Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 55

Văn bản gốc(Tây Tạng)

Trang 6 / 17 (50.000 ký tự/trang)
ྱའི་ཚོགས་གང་ཡིན་པ་དེའི་གཟུགས་སུ་གྱུར་ཏེ་བྱུང་ངོ་
ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་ཕྱག་རྒྱ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་དེ་ཕྱག་རྒྱ་ཐམས་ཅད་བཀུག་ནུས་པར་གྱུར་པ་སྟེ། རང་གི་ལུས་བཞིན་དུ་ཐམས་ཅད་ལ་དབང་བ་ཉིད་དུ་བསྟན་པའི་ཕྱིར་ཕྱག་རྒྱའི་ཚོགས་ཞེས་སྨོས་པ་ཡིན་ཏེ། ཕྱག་རྒྱའི་ཚོགས་ཐམས་ཅད་ལས་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའོ། །དེ་རྣམས་ལས་ཀྱང་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྕགས་ཀྱུའི་སྐུར་གྱུར་པ་ཡིན་དུ་ཟིན་ཀྱང་། ཕྱག་རྒྱའི་ཚོགས་དེ་དག་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱི་རླབས་ཀྱིས་ཡང་དག་པར་བསྡུས་ཏེ། རྡོ་རྗེ་ལྕགས་ཀྱུར་གྱུར་པ་དང་། སླར་ཡང་
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་ལ་དབང་བསྐུར་བ་བྱིན་ནོ། །དེ་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མིང་གི་དབང་བསྐུར་བས་དབང་བསྐུར་རོ་ཞེས། འདིར་རྩ་བའི་གཞུང་ལས་མ་སྨོས་སུ་ཟིན་ཀྱང་། དོན་གྱི་དབང་གིས་ཐམས་ཅད་མཛད་པར་ཤེས་པར་བྱའོ། །བཅོམ་
ལྡན་འདས་ཀྱིས་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་ཞེས་བྱ་བ་ལ། བཅོམ་ལྡན་འདས་དང་འབྲེལ་པའི་ཁང་བ་བརྩེགས་མ་གང་ཡིན་པ་དེའི་རྡོ་རྗེའི་སྒོ་སྟེ། རྡོ་རྗེས་ཉེ་བར་མཚོན་པའི་སྒོ་ནི་རྡོ་རྗེའི་སྒོ་སྟེ། དའི་ནང་ན་ནི་དབུས་སུའོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །དེ་རྣམས་འགུགས་ཤིང་རང་གི་ལས་བྱེད་པ་ན་རང་གི་མཐུ་སྟོབས་མཐོང་བས་དགའ་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།

ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་དུ་གྱུར་ཞེ་ན། གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་སྤྱན་འདྲེན་བརྟན་པ་བདག །ཅེས་བྱ་བ་སྟེ། ཀུན་ནས་སྤྱན་འདྲེན་པའི་ཕྱིར་ཡང་དག་སྤྱན་འདྲེན་པའོ། །གང་གིས་ཀྱང་བཟློག་པར་མི་
ནུས་པས་ན་བརྟན་པའོ། །གལ་ཏེ་ཁྱོད་ཡང་དག་པར་སྤྱན་འདྲེན་པ་ཡིན་དུ་ཟིན་ཀྱང་། ངོ་མཚར་ཅི་ཞིག་ཆེ་ཞེ་ན། གང་ཕྱིར་བདག་གིས་སྤྱན་དྲངས་པས། །དཀྱིལ་འཁོར་ཀུན་ལ་བརྟེན་པར་འགྱུར། །ཞེས་བྱ་བ་སྟེ། གང་གི་ཕྱིར་བདག་གིས་སྤྱན་དྲངས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་ཀྱང་རྟོག་པ་མི་མངའ་བར་དཀྱིལ་འཁོར་ཀུན་ལ་བརྟེན་པ་སྟེ། དཀྱིལ་འཁོར་ཐམས་ཅད་དུ་འཇུག་ཅེས་བྱ་བའི་དོན་ཏོ། །བཀུག་ཏུ་ཟིན་ཀྱང་དཀྱིལ་འཁོར་དུ་མ་བཅུག་ན་དགོས་པ་མི་བྱེད་པས་དེའི་ཕྱིར་གཞུག་པའི་ཐབས་ཀྱི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་
པའི་གཞུང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ། །དེ་རྣམས་དཀྱིལ་འཁོར་དུ་གཞུག་པའི་སེམས་དཔའ་ཆེན་པོ་གང་གིས་བྱས་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་
པའི་སེམས་དཔའ་ཆེན་པོའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་སེམས་དཔའི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་
པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་ཕྱག་རྒྱའི་ངོ་བོ་ཉིད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེ་རྣམས་ཀྱི་འཇུག་པའོ། །རེ་རེ་ནས་གསོལ་བས་ན་གསོལ་ཀ་མ་སྟེ། དེ་བྱེད་པས་ན་གསོལ་ཀ་བའོ། །དེ་ཡང་འཇུག་པར་བྱེད་པ་ལ་དབང་བར་
ཆོས་མཐུན་པས་ན་གསོལ་ཀ་བ་སྟེ། རྒྱལ་པོའི་ཕོ་བྲང་ན་བཞུགས་པའི་ཚུལ་སྟོན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱིར་ཕྱག་རྒྱའི་ཚོགས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱག་རྒྱའི་ཚོགས་ཏེ། དེ་ཞགས་

པའི་ཚོགས་སུ་གྱུར་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱག་རྒྱའི་ཚོགས་སུ་གྱུར་ཞེས་བྱ་བ་ནི་དམ་ཚིག་དེ་རྣམས་ཉིད་ཀྱི་ཕྱག་རྒྱའི་ཚོགས་གང་ཡིན་པ་དེར་གྱུར་ཞེས་བྱ་བའི་དོན་ཏོ། །ལྕགས་ཀྱུ་ལ་བཤད་པའི་ཚུལ་བཞིན་དུ་
ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱང་བྱིན་གྱི་རླབས་ཀྱི་དབང་གིས་ཞགས་པའི་གཟུགས་སུ་གྱུར་པའམ། ཞགས་པ་མ་ཡིན་པ་རྣམས་ཀྱང་ཞགས་པའི་གཟུགས་སུ་གྱུར་པ་སྟེ། གཉི་ག་ལྟར་ཡང་ཉེས་པ་མེད་དོ། །ཡང་ན་གཅིག་ཏུ་འདྲེས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཞགས་
པ་ཞེས་བྱ་བའི་སྐུ་གྱུར་ནས་ཞེས་བྱ་བར། རྡོ་རྗེས་མཚན་པའི་ཞགས་པ་ཡིན་པས་ན་རྡོ་རྗེ་ཞགས་པ་ཞེས་བྱ་བའམ། རྡོ་རྗེ་ལྟ་བུའི་བསམ་པ་ལས་བྱུང་བ་ཡིན་པས་ན། རྡོ་རྗེ་ཞགས་པའོ། །དེས་ཉེ་བར་མཚོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་ཆེན་པོ་ལ་སེམས་དཔའོ། །དེ་
ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རྡོ་རྗེ་ཞགས་པ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཞགས་པའོ། །དེའི་སྐུ་ནི་དེའི་གཟུགས་སུ་གྱུར་པའོ། །རིན་པོ་ཆེའི་ཉེ་བར་མཚོན་པའི་སྒོ་ཡིན་པས་རིན་པོ་ཆེ་ལས་བྱས་པའི་སྒོའོ། །དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་རང་གི་
ལས་མཛད་པ་སྟེ་རང་གི་དགོས་པ་ཡང་དག་པར་མཐོང་བས་དགའ་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་དུ་གྱུར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ཞགས་པ་དམ་པའི་བདག །ཅེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་
ཀྱིས་ཀྱང་གཅོད་པར་མི་ནུས་པས་ན་དམ་པའོ། །དེ་ལྟ་ཡིན་དུ་ཟིན་ཀྱང་ངོ་མཚར་ཅི་ཞིག་ཆེ་ཞེ་ན། རྡུལ་ཕྲན་ཞུགས་པ་ཐམས་ཅད་ཀྱང་། །བདག་གིས་སླར་ཡང་དྲང་བར་བགྱི། །ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུས་རྡུལ་ཕྲན་ཐམས་ཅད་ཞུགས་པ་ཡང་གདུལ་
བྱའི་སྐྱེ་བོ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། བདག་གིས་སླར་ཡང་དཀྱིལ་འཁོར་དུ་བཅུག་པ་འདི་ནི་ངོ་མཚར་ཏོ། །ཇི་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་བཅུག་ཅེ་ན། གཟུགས་ཀྱི་སྐུས་ཐམས་ཅད་དུ་སོང་བ་མ་ཡིན་པས་ན་འགལ་བ་མེད་དོ། །དཀྱིལ་འཁོར་དུ་བཅུག་ཏུ་ཟིན་

ཀྱང་དམ་ཚིག་གི་འཆིང་བས་མ་བཅིངས་ན། གལ་ཏེ་དགོས་པའི་དུས་སུ་མི་བཞུགས་པས་དེ་ལྟ་བས་ན་དམ་ཚིག་གི་འཆིང་བའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ། །བསྟན་པ་ཙམ་གྱིས་བགེགས་དང་ལོག་འདྲེན་གྱི་ཚོགས་ཐམས་ཅད་གཏོར་བར་བྱེད་པས་ན་གཏོར་བ་སྟེ། ལྕགས་སྒྲོག་ལ་བྱའོ། །ཡང་ན་འདི་གསལ་བར་
གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་འདའ་བར་མི་མཛད་པའི་ཕྱིར་ལྕགས་སྒྲོག་ལ་དམ་ཚིག་གི་འཆིང་བ་ཞེས་བཤད་དེ། ཆོས་ཀྱི་ལོངས་སྤྱོད་རྫོགས་པའི་འཁོར་གྱི་དཀྱིལ་འཁོར་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་ལ་རྗེས་སུ་ཕན་
གདགས་པའི་ཕྱིར། གང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་འཁོར་གྱི་དཀྱིལ་འཁོར་འདི་ལྟ་བུ་ཕྱེ་མས་བྲིས་པའི་དཀྱིལ་འཁོར་གང་ཡིན་པ་དེར་ཁྱེད་རྣམས་བཀུག་ཅིང་བཞག་ལ། ལྕགས་སྒྲོག་གི་ཕྱག་རྒྱ་བསྟན་པ་དེའི་ཚེ།
ཇི་སྲིད་དུ་བྱ་བ་ཡོངས་སུ་རྫོགས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ཁྱེད་རྣམས་གནས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བཀའ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱང་ཉིད་ཀྱི་བྱ་བའི་དུས་ལས་འདས་པར་མི་མཛད་པས་དེ་
ལ་ཡང་དེའི་དམ་ཚིག་འཆིང་བ་ཡིན་ནོ། །ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་གཞན་རྣམས་ལ་ཡང་བཅོམ་ལྡན་འདས་ཀྱི་བདེན་པ་བསྒོམ་པའི་བཀའ་དེ་ཉིད་འཆིང་བ་ཡིན་ཏེ། སྐྱེས་པའི་རབས་ལས་ཀྱང་བདེན་པ་ལ་ཡོངས་སུ་གོམས་པའི་ཚིག་ལས་ནི་མེ་ཡང་འདའ་བར་མི་བྱེད་དོ་ཞེས་ཇི་
སྐད་གསུངས་པ་ལྟ་བུའོ། །དེ་བས་ཚིག་དེ་ཉིད་བཅོམ་ལྡན་འདས་ཀྱིས་ལྕགས་སྒྲོག་གི་ཕྱག་རྒྱ་བསྟན་ཏེ་ཞེས་གསུངས་སོ། །དེ་ལྟ་བས་ན་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་ཡང་འཆིང་བ་ཡིན་ཏེ། ཇི་ལྟར་བླ་མའི་ཚིག་གམ། རང་གི་

ཚིག་གིས་འདུག་པར་བྱའོ་ཞེས་བྱ་བ་ནི་འཆིང་བ་ཡིན་ནོ་ཞེས་བྱ་བ་བཞིན་ཏེ། དེ་བས་ན་འདི་ནི་ལྕགས་སྒྲོག་ཅེས་བྱའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་དེ་ལས་སེམས་དཔའ་གང་སྤྲུལ་ཏེ་བྱུང་ཞིང་ལྕགས་སྒྲོག་གི་ཕྱག་རྒྱ་དེ་འཆིང་བ་འདི་ལ་ཡང་དམ་ཚིག་གི་
ལྕགས་སྒྲོག་གི་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ་དེའི་དམ་ཚིག་གོ། །དེ་སེམས་དཔའི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་འཆིང་བ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པ་སྟེ་མིང་དེ་སྐད་ཅེས་བྱའོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་ཞེས་བྱ་སྟེ། རྒྱལ་པོས་མནའ་ཆུ་ལ་སོགས་པ་བླུད་པས། དམ་བཅའ་བ་ལ་འཇོག་པ་གང་
ཡིན་པ་དེ་ནི་འཇིག་རྟེན་ན་ཕོ་ཉ་ཞེས་བྱ་སྟེ། དམ་ཚིག་ལ་འཇོག་པ་དེ་དང་ཆོས་མཐུན་པས་ན་འདི་ལ་ཡང་ཕོ་ཉ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་
བཅིང་བའི་ཕྱིར། ཕྱག་རྒྱའི་ཚོགས་སུ་གྱུར་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པའི་ཕྱག་རྒྱའི་ཚོགས་སུ་གྱུར་པ་སྟེ། རེ་རེ་ཞིང་ལྕགས་སྒྲོག་ཏུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱའི་ཚོགས་དེ་རྣམས་ལས་ཀྱང་དེ་བཞིན་གཤེགས་པའི་སྐུ་རྣམས་ཏེ། དེ་དག་ལས་
ཀྱང་ཕྱག་རྒྱ་འཛིན་པའི་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྕགས་སྒྲོག་འཛིན་པའི་སྐུར་གྱུར་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རྡོ་རྗེ་ལྕགས་སྒྲོག་ཀྱང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྕགས་སྒྲོག་གོ། །བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་
པའི་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་མ་གང་ཡིན་པ་དེའི་སྒོ་པདྨས་མཚན་པའི་དབུས་སུ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་འཆིང་བ་ནི་རང་གི་དམ་ཚིག་དང་། སྟོན་པའི་

བཀའ་ཁས་བླངས་པའི་མཚན་ཉིད་བཞིན་དུ་བྱ་བ་ཡོངས་སུ་རྫོགས་པའི་བར་དུ་འཇོག་པའི་རང་གི་ནུས་མཐུ་མཐོང་བས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་རྡོ་རྗེ་ལྕགས་སྒྲོག་བདག །ཅེས་བྱའོ། །ཇི་ལྟ་བུ་
ཞེ་ན། དམ་པོ་སྟེ་གཞན་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རོ། །དེ་ལྟ་བུ་ཡིན་དུ་ཟིན་ཀྱང་ངོ་མཚར་ཅི་ཞིག་ཆེ་ཞེ་ན་གང་ཕྱིར། བཅིངས་པ་ཀུན་ལས་གྲོལ་བ་རྣམས། །སེམས་ཅན་དོན་དུ་འཆིང་བར་འདོད། །ཅེས་བྱ་བ་གསུངས་ཏེ། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བ་རྣམས་ཀྱང་འཆིང་
བར་བྱེད་པ་འདི་ནི་ངོ་མཚར་ཆེའོ། །གལ་ཏེ་ཁྱོད་ཀྱིས་བཅིངས་པ་ཡིན་ན། ཇི་ལྟར་འཆིང་བ་ཐམས་ཅད་ལས་ངེས་པར་གྲོལ་བ་ཡིན། དེ་ལྟར་བདེན་མོད་ཀྱི་འོན་ཀྱང་ཉོན་མོངས་པའི་དབང་དུ་གྱུར་པའི་སེམས་ཅན་འཁོར་བ་ན་འཁོར་བ་རྣམས་ཀྱི་འཆིང་བ་ལྟ་བུར་འདོད་པ་ནི་མ་ཡིན་གྱི། ཉོན་
མོངས་པ་རྣམས་ཀྱི་འཆིང་བ་གཏུབས་ཤིང་འཁོར་བའི་སྡུག་བསྔལ་ལས་ཡང་དག་པར་འདས་པའི་ཐུགས་རྗེ་ཅན་ཡང་སེམས་ཅན་རྣམས་ཀྱི་དོན་ལ་འཆིང་བར་འདོད་པ་ཡིན་ནོ། །བཀུག་པ་དང་བཅུག་པ་དང་བཅིང་བ་བྱས་སུ་ཟིན་ཀྱང་། དབབ་པ་མེད་དུ་ཟིན་ན་སོ་སོའི་སྐྱེ་བོ་ཡེ་ཤེས་
མ་སྐྱེས་པ་རྣམས་དཀྱིལ་འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བྱོན་ཏོ་ཞེས་ཡིད་ཆེས་པར་མི་འགྱུར་ཏེ། དེ་བས་ན་ཡིད་ཆེས་པ་བསྐྱེད་པར་བྱ་བའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་པ་ཡིན་ནོ། །ཆོ་ག་གང་གིས་དེ་བཞིན་གཤེགས་པ་ཐམས་
ཅད་འབེབས་པའི་དབབ་པ་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དབབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཡང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེའི་དམ་
ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་སེམས་དཔའི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཕྱག་རྒྱ་

གང་ཡིན་པ་དེ་རྣམས་ཀྱི་བྲན་ནི་བསྐྱོད་པ་ལ་སོགས་པར་ཆོས་མཐུན་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚོགས་ཐམས་ཅད་ནི་སྐུ་དང་ཕྱག་དང་སྤྱན་དང་སྒྲོས་ལ་སོགས་པ་ཕྱག་རྒྱའི་ངོ་བོ་ཉིད་དོ། །གཅིག་ཅེས་བྱ་བ་ལ་སོགས་པ་ལ་གཅིག་ནི་རྣམ་པར་མ་ཕྱེ་བའི་ངོ་
བོ་ཉིད་དོ། །འདྲེས་པ་ནི་བརྟན་པ་སྟེ་བསམ་པ་རྡོ་རྗེ་ལྟ་བུས་སྤྲུལ་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་འབེབས་པས་ན་དབབ་པ་སྟེ། ལྷའི་གཟུགས་སུ་བྱེད་པའོ། །བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པ་དེའི་སྒོ་ལས་ཀྱི་རྡོ་རྗེས་མཚོན་པ་ནི་ལས་ཀྱི་སྒོའོ། །དེ་
བཞིན་གཤེགས་པ་ཐམས་ཅད་འབེབས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་པ་གང་གིས་དཀྱིལ་འཁོར་དུ་སྤྲུལ་པ་གང་ཡིན་པ་རྣམས་དང་། རྣལ་འབྱོར་མ་གྲུབ་པའི་སྔགས་པས་ཚོན་གྱིས་བྲིས་པ་གང་ཡིན་པ་དང་། བྱིན་གྱིས་བརླབ་པ་བྱས་
པའི་སྔགས་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲར་བཤད་དོ། །འདིར་བྱིན་གྱི་རླབས་ཀྱིས་འབེབས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་རྣལ་འབྱོར་དང་། སྔགས་ཀྱི་མཐུས་བཀུག་ཅིང་དེར་བཅུག་པའི་རང་གི་ལས་ཀྱི་མཐུ་མཐོང་བས་དགའ་སྟེ།
ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་དབབ་པ་བརྟན་པའི་བདག །ཅེས་བྱ་བ་སྟེ། ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པས་ན་བརྟན་པའོ། །དེ་ལྟ་ཡིན་དུ་ཟིན་ཀྱང་ངོ་
མཚར་ཅི་ཞིག་ཡོད་ཅེ་ན། གང་གི་ཕྱིར། །ཀུན་གྱི་བདག་ཏུ་འགྱུར་ནས་ཀྱང་། །བྲན་དུ་ཡང་ནི་གྱུར་པ་ཡིན། །ཞེས་བྱ་བ་སྟེ། གང་གི་ཕྱིར་ཐམས་ཅད་ཀྱི་བདག་པོར་གྱུར་ཀྱང་། གདུལ་བྱ་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་བྲན་དུ་ཡང་གྱུར་པའོ། །ཀུན་གྱི་བདག་པོ་ནི་འཁོར་ལོས་སྒྱུར་བ་སྟེ། དེར་
གྱུར་ཀྱང་གཞན་གྱི་ལས་ལ་དགའ་བར་ཡང་གྱུར་པའོ། །དེ་ཡང་གང་དང་གང་གི་གཟུགས་ནི། ལུས་ཅན་གང་ནི་འདུལ་གྱུར་པ། །ཐུགས་བརྩེས་ནོན་པ་དེ་དང་དེར། །ཐུགས་རྗེའི་བདག་ཉིད་སྟོན་པར་མཛད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་

བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀུན་ནས་འགུགས་པ་ནི་སྤྱན་དྲང་བ་སྟེ། དེ་སེམས་དཔའི་ཕྱག་རྒྱའི་ཁྱད་པར་གང་གིས་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་ཞེས་བཤད་དོ། །དེ་ཡང་ཐུགས་རྗེའི་ངོ་བོ་ཉིད་དོ། །ཐུགས་རྗེས་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་སྤྱན་དྲངས་པར་འགྱུར་གྱི། གཞན་ནི་གང་གིས་ཀྱང་མ་ཡིན་ནོ། །དེ་ཡང་། རིག་པ་ཡི་ནི་མཚོ་ནང་ནས། །ཀླུ་བཞིན་ཁྱོད་ལ་ཐུགས་རྗེ་ཡིས། །དགོན་པ་ཞིག་ནས་གྲོང་གི་བར། །གདུལ་བྱའི་དོན་གྱི་སླད་དུ་དྲངས། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །སྤྱན་དྲངས་
པར་གྱུར་ནས་ཕྱག་རྒྱའི་ཁྱད་པར་གང་བཅུག་པ་དེ་ནི་གཞུག་པ་སྟེ། འཇུག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་སེམས་ཅན་ལ་བྱམས་པ་སྟེ། སེམས་ཅན་ལ་བྱམས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་དུ་འཇུག་སྟེ། དེ་རྣམས་ལ་རྗེས་སུ་ཕན་གདགས་པའི་ཕྱིར་
བྱམས་པའི་ཞགས་པས་དྲངས་པའོ། །དེ་ཡང་གཏིང་དཔག་དཀའ་བའི་བསྟོད་པ་ལས། ཁྱོད་ནི་འཁོར་བར་སྡུག་བསྔལ་བའི། །འགྲོ་ལ་བྱམས་པའི་ཐུགས་གཞོལ་བས། །ཡུན་རིང་དུས་ནི་ཟད་མཛད་ཀྱང་། །ཞལ་གྱིས་བཞེས་པའི་ལས་མཐུན་མིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །བཅིང་བ་
ནི་དམ་ཚིག་གི་བཅིང་བ་སྟེ། སྟོན་པའི་བཀའ་དང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་ཐམས་ཅད་བགྱིའོ་ཞེས་ཁས་བླངས་པའོ། །རྣམ་པ་འདི་གཉིས་ལྟ་བུའི་ལྕགས་སྒྲོག་གིས་རྐང་པ་གཉིས་བཅིང་བ་སྟེ། སྟོན་པའི་བཀའ་ནི་ལྕགས་སྒྲོག་གི་ལག་པ་གཅིག་ཡིན་ལ། རང་
གི་ཁས་བླངས་པ་ནི་གཉིས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། ཁྱོད་ཀྱིས་འདི་ཡི་རྐང་པ་གཉིས། །སྙིང་གི་ཞགས་པ་ཆེན་པོས་བཟུང་། །བདག་ཀྱང་འདི་ཡི་ཡོན་ཏན་གྱིས། །སྙིང་ནི་དེ་བས་དམ་དུ་ཟིན། །ཞེས་བཤད་པ་ལྟ་བུའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་བསྔགས་པར་འོས་པའི་བཀའ་
གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅིང་བ་སྟེ། བསླབས་པས་བསྡམས་པ་ལྟ་བུའོ། །དབང་དུ་བྱ་བ་ནི་མཉེས་པར་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པའོ། །དེ་ཡང་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསན་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་མཉེས་པར་འགྱུར་ཏེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་དྲིལ་བུའི་སྒྲས་སྟོན་ལ། དེ་བསམ་པ་ཉིད་ཀྱིས་ཕྱག་རྒྱ་དང་། ལེགས་པར་སྤྲུལ་པ་དང་། བྲིས་པ་དང་། སེམས་ཅན་དམ་པ་རྣམས་ལ་འབབ་པར་འགྱུར་བའམ། ཡེ་ཤེས་བབས་པའི་བྱིན་གྱི་རླབས་ཀྱིས་
ཡེ་ཤེས་སྐྱེ་བར་འགྱུར་རོ། །སྔགས་པ་རྣམས་ཀྱི་མིག་ལ་བབས་པར་ཡང་མཛད་དེ། མཆི་མ་འཛག་པ་ལ་སོགས་པ་དང་། བ་སྤུ་ལྡང་བ་ལ་སོགས་པར་ཡང་སྣང་ངོ་། །འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་སྟེ། ཇི་སྐད་བཤད་པའི་བྱ་བ་མེད་པའི་ཕྱིར་རོ། །བཅོམ་ལྡན་
འདས་རྣམ་པར་སྣང་མཛད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། དཀྱིལ་འཁོར་གྱི་བདག་པོའི་སློབ་དཔོན་གྱི་དམ་པར་གྱུར་པ་སྟེ། མི་བསྐྱོད་པ་ལ་སོགས་པ་དང་། ཀུན་དུ་བཟང་པོ་ཡང་བསྐུལ་ཞིང་ཕྱག་རྒྱ་དང་། སེམས་དཔའ་རྣམས་བསྐྱེད་པར་མཛད་པ་དང་། ཏིང་ངེ་འཛིན་དང་བྱིན་གྱི་རླབས་ཀྱི་
དབང་གིས་དབང་བསྐུར་ཞིང་ལས་ལ་ངེས་པར་སྦྱོར་བའོ། །བཅོམ་ལྡན་འདས་མི་བསྐྱོད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དེ་ཡང་ཕྱག་རྒྱ་དང་སེམས་དཔའ་རྣམས་བསྐྱེད་པའོ། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཅན་ཏེ། དེ་ཡང་སྐྱེད་པ་པོའོ། །
བཅོམ་ལྡན་འདས་སྣང་བ་མཐའ་ཡས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དེ་ཡང་སྐྱེད་པ་པོའོ། །བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དེ་ཡང་སྐྱེད་པ་པོའོ། །དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བསྐུལ་ཞིང་ཕྱག་རྒྱ་བཀྲོལ་
བའི་སྒོ་ནས་སེམས་དཔའ་རྣམས་བསྐྱེད་པར་བྱ་བའི་ཕྱིར་འབད་པ་དང་བཅས་པའོ། །དེ་ལྟར་རེ་ཞིག་ཆོས་ལྔས་བསྡུས་པའི་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པ་ལྔ་པོ་ཉིད་དུ་དཀྱིལ་འཁོར་དུ་དགོད་པའི་རྣམ་པར་གཞག་པ་ཡིན་ནོ། །བཅོམ་ལྡན་འདས་དང་པོའི་སེམས་དཔའ་རྡོ་རྗེ་སེམས་དཔའ་ནི་བྱང་
ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ན་སེམས་ཅན་རྣམས་ཡང་དག་པར་བསྡུ་བར་བྱ་དགོས་ཏེ། དེ་བས་ན་སེམས་དཔའ་གཉིས་ནི་བསྡུ་བའི་དངོས་པོ་བཞིའི་ངོ་བོ་ཉིད་དེ། སེམས་ཅན་བསྡུ་བའི་ཐབས་སུ་རྒྱུར་གྱུར་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་ཅན་རྣམས་

བསྡུ་བ་བྱས་པ་ནི། སེམས་ཅན་དེ་རྣམས་ངེས་པར་དགའ་བར་བྱ་དགོས་ཏེ། དེ་བས་ན་སེམས་དཔའ་གསུམ་ནི་སེམས་ཅན་རྣམས་དགའ་བའི་ཐབས་སུ་གྱུར་པ་སེམས་ཅན་རྣམས་སྨིན་པ་དང་གྲོལ་བའི་ཆགས་པའི་ངོ་བོ་ཉིད་དོ། །སེམས་ཅན་རྣམས་ཆགས་པར་བྱས་ནས་ནི་དེའི་འོག་ཏུ་བྱང་ཆུབ་སེམས་
དཔའི་ས་རང་གི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་རྣམས་མཉེས་པར་བྱ་དགོས་ཏེ། དེ་བས་ན་སེམས་དཔའ་བཞི་པ་ནི་སེམས་ཅན་རྣམས་མགུ་བར་བྱེད་པའི་ངོ་བོ་ཉིད་དོ། །དེ་ལྟར་རྣམ་པ་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་འདི་ལ་གསང་སྔགས་ཀྱི་སྤྱོད་པའི་ཚུལ་ལ་ཞུགས་པ་
རྣམས་ཀྱི་དམ་ཚིག་ཡིན་ནོ། །དེ་བས་ན་དམ་ཚིག་གི་སེམས་དཔའ་ཞེས་གསུངས་ཏེ། གང་གི་ཕྱིར་འདི་ལ་གནས་ན་བྱང་ཆུབ་སེམས་དཔར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །རང་གི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་རྣམས་བསྟེན་པར་བྱའོ་ཞེས་གང་བཤད་པ་དེ་མཉེས་པའི་ལས་
དགེ་བའི་བཤེས་གཉེན་གྱིས་ནི་དབང་བསྐུར་བའི་སྦྱིན་པར་འགྱུར་ཏེ། དེ་བས་ན་ལྔ་པ་དབང་བསྐུར་བའི་སེམས་ནི་དད་པའི་ནོར་བུ་རིན་པོ་ཆེའི་ངོ་བོ་ཉིད་དོ། །དབང་བསྐུར་བ་ཐོབ་ནས་ཀྱང་རྒྱུད་མཉེན་པ་ལ་སོགས་པ་ཐོས་པ་ཉེ་བར་འཛིན་པར་འགྱུར་ཏེ། དེ་བས་ན་ཐོས་པ་དང་བསམ་པའི་ཤེས་རབ་གཟི་
བྱིན་གྱི་གནས་སུ་གྱུར་པ་དང་། འོད་ཀྱི་དཀྱིལ་འཁོར་གྱི་གནས་སུ་གྱུར་པ་ནི་སེམས་དཔའ་དྲུག་པའོ། །ཐོས་པའི་རྗེས་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒྲུབ་པར་བྱ་དགོས་པས། དེའི་ཕྱིར་སེམས་དཔའ་བདུན་པ་ནི་ཇི་ལྟར་ཐོས་པ་བཞིན་དུ་སྒྲུབ་པ་ལ་ནན་ཏན་དུ་བྱེད་པའི་ཕྱིར་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །བསྒྲུབ་པའི་རྗེས་ལ་ཇི་ལྟར་ཐོས་པའི་ཆོས་བསྒྲུབ་པའི་རྣམ་པར་དག་པ་མཐོང་བས་ཆོས་རྣམས་ལ་དགའ་ཞིང་རབ་ཏུ་མགུ་བ་སྐྱེ་བར་འགྱུར་བས། སེམས་དཔའ་བརྒྱད་པ་ནི་དགའ་ཞིང་མགུ་བའི་ངོ་བོ་ཉིད་དོ། །བཞི་པོ་འདི་དག་ཀྱང་དབང་བསྐུར་བས་ཉེ་བར་མཚོན་པ་
ཡིན་པས་ན་དབང་བསྐུར་བས་སེམས་དཔའོ། །ཆོས་ལ་ཡིད་དགའ་བས་ནི་ལུས་ཤིན་ཏུ་སྦྱངས་པར་འགྱུར་ལ། ལུས་ཤིན་ཏུ་སྦྱངས་པས་ནི་བདེ་བ་ལ་རེག་པར་འགྱུར་རོ། །བདེ་བ་ལ་རེག་པས་ནི་སེམས་རྩེ་གཅིག་པར་འགྱུར་ཏེ། དེ་བས་ནི་སེམས་དཔའ་དགུ་པ་ནི་ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་ནོ། །རྩེ་གཅིག་

པའི་སེམས་ཀྱིས་ནི་ཡང་དག་པའི་ལྟ་བ་བཞིན་དུ་ཤེས་པར་འགྱུར་ཏེ། དེ་བས་ན་སེམས་དཔའ་བཅུ་པ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །ཤེས་རབ་ཀྱིས་ནི་ཆོས་རྣམས་རབ་ཏུ་རྣམ་པར་ཕྱེ་ཞིང་ཡེ་ཤེས་ཀྱིས་ཡོངས་སུ་བཅད་ནས་སྤྲུལ་པའི་སེམས་ལ་གནས་པའི་རྣལ་འབྱོར་པ་ནི་
དཀྱིལ་འཁོར་སྤྲུལ་པར་བྱེད་དེ། དེ་བས་ན་སེམས་དཔའ་བཅུ་གཅིག་པ་ནི་སྤྲུལ་པར་བྱེད་པའི་ངོ་བོ་ཉིད་དོ། །ཡང་ན་སེམས་དཔའ་བཅུ་གཅིག་པ་ནི་ཏིང་ངེ་འཛིན་གྱི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །ཏིང་ངེ་འཛིན་ལས་ལངས་ནས་ཇི་ལྟར་རྟོགས་པ་རྣམས་སྟོན་པའམ། རང་གི་སེམས་ཇི་ལྟ་བུ་ཡིན་
པ་ཀུན་དུ་དཔྱོད་དེ། དེ་བས་ན་སེམས་དཔའ་བཅུ་གཉིས་པ་ནི་ངག་གི་ངོ་བོ་ཉིད་དོ། །དེ་དག་ཐམས་ཅད་ཀྱང་ཡེ་ཤེས་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་ཡེ་ཤེས་སེམས་དཔའ་ཞེས་གསུངས་སོ། །དེ་ལྟར་གསང་སྔགས་ཀྱི་སྤྱོད་པའི་སྒོར་ཞུགས་པའི་རྣལ་འབྱོར་པ་དམ་ཚིག་ལ་གནས་པ་དང་དབང་བསྐུར་པ་དང་།
རྣལ་འབྱོར་རྫོགས་པ་ནི་ལས་ལ་བར་ཆད་མེད་པར་འགྱུར་ཏེ། དེ་བས་ན་དེའི་རྗེས་ལ་ལས་ཀྱི་སེམས་དཔའ་རྣམས་བསྟན་ཏོ། །ལས་དེ་ཡང་སངས་རྒྱས་རྣམས་ལ་མཆོད་པའི་མཚན་ཉིད་དང་། སེམས་ཅན་རྣམས་ལ་ཕན་འདོགས་པའི་མཚན་ཉིད་དོ། །དེ་བས་ན་སེམས་དཔའ་བཅུ་གསུམ་པ་ནི་བྱ་བ་
སེམས་དཔའི་མཚན་ཉིད་དོ། །བྱ་བ་བྱེད་པ་དེ་ལ་བགེགས་དང་ལོག་འདྲེན་ཉེ་བར་གནས་པར་གྱུར་ཏེ། དེ་བས་ན་དེ་རྣམས་ལས་བདག་ཉིད་བསྲུང་བར་བྱ་བའི་ཕྱིར། སེམས་དཔའ་བཅུ་བཞི་པ་ནི་བརྩོན་འགྲུས་དང་བྱམས་པའི་ངོ་བོ་ཉིད་དོ། །དེ་རྣམས་ཉིད་སྐྲག་པར་བྱ་བའི་ཕྱིར་སེམས་དཔའ་བཅོ་ལྔ་
པ་ནི་ཕྱིར་ཟློག་པའི་ཚུལ་ཅན་ཐབས་ཀྱི་ངོ་བོ་ཉིད་དོ། །དེ་དག་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བསྡུས་པར་གྱུར་ན་ལས་ཐམས་ཅད་འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་པའི་མཚན་ཉིད་ད། སེམས་དཔའ་བཅུ་དྲུག་པ་ནི་སྐུ་དང་གསུང་དང་ཐུགས་གསང་བའི་ངོ་བོ་ཉིད་ཡིན་ནོ། །
དེ་ནས་རང་རང་གི་རིགས་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་གདབ་པའི་ཕྱིར་ཕྱག་རྒྱ་བཞིའི་བདག་པོ་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་གནས་པའི་ཕྱག་རྒྱ་བཞི་སྤྲུལ་པ་མཛད་དོ། །གསང་བའི་མཆོད་པ་བཞི་ནི་སྒེག་མོ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་དགའ་བ་དང་། དེ་བཞིན་གཤེགས་པའི་

ཕྲེང་བ་དང་། དེ་བཞིན་གཤེགས་པའི་གླུ་དང་སྤྱོད་པ་རྣམས་སོ། །དེ་དག་ནི་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རིགས་ཀྱི་ལྷ་མོ་ཆེན་མོ་ཉིད་དུ་རྣམ་པར་གཞག་གོ། །བདུག་པ་ལ་སོགས་པ་བཞི་ནི་ཤིན་ཏུ་སྦྱངས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་དང་། ཡེ་ཤེས་ཀྱི་མར་མེ་དང་། ཚུལ་ཁྲིམས་
ཀྱི་དྲི་རྣམས་སོ། །སྒོ་སྲུང་རྣམས་ནི་ཐུགས་རྗེ་དང་། སེམས་ཅན་ལ་བྱམས་པ་དང་། སྟོན་པའི་བཀའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་རྫོགས་པས་བཞུགས་པ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་འདི་ནི་འོག་མིན་གྱི་
གནས་ཡིད་དུ་འོང་བ་གང་ཡིན་པ་དེར་སྤྲུལ་པ་མཛད་པ་ཡིན་ལ། གང་དེར་མངོན་སུམ་དུ་འཇུག་པའི་སྐལ་བ་མེད་པ་དེ་རྣམས་འདིར་གཞུག་པར་བྱ་བའི་ཕྱིར་ཏེ། འདིར་ཞུགས་ནས་རིམ་གྱིས་དབང་པོ་ཡོངས་སུ་སྨིན་པ་ཐོབ་པས་དེར་འཇུག་པའི་སྐལ་བ་དང་ལྡན་པའི་ཕྱིར་རོ། །དཀྱིལ་འཁོར་
སྤྲུལ་པ་ཡོངས་སུ་རྫོགས་ཀྱང་ལྷ་རྣམས་བྱིན་གྱིས་རློབ་པར་མི་མཛད་ན། སེམས་ཅན་རྣམས་ཀྱི་དོན་འགྲུབ་པར་མི་འགྱུར་རོ། །དེ་བས་ན་ལྷ་རྣམས་སྤྱན་དྲང་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་
དེ་མ་ཐག་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་གཟུང་ངོ་། །བསྡུ་བ་ནི་དཀྱིལ་འཁོར་གྱི་གནས་སུ་ཐམས་ཅད་བསྡུས་པའོ། །བྱིན་
གྱིས་བརླབ་པ་ནི་བསྡུ་བ་བྱས་པ་སྟེ། དེའི་ཕྱིར་རྡོ་རྗེ་སེ་གོལ་ཞེས་པའོ། །རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་གར་གྱི་སྦྱོར་བ་བྱས་ནས་ལག་པ་གཡས་པའི་མཁྲིག་མ་གཡོན་པའི་སྟེང་དུ་བཀན་ཏེ་བཞག །དེ་བཞིན་དུ་ལག་པ་གཡོན་པ་གཡས་པའི་མཁྲིག་མའི་སྟེང་དུ་བཀན་ཏེ་བཞག་ལ།
ལག་པ་གཉིས་ཀའི་གུང་མོ་དང་མཐེ་བོང་གཉིས་ཀྱིས་སེ་གོལ་བརྡེབས་ཤིང་། མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་གཞག་པ་འདི་ནི་རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱ་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་བར་བྱའོ་ཞེས་བྱ་བའི་བསམ་པ་དང་སྦྱར་

བར་བྱ་ཞིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་གང་ཁྱེད་རྣམས་བཞེད་པའི་སེམས་ཅན་རྣམས་ལ་རྗེས་སུ་ཕན་གདགས་པར་མཛད་པའི་དུས་ནི་འདི་ལགས་ཀྱིས་གཤེགས་པར་མཛད་དུ་གསོལ་ཞེས་བྱ་བ་འདི་ནི་མཚན་མ་མཛད་པས་བསྐུལ་བ་སྟེ། སྙིང་པོ་ཡང་
བརྗོད་པར་བྱའོ། །འདི་ནི་རྡོ་རྗེ་བསྡུ་བའི་བྱིན་གྱི་རླབས་ཏེ། རྡོ་རྗེ་བསྡུ་པའི་རྒྱལ་པོའི་ཏིང་ངེ་འཛིན་གྱི་ལས་སོ། །དེ་ནས་ཞེས་བྱ་བ་ནི་བསྐུལ་བའི་རྗེས་ཐོགས་ཉིད་ལའོ། །སྐད་ཅིག་དེའི་ཚེ་ཞེས་བྱ་བ་ནི་སྐད་ཅིག་དེ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་གཅིག་གིས་ནི་སངས་རྒྱས་བཅོམ་ལྡན་འདས་
རྣམས་གཤེགས་ལ། ཐང་ཅིག་གིས་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཡུད་ཙམ་གྱིས་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཅེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་ཡོངས་སུ་གཟུང་ལ་འཇིག་རྟེན་གྱི་ཁམས་དེ་
རྣམས་ཀྱི་རབ་འབྱམ་ནི་རྒྱུན་ཆགས་པའོ། །རབ་འབྱམ་དེ་རྣམས་བསྡུས་པ་ནི་སྤྲིན་ནོ། །སྤྲིན་དེ་རྣམས་ཀྱི་གྲངས་མེད་པ་ནི་རྒྱ་མཚོའོ། །རྩིས་ལས་འདས་པའི་གྲངས་ལ་ནི་རྒྱ་མཚོ་ཞེས་བྱ་བའི་སྒྲར་བརྗོད་དོ། །དེ་རྣམས་ནི་གང་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའ་རྣམས་དང་བཅས་
པ་འདུས་ཤིང་ཚོགས་པར་མཛད་ན། བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པ་གང་ན་བ་དེར་གཤེགས་པ་སྟེ། དེར་ཆེད་དུ་ཉེ་བར་བཞུད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་
ཡིན་པའི་ཕྱིར་རོ། །དེའི་ཞབས་ལ་ཕྱག་འཚལ་བ་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས་གང་གི་ཕྱིར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཅེས་གསུངས་པས་སོ། །ངོ་བོ་ཉིད་ཀྱིས་གྲུབ་པས་ན་རང་བཞིན་གྱིས་གྲུབ་པའོ། །རང་དགར་ཟློས་པ་ནི་ཅི་
དགར་ཟློས་པ་སྟེ། ལན་གསུམ་མམ་ཉི་ཤུ་རྩ་གཅིག་ཟློ་བའོ། །ཅི་དགའ་ཞེས་བྱ་བ་འདིས་ནི་བཟླས་བརྗོད་ཀྱི་གྲངས་ངེས་པ་མེད་པར་སྟོན་ཏོ། །ད་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོའི་དཀྱིལ་འཁོར་གྱི་ཕྱི་རོལ་ན་འཁོད་ཅིང་། ཨེ་མའོ་ཞེས་བྱ་བ་ལ་སོགས་པས་སྤྲུལ་པའི་འཁོར་ལོ་རྣམས་ལ་སྟོད་པར་བྱེད་

པ་ཡིན་པར་སྟོན་ཏེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །བྱང་ཆུབ་ལ་སེམས་དཔས་ན་བྱང་ཆུབ་སེམས་དཔའོ། །ཀུན་ནས་བཟང་བས་ན་ཀུན་དུ་བཟང་པོ་སྟེ། གདུལ་བྱའི་སྐྱེ་བོ་རྣམས་ལ་ལྟོས་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སྤྱོད་པར་མཛད་དུ་ཟིན་ཀྱང་། མ་ཆགས་པ་དང་མི་
སྡང་བ་དང་མ་རྨོངས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ལེགས་པར་སྤྱོད་པས་ན་སྤྱོད་པའི་མཆོག་གོ། །སྤྱོད་པའི་མཆོག་དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་འཁོར་ལོ་ནི་སངས་རྒྱས་ཀྱི་
ཡོན་ཏན་རྣམས་དཀྱིལ་འཁོར་བའི་འཁོར་ལོའི་སེམས་དཔའི་གཟུགས་སུ་སྤྲུལ་པ་ཡིན་པའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་འཁོར་ལོ་དེའི་དབུས་ན་དེ་བཞིན་གཤེགས་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མཛེས་ཤིང་ལྷམ་མེར་སྣང་བས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་
ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་བརླབས་སོ། །བྱིན་གྱི་རླབས་ནི་དེར་ཞུགས་པ་རྣམས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་མོས་པ་སྟེ། ཐམས་ཅད་ཀྱང་བཅོམ་ལྡན་
འདས་རྣམ་པར་སྣང་མཛད་ཀྱི་དབང་གིས་དེ་བཞིན་གཤེགས་པ་རེ་རེ་ཞིང་ཡང་རང་རང་གི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་ཐུགས་ལ་ཞུགས་ནས་དེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་ཞུགས་སོ། །འདི་ཉིད་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་དཀྱིལ་འཁོར་ཆེན་པོར་
གཞུག་པའི་ཐབས་ཡིན་ཏེ། གང་འདི་ལྟར་རང་རང་གི་ཐུགས་ལ་ཞུགས་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་ཞུགས་པ་འདི་ནི་ལུང་སྦྱིན་པའི་ཕྱིར་ཡིན་ཏེ། དེ་ལྟར་ན་མངོན་པར་བྱང་ཆུབ་པའི་མཆོག་བརྙེས་པ་རྣམས་ཀྱང་དེར་འཇུག་པ་ལ་ཉེས་པ་མེད་དོ། །དེས་དམ་ཚིག་ཐོབ་པར་གྱུར་ལ། དམ་
ཚིག་ཐོབ་ནས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པར་བྱ་བ་ལ་ཀུན་ནས་རྩེ་གཅིག་པར་བྱ་བའི་ཕྱིར། ལོངས་སྤྱོད་པའི་སྐུས་རང་རང་གི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་བྱུང་སྟེ། ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཕྱི་རོལ་གྱི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་དུ་

གྱུར་ཅིང་རྩེ་གཅིག་པའི་ཡིད་ཀྱིས་ཆོས་ཉན་པའི་ཕྱིར་འཁོད་དོ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་ངོ་མཚར་དུ་གྱུར་པའི་ཆོས་རྟོགས་པས། ཤིན་ཏུ་དགའ་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཞེ་ན། སངས་རྒྱས་
ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེས་པ་མིན། །ཞེས་བྱ་བ་སྟེ། རྒྱ་ཆེ་བ་ནི་རླབས་ཆེ་བ་ལ་བྱ་སྟེ། རྒྱ་ཆེ་བའི་ངོ་བོ་ཉིད་ཡིན་པས་ན་རྒྱ་ཆེ་བ་ཉིད་དོ། །དེ་ཡང་རྒྱ་ཡང་ཡིན་ལ་ཆེ་བ་ཡང་ཡིན་པས་ན་རྒྱ་ཆེ་བའོ། །ཇི་ལྟར་རྒྱ་ཆེ་བ་དེ་ད་ལྟར་འགའ་ཞིག་གིས་བྱས་སམ་ཞེ་ན། མ་ཡིན་ནོ། །འོ་ན་
ཇི་ལྟ་བུ་ཞེ་ན། གང་ཕྱིར་གདོད་ནས་སྐྱེས་པ་མིན། །ཞེས་བྱ་བ་གསུངས་ཏེ། འདི་ལ་ཐོག་མ་མེད་པས་ན་ཐོག་མ་མེད་པའོ། །ཐོག་མ་མེད་པ་ནས་བྱུང་བས་ན། ཐོག་མ་མེད་ནས་སྐྱེས་ཞེས་བྱ་སྟེ། ཐོག་མ་མེད་པའི་རང་བཞིན་ཅན་གྱི་ཆོས་ཀྱི་དབྱིངས་སུ་གནས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་འདི་ངོ་
མཚར་ཞེ་ན། དེའི་ཕྱིར། རྡུལ་ཕྲན་ཐམས་ཅད་ཇི་སྙེད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །ཞེས་གསུངས་སོ། །འདི་སྐད་སྟོན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཞུགས་སུ་ཟིན་
ཀྱང་། དེ་ལ་བྲི་བ་དང་གང་བ་མངོན་པར་མེད་པ་འདི་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྔར་སངས་རྒྱས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཀུན་དུ་བཟང་པོའི་སེམས་མཉམ་པ་ཉིད་དུ་འཇུག་པའི་མཚན་ཉིད་ཀྱི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ། མངོན་པར་བྱང་ཆུབ་པའི་ལུང་ཕོག་
པར་མཛད་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་སྤྲུལ་པར་མཛད་དེ། ཆོས་ཀྱི་འཁོར་ལོ་བསྐོར་བས་རི་རབ་ཀྱི་རྩེ་མོར་ལྷ་དང་མི་རྣམས་ལ་རྗེས་སུ་ཕན་གདགས་པར་མཛད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་དཀྱིལ་འཁོར་ཆེན་པོར་བཅུག་
ནས་དབང་བསྐུར་ཏེ། ཆོས་ཀྱི་ལོངས་སྤྱོད་སོ་སོར་མྱང་བར་བྱ་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུར་གཞག་གོ། །གང་མི་རྣམས་མཐུ་མི་ཐོབ་ཅིང་རི་རབ་ཀྱི་རྩེ་མོར་འགྲོ་མི་ནུས་པ་དེ་རྣམས་ཀྱི་དོན་ད་དུང་མ་མཛད་དེ། དེ་བས་ན་དེ་རྣམས་ཀྱི་དོན་ནི་རྡུལ་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་འདིས་མཛད་དེ།

དེ་བས་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་གསོལ་བ་གདབ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །བདུད་བཞི་བཅོམ་པ་དང་ལྡན་པས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་
སོགས་བཞི་པོ་སྤྲུལ་པ་རྣམས་དང་བཅས་པའོ། །ཡང་ཞེས་བྱ་བ་ནི་འདས་མ་ཐག་པའི་བསྡུ་བ་མཛད་པ་ལ་ལྟོས་པའོ། །འཇིག་རྟེན་གྱི་ཁམས་ལུས་པ་མེད་པ་ཡོངས་སུ་བསྐྱབ་ཅིང་འཁོར་བའི་སྡུག་བསྔལ་ལས་གདོན་པའི་ཕྱིར་དང་། ཐམས་ཅད་ལ་ཕན་པ་དང་ཞེས་བྱ་བ་ནི། ལས་གང་མ་
འོངས་པའི་བདེ་བར་འགྱུར་བའོ། །བདེ་བ་ནི་ལུས་དང་སེམས་ཀྱི་བདེ་བ་ཐམས་ཅད་དོ། །དེ་བསྟབས་པ་ནི་ཐོབ་པ་སྟེ་དེའི་ཕྱིར་རོ། །བར་གྱི་ཞེས་བྱ་བའི་སྒྲས་ནི། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་
པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་ཆོས་ཉིད་དང་དེ་བཞིན་ཉིད་དོ། །དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་མངོན་པར་ཤེས་པ་སྟེ། དེའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐུགས་སུ་ཆུད་ཅིང་མངོན་སུམ་དུ་
མཛད་པའོ། །དེ་ཉིད་ནི་དངོས་གྲུབ་དམ་པ་སྟེ་དེའི་ཕྱིར་རོ། །དེ་ཡང་སངས་རྒྱས་པ་ཉིད་ཀྱི་བར་གྱི་ཕྱིར་ཞེས་བྱ་བར་སྟོན་པ་ཡིན་ནོ། །རྡོ་རྗེ་འདི་ཁམས་དང་རྒྱུ་བ་ཡིན་པས་ན་རྡོ་རྗེ་དབྱིངས་ཏེ། རྡོ་རྗེ་དབྱིངས་སྨོས་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་ལྟོས་པའོ། །དཀྱིལ་འཁོར་ཡང་ཡིན་ལ་ཆེན་
པོ་ཡང་ཡིན་པས་ན་དཀྱིལ་འཁོར་ཆེན་པོ་སྟེ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་སོགས་པ་ལ་ལྟོས་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །བྱིན་གྱིས་བརླབ་པ་ནི་ཡོངས་སུ་བཟུང་བ་སྟེ། འདི་ལྟར་ཡོངས་སུ་གཟུང་བའི་ཚུལ་གྱི་སྔགས་སྤྱོད་པའི་ཚུལ་ཡུན་རིང་དུ་གནས་པར་གྱུར་པ་དེ་ནི་བྱིན་
གྱིས་བརླབས་པ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རང་གི་རྡོ་རྗེ་སེམས་དཔའ་ནི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཐུགས་སོ། །འདི་ལ་ཐོག་མ་ཡང་ཡོད་པ་མ་ཡིན་ལ། ཐ་མར་རྒྱུན་ཡོངས་སུ་ཆད་པའི་མཚན་ཉིད་དུ་འགགས་པ་ཡང་མ་ཡིན་པས་ཐོག་མ་དང་ཐ་མ་མེད་པའོ། །རྡོ་རྗེ་

འཛིན་པ་གཞན་དག་ཀྱང་ཡོད་པས་དེ་རྣམས་ལས་དགའ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀུན་དུ་བཟང་པོ་ནི་རྡོ་རྗེ་ཆེན་པོ་འཛིན་པ་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འཛིན་པས་ན་རྡོ་རྗེ་ཆེན་པོ་འཛིན་པའོ། །བརྒྱ་རྩ་བརྒྱད་ཅེས་སྨོས་པ་ནི་
ཉེ་བར་མཚོན་པ་ཙམ་དུ་ཟད་དེ། འདི་ནི་བཅུ་གཉིས་ལྷག་པའི་བརྒྱ་སྟེ། ཚིགས་སུ་བཅད་པ་རེ་རེ་ཞིང་ཡང་མཚན་བདུན་བདུན་ཡོད་དོ། །དེ་ལ་སྔགས་ཀྱི་སྒོ་ནས་མཚན་གཅིག །ཕྱག་རྒྱའི་སྒོ་ནས་ཏེ་གཉིས། ཕྱག་རྒྱ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྒོ་ནས་ཐུན་མོང་གི་མཚན་ཏེ་གསུམ། སྤྲོས་པའི་སྒོ་ནས་མཚན་གཞན་དུ་གྱུར་པ་སྟེ་བཞི། ཕྱག་རྒྱ་ཆེན་པོའི་སྒོ་ནས་མཚན་དུ་གྱུར་པ་སྟེ་ལྔ། མིང་གི་དབང་བསྐུར་བའི་སྒོ་ནས་མཚན་དུ་གྱུར་པ་སྟེ་དྲུག །དོན་མཛད་པའི་སྒོ་ནས་མཚན་དུ་གྱུར་པ་སྟེ་བདུན་
ནོ། །དེ་ལྟར་ཚིགས་སུ་བཅད་པ་རེ་རེ་ཞིང་ཡང་དོན་བདུན་པོ་ནི་མཚན་འདོགས་པའི་རྒྱུ་ཡིན་པར་ཤེས་པར་བྱའོ། །འདིས་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །མཆོད་པ་སྔོན་དུ་འགྲོ་བའི་བཀས་གསོལ་བ་འདེབས་པས་ན་གསོལ་བ་བཏབ་པ་སྟེ། མཆོད་པ་དེ་ཡང་གང་ཡིན་ཞེ་ན། མཚན་
བརྒྱ་རྩ་བརྒྱད་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྔགས་ཀྱི་སྒོ་ནས་སོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི་སྤྲོ་བའི་སྒོ་ནས་སོ། །རྡོ་རྗེ་ཞེས་བྱ་བ་ནི་ཕྱག་རྒྱའི་སྒོ་ནས་སོ། །དེ་བཞིན་གཤེགས་པ་ཀུན་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པ་ཉིད་ཀྱིས་སོ། །རྡོ་རྗེ་རྣམས་ཀྱི་ཐོག་མ་
ཡིན་པས་ན་རྡོ་རྗེ་དང་པོ་སྟེ། དཀྱིལ་འཁོར་དུ་ཐོག་མ་བྱུང་བ་ཡིན་པའི་ཕྱིར་རོ། །ཀུན་དུ་བཟང་པོ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །ཕྱག་ན་རྡོ་རྗེ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་རྒྱལ་པོ་ནི་སྔགས་ཀྱི་སྒོ་ནས་སོ། །སངས་རྒྱས་དམ་པ་རྣམས་ཀྱི་མཆོག་ཡིན་པས་ན་སངས་རྒྱས་
མཆོག་སྟེ། འགུགས་པའི་དོན་གྱིས་ལས་ཀྱི་སྒོ་ནས་མཚན་འདི་སྐད་ཅེས་བྱའོ། །རྡོ་རྗེ་ལྕགས་ཀྱུ་ནི་ཕྱག་རྒྱའི་སྒོ་ནས་སོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་རྣམས་བསྐྱེད་པ་ཉིད་ཀྱིས་ཏེ། ཐམས་ཅད་ཅེས་བྱ་བ་མ་སྨོས་པ་ནི་ཚིགས་སུ་བཅད་པའི་དབང་དུ་བྱས་པ་ཡིན་ནོ། །

དོན་ཡོད་རྒྱལ་པོ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་མཆོག་ནི་རྡོ་རྗེ་རྣམས་ཀྱི་དམ་པ་ཡིན་པས་ན་རྡོ་རྗེ་མཆོག་སྟེ་སྤྲོ་བའི་སྒོ་ནས་སོ། །ལྕགས་ཀྱུའི་ཕྱག་རྒྱས་འགུགས་པས་ན་རྡོ་རྗེ་འགུགས་པ་སྟེ། མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་ཆགས་པ་ནི་སྔགས་ཀྱི་སྒོ་ནས་སོ། །བདེ་བ་ཆེན་པོ་ནི་བདེ་
བར་བྱེད་པ་སྟེ། ལས་ཀྱི་སྒོ་ནས་སོ། །རྡོ་རྗེ་མདའ་ནི་ཕྱག་རྒྱའི་སྒོ་ནས་སོ། །དབང་བྱེད་པ་ཞེས་བྱ་བ་འདི་ཡང་ལས་ཀྱི་སྒོ་ནས་ཏེ། གཞན་གྱི་རྒྱུད་དབང་དུ་བྱེད་པར་སྟོན་པའི་ཕྱིར་རོ། །བདུད་ནི་བདུད་བྱེད་པའི་དོན་གྱིས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སས་བསྡུས་པའི་དགེ་བའི་སེམས་ཀྱི་བར་
དུ་གཅོད་པ་ཡིན་པའི་ཕྱིར་རོ། །འདོད་པ་ནི་འདུན་པའི་ངོ་བོ་ཉིད་དུ་གྱུར་པ་སྟེ། འདོད་པ་དང་འདུན་པ་དང་ཆགས་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །འདི་དག་ནི་མིང་གཅིག་པ་ཉིད་ཡིན་པས་ལས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བདུད་ཅེས་བྱ་བ་ནི་ལྷའི་བུའི་བདུད་ལ་ཡང་བྱ་བ་སྲིད་པས། དེ་བས་ན་
འདོད་པ་ཞེས་བྱ་བའི་སྒྲ་གསུངས་པས་ནི། བྱང་ཆུབ་ཀྱི་སེམས་ཀྱི་བདུད་ཡིན་ཞིང་གཞན་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །རྡོ་རྗེ་ཆེ་ནི་སྤྲོ་བའི་སྒོ་ནས་སོ། །རྡོ་རྗེ་གཞུ་ནི་རྣམ་གྲངས་ཀྱི་སྒོ་ནས་མིང་གི་དབང་བསྐུར་བ་སྟོན་ཏེ། གང་གི་ཕྱིར་དེར་རྡོ་རྗེ་གཞུ་རྡོ་རྗེ་གཞུ་ཞེས་རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་བ་བྱིན་པ་
ཡིན་པའི་ཕྱིར་རོ། །རྡོ་རྗེ་ལེགས་པ་ནི་སྔགས་ཀྱི་སྒོ་ནས་སོ། །སེམས་དཔའ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམ་པ་རྣམས་ཏེ། དེ་རྣམས་ཀྱི་མཆོག་ནི་ཐམས་ཅད་མཉེས་པར་བྱེད་པའི་དོན་གྱིས་སོ། །རྡོ་རྗེ་མགུ་བ་ནི་ཕྱག་རྒྱའི་སྒོ་ནས་སོ། །དགའ་བ་ཆེ་ནི་དགྱེས་པ་ཆེན་པོ་ཉིད་དེ་
ཕྱག་རྒྱ་སྤྲོས་པའི་སྒོ་ནས་སོ། །རབ་དགྱེས་རྒྱལ་པོ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རྣམས་ངོ་བོ་ཉིད་གཅིག་ཏུ་བྱེད་པའི་དོན་གྱིས་ན་རྡོ་རྗེ་མཆོག་གོ། །རྡོ་རྗེ་དགྱེས་པ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་རིན་ཆེན་ནི་སྔགས་ཀྱི་སྒོ་
ནས་སོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་དོན་ཡིན་པས་ན་རྡོ་རྗེའི་དོན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཐུགས་ཀྱིས་ནམ་མཁའ་ལས་བྱུང་བ་ཡིན་པའི་ཕྱིར་རྡོ་རྗེ་ནམ་མཁའོ། །ནོར་བུ་ཆེ་ནི་ཕྱག་རྒྱའི་སྒོ་ནས་སོ། །

ནམ་མཁའི་སྙིང་པོ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་རྣམས་ཀྱིས་ཕྱུག་པ་ནི་རྡོ་རྗེས་ཕྱུག་པ་སྟེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའི་སྒོ་ནས་སོ། །རྡོ་རྗེའི་སྙིང་པོ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་གཟི་བརྗིད་ནི་སྔགས་ཀྱི་སྒོ་ནས་སོ། །
ཆེར་འབར་བ་ནི་སྤྲོ་བའི་སྒོ་ནས་སོ། །རྡོ་རྗེ་ཉི་མ་ནི་ཕྱག་རྒྱའི་སྒོ་ནས་སོ། །རྒྱལ་བའི་འོད་ནི་ལས་ཀྱི་སྒོ་ནས་སོ། །རྡོ་རྗེའི་འོད་ཟེར་ནི་ལས་ཀྱི་ཁྱད་པར་གྱི་སྒོ་ནས་ཏེ། འོད་ཟེར་འགྱེད་པའི་ལས་བྱེད་པ་ཡིན་པའི་ཕྱིར་རོ། །གཟི་བྱིན་ཆེ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་འོད་ནི་མིང་
གི་དབང་བསྐུར་བའི་སྒོ་ནས་སོ། །སེམས་ཅན་གྱི་དོན་གྱི་མཆོག་གི་རྒྱུར་གྱུར་པས་ན་སེམས་ཅན་དོན་རབ་པོ། །རྡོ་རྗེ་དཔལ་ནི་སྔགས་ཀྱི་སྒོ་ནས་སོ། །རྡོ་རྗེ་རྒྱལ་མཚན་ནི་ཕྱག་རྒྱའི་སྒོ་ནས་སོ། །རབ་དགའ་བྱེད་ནི་ལས་ཀྱི་སྒོ་ནས་སོ། །རྡོ་རྗེ་ཆེན་པོ་ནི་སྤྲོ་བའི་སྒོ་ནས་སོ། །རིན་ཆེན་དཔལ་ནི་
ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་དཔལ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་བཞད་མོ་ནི་སྔགས་ཀྱི་སྒོ་ནས་སོ། །བཞད་པ་ཆེ་ནི་སྤྲོ་བའི་སྒོ་ནས་སོ། །རྡོ་རྗེ་འཛུམ་པ་ནི་ཕྱག་རྒྱའི་སྒོ་ནས་སོ། །ངོ་མཚར་ཆེ་བ་ནི་རྨད་དུ་བྱུང་བའི་དོན་སྟོན་པ་ཡིན་པའི་ཕྱིར་རོ། །དགའ་ཞིང་རབ་ཏུ་དགའ་
ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་སྟོན་ནི་རྡོ་རྗེ་རྣམས་སྟོན་པས་ན་རྡོ་རྗེ་སྟོན་ཏེ། རྡོ་རྗེ་ཐུགས་སུ་ཆུད་པའི་འཛུམ་པ་སྟོན་པའི་ཕྱིར་རོ། །རྡོ་རྗེ་དགའ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་ཆོས་ནི་སྔགས་ཀྱི་སྒོ་ནས་སོ། །དེ་ཁོ་ན་ཉིད་དམ་པ་ནི་རབ་དེ་ཉིད་དོན་ཏེ། ཐམས་ཅད་དེའི་
ཡུལ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་དམིགས་པའི་ཕྱིར་རོ། །རྡོ་རྗེ་པདྨོ་ནི་ཕྱག་རྒྱའི་སྒོ་ནས་སོ། །རབ་ཏུ་དགའ་བར་བྱེད་པ་ནི་རབ་དགའ་བྱེད་དེ། སེམས་ཅན་རྣམས་ཀྱི་བསམ་པ་ཤིན་ཏུ་དག་པར་མཛད་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་དབང་ཕྱུག་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །
རྡོ་རྗེ་སྤྱན་ནི་རྡོ་རྗེ་ལྟ་བའི་ཕྱག་རྒྱའི་སྒོ་ནས་སོ། །རྡོ་རྗེ་སྤྱན་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་རྣོ་བ་ནི་སྔགས་ཀྱི་སྒོ་ནས་སོ། །ཐེག་པ་སྟོན་པར་མཛད་པའི་སྒོ་ནས་སོ། །རྡོ་རྗེ་རལ་གྲི་ནི་ཕྱག་རྒྱའི་སྒོ་ནས་སོ། །མཚོན་ཆེན་པོ་ནི་སྤྲོ་བའི་སྒོ་ནས་སོ། །འཇམ་དཔལ་ནི་ཕྱག་རྒྱ་ཆེན་པོའི་སྒོ་

ནས་སོ། །རྡོ་རྗེ་རབ་ཏུ་ཟབ་ནི་ཆོས་ཟབ་མོ་སྟོན་པའི་དོན་གྱིས་སོ། །རྡོ་རྗེ་བློ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་རྒྱུ་ནི་སྔགས་ཀྱི་སྒོ་ནས་སོ། །སྙིང་པོ་ཆེ་ནི་སྤྲོས་པའི་སྒོ་ནས་སོ། །རྡོ་རྗེ་འཁོར་ལོ་ནི་ཕྱག་རྒྱའི་སྒོ་ནས་སོ། །ཚུལ་ཆེན་པོ་ནི་སྔགས་ཀྱི་སྒོར་སྤྱོད་པའི་ངོ་བོ་ཉིད་
ཀྱིས་སོ། །རབ་བསྐོར་ནི་འཁོར་ལོ་བསྐོར་བ་སྟེ། ལས་ཀྱི་ཕྱག་རྒྱའི་སྒོ་ནས་སོ། །རྡོ་རྗེ་ལས་བྱུང་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེས་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་གསུང་བ་ནི་སྔགས་ཀྱི་སྒོ་ནས་སོ། །རང་རིག་མཆོག་ནི་རིག་པ་དང་
སྔགས་དང་སྙིང་པོ་རྣམས་ཟློས་པའི་དོན་གྱིས་ནི་མཆོག་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཟློས་པའི་ཕྱག་རྒྱའི་སྒོ་ནས་སོ། །རབ་གྲུབ་སྦྱིན་ནི་གྲུབ་པ་བཟང་པོ་སྦྱིན་པར་བྱེད་པའི་ཕྱིར་རོ། །མི་གསུང་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་མཆོག་གྲུབ་པ་ནི་མཆོག་རྣམས་སྦྱིན་པར་བྱེད་པས་ན་རྡོ་རྗེ་མཆོག་
གྲུབ་པའོ། །རྡོ་རྗེ་གསུང་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་ལས་ནི་སྔགས་ཀྱི་སྒོ་ནས་སོ། །རབ་ཏུ་གྱུར་པའི་རྡོ་རྗེ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་རྣམས་ཀྱི་བཀའ་བཞིན་བྱེད་པས་ན་རབ་རྡོ་རྗེའི་བཀའོ། །ལས་ཀྱི་རྡོ་རྗེ་ནི་ཕྱག་རྒྱའི་སྒོ་ནས་སོ། །ཐམས་ཅད་རབ་ཏུ་འགྲོ་བས་
ན་ཀུན་རབ་འགྲོ་སྟེ་ལས་ཀྱི་སྒོ་ནས་སོ། །རྡོ་རྗེ་ངེས་པ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྒྱ་ཆེ་བ་ནི་མཆོད་པའི་ལས་ཏེ། སྤྲོ་བའི་སྒོ་ནས་སོ། །རྡོ་རྗེ་ཀུན་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་བསྲུང་བ་ནི་སྔགས་ཀྱི་སྒོ་ནས་སོ། །བརྟན་པ་ཆེ་ནི་མི་གཡོ་བའི་དོན་གྱིས་སོ། །རྡོ་རྗེ་གོ་ཆ་ནི་ཕྱག་
རྒྱའི་སྒོ་ནས་སོ། །སྲ་བ་ཆེ་ནི་མི་ཕྱེད་པའི་དོན་གྱིས་སོ། །བརྩོན་འགྲུས་བཟང་པོས་མཆོག་ཏུ་གྱུར་པས་ན་བརྩོན་འགྲུས་མཆོག་སྟེ། སངས་རྒྱས་ཀྱི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཐུབ་པར་དཀའ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་བརྩོན་འགྲུས་ནི་མིང་གི་དབང་བསྐུར་བའི་
སྒོ་ནས་སོ། །རྡོ་རྗེ་གནོད་སྦྱིན་ནི་སྔགས་ཀྱི་སྒོ་ནས་སོ། །ཐབས་ཆེན་པོ་མངའ་བས་ན་ཐབས་ཆེན་པོ་སྟེ། ཤེས་རབ་ཀྱི་ཁྱད་པར་གྱི་ཐབས་ཆེན་པོའོ། །རྡོ་རྗེ་མཆེ་བ་ནི་ཕྱག་རྒྱའི་སྒོ་ནས་སོ། །འཇིགས་པ་ཆེ་ནི་སྤྲོ་བའི་སྒོ་ནས་སོ། །བདུད་འཇོམས་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་རྣམས་ཀྱི་

མི་བཟད་པ་ནི་རྡོ་རྗེ་མི་བཟད་པ་སྟེ། མ་རུངས་པའི་ལས་མཛད་པའི་ཕྱིར་རོ། །རྡོ་རྗེ་དྲག་པོ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་མཚམས་སྦྱོར་བ་ནི་སྔགས་ཀྱི་སྒོ་ནས་སོ། །རབ་ཏུ་བསྡུས་པ་ནི་ཕྱག་རྒྱ་ཐམས་ཅད་བྱིན་གྱིས་རློབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །
རྡོ་རྗེ་འཆིང་བ་ནི་ཕྱག་རྒྱའི་སྒོ་ནས་སོ། །རབ་གྲོལ་བྱེད་ནི་རིམས་ལ་སོགས་པ་སེལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཁུ་ཚུར་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །དམ་ཚིག་མཆོག་ནི་དམ་ཚིག་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཁུ་ཚུར་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །
དེ་ལས་གཞན་པ་ནི་བསྟོད་པའི་ཕན་ཡོན་ཡིན་ཏེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་ན་ཞི་བའོ། །རྡོ་རྗེ་མིང་གི་དབང་བསྐུར་བ་ལ་སོགས་པ་ཇི་སྐད་བཤད་པ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་བཞིན་དུ་ཀུན་གྱི་མཆོག་གིས་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཏེ། ཀུན་གྱི་མཆོག་དེ་རྣམས་
ཀྱིས་དེ་ལ་དབང་བསྐུར་བར་འགྱུར་རོ་ཞེས་གསུངས་སོ། །ཡོན་ཏན་གྱི་རྒྱུར་གྱུར་པས་ན་ཡོན་ཏན་ཏེ། སྔགས་ལ་སོགས་པའི་རང་བཞིན་གྱི་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ལ་ཞུགས་པ་ཡིན་པའི་ཕྱིར་ཡོན་ཏན་མིང་རྣམས་ཀྱིས་སོ། །རྡོ་རྗེ་འཆང་ཆེན་པོ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་དུ་བཟང་
པོའོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་ངོ་། །དབྱངས་ཀྱིས་བསྟོད་པ་ཞེས་བྱ་བ་ནི་གླུར་བླངས་པས་བསྟོད་པའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་དང་དཀྱིལ་འཁོར་སྤྲུལ་པའི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་དང་། ཐེག་པ་ཆེན་པོ་མངོན་པར་རྟོགས་
པའི་དོན་སྟོན་པ་ཡིན་པའི་ཕྱིར་དང་། མཚན་བརྒྱ་རྩ་བརྒྱད་པའི་ཐོག་མའི་སྔགས་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་མཚན་ཉིད་ཡིན་པས་ན། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཞེས་བྱ་བ་གསུངས་སོ། །ཚུལ་ཆེན་ནི་སྔགས་ཀྱི་སྤྱོད་པའི་ཚུལ་ལོ། །རྒྱས་པར་མཛོད་ཅེས་བྱ་བ་ནི་རྣམ་
པར་སྤྲོ་བར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །མགོན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཞུགས་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཏུ་གྱུར་པའི་ཕྱིར་མགོན་པོ་ཞེས་བཤད་དོ། །མཆོད་པ་སྔོན་དུ་འགྲོ་བའི་བཀའ་ནི་གསོལ་བ་ཞེས་བཤད་པས་ཡང་དག་པའི་

ཡོན་ཏན་གྱི་བསྟོད་པས་མཆོད་པ་བྱས་ནས། གསོལ་བ་ནི་མགོན་པོ་ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཡིན་ནོ། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །ཞེས་བྱ་བ་ནི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་ཡང་ཡོད་པས་དེ་ལ་ཁྱད་པར་དུ་བྱ་བའི་ཕྱིར། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་གསུངས་
ཏེ། ཆེན་པོ་ཞེས་བྱ་བའི་སྒྲས་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལ་སོགས་པ་ལ་ལྟོས་པ་ཡིན་ནོ། །དམ་པ་ཞེས་སྨོས་པ་ནི་རྒྱུད་གཞན་དག་ལས་སྨོས་པའི་དཀྱིལ་འཁོར་ཆེན་པོ་ལ་ལྟོས་པ་ཡིན་ནོ། །ཆོ་ག་མཆོག་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་ཏེ། ཉན་ཐོས་ཀྱི་ཐེག་པ་ནི་ཆོ་ག་
གཅིག་སྟེ། ཆོ་ག་འདི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་དེ་བས་ཁྱད་པར་དུ་འཕགས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལས་ནི་ཐེག་པ་ཆེན་པོའི་ཆོ་ག་མཆོག་ཡིན་ལ། མདོ་སྡེ་པའི་སྤྱོད་པ་དེ་དག་པས་ཀྱང་སྔགས་ཀྱི་སྤྱོད་པའི་ཚུལ་ནི་ཤིན་ཏུ་མཆོག་ཡིན་ནོ། །དེ་ལས་
ཀྱང་བྱ་བའི་རྒྱུད་ལས་རྣལ་འབྱོར་གྱི་རྒྱུད་ནི་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་པས་ཆོ་ག་མཆོག་ཅེས་གསུངས་སོ། །ཆོ་ག་མཆོག་དེ་གང་ཡིན་ཞེ་ན། སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །ཞེས་གསུངས་པ་ཡིན་པས་སོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །སྐལ་བ་ཕུན་སུམ་ཚོགས་
པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་རྫོགས་པའི་སྟོང་པ་ཉིད་ཆེན་པོའི་རྡོ་རྗེ་འཛིན་པར་མཛད་པས་ན་རྡོ་རྗེ་ཆེན་པོ་འཛིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་དུ་བསྡུས་པའི་སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་འབྱུང་བ་ནི་རྡོ་རྗེ་ལྟ་བུའི་བསམ་པ་གང་ལས་བྱུང་བ་འདི་ཏིང་ངེ་འཛིན་གང་གིས་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་གང་ཡིན་པ་ལ་དོན་དང་མཐུན་པའི་མིང་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་
པར་ཞུགས་པའོ། །དཀྱིལ་འཁོར་གང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབྱིངས་ཏེ། རྒྱུ་ཡོད་པའི་དཀྱིལ་འཁོར་དེ་ལ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བཤད་དོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །རྒྱུད་མི་གནས་པས་ཡང་དག་པའི་མན་ངག་རྒྱུན་ཆད་པར་མ་གྱུར་པའི་

ཕྱིར། ཡང་དག་པར་རབ་ཏུ་བཤད་པས་ན་ཡང་དག་བཤད་བགྱི་བ་ཞེས་བྱ་སྟེ། གང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རི་རབ་ཀྱི་རྩེ་མོར་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ལ་ཕན་གདགས་པར་བྱ་བའི་ཕྱིར་སྤྲུལ་པར་མཛད་པ་དེ་ནི་རྡོ་རྗེ་དབྱིངས་
མངོན་སུམ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་ནས་བཅོམ་ལྡན་འདས་ཀུན་དུ་བཟང་པོས། ལྷ་དང་མི་རྣམས་ལ་ཕན་གདགས་པའི་ཕྱིར་བསྟན་པ་གང་ཡིན་པ་དེ་ནི། རྡོ་རྗེ་དབྱིངས་དང་འདྲ་བས་ན་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །
དེ་མིང་ཇི་སྐད་ཅེས་བྱ་བ་ཡིན་ཞེ་ན། དེའི་ཕྱིར། རྡོ་རྗེ་དབྱིངས་ཞེས་བགྱི་བར་གྲགས། །ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་རིགས་པར་ནི་མཆིས་ནས་ཀྱང་། །ཞེས་བྱ་བ་ནི་ཚུལ་ཇི་ལྟ་བ་བཞིན་དུ་འདུག་པའོ། །འདིར་ཅི་རིགས་པ་ཉིད་གང་ཡིན་ཞེ་ན། གལ་ཏེ་ས་ཡོངས་སུ་
སྦྱངས་པ་ཡིན་ན་དེར་བྱུག་པ་དང་ཕྱག་དར་བྱ་བ་དང་སྤོས་ཆུས་ཆག་ཆག་གདབ་པ་དང་། མེ་ཏོག་གི་སིལ་མ་གཏོར་བ་སྟེ། འདི་ནི་ཅི་རིགས་པའོ། །འོན་ཏེ་ས་མ་སྦྱངས་པ་ཞིག་ཡིན་ན། དེ་བརྐོས་ལ་ཕུབ་མ་དང་ཐལ་བ་དང་རུས་པ་དང་། ཟུག་རྔུ་དང་སོལ་བ་ལ་སོགས་པ་བསལ་ཏེ། ཆ་མཉམ་
པ་ལ་སོགས་པ་འདི་ཡང་ཅི་རིགས་པའོ། །སེམས་ཅན་རྣམས་ཀྱི་བསམ་པའི་ཁྱད་པར་ལས་དཔགས་ཏེ། ཚེས་དང་སྐར་མ་དང་གཟའ་ལ་སོགས་པ་བཟང་པོ་བརྟག་པ་འདི་ཡང་ཅི་རིགས་པ་ཡིན་ནོ། །ཕྱིས་འགྱུར་བའི་ཚུལ་ལ་བརྟེན་ནས་དཀྱིལ་འཁོར་གྱི་ས་ལ་ཡང་དཀྱིལ་འཁོར་ཞེས་བྱ་བའི་
སྒྲར་གསུངས་ཏེ། དེའི་དབུས་ཉིད་དུ་མཆིས་ནས་ཀྱང་། །ཞེས་ནི་གསུངས་ན། ཇི་ལྟར་འདུག་པར་བྱ་བ་མི་ཤེས་པས། དེའི་ཕྱིར། སེམས་དཔའ་ཆེ་བའི་ཕྱག་རྒྱ་ཆེ། །བསྒོམ་ཞིང་ཞེས་བྱ་བ་གསུངས་ཏེ། སེམས་དཔའ་ཆེན་པོ་ནི་འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དེའི་
ཕྱག་རྒྱ་ཆེན་པོ་ནི་སྐུའི་ཕྱག་རྒྱའོ། །དེ་རེ་ཞིག་རྒྱས་པར་བསྒོམ་པ་ནི་རང་གི་ལྷའི་རྣལ་འབྱོར་དུ་བྱས་ལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཡོངས་སུ་རྫོགས་པས་བདག་ཉིད་རྐྱེན་དུ་མཆི་བ་དང་རབ་ཏུ་ལྡན་

ཞིང་ལུང་དང་རྟོགས་པ་མངོན་སུམ་དུ་བྱས་པ་ལ་སོགས་པ་དང་། འདུ་བྱེད་ཐམས་ཅད་མཉམ་པ་ཉིད་ཡིན་ཞིང་། སྟོང་པ་ཉིད་དུ་རོ་གཅིག་པར་ཡང་བདག་ཉིད་ལྷག་པར་མོས་པར་བྱའོ། །དེ་བས་ན་བདག་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་རྫོགས་པར་བལྟ་བར་བྱའོ། །དེ་ནས་བདག་ཉིད་སངས་རྒྱས་
ཐམས་ཅད་ཀྱིས་རྒྱལ་ཚབ་ཏུ་དབང་བསྐུར་བར་བསམ་མོ། །དེ་ནས་བདག་ཉིད་དགའ་ལྡན་གྱི་གནས་སུ་སྐྱེ་བར་བསམས་ལ། དེར་ཆོས་ཀྱི་སྟན་ལ་འདུག་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེའི་ཚུལ་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་ཏོ། །དེ་ནས་རིགས་ལ་
སོགས་པ་ལ་བལྟས་ལ། འདིར་བབས་ཏེ་སྐྱེ་བ་ཡོངས་སུ་གཟུང་བ་བྱས་ནས། བྱིས་པ་དང་གཞོན་ནུ་མ་ལ་སོགས་པའི་རིམ་གྱིས་བདག་ཉིད་ལང་ཚོ་ལ་གནས་པར་ལྷག་པར་མོས་ཤིང་བཟོའི་གནས་བསྟན་པ་དང་། བཙུན་མོའི་འཁོར་གྱི་ནང་ན་གནས་པ་དང་། མངོན་པར་བྱུང་བ་དང་། རབ་ཏུ་བྱུང་
བ་དང་། དཀའ་བ་སྤྱོད་པ་བྱས་པར་ལྷག་པར་མོས་པར་བྱས་ཏེ། དེ་ལ་གནས་བཞིན་དུ་མི་ལྕོགས་པ་མེད་པས་ན། དེ་ནས་བསམ་གཏན་དང་པོ་དང་། དེ་ནས་བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་
མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྣམས་ལ་རིམ་པ་བཞིན་དུ་སྙོམས་པར་འཇུག་པར་ལྷག་པར་མོས་པར་བྱའོ། །དེ་ནས་ཡང་གོ་བཟློག་པའི་རིམ་གྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་
ནས་མི་ལྕོགས་པ་མེད་པའི་བར་དུ་དབབ་པའོ། །དེ་ནས་སླར་ཡང་མི་ལྕོགས་པ་མེད་པ་ནས་བསམ་གཏན་ཁྱད་པར་ཅན་དང་། དེ་ནས་བསམ་གཏན་གསུམ་པ་དང་། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་དང་། དེ་ནས་འདུ་ཤེས་མེད་འདུ་ཤེས་
མེད་མིན་སྐྱེ་མཆེད་དོ། །དེ་ནས་ཡང་བཟློག་པའི་རིམ་གྱིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། དེ་ནས་བསམ་གཏན་གཉིས་པ་དང་དེ་ནས་བསམ་གཏན་དང་པོ་དང་དེ་ནས་མི་ལྕོགས་པ་མེད་པ་དང་དེ་ནས་ཡང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅིང་། བསམ་གཏན་དང་པོའི་རྗེས་ལ་

བསམ་གཏན་ཁྱད་པར་ཅན་དང་། དེ་ནས་བསམ་གཏན་གཉིས་པ་དང་། དེ་ནས་གསུམ་པ་དང་། དེ་ནས་བཞི་པ་དང་། དེ་ནས་བསམ་གཏན་བཞི་པའི་ཆུང་ངུའི་ཆུང་ངུ་ལ་སྙོམས་པར་འཇུག་གོ། །དེ་ནས་ཆུང་ངུའི་འབྲིང་པོ་དང་། ཆུང་ངུའི་ཆེན་པོ་དང་། ཡང་འབྲིང་
པོའི་ཆུང་ངུ་དང་། འབྲིང་པོའི་འབྲིང་པོ་དང་། འབྲིང་པོའི་ཆེན་པོ་ལ་སྙོམས་པར་འཇུག་གོ། །དེ་ནས་ཡང་བསམ་གཏན་བཞི་པའི་ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་པོ་དང་། ཆེན་པོའི་ཆེན་པོ་མངོན་སུམ་དུ་བྱེད་དོ། །དེ་ལྟར་ཇི་སྐད་དུ་བསྟན་པའི་སྙོམས་པར་འཇུག་པ་ནི་ལམ་ལ་གོམས་
པར་བྱ་བའི་ཕྱིར་ཐ་ན་ཚིག་ཙམ་དུ་ཡང་རྗེས་སུ་དྲན་པར་བྱའོ། །དེ་ནས་བསམ་གཏན་བཞི་པའི་ཆེན་པོའི་ཆེན་པོ་ལ་གནས་ཏེ། རྫུ་འཕྲུལ་གྱིས་འོག་མིན་གྱི་གནས་བགྲོད་ནས། དེར་འདུག་ལ་སེམས་ཅན་གྱི་ཁམས་མགོན་མེད་པ་རྣམས་ལ་བལྟས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གཙོ་བོར་
གྱུར་པའི་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་བསླང་སྟེ། མངོན་པར་བྱང་ཆུབ་པའི་ལུང་དབོག་པ་སྦྱིན་ནོ། །དེ་ནས་ཇི་སྐད་སྨོས་པའི་ཚུལ་གྱིས་སྔགས་ལྔས་མངོན་པར་བྱང་ཆུབ་པ་དང་། བྱིན་གྱིས་བརླབ་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱིས་བྱེད་དུ་སྩལ་ལོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐོར་བཞིན་དུ་རི་རབ་ཀྱི་རྩེ་མོར་བབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ལ་འདུག་ཅིང་འཁོར་ལོ་སྤྲུལ་པ་དང་། བསྡུ་བ་དང་བྱིན་གྱིས་བརླབ་པ་བྱས་ཏེ། སྔར་བཤད་པའི་ཚུལ་གྱིས་འཁོར་ལོ་རྫོགས་
པར་བྱས་ནས་རང་གི་ཕྱག་རྒྱའི་གནས་ན་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་དེ་ཐོས་ནས། སེམས་དཔའ་ཆེན་པོའི་ཕྱག་རྒྱ་ཆེར་བསྒོམ་ཞིང་བྱིན་གྱིས་རློབ་པ་བགྱིད་ཅིང་བྱིན་
གྱིས་བརླབ་པ་ཞེས་སྨོས་པ་ནི། ཉེ་བར་མཚོན་པའི་དོན་ཙམ་དུ་ཟད་དེ། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། བསྲུང་བ་དང་། མཆོད་པ་དང་། ཏིང་ངེ་འཛིན་ཡོངས་སུ་བཟུང་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་ཞིང་དཀྱིལ་འཁོར་གྱི་ལས་བྱའོ། །ཡང་ན་མདོར་བསྡུ་ན་

བཛྲ་བནྡྷ་ཏྲཊ་ཅེས་བྱ་ལ། བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བ་འདིས་ཡེ་ཤེས་དབབ་པ་བསྐྱེད་དེ། བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་བསམ་མོ། །དེ་ནས་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམ་ཞིང་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ཏིང་ངེ་འཛིན་དེ་ལ་གནས་ཏེ་དཀྱིལ་འཁོར་གྱི་ལས་
རྣམས་བྱའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་བསྐྱེད་ནས། ད་ནི་བགེགས་དང་ལོག་འདྲེན་ལ་སོགས་པ་བསྐྲད་པའི་ཕྱིར་གཞུང་གཞན་གསུངས་པ་ཡིན་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ནས་རང་གི་སྟན་ལས་ལྡང་བར་བྱ་སྟེ། སྟན་ལས་ལྡང་བ་ནི་ཕྱག་རྒྱ་དགྲོལ་བ་དང་། ལྷ་རྣམས་
གཤེགས་སུ་གསོལ་བ་ཡང་སྲིད་པས། དེའི་ཕྱིར་དེ་བཞིན་ལྡང་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་མ་བཀྲོལ་བར་ཞེས་བྱ་བའི་དོན་ཏོ། །ལྡང་བ་ལ་གལ་ཏེ་སེམས་རྣམ་པར་གཡེངས་པས་ལྷ་ལ་ཡིད་གཏོད་པར་མི་འགྱུར་བ་ཡང་སྲིད་དེ། དེ་བས་ན་ཕྱག་རྒྱ་ལ་གནས་ཞེས་བྱ་བ་གསུངས་ཏེ། ཕྱག་
རྒྱ་ལ་གནས་པས་ན་ཕྱག་རྒྱ་ལ་གནས་པའོ། །དེ་ཡང་རྡོ་རྗེ་སེམས་དཔའི་སྐུར་བདག་ཉིད་བསམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལངས་པ་དེས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། ཀུན་དུ་རྣམ་པར་བལྟས་ནས་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་
བསྐོར། །ཞེས་བྱ་བ་གསུངས་ཏེ། ཀུན་དུ་རྣམ་པར་བལྟ་བ་ནི་ཕྱོགས་བཅུ་རྣམས་སུ་ཡང་བྱམས་པའི་ལྟ་བའམ། ཁྲོ་བའི་ལྟ་བས་བལྟས་ཏེ། བྱ་བའི་དོན་ཡོངས་སུ་རྫོགས་ཀྱི་བར་དུ་བགེགས་དང་ལོག་འདྲེན་རྣམས་བསྐྲད་པར་བྱ་བའི་ཕྱིར། ཁྱེད་རྣམས་གནས་འདིར་མ་འདུག་ཅིག་
ཅེས་བརྗོད་པར་བྱ་བ་དང་། བགེགས་དང་ལོག་འདྲེན་དེ་རྣམས་ཀྱང་གནས་དེ་ནས་འབྱེར་བར་གྱུར་པར་ལྷག་པར་མོས་པར་བྱའོ། །ལྟ་བ་ནི་ཤར་ཕྱོགས་ནས་བརྩམས་ཏེ། གཡས་ཕྱོགས་ནས་བསྐོར་ཞིང་བལྟ་བར་བྱའོ། །བསྐོར་བ་ནི་དཀྱིལ་འཁོར་གྱི་སའི་སྟེང་བསྐོར་ཞིང་རྡོ་རྗེ་སེམས་དཔའི་
ཞབས་ཀྱི་མཐིལ་ནས་བརྩམས་ཏེ། རླུང་གི་འཁོར་ལོ་ནས་དེ་བཞིན་དུ་རི་རབ་ཀྱི་སྟེང་གི་བར་དུ་རྡོ་རྗེར་བྱས་པར་ལྷག་པར་མོས་པར་བྱ་སྟེ། གང་གི་ཕྱིར་འདི་དག་ནི་སེམས་ཙམ་ཡིན་ཏེ། ལུས་དང་ལོངས་སྤྱོད་གནས་འདྲ་བར། །མི་རྣམས་ལ་ནི་སེམས་སྣང་ངོ་། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །

གང་དུ་དཀྱིལ་འཁོར་འདྲི་ཡང་རུང་སྟེ། དེ་རི་རབ་ཀྱི་སྟེང་དུ་ལྷག་པར་མོས་པར་བྱའོ། །རྡོ་རྗེ་བཅིང་བ་ཡང་བཅིངས་ལ་ཕྱེ་སྟེ། སའི་སྟེང་དུ་ཁ་སྦུབས་ལ་ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྔགས་འདི་ཡང་བརྗོད་པར་བྱའོ། །ཇི་ལྟར་བསྐོར་བར་བྱ་ཞེ་ན། བསྒྱིངས་པའི་ཚུལ་གྱིས་ཞེས་
བྱ་བ་གསུངས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་སྟ་ཟུར་དུ་འཇོག་པ་ནི་བསྒྱིངས་པ་ཞེས་བྱ་སྟེ། གང་ལག་པ་སྟ་ཟུར་ལ་འཇོག་ཅིང་འདུག་པ་ནི་ཁེངས་པ་ཞེས་འཇིག་རྟེན་ན་གྲགས་པ་ཡིན་ནོ། །ཕྱག་རྒྱ་ལ་གནས་ཞེས་བྱ་བ་འདིས་ནི་ཐུགས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔའ་བསྒོམས་པ་ཡིན་པར་བཤད་
དོ། །སྐུའི་ཕྱག་རྒྱ་ནི་བསྒྱིངས་པའི་ཚུལ་ཞེས་བྱ་བ་འདིས་སྟོན་པ་ཡིན་ནོ། །འདིར་གསུང་གི་ཕྱག་རྒྱ་གང་ཞིག་ཡིན་ཞེས་པ་ལ། རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས། །ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བས་ན་ཕྱག་རྒྱ་འདི་སུམ་ཆར་དང་ལྡན་པས་ས་གཟུང་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །
ས་གཟུང་བའི་རྗེས་ལ་དེ་ན་བགེགས་དང་ལོག་འདྲེན་གང་དག་ཡོད་པར་དོགས་ན་བགེགས་དང་ལོག་འདྲེན་ཐམས་ཅད་ལ་ཕུར་བུས་གདབ་པར་བྱ་སྟེ། དེ་ནི་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའམ་སོར་བཞི་པས་དེའི་འོག་ན་ཡོད་པར་རྣམ་པར་བསམས་ལ། དེའི་སྟེང་དུ་ཕུར་བུ་གདབ་པར་བྱ་སྟེ།
སྔགས་འདི་ཡང་མངོན་པར་བཟླའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུཾ་ཕཊ། དེར་སྲད་བུ་ཅི་འདྲ་བ་དང་ཐིག་གདབ་པར་བྱ་བ་མི་ཤེས་པས། དེའི་ཕྱིར་གསར་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསར་པ་ནི་ཡོངས་སུ་མ་སྤྱད་པའོ། །གལ་ཏེ་མ་སྤྱད་པ་ཡིན་དུ་ཟིན་ཀྱང་ལྷོད་པ་ཞིག་
ཡིན་དུ་ཟིན་ན་ཆད་པར་འགྱུར་བའི་དོགས་པ་བསལ་བའི་ཕྱིར་ལེགས་པར་བཀལ་ནས་ཀྱང་ཞེས་བྱ་བ་གསུངས་ཏེ། ལེགས་པར་བཀལ་བ་ནི་ལེགས་པར་བསྒྲིམས་པས་ཤིན་ཏུ་སྲ་བ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བཀལ་ཟིན་ཀྱང་ཚད་ལས་ཆུང་ན་དཀྱིལ་འཁོར་གྱི་སའི་ཚད་ཀྱི་སྤྱོད་ཡུལ་དང་མི་
འཚམ་པ་སྲིད་པས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཚད་དང་མཐུན་པ་ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་དོགས་པ་བསལ་བའི་ཕྱིར་རོ། །ཚད་དང་ལྡན་དུ་ཟིན་ཀྱང་བརྒྱ་ལ་ཞིག་ན་དྲི་མ་ཅན་ཞིག་ཡིན་ཡང་སྲིད་པས་དེའི་ཕྱིར་མཛེས་པའི་ཞེས་གསུངས་ཏེ། མཛེས་པ་ནི་སྡུག་པ་སྟེ།

སྨད་པའི་སྐྱོན་དང་བྲལ་བའོ། །དེ་ལྟ་བུའི་སྲད་བུས་ཅི་ཞིག་བྱ་ཞེ་ན། ཐིག་གདབ་ཅིང་ཞེས་བྱ་བའོ། །གང་གིས་གདབ་ཅེ་ན། དེའི་ཕྱིར་མཁས་པས་ཞེས་བྱ་བ་གསུངས་ཏེ། མཁས་པ་ཞེས་བྱ་བ་འདིས་ནི་ཐིག་ལེགས་པར་འདེབས་ཤེས་པའམ། ཆ་ལེགས་པར་བགོ་བར་ཤེས་པ་དེ་ནི་
མཁས་པ་ཞེས་བྱའོ། །ཚད་ཇི་ཙམ་དུ་ཐིག་གདབ་པར་བྱ་ཞེ་ན། ཅི་ནུས་ཀྱིས་ཞེས་བྱ་བ་གསུངས་ཏེ། ནུས་པ་ནི་འདིར་སློབ་མའི་འབྱོར་པའི་ཚད་དམ། བདག་ཉིད་ཀྱི་དགོས་པ་རྫོགས་པར་བྱེད་པའི་ཚད་དུའོ། །དེ་ལྟ་བུས་ཅི་ཞིག་ཐིག་གདབ་ཅེ་ན། དེའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་
གསུངས་ཏེ། དཀྱིལ་འཁོར་ནི་སྙིང་པོ་ལ་བྱ་སྟེ། མར་གྱི་སྙིང་པོ་བཞིན་ནོ། །དེ་ཡང་བསྟན་པ་འདི་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྙིང་པོ་ཡིན་ལ། དེ་ལེན་པར་བྱེད་པས་ན་དཀྱིལ་འཁོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཞེས་བྱ་བའི་དོན་
ཏོ། །དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ་ཞེས་ནི་གསུངས་ན། དབྱིབས་ཇི་ལྟ་བུ་བྱ་བར་མི་ཤེས་པས། །དེའི་ཕྱིར་གྲུ་བཞིར་བགྱི་ཞིང་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ནི་ཁང་པ་བརྩེགས་མའི་རང་བཞིན་ཡིན་པའི་ཕྱིར་རོ། །དེར་ནི་ངེས་པར་སྒོ་གདོང་དགོས་པས་ན་དེའི་ཕྱིར་སྒོ་བཞི་དང་ཞེས་བྱ་བ་གསུངས་སོ། །
གནས་ཆེན་པོ་དག་ཏུ་ནི་རྟ་བབས་དག་ཀྱང་བྱ་དགོས་པས་དེ་བསྟན་པའི་ཕྱིར། རྟ་བབས་བཞིས་ནི་མཛེས་བགྱིས་ལ། །ཞེས་བྱ་བ་གསུངས་སོ། །ཐིག་བཞི་དང་ནི་ཞེས་བྱ་བ་ནི་སྒོའི་དབུས་ཀྱི་ཐིག་གཉིས་དང་། མཚམས་ཀྱི་དབུས་ཀྱི་ཐིག་གཉིས་ཏེ། དཀྱིལ་འཁོར་གྱི་ཆ་མཉམ་པར་བྱ་
བའི་ཕྱིར་རོ། །གཞན་དག་ན་རེ་ཀ་བའི་ཐིག་ཉིད་ལ་ཐིག་བཞི་ཞེས་ཟེར་རོ། །ད་ནི་ཁང་པ་བརྩེགས་མ་དེར་མཆོད་པའི་ཡོ་བྱད་དག་ཀྱང་བསྟན་པར་བྱ་བའི་ཕྱིར། དར་དང་མེ་ཏོག་ཕྲེང་བས་བརྒྱན། །ཞེས་བྱ་བ་གསུངས་ཏེ། དར་ནི་ཆུར་ཁྲུ་ཉི་ཤུ་རྩ་ལྔ་པ་ཞེང་དུ་ཁྲུ་གང་བའོ། །དེ་ལྟ་
བུའི་དར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་ལ་སོགས་པ་སྟེ། དེས་བརྒྱན་ཅིང་སྦུད་པ་དང་། མེ་ཏོག་ཕྲེང་བ་སྟེ་མེ་ཏོག་གི་ཆུན་འཕྱང་གིས་བརྒྱན་ཅིང་བཞག་པའོ། གྲྭའི་ཕྱོགས་ནི་ཞེས་པ་ནི་མཚམས་ཀྱི་ཆ་རྣམས་སུའོ། །ཐམས་ཅད་དང་ཞེས་བྱ་བ་ནི་བཞི་ཆར་དུ་ཡང་ངོ་། །

སྒོ་རྣམས་ཀྱི་སྒོ་གང་ནི་སྒོ་ཁྱུད་དེ། དེའི་མཚམས་རྣམས་ནི་གྲྭའི་ས་ཕྱོགས་ཏེ། རི་མོ་གཉིས་ཕྲད་པ་ལ་མཚམས་ཞེས་བྱའོ། །གནས་དེར། རྡོ་རྗེ་རིན་ཆེན་སྤྲས་པར་ནི། །ཞེས་བྱ་བ་སྟེ། རྡོ་རྗེ་རིན་པོ་ཆེ་ཉིད་ཡིན་པས་ན་རྡོ་རྗེ་རིན་ཆེན་ནོ། །ལ་ལ་ནི་རྡོ་རྗེ་དང་རིན་པོ་ཆེ་
ནི་རྡོ་རྗེ་རིན་ཆེན་ནོ་ཞེས་འཆད་དེ། རྡོ་རྗེ་ནི་དཀྱིལ་འཁོར་གྱི་སྒོ་ཁྱུད་དང་མཚམས་རྣམས་སུའོ། །རིན་པོ་ཆེ་ནི་ཚོན་གྱི་རི་མོའི་མཐའ་མར་རིན་པོ་ཆེའི་ཕྲེང་བས་ངོས་བཞི་ཆར་དུ་ཡང་སྤྲས་པ་སྟེ། དེས་སྤྲས་པ་ནི་བརྒྱན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྒྱན་པ་དེ་གང་ཡིན་ཞེ་ན། དཀྱིལ་འཁོར་གྱི་
ཕྱི་རིམ་ཞེས་བྱ་བ་གསུངས་སོ། །དེའི་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱིའོ། །ཅི་ཞིག་ཅེ་ན། དེའི་རིམ་པའི་ནང་དུའོ། །ཇི་ལྟར་བྱས་ནས་ཤེ་ན། ཞུགས་ལའོ། །འཁོར་ལོ་འདྲ་བར་ཞེས་བྱ་བ་སྟེ་འཁོར་ལོ་ལྟ་བུའོ། །ནང་གི་རིམ་པ་ཇི་ལྟ་བུར་བྱ་ཞེ་ན། རྡོ་རྗེ་ཐིག་གིས་ཡོངས་སུ་བསྐོར་བར་
བྱ་བ་སྟེ། ནས་འབྲས་འདྲ་བའི་རྡོ་རྗེས་རྒྱུན་ཆགས་སུ་བསྐོར་ཏེ་བྲིས་པའི་ཐིག་ནི་རྡོ་རྗེའི་ཐིག་གོ། །བསྐོར་ཞེས་བྱ་བ་ནི་ཀུན་ནས་ཡོངས་སུ་བསྐོར་བའོ། །ཀ་བ་བརྒྱད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་སྒོ་རེ་རེའི་ཐད་ཀར་ཡང་ཀ་བ་གཉིས་གཉིས་ཏེ། མཐའ་གཅིག་ནི་རྡོ་རྗེའི་ཐིག་ལ་བརྟེན་ལ།
མཐའ་གཅིག་ནི་དཀྱིལ་འཁོར་གྱི་ལྟེ་བ་ལ་བརྟེན་ཏོ། །དེ་ལྟར་ན་སྒོ་བཞིའི་ཐད་ཀར་ཀ་བ་བརྒྱད་དུ་འགྱུར་རོ། །རྒྱུད་འདིར་རྡོ་རྗེ་ལྟ་བུའི་བསམ་པས་དངོས་པོ་ཐམས་ཅད་སྤྲུལ་པས་ན་མིང་ཐམས་ཅད་རྡོ་རྗེས་མཚན་པ་ཡིན་ཏེ། དེའི་ཕྱིར་རྡོ་རྗེ་ཀ་བ་ཞེས་གསུངས་སོ། །ཡང་གཞན་དག་ནི་འདི་སྐད་
དངོས་པོ་ཐམས་ཅད་རྡོ་རྗེས་མཚན་པས་ན་རྡོ་རྗེས་མཚན་པའི་ཀ་བ་ལ་ནི་རྡོ་རྗེའི་ཀ་བ་ཞེས་ཟེར་རོ། །ནང་ལོགས་སུ་ཞེས་བྱ་བ་ལ་སོགས་པ་ནི་གནས་ཏེ། རྡོ་རྗེ་ཀ་བའི་མདུན་གྱི་གནས་སུ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྒོའི་ཐད་ཀའི་ཀ་བ་གཉིས་གཉིས་ཀྱི་བར་གྱི་གནས་དང་བརྒྱད་པོའི་དབུས་
ཀྱི་གནས་གང་ཡིན་པ་སྟེ། དེ་ལྟ་ན་གནས་ལྔ་པོ་འདི་རྣམས་ནི་རྡོ་རྗེ་ཀ་བའི་ནང་ལོགས་ཏེ། དེ་དག་ཏུ་ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་པ་ཞེས་བྱ་བ་སྟེ། ཟླ་བའི་དཀྱིལ་འཁོར་ལྔ་ལྔས་བརྒྱན་པར་བྱའོ། །དབུས་ཀྱི་དཀྱིལ་འཁོར་ནི་སྒོའི་ཐད་ཀར་བལྟས་པ་བཞི་བཀོལ་ཏེ། ཀ་བ་བརྒྱད་

ཀྱི་དབུས་སུ་ཆུད་པ་ལ་དབུས་མ་ཞེས་བྱ་སྟེ། དབུས་མའི་དཀྱིལ་འཁོར་དེའི་དབུས་ཀྱི་ཟླ་བའི་དཀྱིལ་འཁོར་ལ། སངས་རྒྱས་ཀྱི་ནི་གཟུགས་གཞག་ཅིང་། །ཞེས་བྱ་བ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སངས་རྒྱས་བཞི་བཞུགས་པའི་ཚུལ་དུ་གཞག་གོ། །སངས་རྒྱས་བཅོམ་
ལྡན་འདས་དེའི་ཤར་དུ་རྡོ་རྗེ་སེམས་མ། ལྷོར་རིན་ཆེན་སེམས་མ། ནུབ་ཏུ་རྡོ་རྗེ་ཆོས་མ། བྱང་དུ་རྡོ་རྗེ་ལས་མའོ། །ཐམས་ཅད་ཀྱང་དམ་ཚིག་གི་མཆོག་ཡིན་པས་ན་དམ་ཚིག་མཆོག་སྟེ། རིགས་ཀྱི་ཡུམ་རྣམས་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་བཞི་པོ་ཞེས་བྱ་བ་ལ་སོགས་པ་
ལ། དཀྱིལ་འཁོར་བཞི་པོ་དེ་དག་ཏུ་རི་མོའམ། ཐིག་ཡིད་ཀྱིས་བཏེག་ལ་རྡོ་རྗེ་ཤུགས་ཀྱི་སྔགས་བརྗོད་དེ་སོང་ལ། ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མི་བསྐྱོད་པ། ལྷོའི་དབུས་སུ་རིན་ཆེན་འབྱུང་ལྡན། ནུབ་ཀྱི་དབུས་སུ་འོད་དཔག་ཏུ་མེད་པ་བྱང་གི་དབུས་སུ་གདོན་མི་ཟ་བར་གྲུབ་
པའོ། །མི་བསྐྱོད་པའི་མདུན་དུ་རྡོ་རྗེ་འཛིན་པ། གཡས་སུ་རྡོ་རྗེ་རྒྱལ་པོ། གཡོན་དུ་རྡོ་རྗེ་ཆགས་པ། རྒྱབ་ཏུ་རྡོ་རྗེ་ལེགས་པའོ། །མཉམ་པ་ཞེས་བྱ་བ་ནི་མ་ཚང་བ་མེད་པ་སྟེ། ས་མ་ཡ་སཏྭ་ནི་དམ་ཚིག་སེམས་དཔའ་ལ་བྱ་བ་ཡིན་པས། ས་མ་ཡ་ཞེས་བྱ་བའི་ཡི་གེ་གཉིས་ཆ་འདྲ་བའི་ཚུལ་
གྱིས་མཉམ་པ་ཞེས་བྱ་བ་གསུངས་པ་ཡིན་ནོ། །རིན་ཆེན་འབྱུང་ལྡན་གྱི་མདུན་དུ་རྡོ་རྗེ་སྙིང་པོ། གཡས་སུ་རྡོ་རྗེ་གཟི་བརྗིད། གཡོན་དུ་རྡོ་རྗེ་དཔལ། རྒྱབ་ཏུ་རྡོ་རྗེ་བཞད་པའོ། །རྫོགས་པ་ཞེས་སྨོས་པ་ན་མ་ཚང་བ་མེད་པའི་དོན་ཏོ། །བསམ་པ་ཡོངས་སུ་རྫོགས་པར་གྱུར་པའི་གནས་ཡིན་
པའི་ཕྱིར། བསམ་པ་ཡོངས་སུ་རྫོགས་པའི་ཚུལ་གྱིས་ནི་རྫོགས་པ་ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་མདུན་དུ་རྡོ་རྗེ་སྤྱན། གཡས་སུ་རྡོ་རྗེ་རྣོན་པོ། གཡོན་དུ་རྡོ་རྗེ་རྒྱུ། རྒྱབ་ཏུ་རྡོ་རྗེ་སྨྲ་བའོ། །དག་པ་ཞེས་སྨོས་པ་ནི་མ་ཚང་བ་མེད་པའི་དོན་དང་། རང་
བཞིན་གྱིས་དག་པའི་ཆོས་ཉིད་ཡོངས་སུ་གཟུང་བའི་དོན་གྱིས་ན་དག་པ་ཞེས་བཤད་དོ། །གདོན་མི་ཟ་བར་གྲུབ་པའི་མདུན་དུ་རྡོ་རྗེ་ལས། གཡས་སུ་རྡོ་རྗེ་གོ་ཆ། གཡོན་དུ་རྡོ་རྗེ་གནོད་སྦྱིན། རྒྱབ་ཏུ་རྡོ་རྗེ་ཁུ་ཚུར་རོ། །འདིར་ཡང་ལས་སྣ་ཚོགས་པ་ལ་དབང་བྱེད་པ་ཡིན་པས་ན་རྡོ་རྗེ་རྒྱ་གྲམ་ཞེས་

གསུངས་པ་ཡིན་ནོ། །འཁོར་ལོའི་གྲ