི་རལ་གྲི་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉོན་མོངས་པ་ཡང་ཡིན་ལ་ཐམས་ ཅད་ཀྱང་ཡིན་པས་ན་ཉོན་མོངས་པ་ཐམས་ཅད་དེ། དེ་རྣམས་གཅོད་པ་ནི་ཤེས་རབ་ཀྱིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་དཔྱད་ནས། དེ་ཁོ་ན་ཉིད་རབ་ཏུ་ཤེས་པས་ཉོན་མོངས་པ་རྣམས་ནི་ཤིན་ཏུ་ཡང་མ་སྐྱེས་པ་ཡིན་པས་ན་བཅད་པའོ། །ཉོན་མོངས་པ་གཅོད་པའི་དམ་ཚིག་ སྟེ། ཕྱི་རོལ་གྱི་དངོས་པོ་གཅོད་པར་བྱེད་པའི་རལ་གྲི་དང་འདྲ་བས་ན་རལ་གྲིའི་ཕྱག་རྒྱའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པའི་ཉོན་མོངས་པ་ལས་བྱུང་བའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སྡུག་བསྔལ་གཅད་པར་བྱ་བའི་ ཕྱིར་ཏེ། ཉོན་མོངས་པ་དང་སྡུག་བསྔལ་བཅད་པར་གྱུར་ནས། ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་ཐོབ་པར་བྱ་བའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྔར་བཤད་པ་རྣམས་བསྡུའོ། །ཇི་ཙམ་གྱི་བར་དུ་མཐར་ཐུག་པ་ཞེ་ན། གསུང་གི་རྗེས་སུ་འབྲང་ བའི་ཤེས་རབ་དམ་པའི་བར་དུ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་དོན་སྟོན་པར་མཛད་པའི་སྒྲ་ནི་གསུང་སྟེ། དེའི་རྗེས་སུ་འགྲོ་བས་ན་གསུང་གི་རྗེས་སུ་འབྲང་བའི་ཤེས་རབ་ཅེས་བྱའོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཤེས་རབ་ཀྱི་ཁྱད་ པར་གང་གིས་ཆོས་སྟོན་པ་ན་སྒྲ་འདིས་དོན་འདི་ལྟ་བུ་སྟོན་པ་ཡིན་ནོ་ཞེས་ཚིག་ལ་སོགས་པའི་དོན་ལེགས་པར་མཚོན་པར་བྱེད་པ་དེ་ནི་གསུང་གི་རྗེས་སུ་འགྲོ་བའི་ཤེས་རབ་ཅེས་བྱའོ། །དེ་ཡོངས་སུ་རྫོགས་པར་བྱ་བ་ནི། རབ་ཀྱི་མཐར་ཐུག་པར་འགྲོ་བའོ། །དེ་ཉིད་ནི་དངོས་གྲུབ་དམ་པ་སྟེ། དེའི་ཕྱིར་རོ། །རྡོ་རྗེ་རལ་གྲི་ཞེས་སྨོས་པ་ནི་རང་གི་གནས་པ་ཉིད་སྟོན་པ་ཡིན་ནོ། །རྡོ་རྗེ་བློ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཐམས་ཅད་སོ་སོར་རྟོགས་པའི་ངོ་བོ་ཉིད་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་བློ་དེ་ལྟ་བུ་ཡིན་པའི་ཕྱིར་རྡོ་རྗེའི་བློ་རྡོ་རྗེའི་བློ་ཞེས་དོན་དང་རྗེས་སུ་མཐུན་པའི་མིང་གི་དབང་གིས་དབང་བསྐུར་ བ་སྩལ་བ་ཡིན་ནོ། །དེ་ནས་རྡོ་རྗེའི་བློས་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྡོ་རྗེའི་རལ་གྲི་དེས་ཞེས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རལ་གྲི་དེས་འདེབས་ཤིང་ཞེས་པ་རྣམ་པར་བསྒོམ་ཞིང་མི་སྣང་བར་མཛད་དེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་སྐད་སྟོན་ཏེ། གཟུགས་ཀྱི་སྐུ་རྣམ་པར་ གཞིག་པ་ནི་འདེབས་པ་ཡིན་ཏེ། སྟོང་པ་ཉིད་ལ་དམིགས་པའི་ཤེས་རབ་ཀྱི་བློས་རྡུལ་ཕྲན་དུ་བཤིག་ལ། རྡུལ་ཕྲན་ཡང་ཕྱོགས་ཆ་དྲུག་གི་ཚུལ་གྱིས་མི་སྣང་བར་བྱས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྗེས་སུ་འགྲོ་བར་རབ་ཏུ་བསྒོམ་ཞིང་མཐར་སངས་རྒྱས་ཀྱི་སྐུ་ཡང་སྟོང་པ་ཉིད་ཀྱི་ངོ་བོ་ ཉིད་དོ་ཞེས་ཡོངས་སུ་གཅོད་པ་ལ་ནི་འདེབས་ཞེས་བྱའོ། །དེ་ཉིད་ཀྱིས་ན། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། འདི་ནི་ངེས་པར་འདི་ལྟར་རྟོགས་པར་བྱའི། གཞན་དུ་ན་གལ་ཏེ། དེ་བཞིན་གཤེགས་པའི་སྐུ་ རྣམ་པར་བསྒོམས་ནས་དེ་བཞིན་གཤེགས་པའི་སྐུ་དོན་མེད་པར་མི་འགྱུར་རོ། །དེས་ན་དངོས་པོ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྐུ་ལྟར་གཟུགས་ཅན་ཡིན་པས་ན་དོན་ཡོད་པར་འགྱུར་རོ། །དེས་ན་སྟོང་པ་ཉིད་མེད་པས་དེ་བཞིན་གཤེགས་པ་ཡང་དེ་ཁོ་ན་ཉིད་གཟིགས་པ་མ་ ཡིན་པར་འགྱུར་རོ། །དེའི་ཕྱིར་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱི་རལ་གྲི་དེས་དེ་བཞིན་གཤེགས་པའི་སྐུ་རྣམ་པར་བསྒོམ་པ་ལ་ནི་འདེབས་པ་ཞེས་བཤད་དོ། །འདི་ཞེས་བྱ་བ་ནི་ཕྱག་ན་གནས་པའོ། །དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ། །དེ་གང་ཡིན་ཞེ་ན། ཤེས་རབ་ཕ་ རོལ་ཕྱིན་པའི་ཚུལ། །ཞེས་བྱ་བ་གསུངས་ཏེ། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེའི་ཕ་རོལ་ནི་རབ་ཀྱི་མཐར་ཐུག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དེར་སོན་པའི་ཤེས་རབ་གང་ཡིན་པ་དེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དོ། །དེའི་ཚུལ་ནི་དངོས་པོ་ཐམས་ཅད་ རྣམ་པར་གཞིག་པ་བསྒོམ་པ་དེ། འདི་ནི་རལ་གྲིའི་ཕྱག་རྒྱས་སྟོན་ཏོ། །འདིས་ཅི་ཞིག་བྱེད་ཅེ་ན། དགྲ་རྣམས་ཐམས་ཅད་གཅོད་བྱེད་ཅིང་། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྐུ་ཅན་ལ་སོགས་པའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་རྣམ་ པར་བསྒོམས་པར་གྱུར་ནས། དམིགས་པར་བྱ་བའི་རྒྱུ་མེད་དེ། དེ་ལ་དམིགས་པ་ལས་ཀྱང་ཉོན་མོངས་པ་མི་སྐྱེ་བས་གཅོད་བྱེད་ཅིང་ཞེས་བྱ་བ་སྟེ། སྐྱེ་བ་མེད་པ་ནི་གཅོད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གང་ཞིག་གཅོད་པ་ཡིན་ཞེ་ན། དགྲ་རྣམས་ཞེས་བྱ་བ་གསུངས་ཏེ། དགྲ་ ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ། འགྲོ་བ་དྲུག་ཏུ་སྡུག་བསྔལ་མང་པོ་བསྐྱེད་པའི་དོན་གྱིས་སོ། །ཉོན་མོངས་པ་རྣམ་པར་བཅད་ན་དེས་ཀུན་ནས་བསླང་བའི་མི་དགེ་བ་བཅུའི་རྒྱུ་མེད་པའི་ཕྱིར་མི་སྐྱེ་བས་ན། སྡིག་པ་ཐམས་ཅད་འཇོམས་པ་ཞེས་གསུངས་པ་ཡིན་ནོ། ། མི་གཙང་བ་ལ་སོགས་པ་བསྒོམ་པའི་ཁྱད་པར་རམ་མི་རྟག་པ་ཉིད་ཡིད་ལ་བྱེད་པ་ལ་སོགས་པ་བསྒོམ་པའི་ཁྱད་པར་གཞན་དག་གིས་ཀྱང་ཉོན་མོངས་པ་རྣམས་དང་། མི་དགེ་བ་རྣམས་མི་སྐྱེ་བ་སྲིད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་མཆོག་ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རལ་གྲི་ལས་གཞན་པ་དག་ཡིད་ལ་བྱེད་པ་ནི་འདི་ལྟ་བུ་གཞན་ཡོད་པ་མ་ཡིན་ནོ། །འདིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གསུང་གི་རྗེས་སུ་འབྲང་བའི་ཤེས་རབ་གདུལ་བྱ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། དཀྱིལ་འཁོར་འདིར་སྙིང་པོ་དང་ཕྱག་ རྒྱ་དང་སེམས་དཔའི་གཟུགས་སུ་སྤྲུལ་པར་མཛད་པ་ཡིན་ནོ། །ད་ནི་ཏིང་ངེ་འཛིན་ཐོབ་པ་ཤེས་རབ་ཀྱི་ཁྱད་པར་ཐོབ་པས་ཡོངས་སུ་སྨིན་པ་རྣམས་ལ་དཀྱིལ་འཁོར་གྱི་འཁོར་ལོའི་སྤྲུལ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །སེམས་ བསྐྱེད་མ་ཐག་པ་ཞེས་བྱ་བ་ནི་སེམས་བསྐྱེད་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དེ་མ་ཐག་ཅེས་བྱ་བའི་སྒྲ་ནི་བར་མ་ཆད་པ་ལ་བྱ་བ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། དེ་སེམས་བསྐྱེད་པ་ཙམ་གྱིས་བསྐོར་བའི་ངང་ཚུལ་འདི་ལ་མངའ་བས་ན་སེམས་ བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ཀྱི་ཁྱད་པར་གང་དང་གང་གིས་འཁོར་ལོ་བསྐྱེད་པར་མཛད་པ་འདི་དང་འདི་འདི་ལྟར་གྱུར་ཅིག་ཅེས་བྱ་བའི་ཐུགས་ལ་གནས་པའི་དོན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ ཞེས་བཤད་དེ། འཁོར་ལོ་བསྐྱེད་པའི་ཕྱིར་དམ་ཚིག་ཅེས་བྱའོ། །ཐུགས་ལ་གནས་པའི་ཕྱིར་སྙིང་པོ་ཞེས་ཀྱང་བྱ་ལ། སྒྲ་གང་གིས་དོན་དེ་སྟོན་པར་བྱེད་པའི་སྒྲ་དེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བཤད་དེ། སྙིང་པོ་དེ་ཕྱུང་བའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་ པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུར་གྱུར་པའི་ཕྱིར་བཛྲ་ཧེ་ཏུ་ཞེས་གསུངས་སོ། །སྙིང་པོས་བསྐུལ་བའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་གང་གི་དོན་དུ་བསྐུལ་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་དེར་གྱུར་ཏེ། བྱུང་ནས་གཅིག་ཏུ་འདྲེས་པར་གྱུར་ནས་ རྡོ་རྗེ་འཁོར་ལོའི་དབྱིབས་སུ་གྱུར་ཏེ་ཞེས་བྱ་བ་ལ། འཁོར་ལོ་ལྟ་བུའི་ཕྱག་རྒྱའི་གཟུགས་སུ་ཞེས་བྱ་བའི་དོན་ཏོ། །སེམས་བསྐྱེད་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། སེམས་བསྐྱེད་པའི་རྗེས་ཐོགས་ཉིད་ལ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་གཟུགས་དང་། ཕྱག་རྒྱ་དང་། ལྷ་རྣམས་ ཀྱི་རང་བཞིན་སྤྲུལ་པར་བྱེད་པའི་འཁོར་ལོ་བསྐོར་བའི་བྱང་ཆུབ་སེམས་དཔའི་གཟུགས་སུ་སྣང་བའི་ཕྱིར་དང་། རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་གྱིས་གཅིག་ཏུ་གྱུར་པ་དང་། ཤིན་ཏུ་བརྟན་པས་འདྲེས་པའོ། །རྡོ་རྗེ་དམ་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྟ་བུའི་བསམ་པ་ལས་བྱུང་བས་ན་རྡོ་རྗེའི་ རང་བཞིན་ཞེས་གསུངས་སོ། །འཁོར་ལོ་ལས་བྱུང་བས་ན་འཁོར་ལོའོ། །རྡོ་རྗེའི་རང་བཞིན་གྱི་འཁོར་ལོ་ཁྱོད་སུ་ཞིག་གི་ཞེ་ན། དེའི་ཕྱིར། རྡོ་རྗེ་དམ་པ་ཆོས་ཅན་གྱི། །ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་ལྟ་བུའི་ཐུགས་ཀྱི་ཆོས་ཅན་གང་ཡིན་པ་དེ་ནི་རྡོ་རྗེ་དམ་པའི་ཆོས་ཅན་ཏེ། སངས་རྒྱས་ ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེའི་ཐུགས་རྡོ་རྗེ་ལྟ་བུ་ཞེ་ན། དེའི་ཕྱིར། གང་ཕྱིར་སེམས་བསྐྱེད་ཙམ་གྱིས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར། །ཞེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། དེའི་ཐུགས་དེ་དེ་ལྟར་ཤིན་ཏུ་བསྒོམས་པ་དང་། བརྟན་པ་ཉིད་ ཀྱིས་ཕྱག་རྒྱའི་གཟུགས་སམ། སེམས་དཔའི་གཟུགས་སམ། གཞལ་ཡས་ཁང་གི་གཟུགས་སམ། སྟོན་པའི་སྐུ་གང་དང་གང་ཕྱི་རོལ་གྱི་གཟུགས་ཉིད་ལྷག་པར་མོས་པ་དེ་དེ་བཞིན་དུ་རང་ཉིད་ཀྱིས་མཐོང་བར་འགྱུར་རོ། །དེ་དང་དེར་མངོན་པར་བྱུང་བ་གདུལ་བྱའི་སྐྱེ་བོ་གཞན་རྣམས་ཀྱིས་ ཀྱང་དེ་བཞིན་དུ་མཐོང་བར་འགྱུར་བ་དང་། དུས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་པར་གྱུར་ཞིང་། གཞན་གང་གིས་ཀྱང་སྤྲུལ་པ་གཞིག་པར་མི་ནུས་སོ། །རྒྱུ་དེས་ན་དེའི་ཐུགས་ནི་རྡོ་རྗེ་ལྟ་བུ་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་ གཤེགས་པ་ཐམས་ཅད་ཏིང་ངེ་འཛིན་གང་གིས་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། འཁོར་ལོའི་ཕྱག་རྒྱའི་དབང་བསྐུར་བ་སྩོལ་བ་སྟེ། དེ་ཡང་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་ སུམ་དུ་མཛད་ནས། དཀྱིལ་འཁོར་ཆེན་པོའི་དམ་ཚིག་རྡོ་རྗེའི་འཁོར་ལོ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །ལྷག་མ་རྣམས་ཀྱིས་ནི་དགོས་པ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དམ་ཚིག་ གི་ཕྱག་རྒྱའི་ཁྱད་པར་གང་གིས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་འཁོར་ལོ་ལྟ་བུས་དཀྱིལ་འཁོར་ཆེན་པོ་སྟོན་པར་མཛད་པའི་དཀྱིལ་འཁོར་ཆེན་པོ་དེ་ལ་ནི་དམ་ཚིག་ཅེས་བྱའོ། །ཅིའི་ཕྱིར་འཁོར་ལོ་དེ་དང་དཀྱིལ་འཁོར་གྱི་དམ་ཚིག་བྱིན་ཞེ་ན། འཇིག་རྟེན་གྱི་ཁམས་མ་ ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་འཇུག་པའི་ཕྱིར་རོ། །ཅིའི་ཕྱིར་དེ་དེ་རྣམས་འཇུག་པར་འགྱུར་ཞེ་ན། ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིར་ལྡོག་པ་ནི་བྱང་ཆུབ་ཀྱི་ལམ་ལས་ལྡོག་པའོ། །ལྡོག་པ་དེས་འཇུག་པས་ན་ཕྱིར་ལྡོག་ པ་ཡིན་ལ། ལྡོག་པར་མི་བྱེད་པས་ན་ཕྱིར་མི་ལྡོག་པའོ། །ཕྱིར་མི་ལྡོག་པ་དེ་རྣམས་ཀྱི་འཁོར་ལོ་ནི་ཕྱིར་མི་ལྡོག་པའི་འཁོར་ལོ་སྟེ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་འཁོར་གྱི་དཀྱིལ་འཁོར་སྟེ་དེར་འཇུག་པའོ། །ཕྱག་རྒྱ་བཞིའི་སྤྱོད་པའི་རྗེས་སུ་འཇུག་པའི་སློབ་དཔོན་གྱིས་ ཕྱག་རྒྱ་དང་སེམས་དཔའ་དང་། སྔགས་རྣམས་ཇི་སྐད་དུ་བཤད་པའི་བྱ་བ་དང་ལྡན་པའི་ཕྱེ་མ་ལ་སོགས་པས་དགོད་ཅིང་བྲིས་པ་ལ་ཡང་སྔར་བཤད་པའི་འཁོར་གྱི་དཀྱིལ་འཁོར་དུ་འཇུག་པའི་རྒྱུར་གྱུར་པས་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བཤད་དོ། །ཚུལ་དེ་ལྟ་བུའི་དཀྱིལ་འཁོར་མཐོང་ཞིང་ འཁོར་གྱི་དཀྱིལ་འཁོར་མཐོང་བ་དང་། འཇུག་པ་ཐོབ་པར་འདོད་པ་དང་། ཇི་སྐད་དུ་བཤད་པའི་བྱ་བ་ལ་ཡང་ནན་ཏན་དུ་འཇུག་པས་གདུལ་བྱ་རྣམས་རིམ་གྱིས་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མངོན་སུམ་དུ་འཇུག་པར་འགྱུར་རོ། །དེར་ཞུགས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ ཐད་ནས་ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་དྲི་མ་མེད་ལ། ཟབ་ཅིང་རྒྱ་ཆེ་བ་མངོན་སུམ་དུ་ཐོས་པའི་རོ་མྱང་ཞིང་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བ་མྱོང་བར་འགྱུར་ཏེ། དོན་དེ་དག་གི་ཕྱིར་འཁོར་ལོ་དེ་བྱིན་པ་ཡིན་ནོ། །གཞན་ཡང་ཕྱི་མའི་དུས་སུ་ས་དང་ཕ་རོལ་ཏུ་ཕྱིན་པ་ ལ་སོགས་པ་ཡོངས་སུ་རྫོགས་ནས་གོ་འཕང་བླ་ན་མེད་པ་ཐོབ་སྟེ། ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་པས་ན་དེ་བྱིན་པ་ཡིན་ནོ། །དེ་ལ་དམ་པ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་ཏེ། དམ་པ་ནི་སངས་རྒྱས་བཅོམ་ ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་ནི་དམ་པའི་ཆོས་སྟོན་པ་ཉིད་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་འཇུག་པས་འཁོར་ལོ་ཞེས་བྱ་བ་ལ། དེ་ཉིད་ནི་གྲུབ་པ་དམ་པ་སྟེ་དེ་དག་གི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱས་ དབང་བསྐུར་བའི་རྗེས་ཐོགས་ལའོ། །གོ་འཕང་བླ་ན་མེད་པ་ཐོབ་པའི་རྒྱུར་ངེས་པར་རྡོ་རྗེ་ལྟ་བུའི་དམ་པའི་ཆོས་སྟོན་པས་སྙིང་པོར་གྱུར་པས་ན་སྙིང་པོ་སྟེ། མར་གྱི་སྙིང་པོ་དང་འདྲ་བས་ན་དེའི་ཕྱིར་རྡོ་རྗེའི་སྙིང་པོ་རྡོ་རྗེའི་སྙིང་པོ་ཞེས་མིང་གི་དབང་བསྐུར་རོ། །འདིས་རྡོ་རྗེ་འཁོར་ལོ་དེས་དེ་ བཞིན་གཤེགས་པ་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་དུ་འཇོག་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། གང་ཡང་དེ་རྣམས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས། བྱ་བ་ཉམས་སུ་ལོན་པར་བྱེད་པ་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་སྟེ། དཀྱིལ་འཁོར་དུ་འཇུག་པ་དེའི་སྒོ་ནས་དེ་རྣམས་ཕྱིར་མི་ལྡོག་པ་ཉིད་དུ་འཇོག་པས་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་བླ་ན་མེད་པ་མཐོང་བས་ཡོངས་སུ་མགུ་ནས་ཆེད་ཀ་ཉིད་དུ་ཆེད་དུ་བརྗོད་པ་འདི་ ཆེད་དུ་བརྗོད་པ་སྟེ། ཡོངས་སུ་དགའ་ནས་སྨྲས་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་ནི་གདུལ་བྱའི་རྒྱུད་དུ་གཏོགས་པའི་དད་པ་ལ་སོགས་པའོ། །དེ་རྣམས་ཀྱི་རྣམ་པར་སྦྱོང་བ་ནི་དྲི་མ་མེད་པར་བྱ་བ་སྟེ། གང་གི་ཕྱིར་ སྔགས་ཀྱི་སྤྱོད་པར་བཤད་པའི་འཁོར་ལོར་འཇུག་པའི་ཐབས་ཀྱིས་གདུལ་བྱ་རྣམས་ཉིན་དང་མཚན་དུ་དགེ་བའི་ཕྱོགས་ལ་གཞོལ་བར་འགྱུར་རོ། །དེ་ལྟ་བུའི་རྣམ་པར་དག་པ་གང་དང་གང་རྟོགས་པས་སངས་རྒྱས་ཉིད་ཀྱང་ཐོབ་པར་འགྱུར་ཏེ། དེ་བས་ན་ཆོས་ཐམས་ཅད་རྣམ་པར་སྦྱོང་ཞེས་གསུངས་ པ་ཡིན་ནོ། །འཁོར་ལོ་འདི་ཅི་ཞིག་ཡིན་ཞེ་ན། ཕྱིར་མི་ལྡོག་པའི་འཁོར་ལོ་ཡང་ཞེས་བྱ་བ་གསུངས་སོ། །འདིར་ཞུགས་པ་རྣམས་ནི་ངེས་པར་སངས་རྒྱས་ཉིད་ཐོབ་པར་འགྱུར་བས་ན། དེའི་ཕྱིར། བྱང་ཆུབ་སྙིང་པོ་ཡིན་པར་དགོངས། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་བཅོམ་ ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་མཛད་པའི་ཕྱིར་རོ། །སྔགས་དང་ཕྱག་རྒྱ་དང་སེམས་དཔའི་ཚུལ་དུ་སྤྲུལ་པར་མཛད་པས་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །ད་ནི་དཀྱིལ་འཁོར་དུ་འཇུག་པའི་སེམས་ཅན་དེ་དག་ཉིད་ལ་བཟླས་ པའི་ལུང་འབོགས་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །འདི་ལ་ཚིག་ཏུ་བརྗོད་དུ་ཡོད་པ་མ་ཡིན་པས་ན་མི་གསུང་བའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་མི་ གསུང་པ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་མི་གསུང་བའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ཡིན་ལ། དེ་ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། །རྡོ་རྗེ་ལྟར་བརྟན་པའི་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་སྐད་ ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེའི་མེ་ཏོག་བབས་པས་ཡོངས་སུ་བཟུང་བའི་བཟླས་པའི་རྒྱུའི་དམ་ཚིག་གང་ཡིན་ པ་སྙིང་ལ་གནས་པའོ། །དེ་སྟོན་པར་བྱེད་པའི་རྒྱུ་ལ་ཡང་བཟླས་པའི་དམ་ཚིག་ཅེས་བྱའོ། །དེ་བཞིན་གཤེགས་པའི་བཟླས་པའི་དམ་ཚིག་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱའོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཆོས་ཉིད་སྟོན་པའི་ཡི་གེར་གྱུར་ཏེ་བྱུང་ནས་དེ་བཞིན་དུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ལ། བཟླས་པའི་རྒྱུད་ལ་ཡང་བཟླས་པ་ཞེས་བཤད་དེ། གང་གི་ཕྱིར་ཡི་གེ་བཟླས་པའི་རྒྱུ་ནི་ལྕེ་ཡིན་པ་ལས་དེའི་ཕྱིར་རྡོ་རྗེ་བཟླས་པའི་དབྱིབས་སུ་གྱུར་ ཏེ་ཞེས་བྱ་བ་སྟེ། ལྕེའི་གཟུགས་ཅན་གྱི་ཕྱག་རྒྱའི་ཁྱད་པར་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་པ་མེད་པ་ཉིད་དེ། དེ་ཐོག་མར་བྱས་ནས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྔར་བཤད་ པ་རྣམས་ཀྱང་། སོགས་པ་ཞེས་བྱ་བའི་སྒྲས་བསྡུའོ། །སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ནི་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ཏེ། ནམ་མཁའ་ལ་བཞུད་པ་ལ་སོགས་པའོ། །ཆོ་འཕྲུལ་ནི་མཐུ་ཡང་དག་པར་སྟོན་པ་སྟེ། གདུལ་བྱ་རྣམས་ལ་ཕན་གདགས་པར་མཛད་པའི་ཕྱིར། འཇིག་ རྟེན་གསུམ་པོ་བསྐྱོད་པ་ལ་སོགས་པའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་ལོ། །སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཡིན་པས་ན། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཡིན་པའམ། རྫུ་འཕྲུལ་དང་ཆོ་འཕྲུལ་མཛད་པས་ན་རྫུ་འཕྲུལ་དང་ཆོ་འཕྲུལ་ཏེ་ དེ་བྱས་ནས་སོ། །ཤིན་ཏུ་ཡང་ཚིག་གི་སྤྲོས་པ་དང་བྲལ་བས་ཤིན་ཏུ་ཚིག་མ་ཡིན་ནོ། །དེའི་ངོ་བོ་ཉིད་ཡིན་པས་ན་ཤིན་ཏུ་ཡང་ཚིག་མ་ཡིན་པ་ཉིད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཤིན་ཏུ་ཚིག་མ་ཡིན་པར་སྣང་བའི་དོན་གྱིས་ན་གཅིག་པའོ། །ཤིན་ཏུ་བསྟན་པས་ ན་འདྲེས་པར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་མ་ཡིན་པའི་སྐུར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །རང་ཉིད་འབྱུང་བས་ན་རང་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱི་ངོ་མཚར་དུ་གྱུར་པ་གང་ཡིན་ཞེ་ན། གསང་བ་ཞེས་བྱ་བ་གསུངས་སོ། །གསང་བ་དེ་གང་ཡིན་ཞེ་ན། ལྡེམ་པོ་ངག་ཏུ་བདག་དགོངས་ཏེ། །ཞེས་པ་ལྡེམ་པོ་ངག་ནི། མཚན་ཉིད་ཅན་གྱི་གསུང་གི་གསང་བ་ནི་བདག་ཉིད་ཡིན་ཞེས་བྱ་བའི་དོན་ཏེ། སྒྲའི་དོན་ཇི་བཞིན་པ་མ་ཡིན་པའི་ཚིག་ལ་ནི་ལྡེམ་པོ་ངག་གི་སྒྲ་གསུངས་སོ། །འདིར་ངོ་ མཚར་ཅི་ཞིག་ཆེ་ཞེ་ན། གང་ཕྱིར་དམ་པའི་ཆོས་འཆད་ན། །ཚིག་ཏུ་སྤྲོས་ལས་རྣམ་པར་བྲལ། །ཞེས་བྱ་བ་སྟེ། གང་གི་ཕྱིར་ཆོས་ཀྱང་སྟོན་པར་མཛད་ལ་ཚིག་གི་སྤྲོས་པ་དང་ཡང་བྲལ་བ་འདི་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་ཏེ། བསྟན་པ་མེད་པའི་དོན་བསྟན་པ་ཐོས་པ་གང་ཡིན་པ་འདི་ ལ་ནི་སྟོན་པར་བྱེད་པ་མེད་པས་ན་ཚིག་གི་སྤྲོས་པ་དང་བྲལ་བ་ཞེས་བཤད་དེ། གཙོ་བོར་བསྟན་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གསུང་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་གསང་བར་བྱའོ། །གསང་ བ་ཡང་ཡིན་ལ་གསུང་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གསུང་སྟེ་སྦས་པའི་གསུང་ཞེས་བྱ་བའི་དོན་ཏོ། །དེའི་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དེ་ཉིད་དང་རྗེས་སུ་མཐུན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ གསུང་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སྟེ། དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཡེ་ཤེས་སོ། །དེའི་དམ་ཚིག་ནི་གསུང་སྐྱེད་པར་བྱེད་པའི་ལྕེའི་ངོ་བོ་ཉིད་ཀྱི་ཕྱག་རྒྱའི་ཁྱད་པར་རོ། །ཚིག་གི་དངོས་གྲུབ་ནི་ཚིག་གྲུབ་པ་སྟེ། ཚིག་གྲུབ་པས་ བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་གསུང་གི་གསང་བའི་མཐར་ཐུག་པའི་བར་གྱི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བསྡུའོ། །གསུང་གི་གསང་བའི་ངོ་བོ་ཉིད་ཡིན་པས་ན་གསུང་གི་གསང་བ་ཉིད་དེ། དེ་ཐོབ་པ་ནི་དངོས་གྲུབ་དམ་པ་ཉིད་དོ། །དེའི་ཕྱིར་ རྡོ་རྗེ་བཟླས་པའི་དབྱིབས་དེ་དེ་ལ་བྱིན་པ་ཡིན་ནོ། །འདི་ལ་གསལ་བའི་ཚིག་ཡོད་པ་མ་ཡིན་པས་ན་ཚིག་མ་ཡིན་པའོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱས་དབང་བསྐུར་བའི་རྗེས་ཐོགས་ལའོ། །རྡོ་རྗེའི་ཚིག་ནི་སྒྲ་སྤངས་པ་སྟེ། དེ་བས་ན་དེ་ལ་ལྟོས་ནས་རྡོ་རྗེ་དམ་ཚིག་ཅེས་མིང་གི་དབང་བསྐུར་བ་ བྱིན་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེའི་ཕྱག་རྒྱའི་ཁྱད་པར་དེས་ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྡོ་རྗེའི་བཟླས་པ་ཡང་དག་པར་སྨྲ་ཞིང་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བའི་སེམས་དཔའ་རྣམས་ཏེ། དེ་ཟློས་པ་ རྣམས་ཀྱང་དེས་བྱིན་གྱིས་བརླབས་པ་ཡིན་ལ། དེ་རྣམས་ཀྱིས་ཡང་དག་པར་སྨྲ་བ་ནི་བརྗོད་པ་སྟེ། སྨྲ་བ་རྣམས་ལ་ལྕེའི་ཕྱག་རྒྱ་བདེ་བར་དགོད་པས་ཐམས་ཅད་སྨྲར་གཞུག་པ་ནི་ཡང་དག་པར་སྨྲ་བའོ། །ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་ལ། ཅི་ཞིག་ཆེད་དུ་བརྗོད་ཅེ་ན། འདི་ནི་ སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་ཕྱག་གི་མཐིལ་ལ་གནས་པའོ། །དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་དེ་གང་ཡིན་ཞེ་ན། རྡོ་རྗེ་བཟླས་པ་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་ཁྱད་པར་གང་གིས་ རྡོ་རྗེ་བཟླས་པ་བྱེད་པའི་ཕྱག་རྒྱའི་ཁྱད་པར་དེ་ལ་རྡོ་རྗེ་བཟླས་པ་ཞེས་བཤད་དོ། །གང་ཞིག་ཅེ་ན། དེའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྔགས་འདི་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱའོ། །རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་ལ། འཇིག་རྟེན་དབང་ཕྱུག་གི་ཡེ་ཤེས་ནི་རྡོ་རྗེ་ཆོས་ ཉིད་ཀྱི་ཡེ་ཤེས་ཏེ། འདིར་ངོ་བོ་ཉིད་ཀྱི་འདོད་ཆགས་ཀྱིས་གོས་པ་མེད་པའོ། །དེའི་ཡེ་ཤེས་ཡིན་པས་ན་རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་སོ། །ཤེས་རབ་དང་ཡེ་ཤེས་ནི་བཅོམ་ལྡན་འདས་འཇམ་དཔལ་ཏེ། ཤེས་རབ་དང་ཡེ་ཤེས་ནི་ཤེས་རབ་དང་ཡེ་ཤེས་སོ། །ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ བའི་ཡེ་ཤེས་ནི་ཆོས་ཀྱི་འཁོར་ལོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཆོས་ཀྱི་འཁོར་ལོ་ཆེན་པོའོ། །དེའི་ཡེ་ཤེས་ཡིན་པས་ན། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་ཡེ་ཤེས་ཏེ་རྡོ་རྗེའི་རྒྱུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྤྲོས་པ་རྣམ་པར་ལྡོག་ པའི་ཡེ་ཤེས་ཞེས་བྱ་བ་ལ། གསུང་གི་སྤྲོས་པ་ནི་རྣ་བའི་རྣམ་པར་ཤེས་པའི་ཡུལ་ཚིག་དང་ངག་གི་རྣམ་པའོ། །དེ་ལས་བཟློག་པ་ནི་རྡོ་རྗེའི་ཚིག་གི་སྒྲ་སྤངས་པའོ་ཞེས་བསྟན་པའོ། །ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་ དཔའ་ཆེན་པོ་ཞེས་གསུངས་ཏེ། དམ་ཚིག་སེམས་དཔའི་རྗེས་ཐོགས་ལ་ནི་དབང་བསྐུར་བའི་སེམས་དཔའ་ཡིན་ལ། དབང་བསྐུར་བའི་སེམས་དཔའི་རྗེས་ཐོགས་ལ་ནི་རྣལ་འབྱོར་གྱི་མན་ངག་གིས་དེ་ལས་ཡེ་ཤེས་བཞི་ཡོངས་སུ་རྫོགས་པས་དེའི་ཕྱིར་ཡེ་ཤེས་སེམས་དཔའ་ཞེས་གསུངས་ པ་ཡིན་ནོ། །རྣལ་འབྱོར་ཡོངས་སུ་རྫོགས་པ་ལས་ནི་བདག་དང་གཞན་གྱི་དོན་འགྲུབ་པའི་མཚན་ཉིད་ཅན་གྱི་ལས་འབྱུང་སྟེ། དེ་བས་ན་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། བྱང་ཆུབ་ སེམས་དཔའ་ཆེན་པོ་ལས་ཐམས་ཅད་པ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་དོ། །བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན། བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་པ་ནི་བདག་དང་གཞན་གྱི་དོན་གྱི་མཚན་ཉིད་ཅན་གྱི་ལས་སྣ་ ཚོགས་པ་དུ་མ་སྟེ། བདག་གི་དོན་ནི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་མཆོད་པའི་སྤྲུལ་པའོ། །གཞན་གྱི་དོན་ནི་དུས་ཇི་ལྟ་བུ་དང་ཅི་རིགས་པར་གདུལ་བྱའི་བྱ་བ་རྫོགས་པར་བྱས་པ་འདི་དག་ནི་ལས་ཐམས་ཅད་ཡིན་ལ། དེ་ཡོངས་སུ་རྫོགས་པར་མཛད་པས་ན་ལས་ཐམས་ཅད་པའོ། ། དེའི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ལས་ཐམས་ཅད་པ་ཞེས་བྱ་བའི་དམ་ཚིག་སྟེ། དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་ལས་ཀྱི་མཚན་ཉིད་ཅན་གྱི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་ ཅིང་མཐུ་སྐྱེད་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྙིང་པོ་གང་གིས་གདུལ་བྱའི་མཛད་པ་རྣམས་མཛད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དམ་ཚིག་ཅེས་བཤད་དོ། །འདི་ཞེས་བྱ་བ་ནི་ཐུགས་ལ་བཞག་པ་ལ་སྙེགས་སོ། །ལས་ཐམས་ཅད་ཅེས་བྱ་བ་ལ་ལས་རྣམས་མཉམ་པ་ཉིད་ཡིན་པས་ན། ལས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ། །ལས་རྣམས་ངོ་བོ་ཉིད་ཀྱིས་བྱ་བའི་དངོས་པོ་ རྫས་དང་བྲལ་བ་ནི་ལས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ། །དེ་ཡང་། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །འདི་དག་འབྱུང་བ་དེ་ཉིད་ནི། །བྱ་བ་དེ་ཉིད་བྱེད་པོར་བརྗོད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །དེའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལས་ཐམས་ཅད་ཀྱི་མཉམ་པ་ ཉིད་ཀྱི་ཡེ་ཤེས་སོ། །དེའི་ཤིན་ཏུ་རྟོགས་པ་ནི་ཁོང་དུ་ཆུད་ཅིང་རབ་ཏུ་རྟོགས་པ་སྟེ། ཡང་དག་པར་ཐུགས་སུ་ཆུད་ཅེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་ཡིན་པས་ན་ཤིན་ཏུ་རྟོགས་པ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་འོད་ཟེར་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་འོད་ཟེར་ནི་ཁ་བཞི་པ་རྩེ་གསུམ་པ་རྡོ་རྗེ་ནག་པོ་སྤེལ་བ། གེ་སར་གྱི་ཕྲེང་བའི་དབྱིབས་སུ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་དག་གི་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྟན་པར་བྱ་བའི་ཕྱིར་སྤྲོ་བ་བསྟན་པ་ནི། དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ཞེས་བྱ་བ་སྟེ། འདི་ རྣམས་ཀྱིས་སྣང་བར་བྱས་ཤིང་རང་བཞིན་གྱིས་ཁ་དོག་བསྒྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ལས་ཀྱི་དབྱིབས་ལྟ་བུར་གྱུར་ཏོ་ཞེས་བྱ་བ་སྟེ། ལས་ཀྱི་དབྱིབས་ཀྱི་རང་བཞིན་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཕྲིན་ལས་ཀྱི་དབྱིབས་མ་ལུས་པ་དེ་ལ་ཡང་ཞེས་བྱ་བ་ལ་ལས་རྣམས་ཀྱི་ཁམས་ནི་ལས་ཀྱི་ དབྱིབས་ཏེ། རྒྱུ་སྐད་ཅིག་མའི་གཟུགས་ཅན་གྱི་སྐད་ཅིག་མ་གཞན་ལས་འབྲས་བུའི་སྐད་ཅིག་འབྱུང་བའི་བྱ་བ་ལ་ནི་ལས་ཞེས་བཤད་དེ། དེའི་རྒྱུ་ནི་རླུང་གི་ཁམས་ཡིན་པས་ལས་ཀྱི་དབྱིབས་ནི་རླུང་གི་ཁམས་ཞེས་བྱ་བའི་དོན་ཏོ། །སྤྲོས་པ་ལས་བསྡུ་བ་བྱས་ནས། བཅོམ་ལྡན་འདས་རྣམ་ པར་སྣང་མཛད་ཀྱི་ཐུགས་ཀར་ཞུགས་སོ། །དེར་ཞུགས་ནས་ཅི་ཞིག་ཏུ་གྱུར་ཞེ་ན། དེའི་ཕྱིར་ལས་ཀྱི་རྡོ་རྗེའི་དབྱིབས་སུ་གྱུར་ནས་ཞེས་བྱ་བ་གསུངས་སོ། །ཚད་ཇི་ཙམ་ཞེ་ན་ཡང་ཕྱག་རྒྱར་གྱུར་པའི་སྤྲོ་བ་བསྟན་པ་ནི་དེ་ནས་རྡོ་རྗེ་དབྱིབས་ཞེས་བྱ་བ་ལ་སོགས་པའོ། །གང་ ལས་ཤེ་ན། དེ་ལས་ཞེས་བྱ་བ་སྟེ། སྔར་བཤད་པའི་ལས་ཀྱི་ཁམས་ཀྱི་སེམས་ལས་སོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་གང་ཡིན་པ་ལ་སོགས་པའི་བྱ་བའི་ཁྱད་པར་དེ་ དག་ཐམས་ཅད་བྱས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཐའ་ཡས་པ་ནི་གདུལ་བྱ་མཐའ་ཡས་པ་ཉིད་དེ། སེམས་ཅན་གྱི་ཚོགས་མཐའ་ཡས་པའི་ཕྱིར་རོ། །མཐའ་ཡས་པ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གཅིག་ཏུ་གྱུར་ཏེ། གཅིག་ཏུ་གྱུར་ པར་ཤིན་ཏུ་བསྒོམ་པའི་ཕྱིར་རོ། །ཤིན་ཏུ་བརྟན་པས་ན་འདྲེས་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཅི་ཞིག་ངོ་མཚར་ཡིན་ཞེ་ན། ཕྲིན་ལས་མང་པོ་ཀུན་བདག་ཡིན། །ཞེས་བྱ་བའོ། །སུ་ཞིག་གི་ལས་ཐམས་ཅད་པ་ཡིན་ཞེ་ན། སངས་རྒྱས་ རྣམས་ཀྱིས་ཞེས་བྱའོ། །ཇི་ལྟ་བུ་ཞེ་ན། ངེས་པར་ཏེ་དོན་ཡོད་པ་ཞེས་བྱ་བའི་དོན་ཏོ། །ཇི་ཙམ་ཞེ་ན། མང་པོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་དོན་ཡོད་པའི་ཕྲིན་ལས་འདི་ཁྱོད་ཡིན་པར་ཇི་ལྟར་ཤེས་ཤེ་ན། སངས་རྒྱས་དོན་ནི་ལྷུན་གྲུབ་ཕྱིར། །རྡོ་རྗེ་ལས་ནི་འཇུག་པར་འགྱུར། ། ཞེས་བྱ་བ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་དོན་ཏེ། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་རྫོགས་པར་མཛད་པ་སྟེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་སུ་ཟིན་ཀྱང་ཐམས་ཅད་གདུལ་བྱ་མཐའ་ཡས་པ་ལ་འབད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ལས་ལ་རྡོ་ རྗེ་ལྟར་བཟློག་པར་དཀའ་བས་འཇུག་པར་འགྱུར་བའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ལ་དོན་ཡོད་པར་མཛད་པས་ན་གདོན་མི་ཟ་བའི་རྡོ་རྗེ་ཞེས་བཤད་དེ། ལས་ཀྱི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །དེ་བྱིན་གྱིས་ བརླབ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་གདོན་མི་ཟ་བའི་རྡོ་རྗེ་ཞེས་བཤད་དེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ལས་ཀྱི་རྡོ་རྗེ་དེ་བྱང་ཆུབ་སེམས་དཔའ་དེའི་ལག་པར་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །ལྷག་མ་རྣམས་ཀྱིས་ནི་ལས་ཀྱི་དམ་ཚིག་གི་དགོས་པ་བསྟན་པ་ཡིན་ཏེ། དེ་བཞིན་ གཤེགས་པ་ཐམས་ཅད་ལ་མཆོད་པ་བྱ་བ་ནི། ཡིད་ཀྱི་མཆོད་པ་མང་པོ་གང་མདོ་སྡེ་དག་ལས་བཤད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པ་རྒྱ་ཆེན་པོ་རྣམས་གཟུང་ངོ་། །དེ་ལྟ་བུའི་མཆོད་པ་ལ་འཇུག་ཅིང་། སེམས་ཀྱི་ལྷག་པར་མོས་པ་དེ་ཐོག་མར་བྱས་ནས། གདུལ་བྱ་རྣམས་ཀྱི་བྱ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྲིན་ལས་གཞན་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱང་ཡོངས་སུ་བསྡུའོ། །ལས་དེའི་ཚད་ཇི་ཙམ་ཞེ་ན། གདོན་མི་ཟ་བ་ཚད་མེད་པ། །ཞེས་བྱ་བ་སྟེ། ཇི་ལྟར་སེམས་བསོད་ནམས་ཀྱི་ཚོགས་མ་ལུས་པར་སྡུད་པ་ ལ་དོན་ཡོད་པ་དེས་ན་གདོན་མི་ཟ་བ་ཉིད་དོ། །ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ཡིན་པས་ན་ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ། །ཆོ་གའི་སྒྲ་ནི་རྣམ་པའི་ཚིག་སྟེ། ལས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་དོ། །དེའི་དམ་ཚིག་ནི་དེས་བསྡུས་པའི་མཚན་མ་སྟེ། མཚན་མ་དེས་མཆོད་པ་དེ་བྱིན་ གྱིས་བརླབས་ནས། འབྲས་བུ་གདོན་མི་ཟ་བར་འགྱུར་བས་དེའི་ཕྱིར་ལས་ཀྱི་རྡོ་རྗེ་དེ་ལ་དམ་ཚིག་ཅེས་བྱའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་ཀྱི་ལས་ཐམས་ཅད་དེ་ལས་ཕྲན་ཚེགས་རྣམས་སོ། །དེ་གྲུབ་པ་ནི་བསམས་ པའི་དོན་ཐོབ་པའོ། །དེས་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བ་ནི་མངོན་སུམ་དུ་མྱོང་བའོ། །བར་དུ་ཞེས་བྱ་བའི་སྒྲས་ནི་འཇིག་རྟེན་པ་དང་། འཇིག་རྟེན་པའི་འབྲས་བུ་གཞན་དག་ཀྱང་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྲིན་ལས་ཉིད་ནི། མི་ཕྱེད་པའི་ཕྲིན་ལས་ ཉིད་དེ་དེའི་ཡེ་ཤེས་སོ། །དེ་ཉིད་ནི་མངོན་པར་ཤེས་པའོ། །དངོས་གྲུབ་དམ་པ་ཡང་དེ་ཉིད་དེ། འབྲས་བུ་དེ་དག་གི་ཕྱིར་རོ། །ལས་ཀྱི་རིགས་ཐམས་ཅད་དུ་འཁོར་ལོ་བསྐོར་བར་འོས་པ་ཡིན་ལ། དེའི་ངོ་བོ་ཉིད་ཡིན་པས་ན་ཕྲིན་ལས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་སྟེ། ཕྲིན་ལས་ ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་དེ་ལ་རྡོ་རྗེའི་དབང་བསྐུར་བ་ནི་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་སྟེ། དེས་དབང་བསྐུར་ནས་དེའི་ལག་ཏུ་ལས་ཀྱི་རྡོ་རྗེ་དེ་བཞིན་དུ་བྱིན་པ་སྟེ། དེའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་རྡོ་རྗེའོ། །དེ་ཞེས་བྱ་བ་ནི་གང་ ཕྱག་ན་གནས་པའོ། །ཕྱག་རྒྱས་དབང་བསྐུར་བའི་རྗེས་ཐོགས་ལ་མིང་གི་དབང་བསྐུར་བ་སྟེ། རྡོ་རྗེ་ཕྱག་རྒྱའི་རྩེ་མོ་ཐམས་ཅད་པ་ཡིན་པས་ན་རྡོ་རྗེ་ཐམས་ཅད་པའོ། །རྡོ་རྗེ་ཐམས་ཅད་པ་ནི་རྡོ་རྗེ་ཁ་བཞི་པ་ཡིན་ལ། དེ་བས་ན་དེས་ཉེ་བར་མཚོན་པའི་མིང་ཡང་རྡོ་རྗེ་ཐམས་ཅད་པ་རྡོ་རྗེ་ཐམས་ ཅད་པ་ཞེས་རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་བའོ། །དེ་ཡང་རྡོ་རྗེའི་རིགས་སུ་རྡོ་རྗེས་མཚན་པའི་མིང་གི་དབང་བསྐུར་བས་ན། རྡོ་རྗེ་མིང་གི་དབང་བསྐུར་བ་སྟེ། རྡོ་རྗེ་ཡང་ཡིན་ལ་ཁ་བཞི་པ་ཡང་ཡིན་པས་རྡོ་རྗེ་ཐམས་ཅད་པ་སྟེ་དེས་མཚན་པས་རྡོ་རྗེ་ཐམས་ཅད་པ་ཞེས་བཤད་དོ། །རྡོ་རྗེ་ དེ་རང་གི་སྙིང་གར་བཞག་ལ་ཞེས་བྱ་བ་འདི་སྐད་དུ་སྟོན་ཏེ། སྙིང་ག་ནི་འདིའི་སྦྱོར་བའི་དུས་ཀྱི་གནས་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ངེས་པར་སྦྱོར་ཞིང་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་ བའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེས་བྱིན་གྱིས་བརླབས་པའི་སྔགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཕྲིན་ལས་ཐམས་ཅད་ལ་ངེས་པར་སྦྱར་རོ། །དེ་ཡང་སྙིང་གར་གནས་པའི་ཕྱག་རྒྱའི་ཁྱད་པར་འདི་དང་ཁྱེད་རྣམས་ཀྱིས་ལས་ཐམས་ཅད་བྱའོ་ཞེས་པའོ། །ཅིའི་ཕྱིར་དེ་ ལྟར་བྱ་ཞེ་ན། གང་གི་ཕྱིར། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ལས་རྣམས་ཐམས་ཅད་རབ་བྱེད་པ། །ཞེས་བྱ་བ་གསུངས་ཏེ། ལས་ཐམས་ཅད་བྱེད་པ་ཞེས་བྱ་བའི་དོན་ཏོ། །མཆོག་ཅེས་བྱ་བ་ནི་དམ་པའོ། །བདག་དེ་བདག་གི་ཞེས་བྱ་བ་ནི་ཕྱག་རྒྱ་དང་གཉིས་ཁྱད་པར་མེད་པར་སྟོན་ཏེ། དེ་ ལས་བྱུང་བའི་བདག་ནི་ལས་ཐམས་ཅད་བྱེད་པ་དང་། རྡོ་རྗེ་ཐམས་ཅད་པ་ལས་སྐྱེས་པས་ན། བདག་ནི་ལས་ཐམས་ཅད་པ་ཡིན་ལ་བདག་ཐམས་ཅད་པ་ལ་ཐམས་ཅད་པ་གནས་ཏེ། རྡོ་རྗེ་ཐམས་ཅད་པ་གནས་སོ་ཞེས་བྱ་བའི་དོན་ཏོ། །གདུལ་བྱ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་པ་རྣམས་ལ་ལས་ཐམས་ཅད་སྟོན་པར་མཛད་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་ཁྱད་པར་གྱི་ཕྲིན་ལས་ཀྱི་ངོ་བོ་སྙིང་པོ་དང་། ཕྱག་རྒྱ་དང་། སེམས་དཔའི་ངོ་བོར་དཀྱིལ་འཁོར་དུ་སྤྲུལ་པར་མཛད་པ་ཡིན་པས་འདས་མ་ཐག་པའི་རབ་ཏུ་བྱེད་པས་ནི་ཕྲིན་ལས་ བསྟན་པ་ཡིན་ནོ། །དེ་ནི་ལས་ལ་ཞུགས་པ་རྣམས་ཀྱིས་ནི་བསྲུང་བར་བྱ་དགོས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བརྩོན་འགྲུས་ཐུབ་དཀའ་བ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་ འགྲུས་ཐུབ་དཀའོ། །བརྩོན་འགྲུས་ནི་དགེ་བའི་ལས་རྣམས་ལ་སྤྲོ་བའོ། །ཐུབ་པར་དཀའ་བའི་བརྩོན་འགྲུས་གང་ལ་ཡོད་པ་དེ་ནི་བརྩོན་འགྲུས་ཐུབ་དཀའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་ལས་ཀྱི་མཚན་ཉིད་ཅན་གྱི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་ བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔར་འགྱུར་བ་སྟེ། གོ་ཆའི་རྣམ་པའི་ཕྱག་རྒྱའི་ཁྱད་པར་གང་གིས་བདག་དང་གཞན་ རྣམས་བསྲུང་བར་བྱས་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྲུང་བའི་དམ་ཚིག་ཅེས་བྱ་བ་ལ་སྒྲ་གང་གི་དོན་དེ་སྟོན་པར་བྱེད་པ་དེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྲུང་བའི་དམ་ཚིག་ཅེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན། དེའི་ དོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བཤད་དེ། དེ་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །གོ་ཆ་བརྟན་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྟན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེའི་གོ་ཆ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་གོ་ཆ་ཆེན་པོ་སྟེ། རྡོ་རྗེ་ལྟ་བུའི་བསམ་པ་ལས་བྱུང་ བས་ན་རྡོ་རྗེ་གོ་ཆ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྲུང་བའི་ཆོ་ག་རྒྱས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་བསྲུང་བ་གང་ཡིན་པ་དེའི་གོ་ཆ་ནི་བྱ་བ་དང་། ཉམས་སུ་བླང་བ་དང་། ལས་སོ། །རྒྱས་པ་ནི་རྣམ་པ་དུ་མ་སྟེ། འདི་ཉིད་ནི་ལས་ཡིན་ཏེ་དེ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཐུབ་དཀའ་བའི་སྐུའི་རྣམ་པར་ཤིན་ཏུ་བསྒོམས་པའི་ཕྱིར་གཅིག་པ་དང་། ཤིན་ཏུ་བརྟན་པས་ན་འདྲེས་པའོ། །མཁྲེགས་པ་ཞེས་བྱ་བའི་དོན་ཏོ། ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །བརྩོན་འགྲུས་ཀྱི་རང་བཞིན་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དེ། ཆོས་གང་སྤྲོ་བའི་མཚན་ཉིད་དང་འབྲེལ་པ་དེ་ལ་ནི་སྐྱེས་བུ་དཔའོ་ཞེས་བརྗོད་པ་དང་འདྲ་བར་དེའི་རང་བཞིན་ཅན་གྱི་གོ་ཆའོ། །ཤིན་ཏུ་བརྟན་པས་ན་རབ་ཏུ་བརྟན་པའོ། །དེ་གང་ཞེ་ན། བདག་ ཅེས་བྱ་བ་གསུངས་སོ། །ཁྱོད་གང་གི་ཕྱིར་རབ་ཏུ་བརྟན་པ་ཡིན་ཞེ་ན། གང་གི་ཕྱིར་བརྟན་པའི་བདག་ཉིད་ཅན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྲོ་བའི་བདག་ཉིད་ནི་བདག་ཡིན་ཏེ། བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་སྦྱངས་པས་འཇིག་རྟེན་གསུམ་པོ་རྣམས་ཀྱིས་ཀྱང་བསྐྱོད་པར་ མི་ནུས་སོ། །དམ་ཚིག་གི་བྱིན་གྱིས་བརླབས་པའི་སྐྱེས་བུ་གཞན་དག་གི་ལུས་ལ་ཡང་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ཀྱིས་ཀྱང་གཞིག་པར་མི་ནུས་པར་བརྟན་པའི་ཕྱིར། དེ་ནི་བརྟན་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟན་པ་གང་གི་ལུས་མིན་ཞེས་བྱ་བ་ལུས་ངན་ པ་སྟེ། མིའི་ལུས་ནི་སུ་ཡང་རུང་བས་གཞིག་པར་ནུས་པས་ན་ངན་པ་ཡིན་ལ། དེ་ཡང་འདི་ལྟ་བུའི་རྡོ་རྗེའི་ལུས་སུ་གྱུར་ཏེ། དེ་བས་ན་བདག་ནི་རྡོ་རྗེའི་ལུས་སུ་བྱེད་པའི་གོ་ཆའི་མཆོག་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་རྡོ་རྗེ་བརྟན་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། རྡོ་རྗེ་བརྟན་པ་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཁྱད་པར་གང་བརྩོན་འགྲུས་ཀྱི་རང་བཞིན་གྱི་གོ་ཆའི་མཚན་ཉིད་ཀྱིས་གོ་ བསྐོན་ཞིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་སྟེ། རྡོ་རྗེ་གོ་ཆ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེའི་ལག་པར་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སེམས་ ཅན་གྱི་ཁམས་ཡོངས་སུ་བསྐྱོང་བའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲ་ནི་རྡོ་རྗེའི་སྐུའི་བར་གྱི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བསྡུས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་དམིགས་པའི་ཡེ་ཤེས་ཀྱི་ས་བཅུ་ལ་རིམ་གྱིས་དངོས་པོ་ཐམས་ཅད་རྣམ་པར་བསྒོམས་ཏེ། ཡུན་རིང་པོ་ནས་བསམས་ པའི་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པ་རྫོགས་པར་བྱ་བའི་ཕྱིར། བསོད་ནམས་ཀྱི་ཚོགས་ཡོངས་སུ་དག་པའི་ཟླ་བའི་དཀྱིལ་འཁོར་གྱི་གཞི་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་ང་རྒྱལ་དུ་ཡོངས་སུ་གྱུར་པ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་ཡིན་ནོ་ ཞེས་དེ་ལ་ཤེས་པ་རྣམས་འཆད་དེ། དངོས་གྲུབ་ཀྱི་མཆོག་ཐོབ་པའི་འབྲས་བུ་དེ་དག་གི་ཕྱིར་རོ། །ཕྱག་རྒྱ་དེས་དབང་བསྐུར་བའི་རྗེས་ལ། སེམས་ཅན་གྱི་ཁམས་མ་ལུས་པ་བསྲུང་བའི་ལས་མཛད་དེ། དེ་བས་ན་གྲོགས་པོའི་བྱ་བ་བྱེད་དེ། མཛའ་བ་དེ་ཉིད་ཀྱང་རྡོ་རྗེ་ལྟར་མི་ཕྱེད་པས་དེའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་གྲོགས་པོ་རྡོ་རྗེ་གྲོགས་པོ་ཞེས་རྡོ་རྗེ་མིང་གི་དབང་བསྐུར་རོ། །དེ་ནས་རྡོ་རྗེ་གྲོགས་པོས་རྡོ་རྗེ་གོ་ཆ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐོན་ཞིང་སྲུང་བར་བྱེད་དེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་ བ་ལ་སོགས་པ་ལ། འདི་ཞེས་བྱ་བ་ནི་ཕྱག་ན་གནས་པའོ། །དེ་ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཕྱུང་བའོ། །དེ་གང་གི་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བའོ། །དེའི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། བྱམས་པའི་གོ་ཆ་ཞེས་བྱ་བ་སྟེ། བྱམས་པའི་དོན་རྫོགས་པར་ མཛད་པས་ན་བྱམས་པའི་གོ་ཆ་ཞེས་བཤད་དེ། གང་གི་ཕྱིར་སེམས་ཅན་གཞན་རྣམས་བདེ་བ་ལ་དགོད་པའི་མཚན་ཉིད་ནི། བྱམས་པ་ཡིན་པར་འདོད་ལ། གོ་ཆ་འདི་ཡང་སེམས་ཅན་བསྲུང་བའི་དོན་བྱེད་པས་བྱམས་པའི་དོན་རྫོགས་པར་བྱེད་པས་ན་དེའི་ཕྱིར་བྱམས་པའི་གོ་ཆ་ཞེས་བྱ་བ་གསུངས་ པ་ཡིན་ནོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དམ་པ་ཞེས་བྱ་བའི་དོན་ཏོ། །གང་གིས་དེ་དམ་པ་ཉིད་དུ་གྱུར་པ་ཡིན་ཞེ་ན། བརྩོན་འགྲུས་བརྟན་པས་ཞེས་བྱ་བ་གསུངས་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་བྱམས་པ་ནི་བརྩོན་འགྲུས་ཀྱི་དམ་ཚིག་ཡིན་པས་བསྲུང་བ་ཆེ་ཞེས་བཤད་པ་ཡིན་ ཏེ། འདི་ནི་བསྲུང་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །འཇིག་རྟེན་གྲོགས་པོ་ནི་མ་བཅོལ་དུ་ཟིན་ཀྱང་རང་གི་བྱ་བ་བཞིན་དུ་མཛའ་བོའི་བྱ་བ་བྱེད་དེ། དེ་ཡང་གལ་ཏེ་སྟོབས་དང་ལྡན་པས་ལ་ལ་ཞིག་གིས་བཟླས་པའམ། ནོར་ལ་སོགས་པས་བཟློག་པ་ཡིན་ལ། འདི་ནི་སེམས་ཅན་གྱི་དོན་ལ་ཞུགས་པ་གང་གིས་ཀྱང་བཟློག་པར་མི་ནུས་ཏེ། དེ་བས་ན་སྟོབས་དང་ལྡན་པ་གཞན་དག་ཀྱང་མེད་ལ། ནོར་ལ་སོགས་པས་ཀྱང་དབྱེ་བར་ནུས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེས་པ་སྤངས་པ་ཡིན་པས། དེའི་ཕྱིར། གྲོགས་པོ་ཆེན་པོར་ བརྗོད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །གདུལ་བྱ་སྔགས་ཀྱི་སྒོར་སྤྱོད་ཅིང་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་ལས་ལ་འཇུག་པ་རྣམས་ལ་བདག་དང་གཞན་བསྲུང་བར་བྱ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱམས་པ་དང་། བརྩོན་འགྲུས་ ཀྱི་རང་བཞིན་གྱི་ཡོན་ཏན་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའི་གཟུགས་སུ་དཀྱིལ་འཁོར་དུ་སྤྲུལ་པ་མཛད་པ་ཡིན་པར་རབ་ཏུ་བྱེད་པ་འདིས་སྟོན་པ་ཡིན་ནོ། །ད་ནི་ལས་ལ་ཞུགས་པ་རྣམས་བསྲུང་བ་བྱས་སུ་ཟིན་ཀྱང་། བཟློག་པར་དཀའ་བའི་བགེགས་འབྱུང་ཞིང་གླགས་ཚོལ་བར་བྱེད་དེ། དེ་བས་ན་དེ་རྣམས་སྐྲག་པར་བྱ་བའི་ཕྱིར་བཟློག་པར་བསྟན་པར་བྱ་བའི་དོན་དུ། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་ཉེ་བར་བཀོད་ཅིང་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བདུད་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པ་ཡང་ཡིན་པས་ན་བྱང་ཆུབ་སེམས་ དཔའ་ཆེན་པོ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་བྱང་ཆུབ་སེམས་དཔའོ། །བདུད་ཐམས་ཅད་རབ་ཏུ་འཇོམས་ཤིང་ཕྱེ་མར་རློག་པའི་ངང་ཚུལ་ཅན་ཡིན་པས་ན་བདུད་ཐམས་ཅད་རབ་ཏུ་འཇོམས་པའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་ རྒྱ་ལ་སོགས་པའོ། །དེ་ལས་ཀྱི་མཚན་ཉིད་ཅན་གྱི་སེམས་དཔའི་ཁྱད་པར་གང་ལས་འབྱུང་བ་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་དུ་མཛད་པའོ། ། དེ་བཞིན་གཤེགས་པ་ཐམས་ཅད་མཆེ་བའི་མཚན་ཉིད་ཅན་གྱི་ཕྱག་རྒྱའི་ཁྱད་པར་གྱི་ཐབས་གང་གིས་བདུད་ཐམས་ཅད་སྐྲག་པར་མཛད་པའི་མཆེ་བའི་ཁྱད་པར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་ལ། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ ཚིག་ཅེས་བྱ་བ་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་ཐབས་འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་གསུངས་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ཅི་ཞིག་ མཛད་ཅེ་ན། རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་བསྐུལ་བའི་རྗེས་ཐོགས་ཉིད་ལ་སྟེ། རྣམ་པ་གང་གིས་བཅོམ་ལྡན་འདས་ལ་བསྐུལ་བའི་རྣམ་པ་དེ་ཉིད་ཀྱིས་རྣམ་པ་དེ་ཉིད་རྫོགས་པར་བྱེད་པའི་ཕྱག་རྒྱའི་ཁྱད་པར་གྱི་ནུས་པ་ཡོད་པ་གང་ཡིན་པ་དེ་ནི། བཅོམ་ ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །གང་སྔར་གོ་ཆའི་ཚུལ་དུ་བྱུང་བ་གང་ཡིན་པ་དེ་ད་ལྟར་མཆེ་བར་གྱུར་ནས་འབྱུང་བ་ཡིན་ནོ། །རྡོ་རྗེ་མཆེ་བ་ཉིད་མཚོན་ཆ་ཡིན་པས་ན་རྡོ་རྗེ་མཆེ་བའི་མཚོན་ཆ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེའི་རང་བཞིན་གྱི་ཐུགས་ཀྱིས་སྤྲུལ་པ་ཡིན་ལ། རྡོ་ རྗེའི་རྣམ་པ་དང་རྗེས་སུ་མཐུན་ཞིང་ཐམས་ཅད་འཇིག་པར་ནུས་ལ། ཕྱིར་རྒོལ་བ་ཐམས་ཅད་སྐྲག་པར་བྱེད་ཅིང་མཚོན་ཆའི་བྱ་བ་རྫོགས་པར་བྱེད་པས་ན་རྡོ་རྗེ་མཆེ་བའི་དབྱིབས་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གདུག་པ་འདུལ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། ངེས་པར་སྲེག་གང་རྣོ་བ་གང་། །དྲག་ཤུལ་ཅན་གང་གཟི་ཅན་གང་། །ཤ་དང་ཁྲག་དང་རྐང་ཟ་གང་། །དེ་བས་དྲག་པོ་ཞེས་བཤད་དོ། །དྲག་པོའི་རྣམ་པར་འགྱུར་བ་ནི་གདུག་པ་སྟེ། དེ་རྣམས་གདུལ་བ་ནི་ང་རྒྱལ་ཚར་བཅད་པས་གདུག་པ་ཉིད་བསལ་བ་སྟེ། དེ་གདུལ་བ་ཐོག་མར་བྱའོ། །བདུད་ ཐམས་ཅད་རབ་ཏུ་འཇོམས་པ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེས་མི་སྣང་བར་བྱས་པ་སྟེ། ཤིན་ཏུ་འཇོམས་པ་ཡིན་ལ་དེའི་ངོ་བོ་ཉིད་ཡིན་པས་ན་རབ་ཏུ་འཇོམས་པ་ཉིད་དོ། །དེ་བས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའི་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པའི་ གཟུགས་སུ་ཤིན་ཏུ་བསྒོམས་པའི་ཕྱིར་གཅིག་པའོ། །བརྟན་པས་ན་འདྲེས་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཅི་ཞིག་ངོ་མཚར་ཞེ་ན། ཐབས་ཆེན་ཏེ་ཞེས་བྱ་བ་གསུངས་ཏེ། ཐབས་ཆེ་བས་ཐབས་ཆེན་ནོ། །སུ་ཞིག་ ཅེ་ན་བདག་གོ། །སུ་ཞིག་གི་ཞེ་ན་སངས་རྒྱས་རྣམས་ཀྱིའོ། །