Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 43

Văn bản gốc(Tây Tạng)

Trang 1 / 15 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཙ་ཏུ་རྃ་ག་སཱ་དྷ་ནཾ་ཊཱི་ཀཱ་སཱ་ར་མཉྫ་ར་ནཱ་མ། བོད་སྐད་དུ། ཡན་ལག་བཞི་པའི་སྒྲུབ་ཐབས་ཀྱི་རྒྱ་ཆེར་བཤད་པ་སྙིང་པོ་སྙེ་མ་ཞེས་བྱ་བ། བཅོམ་ལྡན་འདས་
བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཟབ་ཡངས་དམ་པའི་རང་བཞིན་ཅན། །རྣམ་ཀུན་གཅིག་ཏུ་རབ་མཛེས་པ། །མཆོག་ཏུ་དགའ་བ་རྣམ་མི་རྟོག །འཇམ་པའི་གསུང་མཆོག་
ལ་ཕྱག་འཚལ། །ཡེ་ཤེས་ཞབས་ཀྱིས་གང་མཛད་ཡིན། །དེ་ཡི་མན་ངག་རྗེས་འབྲངས་ཏེ། །གྲགས་པའི་ཞབས་ཀྱིས་བཀས་བསྐུལ་བས། །སྒྲུབ་པའི་ཐབས་ནི་བདག་གིས་བྱ། །གལ་ཏེ་
འགའ་ཡིས་བཀྲལ་གྱུར་ཀྱང་། །དེ་ཀུན་དེ་ཡི་མན་ངག་གི། །རྗེས་སུ་འགྲོ་བ་མ་ཡིན་པས། །དེ་ཕྱིར་བདག་གིས་ཆེར་འབད་དོ། །གང་ཕྱིར་བསྐལ་པ་བྱེ་བ་བརྒྱ། །སྙེད་དུ་དེ་ལ་ཡིད་བསྒོམས་ཀྱང་། །མ་
ཚང་བ་དང་ལྷག་པ་ཡི། །ཉེས་པས་དངོས་གྲུབ་ཐོབ་མི་འགྱུར། །དེ་ལ་རེ་ཞིག་སློབ་དཔོན་འདི་སྒྲུབ་ཐབས་མཛད་པར་བཞེད་པས་མངོན་པར་འདོད་པའི་ལྷ་ལ་མཆོད་པས་བསོད་ནམས་སྤེལ་བ་ལ་འཇུག་པ་ནི་

མངོན་པར་འདོད་པ་ལ་བགེགས་མེད་པར་བཞེད་དེ། དེ་ལ་མཆོད་པ་སྔོན་དུ་འགྲོ་བ་ཅན་རྟོག་པ་དང་ལྡན་པ་རྣམས་འཇུག་པར་བྱེད་པའི་བརྗོད་པར་བྱ་བ་ལ་སོགས་པ་གསུངས་པ་ནི། གང་ལ་དཔལ་ལྡན་ཞེས་
བྱ་བ་ལ་སོགས་པའོ། །འདིར་བཅོམ་ལྡན་འདས་ལ་མཆོད་པ་ནི་བསྟོད་པ་དང་ཕྱག་འཚལ་བས་སོ། །དེ་ལ་བསྟོད་པ་ནི་ཡང་དག་པའི་ཡོན་ཏན་བརྗོད་པའོ། །དེ་ལ་ཡང་འོད་ཟེར་གྱི་ཁྱད་པར་གྱི་སྒོ་ནས་འཇམ་དཔལ་ཉིད་ལ་བྱེད་
པ་ཡིན་ཏེ། དེ་དག་དང་འབྲེལ་པའི་ཕྱིར་རམ། དེ་ཁོ་ནར་དབྱེ་བ་མེད་པའི་ཕྱིར་རོ། །དེ་ལ་དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ། དེ་གང་ལ་ཡོད་པ་དེ་དག་ནི་དཔལ་ལྡན་ནོ། །འདིས་ནི་རང་གི་དོན་ཕུན་སུམ་ཚོགས་
པའི་རྒྱུ་བརྗོད་དེ། ཐམས་ཅད་མཁྱེན་པའི་མཚན་ཉིད་ཅན་རང་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཡིན་པའི་ཕྱིར་རོ། །གང་དག་གིས་མ་རིག་པའི་མཚན་ཉིད་ཀྱི་འཁྲུལ་པ་མཐའ་དག་སྤངས་པ་དེ་དག་ལ་
དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ནི་དྲི་མ་མེད་ཅིང་ཞེས་བྱ་བ་ལ་རྣམ་པར་དག་པ་ཡིན་ཏེ། བག་ཆགས་དང་བཅས་པ་དང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཐམས་ཅད་མཁྱེན་པ་ཉིད་བསྟན་

པའི་ཕྱིར་རང་གི་དོན་ཕུན་སུམ་ཚོགས་པ་བརྗོད་ལ། ཉན་ཐོས་ལ་སོགས་པ་ལས་ཕུལ་དུ་བྱུང་བར་ཡང་བརྗོད་དོ། །མཐའ་ཡས་པ་རིགས་གཅིག་ལ་སོགས་པ་རྣམས་སྤྲུལ་པ་ནི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་བསྐྱེད་པའོ། །གང་ལ་རྒྱན་དེ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདིས་ནི་
གཞན་གྱི་དོན་ཕུན་སུམ་ཚོགས་པ་བརྗོད་དེ། དེའི་བདག་པོས་གདུལ་བྱ་རྣམས་ལ་དེའི་རྣམ་པར་སྣང་བ་རབ་ཏུ་འགྲུབ་པའི་ཕྱིར་རོ། །ཤེས་རབ་ནི་ངོ་བོ་ཉིད་མེད་པའི་རང་བཞིན་གྱི་རིག་མའོ། །དེའི་ཡན་ལག་ནི་རང་གི་སྣང་བའི་རྣམ་པའོ། །དེ་དང་འབྲེལ་པ་ནི་ཐབས་དང་ལྷན་ཅིག་རོ་གཅིག་
པ་ཉིད་དེ། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་སེམས་ཞེས་བྱ་བའི་དོན་ཏོ། །དེས་མཛེས་པ་རྣམ་པར་གསལ་བ་དང་ལྡན་པ་ནི་ཤེས་རབ་ཡན་ལག་དང་འབྲེལ་པས་མཛེས་པའོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་བརྗོད་དེ། གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་ནི་ཆགས་
པ་ཆེན་པོའི་ཉེ་བར་མཚོན་པ་ཅན་ཡིན་པའི་ཕྱིར་རོ། །དེས་ཀྱང་རྩ་བའི་རྒྱུད་དང་པོའི་སངས་རྒྱས་ལ་སོགས་པ་དག་ལས་ཁྱད་པར་དུ་གྱུར་པར་བརྗོད་དོ། །མངོན་ཕྱག་འཚལ་ནས་ཞེས་བྱ་བ་འདིས་ནི་ལུས་ལ་སོགས་པས་རབ་ཏུ་འདུད་པའི་མཆོད་པ་བརྗོད་དོ། །དེ་ནས་གང་ལ་རྣམ་
པ་འདི་ལྟ་བུར་གྱུར་པའི་འོད་ཟེར་དག་ནི་རྣམ་པར་འཚེ་བའི་འཇམ་དཔལ་ཏེ། མངོན་ཕྱག་འཚལ་ནས་དེ་ཉིད་མཆོད་པའི་ཕྱིར་ཆོ་ག་བརྗོད་པར་བྱ་ཞེས་འབྲེལ་ཏོ། །ཆོ་ག་འདི་ཕུལ་དུ་བྱུང་བ་བསྟན་པའི་དོན་དུ་གསུངས་པ་ནི་དཔལ་ལྡན་ཞེས་བྱ་བ་ལ་སོགས་པའོ། །དཔལ་ནི་འཇིག་རྟེན་པ་
དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའོ། །དེའི་འབྲས་བུ་ཉིད་དུ་གང་ལ་ཡོད་པ་དེ་དཔལ་ལྡན་ཡང་ཡིན་ལ་འདུས་པ་ཡང་ཡིན་ནོ། །དེའི་ལུགས་ནི་དེའི་མན་ངག་གོ། །དེ་བཞིན་དུ་རང་གི་ཁྱད་པར་བརྗོད་པ་ནི་བཤེས་གཉེན་དམ་པས་ཞེས་བྱ་བ་ལ་སོགས་པའོ། །བཤེས་
གཉེན་དམ་པས་བསྐྱངས་པའི་ཞབས་ཏེ། །དེ་ལྟར་སློབ་དཔོན་ལྔ་བརྒྱ་དག་གིས་བསྐོར་བ་ཉིད་ན་འདུས་པའི་ལུགས་ཡང་དག་པར་ཤེས་པར་བྱ་བའི་ཕྱིར་དེ་རིག་པ་ཚོལ་བས་དེའི་ཡུལ་དུ་སོང་བར་གྱུར་པ་དང་། ཧ་ཅང་མི་རིང་བ་གང་ན་འདུག་པ་དེ་འོང་བར་ཤེས་ནས་དེའི་ཞབས་ལ་ཕྱག་བྱ་བའི་

ཕྱིར་ཡེ་ཤེས་ཞབས་ཆས་པར་གྱུར་པ་དེའི་ཚེ་མཚན་མ་ཐོབ་པས་ནི་དེ་འདུས་པའི་དོན་རྟོགས་པར་དཔྱད་ཅིང་འོང་བར་ཡང་རིག་ནས་བསྐྱངས་པའི་ཞབས་རང་ཉིད་དེའི་ཐད་དུ་སོང་སྟེ་འདུས་པའི་དོན་བསྟན་པའི་དོན་དུ་དེ་ལ་གསོལ་བ་གདབ་པོ། །དེ་ནས་དེའི་སློབ་མ་ཡིན་པས་
དེའི་དབང་དུ་བྱ་བ་དང་བྲལ་བ་ནས་དེས་ཁས་བླངས་སོ། །དེ་ནས་དེ་ལ་སྒྲུབ་ཐབས་བྱ་བའི་དོན་དུ་གསོལ་བ་བཏབ་ཅིང་དོན་དུ་གཉེར་བ་དེས་སྤྲོ་བར་བྱས་ཤིང་བདག་བརྩོན་པ་བསྐྱེད་པས་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །འདིས་ནི་སྲིད་པར་རུང་བས་བདག་ཉིད་མི་སླུ་པར་སྟོན་པར་བྱེད་དོ། །འགྲོ་ཀུན་
དོན་ནི་ཞེས་བྱ་བ་ལ་སོགས་པས་ནི་ཆོ་ག་ཁྱད་པར་དུ་བྱེད་དོ། །འགྲོ་བའི་དོན་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ཐམས་ཅད་ཀྱི་གཞིར་གྱུར་པ་སྟེ་རྒྱུ་ཉིད་དུ་གྱུར་པའོ། །འདིས་ནི་རྟོག་པ་དང་ལྡན་པ་རྣམས་ཀྱི་འཇུག་པའི་ཡན་ལག་དགོས་
པ་ལ་སོགས་པ་བསྟན་པ་ཡིན་ནོ། །འདི་ལྟར་འགྲོ་བའི་དོན་ཕུན་སུམ་ཚོགས་པ་ནི་འདིར་རབ་ཏུ་བྱེད་པའི་བརྗོད་པར་བྱ་བའི་དགོས་པ་ཡིན་ལ། དེའི་གཞིར་གྱུར་པའི་ཆོ་ག་ནི་བརྗོད་པར་བྱ་བ་ཡིན་ཞིང་དེ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་རབ་ཏུ་བྱེད་པ་དང་། ཉན་པའི་དགོས་པ་ཡིན་པ་དང་། དེ་ཡང་རབ་
ཏུ་བྱེད་པ་འདིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རབ་ཏུ་བྱེད་པ་དང་། དགོས་པ་དག་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡང་དོན་གྱིས་བརྗོད་པ་ཡིན་ནོ། །གལ་ཏེ་བཅོམ་ལྡན་འདས་ཀྱི་ལུང་ལས་སམ་སློབ་དཔོན་གཞན་གྱིས་ཉེ་བར་བསྟན་པ་ལས་འཇམ་དཔལ་གྱི་སྒྲུབ་ཐབས་
ཀྱི་ཆོ་ག་ཤེས་པར་འགྱུར་བ་མ་ཡིན་ནམ། དེས་ན་འདི་ཅི་ཞིག་བྱ་སྙམ་དུ་དགོངས་པ་ལ། སྒྲུབ་ཐབས་འདིའི་དགོས་པའི་ཁྱད་པར་བརྗོད་པ་ནི་དལ་འབྱོར་ཞེས་བྱ་བ་ལ་སོགས་པའོ། །དལ་བ་བདག་གི་ལུས་ཀྱི་འབྱོར་བ་ནི་མི་ཁོམ་པ་བརྒྱད་དང་བྲལ་བའོ། །དེ་ཡང་མི་ཁོམ་པ་བརྒྱད་ནི་འདི་ཡིན་ཏེ། ལོག་
པར་ལྟ་བ་དང་། དམྱལ་བ་རྣམས་སུ་སྐྱེས་པ་དང་། ཡི་དགས་རྣམས་སུ་སྐྱེས་པ་དང་། དུད་འགྲོ་རྣམས་སུ་སྐྱེས་པ་དང་། སངས་རྒྱས་ཀྱི་གསུང་མི་གྲགས་པར་སྐྱེས་པ་དང་། ཡུལ་མཐའ་ཁོབ་རྣམས་སུ་སྐྱེས་པ་དང་། དབང་པོ་བླུན་ཞིང་ལྐུགས་པ་དང་། ལྷ་ཚེ་རིངས་རྣམས་སུ་སྐྱེས་པའོ། །མི་ཁོམ་པ་

བརྒྱད་དང་བྲལ་བའི་མཚན་ཉིད་ཅན་གྱི་དལ་འབྱོར་གཡོ་བ་སྟེ་འཇིག་པ་འདི་དང་དྲུག་པ་དང་བདུན་པ་དག་ཐ་མི་དད་པའི་ཕྱིར་ན་འཇིག་རྟེན་ཞེས་བྱ་བ་འཇིག་རྟེན་གྱི་དམ་པའི་སྐྱེ་བོ་འདུས་པའི་ལུས་སུ་ཡང་དག་པར་སྟོན་པ་རྣམས་དང་འགྲོགས་པ་ཡང་རྙེད་པར་ཤིན་ཏུ་དཀའ་བ་ཡིན་ཏེ། ཀུན་
མཁྱེན་རྣམས་ནི་འཇིག་རྟེན་དུ། །ནམ་ཞིག་འབྱུང་འགྱུར་སྲིད་དམ་མིན། །ཨུ་དུམྺཱ་རའི་མེ་ཏོག་ལྟར། །ལ་ལར་འགའ་ཞིག་ཆེ་ན་འབྱུང་། །དེ་བས་ཀྱང་ནི་གསང་སྔགས་ཀྱི། །སྤྱོད་ཚུལ་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་པ་ཡིན་ནོ། །འདུས་པ་ལས་ཀྱང་བཅོམ་ལྡན་འདས་སེམས་ཅན་
རྣམས་ནི་གསང་བའི་ཚིག་གི་དོན་གྱི་སྐལ་བ་དང་མི་ལྡན་པས་ན། དེའི་ཚེ་དེའི་དུས་ན་བདག་གིས་མ་བཤད་དོ་ཞེས་རྡོ་རྗེ་འཆང་གིས་གསོལ་བ་དང་། དེ་ཉིད་དུ་དེའི་རྗེས་ཐོགས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རིགས་ཀྱི་བུ་ཇི་ལྟར་ཁྱོད་ཀྱིས་སྤྱིའི་ཡི་གེ་མ་ཤེས་ཤིང་མ་ཐོས་པ་དེ་བཞིན་དུ་དེ་
བཞིན་གཤེགས་པ་ངེད་ཅག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་གསང་བའི་ཡི་གེ་མ་ཐོབ་ཅིང་མངོན་པར་རྫོགས་པར་བྱང་ཆུབ་བོ་ཞེས་གསུངས་སོ། །འདིས་ནི་སྔགས་ཀྱི་ཚུལ་རྙེད་པར་དཀའ་བ་ཉིད་ཀྱིས་དེ་སྟོན་པར་བྱེད་པ་རྣམས་ཀྱང་རྙེད་པར་དཀའ་བ་ཉིད་དུ་བསྟན་ཏོ། །
དེས་ན་ཞེས་བྱ་བའི་ཕྱིར་ཏེ། དལ་འབྱོར་གཡོ་བའི་ཁོངས་སུ་གཏོགས་པའི་སེམས་ཅན་འདི་ཐབས་དང་ཤེས་རབ་ལ་གཞོལ་བ་སྟེ་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་སྟོང་པ་ཉིད་དང་སྙིང་རྗེ་ལ་གནས་པར་ཞེས་བྱ་བའི་དོན་ཏོ། །མཆོག་ཏུ་ཞེས་བྱ་བ་ནི་རབ་ཏུའོ། །གཉིས་སུ་མེད་པར་བྱ་བའི་
ཆེད་དུ་སྔར་བརྗོད་པའི་ཆོ་ག་ཞེས་སྔ་མ་དང་འབྲེལ་ཏོ། །ཇི་སྐད་དུ་གང་གི་ཕྱིར་དལ་འབྱོར་ཕུན་སུམ་ཚོགས་པ་འདི་ཤིན་ཏུ་རྙེད་པར་དཀའ་ཞིང་འཇིག་པ་དང་། བླ་མ་རྣམས་དང་འགྲོགས་པ་ཡང་རྙེད་པར་དཀའ་བ་དེའི་ཕྱིར་གཞུང་རྒྱ་ཆེན་པོར་བཤད་པ་དང་ཉན་པ་ལ་སོགས་པ་ལ་བགེགས་
སྲིད་པར་དོགས་པ་དེ་བཀག་ནས་སེམས་དེ་ཤེས་རབ་དང་ཐབས་ལ་མཆོག་ཏུ་གཞོལ་བར་བྱས་པའི་དོན་དུ་བརྗོད་མ་ཐག་པའི་ཆོ་ག་འདི་མདོར་བསྡུས་ནས་བརྗོད་པར་བྱའོ་ཞེས་བྱ་བར་དགོངས་སོ། །ད་ནི་སྒྲུབ་པ་པོ་དང་གནས་དང་བསྒྲུབ་པར་བྱ་བ་ཕུན་སུམ་ཚོགས་པ་རྣམས་བརྗོད་པར་བྱ་བ་ཡིན་པ་

ལས། གྲུབ་པ་ལ་སྒྲུབ་པ་པོ་ཉིད་གཙོ་བོ་ཡིན་པའི་ཕྱིར་ན། དང་པོ་དེའི་དངོས་གྲུབ་སྐལ་བ་ཡོད་པ་ཉིད་སྟོན་ཏེ། བསྒྲུབ་པར་བྱ་བ་ནི་རྣམ་པར་གནས་པ་ཡིན་ཡང་རྒྱུ་སྔོན་དུ་འགྲོ་བ་ཉིད་ཀྱིས་ཕྱིས་འབྱུང་བ་ཡིན་པའི་ཕྱིར་ཕྱིས་སྟོན་ཏོ། །དེའི་ཕྱིར་ཇི་ལྟར་སྒྲུབ་པ་པོ་སྐལ་
བ་ཡོད་པར་གྱུར་པ་དེ་ལྟར་དེ་ལ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་དུ་འཕགས་པ་གཉིས་ཀྱིས་བརྗོད་དོ། །དེ་ལ་ཞེས་བྱ་བ་ནི་གང་ཉེ་བར་བཀོད་པའོ། །སྔགས་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། འཇམ་པའི་དབྱངས་ཞེས་བྱ་བ་རབ་ཏུ་བསྒྲུབ་པས་ཞེས་བྱ་བར་འབྲེལ་ཏོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་
རྒྱུ་ལས་བསྒྲལ་བར་འདོད་པ་ནི་སྙིང་པོའོ། །དེའི་མཐུ་ཉིད་ལས་བྱང་ཆུབ་ཉིད་དུ་སྟེ། སངས་རྒྱས་ཉིད་དུ་ཡིད་དེ་སེམས་གང་གིས་རབ་ཏུ་བསྐྱེད་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཡང་བརྩེ་བ་དང་ལྡན་པ་ནི་གདོན་མི་ཟ་བར་སྐྱེ་བོ་ལ་ཕན་པར་འདོད་པས་དེའི་ཐབས་ཚོལ་བ་ལ་གཞོལ་བར་འགྱུར་རོ། དེ་
ནས་སྙིང་རྗེ་མཆོག་ཏུ་གྱུར་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་མ་ཡིན་པས་ནི་རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་བྱ་བར་མི་ནུས་སོ་ཞེས་མཐོང་བས་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་སྐྱེད་པར་བྱེད་དོ། །དེ་ནས་དེའི་ཐབས་གོམས་པར་བྱེད་དོ། །དེ་ནས་ནི་དེ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་བསྟན་པས་འགྲོ་བ་ལ་ཕན་
པ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་རིམ་པ་ཡིན་ནོ། །ཤེས་རབ་འབྱུང་གནས་སྦས་པས། ཕ་རོལ་སྡུག་བསྔལ་དེ་བཞིན་དུ། །སྡུག་བསྔལ་རྒྱུ་དང་བྲལ་འདོད་གང་། །དེ་བརྩེ་དེས་ན་དེ་ལྡན་པ། དེ་ཡི་ཐབས་ནི་བསྒྲུབ་པར་འདོད། །ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དེའི་དེ་བཞིན་གཤེགས་པ་ཉིད་ནི་ཞར་ལ་ཡིན་ནོ་ཞེས་དེ་
དང་དེར་གསུངས་སོ། །ཐབས་དེ་དག་ཉིད་མདོར་བསྡུས་ཏེ། སྒྲུབ་པ་པོའི་ཁྱད་པར་དུ་བརྗོད་པ་ནི་གཏོང་སོགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་དག་ཉིད་ཡང་དང་ཡང་དུ་གོམས་པར་བྱས་པ་ན་ཡོན་ཏན་ཏེ། སྒྲུབ་པ་པོ་གང་ལ་རྒྱན་དེ་དག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཟབ་མོའི་
ཚུལ་ནི་བདག་མེད་པའི་རང་བཞིན་སྔགས་ཀྱི་ཚུལ་ལོ། །དེ་ལ་ལྷག་པར་མོས་པ་ནི་འདི་ཁོ་ན་ཉིད་ཡིན་ནོ་ཞེས་ངེས་པ་དང་ལྡན་ཞིང་འདོད་པ་དང་ལྡན་པའོ། །གཏོང་བ་ལ་སོགས་པའི་ཡོན་ཏན་གྱི་རྒྱན་དང་ལྡན་པ་ཡང་ཡིན་ལ་ཟབ་མོའི་ཚུལ་ལ་ལྷག་པར་མོས་པ་ཡང་ཡིན་ཞེས་བསྡུ་བའོ། །

དཔལ་ལྡན་འདུས་པའི་མན་ངག་གི་དཀྱིལ་འཁོར་གྱི་ཆོ་ག་གང་ཡིན་པ་དེས་ལེགས་པར་དབང་བསྐུར་བ་གང་ཡིན་པ་སྟེ། མཛེས་པར་དབང་བསྐུར་བའོ། །མཛེས་པ་ཡང་བླ་མ་དམ་པ་དང་ཕྲད་པའི་ཕྱིར་རོ། །དེ་དག་གི་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་བཅས་པའོ། །ཚུལ་བཞིན་དུ་ཞེས་བྱ་བ་ནི་ཆུ་
དང་ཅོད་པན་ལ་སོགས་པའི་རིམ་པས་བླ་མ་ལས་རྗེས་གནང་ཐོབ་པར་གྱུར་པ་སྟེ། གང་གི་རྗེས་སུ་གནང་བ་ཐམས་ཅད་ཐོབ་པ་དེ་ནི་ཚུལ་བཞིན་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །རང་སྔགས་ནི་རང་གང་གི་འདོད་ལྷའོ། །དེ་མཉེས་པ་ནི་བསྙེན་པ་ལ་སོགས་པ་ཐབས་ཀྱིས་རབ་ཏུ་བསྒྲུབ་པོ། །
དེ་ལ་བློ་ལྡན་ནི་ཡན་ལག་བཞི་ལ་སོགས་པ་བསྒོམ་པའི་རིམ་པ་བྱས་པ་སྟེ། བཅོམ་ལྡན་འདས་ཀྱིས། །ཡན་ལག་མ་ཉམས་གསང་སྔགས་བརྗོད། །ཅེས་གསུངས་པ་ཡིན་ནོ། །ཡང་ན་རང་སྔགས་ནི་རང་གི་འདོད་པའི་ལྷའི་སྔགས་སོ། །དེ་མཉེས་པ་ནི་བསྒོམ་པ་ལ་སོགས་པའི་རིམ་
པའོ། །དེར་བློ་ལྡན་ནི་བསམ་དུ་མེད་པ་ཉིད་ཀྱི་རང་བཞིན་གྱིས་མི་ཕྱེད་པའི་བློ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །འདིར་གཏོང་བ་ལ་སོགས་པ་ནི་མ་འབྲེལ་བ་རྣམ་པར་གཅོད་པ་ཉིད་ཀྱི་ཁྱད་པར་ཡིན་པའི་ཕྱིར་གསང་བ་ཤེས་པ་ཉིད་དང་། རྣལ་འབྱོར་གྱི་དེ་ཁོ་ན་ཤེས་པ་ཉིད་ལ་སོགས་པ་ཡང་སྒྲུབ་
པ་པོའི་ཁྱད་པར་དུ་བརྟག་པར་བྱ་སྟེ། དེ་ལྟར་མ་ཡིན་ན་དོན་ཐམས་ཅད་ལ་སྐལ་བ་ཡོད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་སྐད་དུ་ཡང་བཟང་པོའི་ཞལ་སྔ་ནས། གང་ཕྱིར་སྔར་བཤད་ཡོན་ཏན་མཆོག །དེ་དག་མེད་ན་གཏོང་རྟེན་སོགས། །ལྡན་ཏེ་སེམས་ཅན་དོན་ལ་ནི། །སྐལ་མེད་
པས་ན་དེ་ཡོད་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །གནས་ཡིད་དུ་འོང་བར་སེམས་བདེ་བ་ལ་ཏིང་ངེ་འཛིན་འབྱུང་ངོ་། །སེམས་མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་རྣམ་པར་གྲོལ་བར་འགྱུར་རོ་སྙམ་དུ་
ཡིད་ལ་བཞག་ནས་ཡིད་དགའ་བའི་ཡུལ་ཕྱོགས་ཉེ་བར་མཚོན་པའི་དོན་དུ་གནས་ཀྱི་ཁྱད་པར་གསུངས་པ་ནི་ཆུ་གཙང་ཞེས་བྱ་བ་ལ་སོགས་པའོ། །ཆུ་གཙང་མ་ཕུན་སུམ་ཚོགས་པ་དང་། ཤིང་མཆོག་རྣམས་ཀྱི་ཕྲེང་བ་དེ་གཉིས་ཀྱིས་མཛེས་པར་བྱས་པ་ནི་<སྔ་‚སྦ་>བར་བྱས་པའོ། །

ས་འཛིན་ཏེ་རི་གོ་སྐབས་ཞེས་བྱ་བ་ཕྱོགས་ཀྱི་ཆ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེར་རོ། །འགའ་ཞིག་ཏུ་ཞེས་བྱ་བ་ནི་ཁྱད་པར་མ་བསྟན་པའོ། །བཅོམ་ལྡན་ཞེས་བྱ་བ་ལ། ཉོན་མོངས་པའི་སྒྲ་ལ་སོགས་པ་འཇོམས་པའི་ཕྱིར་ན་འཇོམས་པ་ལ་བྷ་ག་ཞེས་བརྗོད་དོ། །ཉོན་
མོངས་ཤེས་རབ་ཀྱིས་གཞོམ་པ། །དེས་ན་ཤེས་རབ་འཇོམས་པར་བརྗོད། །ཅེས་གསུངས་པའི་ཕྱིར་ན་ཉོན་མོངས་པ་དང་། ཕུང་པོ་དང་། <འཆེ་‚འཆི་>བ་དང་། ལྷའི་བུའི་བདུད་རྣམས་འཇོམས་པར་བྱེད་པ་རྣམ་པར་དག་པའི་ཤེས་རབ་ཀྱི་རང་བཞིན་གྱིས་འཇོམས་པ་དང་ལྡན་པའོ། །ཡང་ན། དབང་
ཕྱུག་ཕུན་སུམ་ཚོགས་པ་དང་། །གཟུགས་དང་གྲགས་དང་དཔལ་དང་ནི། །ཡེ་ཤེས་དང་ནི་བརྩོན་འགྲུས་དོན། །དྲུག་པོ་ལ་ནི་སྐལ་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དབང་ཕྱུག་དང་གཟུགས་དང་གྲགས་པ་དང་། དཔལ་དང་། ཡེ་ཤེས་དང་། རྩོལ་བའི་མཚན་ཉིད་ཅན་
གྱི་དོན་ཆེན་པོ་ནི་བྷ་ག་ཡིན་ཏེ་དེ་གང་ལ་ཡོད་པའོ། །འཇམ་པ་ནི་བདེ་བ་སྟེ་ཉེ་བར་གདུང་བ་ཐམས་ཅད་སེལ་པའི་ཕྱིར་རོ། །དབྱངས་ནི་གསུངས་ཏེ་དེ་གང་ལ་དེ་ཉིད་དུ་གྲགས་པ་ཡོད་པའོ། །འདི་ལྟར་ཞེས་བྱ་བ་ནི། འཆད་པར་འགྱུར་བའི་རིམ་པས་སོ། །རབ་ཏུ་བསྒྲུབ་ཅེས་བྱ་བ་ནི་ཁྱད་པར་
དུ་འཕགས་པས་ཐུན་བཞིར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་འཇམ་པའི་རྡོ་རྗེ་རྣལ་འབྱོར་པའི་དབང་དུ་བྱས་ནས་དེའི་སྒྲུབ་པ་བརྗོད་པ་ཡིན་ཏེ། ལྷ་གཞན་གྱི་རྣལ་འབྱོར་པས་ནི་རང་གི་ལྷ་བསྒྲུབ་པར་འདོད་པ་ཡིན་ནོ་ཞེས་ཤེས་པར་བྱ་སྟེ། འཁོར་ལོ་དེ་ནི་གང་ཞིག་དེ་ཉིད་ཀྱི། །དབུས་
སུ་གནས་པ་དེའི་ཡིན་པར་འགྱུར་རོ་ཞེས་འཆད་པར་འགྱུར་རོ། །དེ་ནི་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཅན་གྱི་སྒོམ་པ་དེ་ཉིད་བརྗོད་པ་ནི་ནང་པར་ཞེས་བྱ་བ་ལ་སོགས་པའོ། །ནང་པར་ནི་ཐོ་རངས་ཀྱི་ཐུན་མཚམས་ཏེ། འདི་ནི་རྣལ་འབྱོར་པ་བྲེལ་བའི་ཁྱད་པར་ཡིན་ཏེ། སྒོམ་པ་ཙམ་
གྱི་བྱ་བ་དང་ལྡན་པའི་སྒྲུབ་པ་པོས་ཐུན་མཚམས་གཞན་དག་ཏུ་ཡང་ཐམས་ཅད་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལ་ནི་དེའི་ཚེ་ཕལ་ཆེར་སེམས་བྲེལ་བ་མེད་པའི་ཕྱིར་ནང་པར་ཞེས་བྱའོ། །ཐོག་མར་ཞེས་བྱ་བ་ནི་བསྒོམ་པ་རྩོམ་པ་ནའོ། །སྙིང་ག་ནི་རང་གི་སྙིང་གའོ། །ཟླ་དབུས་ཞེས་བྱ་བ་ནི་ཟླ་བའི་

དཀྱིལ་འཁོར་གྱི་དཀྱིལ་དུའོ། །ཟླ་བའི་དབུས་སུ་ཡི་གེ་མཾ་བཀོད་ནས་སྒོ་ལ་སོགས་པ་ཡོངས་སུ་དག་པར་བྱའོ་ཞེས་འབྲེལ་ཏེ། ཡི་གེ་མཾ་གང་ལ་དྲི་མེད་འོད་ཟེར་རྣམ་པར་འཕྲོ་བ་ཡོད་པའོ། །དེ་ཉིད་ནི་དེ་ཉིད་ཅེས་གྲགས་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་རང་བཞིན་གྱི་མིང་དང་ལྡན་པ་ཡིན་ནོ། །དྲི་
མེད་འོད་ཟེར་རྣམ་པར་འཕྲོ་བའི་མཾ། །དེ་ཉིད་ཅེས་གྲགས་ཞེས་བྱ་བ་ནི་གུར་ཀུམ་ལྟ་བུར་དམར་སེར་གྱི་རྣམ་པ་ཅན་ནོ། །སྙིང་རྗེའི་མཐུ་ལས་ཞེས་བཤད་ཟིན་ཡང་བརྩེར་ལྡན་གྱིས་ཞེས་ཡང་བརྗོད་པ་ནི་བརྩེ་བ་ཉིད་ཀྱང་འཇུག་པ་ལ་གཙོ་བོ་ཡིན་པར་བསྟན་པའི་དོན་དུའོ། །སྒོ་ནི་རྣམ་པར་
ཐར་པའི་སྒོ་གསུམ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་ཅན་ནོ། །དེ་ལ་སོགས་པ་ནི་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་སོ། །དེ་དག་བསྒོམས་པས་རྣལ་འབྱོར་པ་རང་གི་རྒྱུད་ཡོངས་སུ་དག་པ་ངོ་བོ་ཉིད་མེད་པར་གྱུར་པ་ཉིད་དུ་བྱའོ། །
དེས་ནི་འདིར་ས་བོན་བཀོད་པའི་དེ་མ་ཐག་ཏུ་རྣམ་པར་དག་པ་བརྗོད་པ་ཡིན་ནོ། །བཟང་པོ་ཞབས་ཀྱིས་ནི་སྔ་མ་དང་ཕྱི་མའི་ངོ་བོ་འགལ་བ་མེད་པར་ངེས་པར་བཟུང་ནས་རྣམ་པར་ཐར་པའི་སྒོ་གསུམ་རྣམ་པར་དག་པས་ན། སྙིང་གའི་ཟླ་བར་འོད་ཟེར་འཕྲོ་བའི་མཾ། །ཞེས་བྱ་བ་འདིས་
ས་བོན་བཀོད་པ་ལས་རྣམ་པར་དག་པ་སྔར་གསུངས་ཏེ། རྟག་ཏུ་ཉེ་བར་མཁོ་བར་བསྟན་པའི་དོན་དུའོ། །དེ་ནས་བླ་མ་དང་སངས་རྒྱས་ལ་སོགས་པའི་སྤྱན་སྔར་མཆོད་པ་སྔོན་དུ་འགྲོ་བས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ་ཞེས་གསུངས་པ་ནི། ཆ་མཆོག་ཅེས་བྱ་བ་ལ་སོགས་
པས་གསུངས་སོ། །ཆ་མཆོག་ནི་ཆ་དམ་པའོ། །ཙནྡན་ལ་སོགས་བྱུགས་ཤིང་བསྒོས་པས་མེ་ཏོག་དྲི་ཞིམ་པོས་མངོན་པར་བཀྲམ་པ་ཉིད་མཆོག་ཏུ་གྱུར་པ་གང་ཡིན་པའི་བསམ་གཏན་གྱི་ཁང་པ་དེར་གནས་ཏེའོ། །འདི་ནི་བསྒོམ་པ་དང་རྗེས་སུ་མཐུན་པའི་ཚོགས་པ་གཞན་ཉེ་བར་
མཚོན་པར་བལྟ་བར་བྱའོ། །དེ་ལྟར་གནས་པའི་བློ་ལྡན་བཤགས་པར་བྱ་བ་དང་བཤགས་པར་བྱེད་པ་ལ་སོགས་པ་ཐ་མི་དད་པའི་སེམས་དང་ལྡན་པ་དེས་དུས་གསུམ་བཞུགས་པའི་ཞེས་བྱ་བ་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་དུས་ན་བཞུགས་པའི་སངས་རྒྱས་རྣམས་སོ། །གལ་

ཏེ་འདས་པ་དང་ད་ལྟར་བ་རྣམས་ཀྱི་སྤྱན་སྔར་སྡིག་པ་བཤགས་པར་བྱ་བ་ལ་སོགས་པ་ཡིན་ཡང་མ་འོངས་པ་རྣམས་ཀྱི་སྤྱན་སྔར་ནི་མི་འཐད་དེ་དེ་དག་ནི་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། སངས་རྒྱས་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་གི་བདག་ཉིད་དུ་
གྱུར་པའི་ཡེ་ཤེས་ལ་དབང་བ་ཡོངས་སུ་རྫོགས་པ་རྣམས་ཉིད་སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཉིད་ཀྱིས་འདིར་མ་འོངས་པར་བརྗོད་པའི་ཕྱིར་རོ། །དམིགས་ནས་ཞེས་བྱ་བ་ནི་ཡིད་ལ་བསམས་ནས་སོ། །མཆོད་པའི་སྤྲིན་སྣ་ཚོགས་པ་ནི་ཡི་གེ་མཾ་གྱི་འོད་ཟེར་རྣམས་ཀྱིས་སྤྲུལ་པ་སྟེ།
ཉེ་བར་སྤྱད་པ་ལྔ་དང་རིན་པོ་ཆེ་སྣ་བདུན་དང་། གར་དང་གླུ་ལ་སོགས་པའི་ཕྱི་རོལ་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་གསང་བའོ། །དེ་དག་གི་སྤྲིན་ནི་ཚོགས་སོ། །དེ་སྤྲོ་བ་ནི་ནམ་མཁའི་དབྱིངས་ཁྱབ་པར་བྱེད་པའོ། །དེ་ལ་སོགས་པ་གང་ཡིན་པ་སྟེ་བསྟོད་པ་ལ་སོགས་པའོ། །
དེ་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་བྱ་བ་འམ་ལས་ཀྱི་ཁྱད་པར་ཡིན་ནོ། །སྡིག་པ་བཤགས་པ་ལ་སོགས་པ་གང་ཡིན་པ་བསོད་ནམས་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དེ་ནི་སྡིག་པ་བཤགས་པ་ལ་སོགས་པ་དག་གོ། །འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་
ཚུལ་དུ་བྱའོ། །བྱ་ཞེས་བྱ་བ་ནི་སྒྲུབ་པའོ། །ཅིའི་དོན་དུ་བྱེད་ཅེ་ན་བརྗོད་པ་དགེ་བ་མངོན་པར་འཕེལ་བའི་དོན་དུ་སྟེ། བསོད་ནམས་འཕེལ་བའི་ཆེད་དུའོ། །འདི་ལྟར་སྡིག་པ་བཤགས་པ་ལ་སོགས་པས་ནི་མཚམས་མེད་པ་ལྔའི་ལས་ཟད་པར་བྱེད་པ་ཡིན་ཏེ། །སྡིག་པ་ཤིན་ཏུ་མི་བཟད་བྱས་པ་ནི། །
བདག་ལ་རྣམ་པར་སྨོད་པས་སྲབ་འགྱུར་ཏེ། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པས་ནི། །དེ་དག་རྩད་ནས་འབྱིན་པར་ངས་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལས་ཉེས་པ་ཐམས་ཅད་བྲལ་བ་ནི་བསོད་ནམས་ལ་རྗེས་སུ་ཡི་རང་བ་ལ་སོགས་པས་བསོད་ནམས་འཕེལ་བར་འགྱུར་ཏེ།
དཔེར་ན་ལེགས་པར་འདུས་བྱས་པའི་ཞིང་ལ་ས་བོན་བཏབ་ན་སྐྱེ་བ་དང་། ལེགས་པར་བཀྲུས་པའི་གོས་ལ་གུར་ཀུམ་ལ་སོགས་པའི་ཚོན་ལེན་ལ་ཤིན་ཏུ་གསལ་བར་འཆགས་སོ། །དེ་བཞིན་དུ་སྡིག་པ་མེད་པས་བསོད་ནམས་བསྒྲུབས་ན་བགེགས་མེད་པ་ཁོ་ནར་འགྲུབ་པར་འགྱུར་རོ། །དེ་

ཉིད་ཀྱི་ཕྱིར་དང་པོ་སྡིག་པ་བཤགས་པ་གསུངས་པ་ནི། ཐོག་མེད་ཅེས་བྱ་བ་ལ་སོགས་པའོ། །ཐོག་མ་དང་ཐ་མ་མེད་པའི་སྲིད་པའི་ཆུ་བོ་སྟེ། འཁོར་བའི་རྒྱུན་དུ་བདག་དང་བདག་གི་བ་ལ་སོགས་པའི་རྣམ་པར་འཇུག་པའི་ཀུན་དུ་རྟོག་པ་ཀུན་གྱི་ཉེས་པ་སྟེ། སྡིག་པ་གང་ཞིག་བསགས་ཤིང་
བསྒྲུབས་པ་དེ་དག་ཐམས་ཅད་བརྩེ་བ་ཆེན་པོ་ཅན་སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཞེས་བྱ་བ་མདུན་དུ་བཤགས་པར་བགྱིའོ། །ཚུལ་བཞིན་དུ་ཞེས་བྱ་བ་ནི་ངན་སོང་ལ་འཇིགས་པས་བླ་མ་དང་མཆོད་པར་འོས་པ་ལ་སོགས་པ་རྣམས་ཀྱི་རྐང་པ་ལ་སྤྱི་བོས་སྐྱབས་སུ་སོང་ཞིང་མེ་ཏོག་ལག་
པའི་སྙིམ་པས་ཡོངས་སུ་བཟུང་བའོ། །གཞན་དག་ནི་ཚུལ་བཞིན་དུ་སྒྲའི་དོན་ནི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་རྣམ་པ་གཞན་དུ་བཤད་པ་ནི་མི་རིགས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་སྤྲོ་བ་ལ་སོགས་སྔོན་འགྲོ་བས་ཞེས་དངོས་སུ་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ནི་
གཞན་གྱིའོ། །སོགས་པའི་སྒྲས་བསྡུས་པའི་དོན་རྣམས་ལས་རེ་ཞིག་བསོད་ནམས་ལ་རྗེས་སུ་ཡི་རང་བ་བརྗོད་པ་ནི་རྫོགས་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །རྫོགས་སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །བྱང་ཆུབ་སེམས་
དཔའ་ནི་སའི་སྙིང་པོ་ལ་སོགས་པའོ། །འཕགས་པ་ནི་འཕགས་པ་བདུད་རྩི་འཁྱིལ་པ་ལ་སོགས་པ་རྣམས་སོ། །དེ་དག་ནི་རྒྱུད་ལས་སངས་རྒྱས་ཀྱི་སྒྲ་དང་བྱང་ཆུབ་སེམས་དཔའི་སྒྲས་མ་བསྟན་པའི་ཕྱིར་དང་། འཕགས་པའི་སྒྲས་ནི་བསྟན་པའི་ཕྱིར་ཏེ། དཔའ་བོ་འཕགས་པ་བདུད་
རྩི་འཁྱིལ་པ་ཞེས་གསུངས་པ་ཡིན་ནོ། །གཞན་ནི་རྒྱུད་གཞན་གྱི་ཧེ་རུ་ཀ་ལ་སོགས་པ་སྟེ། དེ་དག་ནི་རྣམ་པ་གསུམ་ཀར་ཡང་ཐ་སྙད་དུ་བྱས་པའི་ཕྱིར་རོ། །འདིར་སངས་རྒྱས་ལ་སོགས་པའི་དབྱེ་བ་དང་དངོས་པོ་ནི་མ་ཡིན་ཏེ། དེ་དག་ནི་རྡོ་རྗེ་འཆང་གི་རང་བཞིན་ཡིན་པའི་ཕྱིར་རོ། །བཅོམ་
ལྡན་འདས་ཀྱིས་ཀྱང་བཅོམ་ལྡན་འདས་དེ་ཉིད་ནི་ཤར་གྱི་ཟླ་གམ་ལ་བཞུགས་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐ་སྙད་ཙམ་དུ་ཐ་དད་པ་ཡིན་ཏེ། དེ་ལ་ཐ་སྙད་མཐའ་དག་འགྲུབ་པའི་ཕྱིར་རོ། །གཞན་དག་ནི་རྫོགས་སངས་རྒྱས་ནི་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཐོབ་པའོ། །བྱང་ཆུབ་སེམས་དཔའ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་ཞུགས་པ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའོ། །འཕགས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །གཞན་
ནི་སངས་རྒྱས་ལ་མངོན་པར་དད་པ་སྟེ། དགེ་བའི་ལས་བྱེད་པ་རྣམས་ཏེ་དེ་དག་གི་དགེ་བའི་རྩ་བ་གང་བྱས་པ་ལམ་མོ། །ཡང་དག་ཡོངས་སུ་བསྔོ་བ་ཞེས་བྱ་བ་ལ། དད་པ་མཆོག་གི་རྗེས་སུ་ཡི་རངས་ནས་སོ། །དེའི་ལྷག་ཅེས་བྱ་བ་ནི་རྗེས་སུ་ཡི་རང་བ་ལས་བསྐྱེད་པའི་དགེ་བ་སྟེ། རྗེས་
སུ་ཡི་རང་བ་དང་མཚུངས་པར་ལྡན་པའམ་ཞེས་བྱ་བའི་དོན་ཏོ། །ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་དགེ་བའི་རྩ་བ་ལ་ཡང་དག་པར་རྗེས་སུ་ཡི་རང་བས་ནི་བསོད་ནམས་འཕེལ་བར་འགྱུར་ཏེ། དགེ་བ་དང་སྡིག་པ་དག་ལ་ནི་སེམས་གཙོ་བོ་ཡིན་པའི་ཕྱིར་རོ། །དེས་ནི་རྗེས་
སུ་ཡི་རང་བ་དང་ལྡན་པའི་དགེ་བ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་མཚན་དུ་བྱའོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ནི་བསོད་ནམས་ཀྱི་ཚོགས་བསགས་པ་རྣམས་གཞན་ཐམས་ཅད་
ཀྱིས་འཕྲོག་པར་མི་ནུས་པར་འགྱུར་ཏེ། དེས་ན་དང་པོ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་གསུངས་པ་ནི། ཡིད་ཀྱི་མཛེས་པ་ཞེས་བྱ་བ་ལ་སོགས་པའོ། །ཡིད་ཀྱི་མཛེས་པ་ཞེས་བྱ་བ་ལས་ནི་ཉེས་པ་ཐམས་ཅད་དང་བྲལ་བའི་སེམས་རིན་པོ་ཆེ་བརྗོད་པ་ཡིན་ནོ། །དེ་ཉིད་འགྲོ་བའི་མི་ཤེས་པའི་
རབ་རིབ་སེལ་བ་ཉིད་ཀྱིས་ཟླ་བ་དང་འདྲ་བའི་ཕྱིར་དྲི་མེད་ཟླ་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་རང་བཞིན་གྱི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །དེ་དང་ཡང་དག་པར་འབྲེལ་བས་རབ་ཏུ་བསྒྲུབས་པ་སྟེ། སྒྲོ་བཏགས་པ་བཀག་ནས་དོན་དམ་པའི་རང་བཞིན་སྣང་བར་ཡོངས་སུ་གྲུབ་པར་བྱས་པ་
མཐའ་ཡས་པ་སྟེ་སེམས་ཅན་ཐམས་ཅད་ལ་ཁྱབ་ཅིང་དམིགས་པ་མེད་པའི་བརྩེ་བ་དམ་པ་གང་ཡིན་པའོ། །དེ་ཉིད་ནི་རང་དང་གཞན་གྱི་དོན་གྱི་རྒྱུ་ཡིན་པས་ན་ཐབས་ཡིན་ཏེ། དེ་གང་ལ་ཡོད་པའི་བདེ་བར་གཤེགས་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་ཞེས་བྱ་

བའི་དོན་ཏོ། །དེ་དག་ལ་སྐྱབས་སུ་མཆིའོ་ཞེས་འབྲེལ་ཏོ། །ཡང་དེ་ཉིད་ཁྱད་པར་དུ་བྱེད་པས་བརྗོད་པ་ནི་རང་ཡིད་ལ་ནི་གནས་པའི་ཞེས་པའོ། །སྟོང་པ་ཉིད་དུ་རོ་གཅིག་པས་ན་རང་གི་སེམས་ལས་ཐ་མི་དད་པའི་རང་བཞིན་ལ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་དུས་མུ་མཐའ་མེད་པ་ཇི་སྲིད་
པར་རོ། །ཆོས་ལ་སྐྱབས་སུ་འགྲོ་བ་གསུངས་པ་ནི་རྟོག་པ་ཀུན་ལས་ཞེས་བྱ་བ་ལ་སོགས་པའོ། །གང་གིས་གཟུང་བ་དང་འཛིན་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྟོག་པ་ཀུན་ལས་ངེས་པར་རྣམ་པར་གྲོལ་ཞིང་སྤངས་པའི་ཆོས་ལ་སྐྱབས་རབ་མཆི་ཞེས་འབྲེལ་ཏེ། ཅི་འདྲ་བ་ཞིག་ན་ཞེ་ན། སེམས་
ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་དམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དག་གི་འབྱོར་བ་རྫོགས་པའི་བྱང་ཆུབ་མཐར་ཐུག་པའི་དེ་དག་མ་ལུས་པའི་གཞིར་གྱུར་པ་སྟེ། གང་གི་ཕྱིར་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་བསྒོམས་པས་བྱང་
ཆུབ་སེམས་དཔའ་རྣམས་ཀྱིས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་ཡིན་ནོ། །དངོས་པོ་ཀུན་རོ་གཅིག་པའི་རང་བཞིན་ཞེས་བྱ་བ་ནི་སྤྱིར་རྟོགས་པ་ཙམ་དུ་ཐ་མི་དད་པས་ན་དངོས་པོ་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་ལའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་གསུངས་པ་ནི་
འཆིང་བ་ཞེས་བྱ་བ་ལ་སོགས་པའོ། །གང་གིས་ཡང་དག་པའི་དོན་རྟོགས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཅེས་བྱ་བའི་འཆིང་བ་སྤངས་པར་གྱུར་པ་དང་། སྙིང་རྗེ་མཆོག་གིས་བསྒྲུབས་པ་སྟེ་གཏད་པའི་དཔལ་འབྱོར་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། གང་
ཞིག་རབ་ཏུ་དགའ་བ་ལ་སོགས་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པ་ལེགས་པའི་བློ་གྲོས་ཀྱི་མཐར་ཐུག་པའི་ས་དགུ་པོ་རྣམས་སུ་བཞུགས་པ་སྟེ།གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་བཅུ་པ་ནི་སངས་རྒྱས་ཁོ་ན་ཡིན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་པས་སོ། །སྡོམ་བརྩོན་
དབང་པོའི་ཚོགས་ལ་ཞེས་བྱ་བ་ལ། སྡོམ་བརྩོན་ནི་ཉན་ཐོས་ལ་སོགས་པ་ལའོ། །དེ་དག་གི་དབང་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་གི་ཚོགས་ལ་བདག་སྐྱབས་སུ་མཆིའོ་ཞེས་འབྲེལ་ཏོ། །ཡང་དེ་ཁོ་ན་ཉིད་དུ་སངས་རྒྱས་ལ་སོགས་པ་རྣམས་ཐ་མི་དད་ཀྱང་འདིར་སངས་རྒྱས་

ལ་སོགས་པ་ལ་ཐ་དད་པར་སྐྱབས་སུ་འགྲོ་བ་བརྗོད་པ་གང་ཡིན་པ་ནི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་ཙམ་གྱིས་ཡིན་ནོ། །དེ་སྐད་དུ་ཡང་། དུ་མའི་སྣོད་ཀྱི་ཆུ་ཟླར་ཟླ་བ་ཡི། །གཟུགས་བཞིན་སེམས་ཅན་མོས་པ་སྣ་ཚོགས་ཀྱི། །བསམ་པ་ཐ་དད་པ་ཡི་དབང་གིས་
ན། །གཅིག་ཀྱང་དབྱེ་བ་རྣམ་པ་དུ་མར་འགྱུར། །ཞེས་གསུངས་སོ། །སྔར་བསྐྱེད་ཟིན་པའི་བྱང་ཆུབ་ཀྱི་སེམས་ཉིད་བརྟན་པར་བྱ་བའི་དོན་དུ་སྨོན་པ་བྱང་ཆུབ་ཀྱི་སེམས་གསུངས་པ་ནི། བསམ་པ་དང་ནི་ཞེས་བྱ་བ་ལ་སོགས་པའོ། །བསམ་པ་རྣམ་པར་དག་པ་ནི་སེམས་ཅན་ཐམས་ཅད་
གནོད་པའི་བསམ་པའོ། །རྣམ་སྨིན་རྣམ་པར་དག་པ་ནི་ཕྱི་མ་ལ་ལས་དང་འབྲས་བུ་དྲི་མ་མེད་པ་དང་རྗེས་སུ་འབྲེལ་བའོ། །བསམ་པ་དང་རྣམ་སྨིན་དག་པ་དེས་སེམས་ནི་བྱང་ཆུབ་མཆོག་སངས་རྒྱས་ཉིད་དུ་བསྐྱེད་པར་བགྱི་ཞེས་འབྲེལ་ཏོ། །ཉོན་མོངས་པའི་སྒྲིབ་པ་ལ་སོགས་པའི་མཚན་ཉིད་ཅན་
གྱི་སྒྲིབ་པའི་བག་ཆགས་ཐམས་ཅད་ནི་སྒྲིབ་པ་ཀུན་གྱི་བག་ཆགས་ཏེ། ཉོན་མོངས་པ་ལ་སོགས་པའི་རྣམ་པ་སྐྱེད་པར་བྱེད་པའི་ནུས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་དག་པར་འཇོམས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་སྒྲིབ་པ་ཀུན་གྱི་བག་ཆགས་འཇོམས་པར་བྱེད་པའི་སེམས་
སོ། །ལྷག་པར་མོས་པ་ནི་དེ་ཁོ་ན་ཉིད་ངེས་པར་དེ་ལ་མངོན་པར་འདོད་པའི་རྒྱན་དེ་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུར་གྱུར་པའི་སེམས་བསྐྱེད་པར་བྱའོ། །འདོད་རྒྱལ་བ་དང་ཐེ་ཚོམ་གྱིས་ཉམས་པ་ནི་མ་ཡིན་གྱི་འོན་ཀྱང་ལྷག་པར་མོས་པ་ཁོ་ནས་བརྒྱན་པའི་སེམས་བསྐྱེད་པར་བྱའོ་
ཞེས་བྱ་བའི་དོན་ཏོ། །གང་གིས་སྨོན་པ་འདི་འགྲུབ་པར་འགྱུར་བའི་ལམ་དེ་གསུངས་པ་ནི། སྦྱིན་སོགས་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་སོགས་རྣམ་བཅུ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་རྣམས་སོ། །དེ་དག་ཉིད་དམིགས་པའི་དྲི་མ་དང་བྲལ་བ་ཉིད་ཀྱིས་དཀར་པོའི་ཡོན་ཏན་ཡིན་
ནོ། །དེའི་རང་བཞིན་ཏེ་དེའི་ངོ་བོ་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བདེ་གཤེགས་སྲས་བཅས་ནི་བྱང་ཆུབ་སེམས་དཔའི་སྲས་དང་ལྡན་པའི་བདེ་བར་གཤེགས་པ་གང་དག་ཡིན་པ་དེ་དག་གི་ལམ་གཅིག་པ་སྟེ་ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ལ་ཡང་དག་པར་བརྟེན་པར་བགྱི་ཞེས་བྱ་

བའི་དོན་ཏོ། །རྫོགས་སངས་རྒྱས་ནི་རྡོ་རྗེ་འཆང་སྟེ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དོ། །དེ་ཉིད་ཀྱི་བདག་ཉིད་ཅན་ཐམས་ཅད་ཀྱི་བདག་ཉིད་འབྱུང་བ་ལས་གྱུར་པའི་རང་བཞིན་འཇིག་རྟེན་གསུམ་གྱི་རྣམ་པར་དག་པའི་རང་བཞིན་ཅན། དཀྱིལ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་
བདག་པོའི་ལྷའི་འཁོར་ལོ་གང་ལ་ཡོད་པའི་ངོ་བོ་ཀུན་རྟོགས་པ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དེ་ཉིད་ལམ་གྱི་བདེན་པ་ཡིན་ནོ་ཞེས་ངེས་པས་ལམ་ལ་བརྟེན་པར་བགྱིའོ་ཞེས་བྱ་བའི་དོན་ཏོ། །ལམ་ལ་བརྟེན་པའི་སེམས་འདི་ནི་དེ་ཁོ་ནར་སྨོན་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་ཡིན་
པའི་ཕྱིར་ན་སྨོན་པ་དང་འཇུག་པའི་སེམས་ཐ་དད་པར་བརྗོད་པ་དག་གི་བར་དུ་ལམ་གྱི་སེམས་བརྟན་པས་སློབ་དཔོན་གྱིས་ནང་དུ་འདུ་བར་ཤེས་པར་བྱས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་འདིའི་དགོངས་པ་ནི་ལམ་གྱི་སེམས་གདོན་མི་ཟ་བར་ལོགས་སུ་བསྟན་པར་བྱ་བར་མངོན་པར་བཞེད་པ་ཡིན་ཏེ།
འདི་ལྟར་དགོངས་པ་འདི་ཉིད་གསལ་བའི་དོན་དུ་བཟང་པོའི་ཞལ་སྔ་ནས་ཀྱི་ལམ་ལ་བརྟེན་པ་བརྗོད་ནས་བྱང་ཆུབ་ཀྱི་སེམས་སྤྱིར་བརྗོད་པར་མཛད་དོ། །སྨོན་པ་བྱས་ཤིང་ལམ་ལ་བརྟེན་པའི་རྣལ་འབྱོར་པ་ནི་སྔགས་ཀྱི་དངོས་གྲུབ་ལ་འཇུག་པར་འགྱུར་ཏེ། དེས་ན་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་
འཇུག་པར་བྱང་ཆུབ་ཀྱི་སེམས་གསུངས་པ་ནི་ལྟ་བའི་ཞེས་བྱ་བ་ལ་སོགས་པའོ། །ལྟ་བའི་དྲ་བས་ཡོངས་སུ་བཅིངས་པའི་ཞེས་བྱ་བ་ལ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དེ་དག་ཉིད་ནི་དྲན་པ་ཡིན་ཏེ་དེ་དང་ཆོས་མཐུན་པའི་ཕྱིར་རོ། །དེས་ཡོངས་སུ་བཅིངས་པ་ནི་འགྲོ་བ་རྣམས་
འཁྲུལ་པ་ཙམ་གྱིས་བསྡམས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྩེ་བ་ཞེས་བྱ་བ་ནི་ཐམས་ཅད་དུ་བརྩེ་བ་ཁོ་ན་གཙོ་བོ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ནི་བརྗོད་ཟིན་པ་ཡིན་པ་ཡང་འཇུག་པ་ལ་ཡང་བརྩེ་བ་བརྗོད་པ་ཡིན་ནོ། །དེས་འཇིག་རྟེན་ལ་རྣམ་པར་བལྟས་ནས་སོ། །རྫོགས་པའི་
བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་དུ་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཏེ་ཆོས་བདག་མེད་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །མཉམ་པ་མེད་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ནི་ངོ་བོ་བྲལ་

ཕྱིར་སྟོང་པ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་ཆོ་གས་བསྒོམས་ནས་སོ། །སྔགས་ལྡན་འགྱུར་ཞེས་བྱ་བ་ནི་ཨོཾ་ཤཱུནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པ་དང་བཅས་པར་འགྱུར་བའོ། །ཡང་ན་དེ་རྗེས་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ཞེས་བྱ་བ་ལ་སོགས་
པ་འཆད་པར་འགྱུར་བའི་ཚུལ་གྱི་སྔགས་ཀྱིས་ལྷ་མ་ཉེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ད་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཆོ་ག་བརྗོད་པ། ངོ་བོ་བྲལ་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཟུང་བ་དང་འཛིན་པ་དང་གཅིག་དང་དུ་མ་ལ་སོགས་པའི་ངོ་བོ་དང་བྲལ་བའི་
ཕྱིར་དངོས་པོ་མ་ལུས་པ་སྟོང་པ་ཉིད་ཡིན་ནོ། །དེ་བཞིན་དུ་དཔྱད་ཅིང་ཟིན་པའི་རྒྱུ་དང་མི་ལྡན་པའི་ཕྱིར་ན་མཚན་མ་མེད་པ་ཡིན་ནོ། །ཐ་སྙད་པའི་རྒྱུ་ནི་མ་བཀག་གོ་ཞེས་པའི་སྒྲས་བསྟན་ཏོ། །དཔྱད་པ་ནི་ལྷ་དང་མི་ལ་སོགས་པའི་འགྲོ་བ་དང་བདེ་བ་ལ་སོགས་པ་ལ་རྣམ་པར་རྟོག་པ་སྟེ།
དེ་དང་བྲལ་བའི་ཕྱིར་ན་མ་ལུས་པའི་དངོས་པོ་རྣམས་སྨོན་པ་ལས་ནི་ངེས་པར་གྲོལ་ཏེ། ཁྱད་པར་གྱི་འགྲོ་བ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་སོགས་པ་མངོན་པར་འདོད་པའི་རྣམ་པ་ནི་སྨོན་པ་ཡིན་ཏེ། དེ་ལས་ངེས་པར་གྲོལ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཐར་པའི་སྒོ་རྣམ་པ་
འདི་གསུམ་ཀ་ཡང་ཚིག་གི་དོན་ཐམས་ཅད་སྟོང་པ་ཉིད་ཁོ་ནས་འགྲུབ་བོ། །དངོས་པོའི་རིགས་ཐམས་ཅད་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་ཏེ། འདི་ཉིད་དུ་གཟུགས་སོགས་རྣམ་པ་ལས་གྲོལ་ཞེས་བྱ་བ་ལ་སོགས་པ་བཤད་པར་གྱུར་པ་ཡིན་ནོ། །གཅིག་མིན་ཞེས་བྱ་བ་ལ་
སོགས་པས་ཐམས་ཅད་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་འདི་ཉིད་དུ་སྟོན་པར་འགྱུར་རོ། །རྣམ་འགྲེལ་མཛད་པས་ཀྱང་། གང་གིས་དངོས་པོ་རྣམས་དཔྱད་པས། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་
མེད། །ཅེས་གསུངས་སོ། །དེའི་ཕྱིར་ན་ངོ་བོ་ཉིད་མེད་པའི་ཕྱིར་སྟོང་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུ་དང་རྐྱེན་དག་དང་མི་ལྡན་པས་གདོད་མ་ནས་མ་སྐྱེས་པའི་ཕྱིར་མཚན་མ་མེད་དོ། །ཇི་སྐད་དུ་རྐྱེན་བརྟགས་པ་ལས། །ཡོད་དམ་མེད་པའི་དོན་ལ་ཡང་། །རྐྱེན་ནི་འཐད་པ་མ་ཡིན་

ཏེ། །ཡོད་ན་གང་གི་རྐྱེན་དུ་འགྱུར། །མེད་ན་རྐྱེན་གྱིས་ཅི་བྱར་ཡོད། །ཅེས་གསུངས་སོ། །སློབ་དཔོན་ཆོས་ཀྱི་གྲགས་པས་ཀྱང་། གྲུབ་ཕྱིར་གཞན་རག་མ་ལས་པའི། །འབྲས་བུ་འང་གང་གི་རྒྱུ་དག་དང་། །རྟོག་པ་ཡིས་ནི་འབྲེལ་པར་བྱེད། །ཅེས་གསུངས་སོ། །དེ་བཞིན་དུ་འབྲེལ་པ་ནི་
གཞན་ལ་ལྟོས་པ་ཡིན་ན། དེ་མེད་ཇི་ལྟར་ལྟོས། ཡོད་པ་ཆ་མེད་པའི་དངོས་པོ་ཡང་ཇི་ལྟར་ལྟོས་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་སྨོན་པ་མེད་དེ། ངོ་བོ་ཉིད་མེད་པ་ལ་ནི་རྒྱུ་འབྲས་ཀྱི་དངོས་པོ་དང་བཅས་པའི་སྨོན་པ་འཐད་པ་མ་ཡིན་ནོ། །འདི་ལྟར་མེད་པ་ལ་ནི་མོ་གཤམ་གྱི་བུ་
བཞིན་དུ་རྒྱུ་མི་འཐད་ལ། ཡོད་པ་ལ་ཡང་དོན་མེད་དེ། རྒྱུས་སྟོང་པའི་ཡོད་པའང་འཐད་པ་མ་ཡིན་ནོ། །དེས་ན་དངོས་པོའི་རིགས་ཐམས་ཅད་ནི་སྒྱུ་མ་ལྟ་བུར་ཐོག་མ་དང་ཐ་མ་མེད་པ་མ་བརྟགས་ན་ཉམས་དགའ་བར་སྣང་བ་ཙམ་དུ་ཟད་དོ་ཞེས་གནས་སོ། །འཐད་པ་འདི་ཡང་
སྐབས་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །དངོས་པོའི་དེ་ཁོ་ན་ཉིད་ཐམས་ཅད་ལ་དམིགས་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་འདི་བརྟན་པར་བྱ་བའི་དོན་དུ་བྱིན་གྱིས་བརླབ་པའི་སྔགས་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །བསམ་གྱིས་མི་ཁྱབ་པའི་རྣམ་པ་ཅན་གྱི་ལྷ་ལ་སོགས་
པའི་རྣམ་པ་ཁས་ལེན་པ་ལ་ཡི་གེ་ཨོཾ་ལ་ཤཱུ་ནྱ་ཏཱ་ནི་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་གྱི་ཡེ་ཤེས་སོ། །དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། ད་ནི་དེའི་བདག་ཉིད་ཅན་ཡིན་ནོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་
གཟུགས་གཞན་མ་ཡིན་ཞེས་གསུངས་པ་ཡིན་ནོ། །ད་ནི་ལྷ་བསྒྲུབ་པའི་ཆོ་ག་བཤད་པ་ནི་དེ་རྗེས་སྟོན་ཀའི་ཞེས་བྱ་བ་ལ་སོགས་པའོ། །དེ་རྗེས་ཏེ་བྱིན་གྱིས་བརླབ་པའི་སྔགས་ཀྱི་དེ་མ་ཐག་ཏུ་ཆོས་འབྱུང་ཞེས་བྱ་བའི་ཕྱག་རྒྱ་བསྒོམ་པར་བྱ་ཞེས་འབྲེལ་ཏོ། །སྟོན་ཀའི་ཟླ་བ་ལྟར་
དཀར་ཞིང་ཞེས་བྱ་བ་ནི་མཐའ་དག་དག་པར་བྱེད་པའི་མདོག་དཀར་བའོ། །སྣ་ཚོགས་འོད་ཀྱིས་ཕྱོགས་འཁོར་ཀུན་ཁྱབ་པ། །ཞེས་བྱ་བ་ལ། མཐའ་ཡས་པའང་དེ་ཉིད་ཡིན་ཕྱོགས་ཀྱང་ཡིན་པས་ན་མཐའ་ཡས་ཕྱོགས་སོ། །ཕྱོགས་དེ་དག་གི་འཁོར་ནི་ཚོགས་ཏེ། དེ་ལ་

ཁྱབ་པ་ནི་དེར་འཕྲོ་བའོ། །འོད་དེར་སྣང་བ་སྣ་ཚོགས་པ་སྟེ། རྣམ་པ་དུ་མའི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱིའུ་ཚུགས་སུ་གནས་ཞེས་བྱ་བ་ནི་མཾ་འགྱེལ་བའི་རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ། །གྲུ་གསུམ་ཞེས་བྱ་བ་ནི་འདིར་མན་ངག་གིས་
གྲུ་གཉིས་སྟེང་དུ་ཡིན་པར་ཤེས་པར་བྱའོ། །ནང་གི་ནི་ཁོང་པའོ། །དེ་ནམ་མཁའི་རང་བཞིན་ཡང་ཡིན་ལ་དེ་བཞིན་གཤེགས་པ་རྣམས་འཛིན་པར་བྱེད་པས་ན་རྡོ་རྗེ་འཛིན་ཡང་ཡིན་པས་ན་ནམ་མཁའི་རང་བཞིན་ཅན་རྡོ་རྗེ་འཛིན་ནོ། །གང་ཡང་ནང་གི་ཆ་ནམ་མཁའི་རང་བཞིན་ཅན་ནི་
སྟོང་པ་ཉིད་ཀྱི་རང་བཞིན་གྱི་རྡོ་རྗེ་ཡིན་ལ་དེ་འཛིན་པར་བྱེད་པས་ན་རྡོ་རྗེ་འཛིན་ཡིན་ནོ་ཞེས་བཤད་པ་དེ་ནི་ཡིད་འཕྲོག་པར་བྱེད་པ་མ་ཡིན་ནོ། །འདི་ལྟར་སྟོང་པ་ཉིད་ཅེས་བྱ་བ་ནི་ཅི་དངོས་པོ་བཀག་པ་ཙམ་ཡིན་ནམ། འོན་ཏེ་སྒྱུ་མ་ལྟ་བུའི་དངོས་པོ་ཡིན། དེ་ལ་ཕྱོགས་དང་པོ་ལྟར་ན།
ནང་ནམ་མཁའི་རང་བཞིན་ཅན་ཉིད་ཀྱིས་དབུས་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་རྡོ་རྗེ་འཛིན་ཞེས་བྱ་བ་དོན་མེད་དོ། །འོན་ཏེ་རྡོ་རྗེ་ལ་བྱེད་ན་ནི་དེའི་ཚེ་ནམ་མཁའི་རང་བཞིན་ཅན་གྱི་སྒྲ་བཟུང་བ་དོན་མེད་དོ། །དེས་ན་ནང་ནམ་མཁའི་རང་བཞིན་ཅན་ནམ་མཁའི་རྡོ་རྗེ་འཛིན་ཞེས་བརྗོད་པས་
སྦྱར་བར་འགྱུར་ཏེ། དབུས་སྟོང་པ་ཉིད་དུ་གང་རུང་ཅིག་གིས་སྟོན་པའི་ཕྱིར་རོ། །དེའི་ཕྱོགས་ཕྱི་མ་ཡིན་ན་སྔ་མས་ཕྱི་མ་དག་བརྗོད་པ་ཡིན་ཏེ། སྔ་མས་ནི་ནང་གི་བུ་ག་དང་། ཕྱི་མས་ནི་སྒྱུ་མ་ལྟ་བུའི་དངོས་པོ་བསྟན་པའི་ཕྱིར་རོ། །སྟོབས་ལ་སོགས་པ་ཆོས་རྣམས་གང་དུ་འབྱུང་
ཞིང་སྐྱེ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་སྐད་ཅེས་གྲགས་པའི་ཕྱག་རྒྱའི་དབུས་གནས་པའི་མཚོ་སྐྱེས་སྣ་ཚོགས་རྡོ་རྗེས་ཕྱུག་གྱུར་ཞེས་བྱ་བ་ནི་དབུས་སུ་གནས་པའི་པདྨ་འདབ་མ་སྣ་ཚོགས་པ་ལ་གནས་པའི་སྣ་ཚོགས་རྡོ་རྗེས་ཕྱུག་པར་གྱུར་པ་སྟེ། ཕུན་སུམ་ཚོགས་པར་གྱུར་པའོ། །
དོན་ནི་འདི་ཡིན་ཏེ་ཆོས་འབྱུང་སྐྱེ་བ་དང་དུས་མཚུངས་པ་ཁོ་ནར་པཾ་སེར་པོ་ལས་སྐྱེས་པའི་སྣ་ཚོགས་པདྨའི་སྟེང་དུ་ཁཾ་ལྗང་གུ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ཀུན་དུ་བཟང་པོ་ལས་བྱུང་ཞེས་པ་ནི་འཆད་པར་འགྱུར་བའི་དཀར་པོའི་རྣམ་པའི་རྡོ་རྗེ་སེམས་

དཔའ་ཡོངས་སུ་གྱུར་པའི་ཆོས་འབྱུང་ངོ་། །གང་དུ་བསྒོམ་ཞེ་ན། བརྗོད་པ་ཧཱུྃ་གིས་ཞེས་བྱ་བ་ལ་སོགས་པའོ། །ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་གིས་ཞེས་བྱ་བ་ལ་སོགས་ཏེ། ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་འབར་བས་སྤྲོས་པའི་རྡོ་རྗེའི་རང་བཞིན་གྱི་ས་གཞི་ལའོ། །
འདི་ནི་བདུད་ཟད་པར་བྱེད་པའི་བསྲུང་བའི་འཁོར་ལོ་ཉེ་བར་མཚོན་པའི་དོན་ཡིན་པར་ཤེས་པར་བྱའོ། །དེ་ལ་བསྲུང་བའི་འཁོར་ལོ་བསྒོམ་པའི་རིམ་པ་ནི་འདི་ཡིན་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་བྱིན་གྱིས་བརླབ་པའི་སྔགས་ཀྱི་དེ་མ་ཐག་ཏུ་བར་སྣང་གི་ཟླ་བ་ལ་ཡི་གེ་ཧོ་
གཉིས་དང་སྤེལ་བ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་ཡི་གེ་གསུམ་གྱི་གཟུགས་ཅན་དུ་བདག་ཉིད་རྣམ་པར་བསྒོམས་ནས། མདུན་དུ་བགེགས་ཀྱི་ཚོགས་ཚར་གཅད་པའི་དོན་དུ་ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ས་བོན་དེ་དང་ལྡན་པའོ། །
ཨོཾ་ཧཱུྃ་ཕྱོགས་བཅིངས་ཤིང་མཚམས་བཅིངས་ཏེ་རྡོ་རྗེ་ར་བ་དང་རྡོ་རྗེ་དྲ་བ་དང་། རྡོ་རྗེའི་རང་བཞིན་གྱི་ས་གཞི་བསྒོམས་ནས་དེའི་ནང་དུ་བགེགས་མེད་པར་སྣང་བས་ལྟེ་བའི་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལས་བཤད་ཟིན་པའི་མཚན་ཉིད་ཅན་གྱི་ཆོས་འབྱུང་གི་ཕྱག་རྒྱ་བསྒོམ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །
འདི་ཡང་སེམས་རྒྱ་ཆུང་བ་ལ་བརྗོད་པ་ཡིན་ལ། སེམས་རྒྱ་ཆེན་པོའི་བསྲུང་བའི་འཁོར་ལོ་ནི་འདི་ཉིད་ཀྱིས་བསྟན་པར་འགྱུར་ཏེ། ཧཱུྃ་ཡིག་ཅེས་བྱ་བ་ལ་སོགས་པས་བཟང་པོའི་ཞལ་སྔ་ནས་གསལ་བར་མཛད་པ་ཡིན་ནོ། །གཞན་དག་གི་བསྲུང་བའི་འཁོར་ལོ་གཞན་བརྗོད་པ་གང་ཡིན་
པ་དེ་ནི་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲངས་པ་དང་མཁས་པ་རྣམས་ཀྱིས་གུས་པར་བྱས་པ་མ་ཡིན་པའི་ཕྱིར་མ་བསྟན་ཏོ། །ད་ནི་ཁང་པ་བརྩེགས་མ་བསྟན་པའི་དོན་དུ་གསུངས་པ་ནི། དེར་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་འབྱུང་གི་ནང་ན་གནས་པ་སྣ་ཚོགས་པདྨའི་རྡོ་རྗེ་དེར་ནི་ཇི་སྐད་
བཤད་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་ཁང་པ་བརྩེགས་མ་བསྒོམ་པར་བྱ་ཞེས་འབྲེལ་ཏོ། །བྷྲཱུྃ་ཡིག་དང་དེས་བསྐྱེད་པའི་འཁོར་ལོ་སྟེ། དེ་ལས་སྐྱེས་ཤིང་བྱུང་བའི་རྣམ་སྣང་རིག་བཅས་ནི་རང་སྣང་བའི་ཤེས་རབ་དང་ལྡན་པའི་རྣམ་པར་སྣང་མཛད་བྷྲཱུྃ་ཡིག་དང་བཅས་པའི་འཁོར་

ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་རིག་མ་དང་བཅས་པ་དེའི་ཡན་ལག་སྟེ་དེ་ལས་སྐྱེས་ཤིང་རྫོགས་པའོ། །སྣ་ཚོགས་འོད་ཀྱིས་ཕྱོགས་ཀྱི་འཁོར་ལོ་ཀུན། །ཁྱབ་བྱེད་ཐུབ་དབང་འབར་བའི་དཀྱིལ་འཁོར་ཅན། །ཞེས་པ་ལ། ཐུབ་དབང་འབར་བ་ནི་རྣམ་པར་
སྣང་མཛད་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་གྱི་ཚོགས་སོ། །དེའི་སྣ་ཚོགས་ཀྱི་སྟེ་མདོག་རྣམ་པ་དུ་མ་དང་ལྡན་པའི་འོད་དེ། འོད་ཟེར་གང་ཡིན་པ་དེ་དག་གིས་ཕྱོགས་འཁོར་ཏེ། ཕྱོགས་ཀྱི་ཚོགས་ཁྱབ་པར་བྱེད་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཐུབ་དབང་འབར་བའི་དཀྱིལ་འཁོར་སྣ་ཚོགས་
ཀྱིས་ཕྱོགས་འཁོར་ཐམས་ཅད་ཁྱབ་བྱེད་ཅན་ཡིན་ནོ། །མི་མཉམ་མེད་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་དང་མ་རྒྱས་པའི་ཆོས་ཉིད་དུ་མཉམ་པའི་ཕྱིར་ཟུར་བཞི་པའོ། །བཟང་པོ་ཞབས་ཀྱིས་ཀྱང་། སངས་རྒྱས་མ་རྒྱས་མཉམ་པས་ན། །མི་མཉམ་མེད་ཕྱིར་གྲུ་བཞི་
པ། །ཞེས་གསུངས་སོ། །དྲན་དབང་སྒོ་བཞི་རྣམས་ཀྱི་མཆོག་གྱུར་པ། །ཞེས་བྱ་བ་ལ། དྲན་པ་ནི་ལུས་ལ་སོགས་པའི་དྲན་པ་ཉེ་བར་གཞག་པའོ། །འདིས་ནི་ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་ཉེ་བར་མཚོན་པར་ལྟའོ། །དབང་པོ་ནི་དད་པ་ལ་སོགས་
པའོ། །དྲན་པ་ལ་སོགས་པའི་ཡུལ་ཅན་གྱི་དབང་པོ་ནི་དྲན་པའི་དབང་པོ་ཡིན་ནོ། །དེ་དག་ཉིད་རྣམ་པར་དག་པར་གྱུར་པ་ནི་སྒོ་བཞི་པོ་རྣམས་ཏེ། །དེ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཞེས་བྱ་བར་རབ་ཏུ་གྱུར་པའོ། །དོན་ནི་འདི་ཡིན་ཏེ། ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་གཅིག་ལ་
སོགས་པར་མི་འཐད་པའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་དྲན་པ་གང་ཡིན་པ་ཐོས་པ་དང་བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་རང་བཞིན་གྱིས་རྣམ་པ་གསུམ་དུ་གྱུར་པ་དེ་དག་གི་ཡང་ཆོས་ལ་འཇུག་པའི་རྒྱུ་ཡིན་པ་ཉིད་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་
ཕྱིར་ན་དད་པ་ཙམ་ཡིན་པའི་ཕྱིར། དེར་དད་པ་གང་ཡིན་པ་དེའི་རྣམ་པར་དག་པས་ནི་ཤར་གྱི་སྒོའོ། །བཟང་པོའི་ཞབས་ཀྱིས་ཀྱང་། ལུས་ཚོར་སེམས་དང་ཆོས་རྣམས་ནི། །གཅིག་དང་དུ་སོགས་མི་འཐད་ཕྱིར། །དེ་དྲན་དེར་དང་གང་ཡིན་པ། །ཤར་སྒོ་སོགས་པའི་

དོན་དུ་འདོད། །ཅེས་གསུངས་སོ། །ཁ་ཅིག་ན་རེ་ལུས་དང་ཚོར་བ་དང་སེམས་དང་ཆོས་ཀྱི་རང་གི་མཚན་ཉིད་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཡིན་ནོ་ཞེས་ཟེར་བ་གང་ཡིན་པ་དེ་ནི་མི་འཐད་དོ། །མཚན་ཉིད་འདི་ནི་ཚོར་བ་དང་སེམས་ལ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཚོར་བ་དང་སེམས་
ནི་ས་ལ་སོགས་པ་འབྱུང་བའི་རང་བཞིན་ཡང་མ་ཡིན་ལ། གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པའི་རང་བཞིན་ཡང་མ་ཡིན་ནོ། །དེ་སྟེ་འདི་དག་འབྱུང་བ་ལས་གྱུར་པའི་རང་བཞིན་དུ་ཁས་ལེན་ན་ནི་འབྱུང་བ་སེམས་དཔའ་ཅན་ཉིད་ལ་རྣམ་འགྲེལ་མཛད་པས་གསུངས་པའི་
སྐྱོན་འོང་བར་རྟོགས་པར་བྱའོ། །དེ་ནས་ཁས་བླངས་པའི་གྲུབ་པའི་མཐའ་དང་ཡང་འགལ་ཏེ་གྲུབ་པའི་མཐའ་ལས་ནི་རྐྱེན་གྱི་དངོས་པོར་ཁས་བླངས་ལ། འབྱུང་བ་སེམས་ཅན་དུ་ཁས་བླངས་ན་ནི་དེ་བཀག་པར་འགྱུར་རོ། །དེ་བཀག་ན་ནི་དགེ་བའི་ལས་བསྒྲུབ་པ་དང་མི་
དགེ་བ་འགོག་པའི་བསྒོམ་པ་ལ་སོགས་པའི་ཆོ་ག་མཐའ་དག་བཀག་པ་ཡིན་ནོ། །གཞན་ཡང་ཟབ་མོའི་ཆོས་སེམས་པ་ན་ཚུ་རོལ་མཛེས་པའི་ལྟ་བ་སྤྱོད་པ་ནི་བཙུན་པར་མི་འགྱུར་ཏེ། །དེས་ན་དཔྱད་པས་ཆོག་གོ། །གང་ཡང་དེ་ཉིད་ཀྱིས་སྤྱིའི་མཚན་ཉིད་ཀྱང་མི་རྟག་པ་དང་བདག་
མེད་པ་ལ་སོགས་པ་ཡིན་ཏེ། མཚན་ཉིད་འདི་གཉིས་གཅིག་ལ་སོགས་པར་མི་འཐད་བའི་ཕྱིར་རོ། །ཞེས་བརྗོད་པ་དེ་ཡང་ཤིན་ཏུ་སྙིང་པོ་མེད་པ་ཉིད་ཀྱི་སྙིང་པོའི་རྗེས་སུ་འགྲོ་བ་མ་ཡིན་ནོ། །འདི་ལྟར་མི་རྟག་པ་ཞེས་བྱ་བ་ནི་སྐད་ཅིག་གཉིས་པ་ལ་སོགས་པར་མི་གནས་པའི་ཆོས་ཉིད་ཡིན་
ལ། དེ་ལ་ནི་རགས་པ་ཉིད་ཡོད་པ་མ་ཡིན་ཏེ། རགས་པ་ནི་ཡན་ལག་ཅན་ཅིག་ཡིན་པར་འདོད་དེ། དེ་ལ་ནི་ལག་པ་ལ་སོགས་པ་གཅིག་གཡོ་ན་ཐམས་ཅད་གཡོ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འགལ་བའི་ཆོས་གནས་པའི་ཉེས་པ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འདི་ནི་དོན་
དུ་མ་ཡིན་པར་མི་ནུས་ཏེ། འདི་ལྟར་དུ་མ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་ཚོགས་ཡིན་པར་འདོད་ལ། དེ་ལ་ཡང་། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཞེས་བྱ་བ་ལ་སོགས་པས་བཤད་པའི་སྐྱོན་གྱིས་ཟིན་པར་འགྱུར་རོ། །མི་རྟག་པ་ཉིད་ནི་རྡུལ་ཕྲ་རབ་ཀྱི་ཚོགས་ཀྱང་མ་ཡིན་ཏེ། འོན་ཀྱང་

རྡུལ་ཕྲ་རབ་ཀྱི་ཚོགས་ཀྱི་དོན་གྱི་རིགས་ནི་རྟག་པ་ཉིད་ལ་སོགས་པ་ཡིན་ནོ། །འོན་ཀྱང་དོན་དམ་པར་ཐ་མི་དད་པའི་ཕྱིར་ལོག་པ་ཉིད་ལ་མངོན་པར་འདོད་ན་དེའི་ཚེ་སྒྲའི་ཐ་སྙད་འཇིག་པར་འགྱུར་ཏེ། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་དག་གི་འཇིག་རྟེན་གྱི་ཆོས་དང་ཆོས་ཅན་
བརྗོད་པའི་སྒྲ་དང་སྦྱོར་བ་ཡིན་ན། འདི་ནི་ཆོས་བརྗོད་པས་ཆོས་ཅན་སྟོན་པར་བྱེད་པའི་ཕྱིར་འདི་ལ་ཅི་ཞིག་བྱར་ཡོད། དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་དག་ལ་ཡང་བལྟ་བར་བྱའོ། །དེ་ནས་ལུས་ལ་སོགས་པ་ཆོས་ཅན་ཉིད་དུ་བསྟན་པར་བྱ་བ་རྣམས་ནི་གཅིག་ལ་སོགས་པར་མི་འཐད་པ་ཉིད་ཀྱི་
ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་དྲན་ན་ནི་དྲན་པ་ཉེ་བར་གཞག་པ་ཡིན་གྱི། ཇི་སྐད་བརྗོད་པའི་སྤྱི་དང་ཁྱད་པར་མི་འཐད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གནས་པ་ཡིན་ནོ། །དེ་བཞིན་དུ་ཕྱིན་ཅི་ལོག་གི་བག་ཆགས་སྐྱེས་པ་བཤིག་པའི་ཕྱིར་དང་། འབྱུང་བར་འགྱུར་བའི་ལོག་པའི་བག་
ཆགས་མི་སྐྱེ་བར་བྱ་བའི་ཕྱིར་དང་། མ་སྐྱེས་པའི་དེ་ཁོ་ནའི་བག་ཆགས་བསྐྱེད་པའི་ཕྱིར་དང་། སྐྱེས་པའི་དེ་ཁོ་ནའི་བག་ཆགས་བརྟན་པར་བྱ་བའི་ཕྱིར་དད་པའི་ནོར་ཅན་གྱི་ཡང་དག་པར་སྤོང་བཞེས་བྱ་བའི་བརྩོན་འགྲུས་བཞི་པོ་གང་ཡིན་པ་དགེ་བ་དང་མི་དགེ་བ་བསྐྱེད་པ་དང་འཕེལ་བ་དང་
སྤང་བ་དང་མི་སྐྱེ་བའི་དོན་དུ་སྤྲོ་བའི་རང་བཞིན་དེའི་རང་བཞིན་ནི་ལྷོའི་སྒོ་ཡིན་ནོ། །དེ་སྐད་དུ་ཡང་། དེ་ནས་བྱུང་དང་འབྱུང་འགྱུར་བའི། །ལོག་པ་སྤང་དང་མི་སྐྱེད་དང་། །མ་སྐྱེས་སྐྱེས་པ་དེ་ཉིད་ནི། །སྐྱེ་བ་དང་ནི་གནས་པའི་ཕྱིར། །བརྩོན་པ་ལྷོ་ཡི་སྒོ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །
དེ་བཞིན་དུ་ཕུང་པོ་ལྔ་པོ་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་སྟོང་པ་ལ་འདུན་པ་དང་སྤྲོ་བ་དང་གནས་པ་དང་བློ་གྲོས་སུ་གྱུར་པ་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རྫུ་འཕྲུལ་གྱི་རྒྱུར་གྱུར་པ་ཉིད་ཀྱི་རྐང་པ་ནི་ཡན་ལག་སྟེ་རྒྱུ་ཞེས་བྱ་བའི་དོན་ཏོ། །བདུན་པ་
ལ་སོགས་པ་ཡུལ་དུ་གྱུར་པ་དེ་དག་ལ་མ་བརྗེད་པའི་མཚན་ཉིད་ཀྱི་དྲན་པ་ནི་བརྩོན་འགྲུས་བརྩམས་པ་ཁོ་ན་ལ་ཉེ་བར་གནས་པར་འགྱུར་རོ། །དེས་ན་ཆོས་རྣམ་པར་འབྱེད་པས་བསྐྱེད་པའི་དྲན་པ་རྣམ་པར་དག་པས་ནུབ་ཀྱི་སྒོ་ཡིན་ནོ། །དེ་སྐད་དུ། ནུབ་ཕྱོགས་འདིར་ནི་འདུན་པ་དང་། བརྩོན་

གནས་བློ་གྲོས་རྫུ་འཕྲུལ་གྱི། །རྐང་པ་དེ་དག་དྲན་པའི་སྒོ། །ཞེས་གསུངས་སོ། །དེ་བཞིན་སྔར་བརྗོད་པའི་དངོས་པོ་རྣམ་པར་རྟོག་པ་སྤངས་པ་རྣམས་ལ་སེམས་མངོན་པར་དང་བ་དང་སྤྲོ་བ་ལ་དམིགས་པ་དྲན་པའི་འཁོར་དང་ལྡན་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་མངོན་དུ་ཕྱོགས་པར་བྱེད་པ་
ནི་དེ་ལས་བཟློག་པའི་མ་དད་པ་ལ་སོགས་པ་མཐར་བྱེད་པ་དྲན་པ་ཉེ་བར་གཞག་པ་ལ་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཏིང་ངེ་འཛིན་མངོན་དུ་འགྱུར་བས་དེ་རྣམ་པར་དག་པའི་རང་བཞིན་ནི་བྱང་གི་སྒོ་ཡིན་ནོ། །འདི་ཡང་། །དད་བརྩོན་དྲན་དང་བསམ་གཏན་དང་། །ཤེས་རབ་དབང་པོ་མཉམ་
མེད་པའི། །ཏིང་ངེ་འཛིན་ནི་བྱང་སྒོ་ཡིན། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་གཞན་དག་གི་དད་པ་ལ་སོགས་པ་ལྔ་པོ་ཉིད་གསལ་བའི་དངོས་པོ་ཉིད་དུ་གྱུར་པ་ན་སྟོབས་ལྔ་ཞེས་བྱ་བར་གྱུར་པ་རྣམས་ཀྱི་རྣམ་པར་དག་པ་ནི་རིམ་པ་ཇི་ལྟ་བ་བཞིན་གཤིན་རྗེ་མཐར་བྱེད་ལ་སོགས་པ་བརྟེན་
པར་གྱུར་པའི་ཁྲོ་བོ་བཞི་ཡིན་ནོ་ཞེས་གང་བརྗོད་པ་དེ་མི་འཐད་དེ། སྟོབས་ཞེས་བྱ་བར་གྱུར་པ་རྣམས་ཀྱང་བྱང་གི་སྒོའི་རྣམ་པར་དག་པའི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར་རོ། །གཞན་ཡང་། དད་དང་བརྩོན་འགྲུས་རྣམ་དག་པ། །ཞེས་བྱ་བ་ལ་སོགས་པའི་འཕགས་པའི་དོན་ཡང་དེ་དག་
མ་ཤེས་པ་ཡིན་ནོ། །སྐྱེ་བའི་བསམ་གཏན་དང་པོ་ལ་སོགས་པ་བཞི་དང་། སྙོམས་པར་འཇུག་པའི་བསམ་གཏན་དང་པོ་ལ་སོགས་པ་བཞི་སྟེ། བསམ་གཏན་བརྒྱད་པོ་དེ་དག་ཉིད་མངོན་པར་བསྡུས་ནས་བསམ་གཏན་བཞིར་བསྟན་ཏོ། །དེའི་རྣམ་པར་དག་པས་རྟ་བབས་བཞི་གང་ལ་ཡོད་
པ་དེ་ནི་བསམ་གཏན་བཞིའི་རྟ་བབས་ཞེས་བྱའོ། །ཏིང་ངེ་འཛིན་ནི་དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་དང་། དྲི་མ་མེད་པ་དང་། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བ་རྣམ་པ་བཞིའོ། །དེ་དག་ཉིད་མཐའ་སྐོར་ཡིན་ཏེ། དེ་དག་ཉིད་ཀྱིས་ཀུན་ནས་ཏེ་ཐམས་ཅད་ནས་རབ་ཏུ་
མཛེས་ཤིང་ལེགས་པར་བསྒྲུབས་པའི་བསམ་གཏན་བཞིའི་རྟ་བབས་ཅན་ཡང་དེ་ཡིན་ལ། ཏིང་ངེ་འཛིན་གྱི་མཐའ་སྐོར་གྱིས་ཀུན་ནས་མཛེས་པ་ཡང་ཡིན་ནོ་ཞེས་ལས་འཛིན་པའོ། །མཐའ་སྐོར་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། བརྗོད་མ་ཐག་པའི་མཐའ་སྐོར་གང་ཡིན་པ་དེ་ལ་

ཡང་དག་པར་རྟེན་ཅིང་གནས་པའི་མཆོད་པ་དམ་པ་ཐོགས་པ་སྟེ། བསམས་པ་ལས་འདས་པའི་གཟུགས་དང་གར་དང་གླུ་དང་རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་བྲེལ་བར་གྱུར་པའི་གཟུགས་ཏེ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་
རིག་པའི་མཚན་ཉིད་ཅན་བཞི་པོ་རྣམས་ཀྱི་ཚོགས་ཁང་པ་བརྩེགས་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་ཉེ་བར་མཁོ་བ་མངོན་པར་འདོད་པ་ལ་སོགས་པའི་བསམ་པ་རྫོགས་པར་བྱེད་པ་གང་ཡིན་པ་དེའི་རྣམ་པར་དག་པ་བསྟན་པའི་དོན་དུ་ཁང་པ་བརྩེགས་པ་དེ་
རྒྱན་རྣམས་ཀུན་གྱིས་སྤྲས་པ་ཡིན་ནོ། །གདུལ་བྱའི་ནི་སེམས་ཅན་གདུལ་བར་བྱ་བ་རྣམས་སོ། །དེའི་ཆེད་དུ་ཕྱར་ཞིང་བཀྲམ་པའི་ཡན་ལག་དགུ་ནི། མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ཚིགས་སུ་བཅད་པ་དང་། ལུང་བསྟན་པ་དང་། གླེང་གཞི་དང་། དེ་ལྟ་བུ་བྱུང་བ་དང་།
སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་དང་། བསྟན་པའི་རང་བཞིན་གྱི་གསུང་རབ་བོ། །དམ་པའི་ཆོས་དེ་ཉིད་དེ་དག་ཀུན་དུ་འགྲོ་བ་ཞེས་བྱ་བ་འཇུག་པར་བྱེད་ཅིང་ཁོངས་སུ་འདུ་བར་བྱེད་པས་དེ་སྐད་ཅེས་བྱའོ། །རྒྱལ་མཚན་དཀར་པོ་དང་། སྨུག་པོ་དང་། ནག་པོ་དང་།
དུད་ཀ་དང་། དམར་པོ་དང་། ཁྲ་བོ་དང་། སེར་པོ་དང་། ལྗང་གུའི་མདོག་ཅན་དབང་པོའི་ཕྱོགས་ལ་སོགས་པའི་ཡུལ་དུ་བསྒྲེང་བ་རྣམས་ཀྱི་ཕྲེང་བ་དང་། རླུང་གིས་བསྐྱོད་པ་དེའི་དྲིལ་བུས་ཕྱོགས་སྒོ་ཀུན་དུ་སྒྲ་བསྒྲགས་པ་སྟེ། སྒྲ་དང་ལྡན་པར་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །
རྒྱུ་གང་གི་ཕྱིར་གདུལ་བྱ་ལ་ཕྱར་བའི་ཡན་ལག་དགུའི་གསུང་རབ་དམ་པའི་ཆོས་ཀུན་དུ་འགྲོ་བ་ཉིད་ཁང་པ་བརྩེགས་མ་དེ་གང་ཡིན་པ་དེའི་ཕྱིར་ན་དེའི་རྣམ་པར་དག་པས་རླུང་གིས་འཕྱར་བའི་རྒྱལ་མཚན་གྱི་ཕྲེང་བའི་དྲིལ་བུས་ཕྱོགས་ཀྱི་སྒོ་ཐམས་ཅད་དུ་སྒྲ་སྒྲོགས་པར་བྱེད་པ་ཡིན་ནོ། །ཡེ་ཤེས་
མེ་ལོང་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱི་སྒྲ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་བཟུང་སྟེ། མེ་ལོང་ནི་ཉེ་བར་མཚོན་པའི་དོན་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་མེ་ལོང་ཡང་ཡིན་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་

དང་། དྲན་པ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་གང་ཡིན་པའོ། །དེ་ནི་རྟག་ཏུ་དྲི་མ་མེད་པ་ཡང་ཡིན་ལ་དེ་ཉིད་བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན་ཞིང་དེ་ཉིད་མེ་ཏོག་དགའ་བའང་ཡིན་ཞེས་པ་ལས་འཛིན་པའོ། །དེ་དག་གི་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་
དེས་ན་དེའི་རྣམ་པར་དག་པའི་ངོ་བོ་དྲ་བ་ལ་སོགས་པས་དོ་ཟླ་མེད་པ་ཡིན་ཏེ། ཁང་པ་བརྩེགས་མ་དེ་འདྲ་བ་མེད་པ་ཡིན་ནོ། །རྣམ་ཐར་བརྒྱད་པོ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་ཐར་ནི་རྒྱབ་ཀྱིས་ཕྱོགས་པ་སྟེ་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྣམ་པ་བརྒྱད་དེ།
གཟུགས་ཅན་དང་རྣམ་པར་བསྔོས་པ་དང་རྣམ་པར་རྣགས་པ་ལ་སོགས་པའི་རྣམ་པས་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པས་སྔ་མ་ལྟར་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་གཉིས་པའོ། །དེ་དག་ནི་མི་སྡུག་པའི་རང་
བཞིན་ཅན་ཡིན་ཏེ། རྣམ་པར་བསྔོས་པ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་གཉིས་ནི་གྲངས་ཇི་ལྟ་བ་བཞིན་དུ་འདོད་པ་ན་སྤྱོད་པ་དང་། བསམ་གཏན་དང་པོ་ཉིད་དག་གི་འདོད་ཆགས་གཉིས་ཀྱི་གཉེན་པོ་ཡིན་པས་བསམ་གཏན་དང་པོ་དང་གཉིས་པ་དག་ཡིན་ནོ། །ས་
གཞན་ལ་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་གནས་པ་ཞེས་བྱ་བ་གསུམ་པ་སྡུག་པའི་རྣམ་པར་ཐར་པ་ནི་བསམ་གཏན་བཞི་ལ་ཡོད་པའོ། །དེ་ཡང་མ་ཆགས་པའི་རང་བཞིན་ཡིན་གྱི་མི་སྡུག་པའི་རང་བཞིན་ནི་མ་ཡིན་ཏེ། སྡུག་པའི་རྣམ་པ་ཅན་ཡིན་
པའི་ཕྱིར་རོ། །རྣམ་པར་ཐར་པ་བཞི་པ་ནི་གཟུགས་མེད་པ་ཡིན་ནོ། གཟུགས་མེད་པ་ཞེས་བྱ་བ་ནི་རྣམ་པར་ཐར་པ་དག་ཀྱང་དགེ་བ་མཉམ་པར་གཞག་པ་ཁོ་ན་ཉིད་ཡིན་གྱི་འཆི་བའི་སྲིད་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་ཅན་ཡང་མ་ཡིན་པས་མཉམ་པར་མ་བཞག་པ་ཡང་
མ་ཡིན་ནོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་རྣམ་པར་ཐར་པ་བརྒྱད་ཡིན་ཏེ་འགོག་པའི་སྙོམས་པར་འཇུག་པ་ནི་འདུ་ཤེས་དང་ཚོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་རྣམ་པར་ཐར་པ་བརྒྱད་པོ་རྣམས་ཀྱིས་རྣམ་པར་དག་པས་ན་ལྷ་རྫས་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་

པ་སྟེ། འཁོར་ལོ་ལ་སོགས་པའི་ཀ་བ་བརྒྱད་པོ་དེ་དག་གིས་མཛེས་པར་བྱས་ཤིང་རྣམ་པར་བརྒྱན་པ་མཐོ་རིས་ཀྱིའང་འདྲ་བས་ན་ལྷ་རྫས་སོ། །རྡོ་རྗེའི་ཚུལ་ནི་སྔགས་ཀྱི་ཚུལ་ཏེ། དེའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ན་རྡོ་རྗེའི་ཐིག་སྟེ་རྡོ་རྗེའི་ཕྲེང་བ་དང་
ཡང་དག་པར་ལྡན་པ་ཡིན་ནོ། །གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་ལ། སོགས་པ་སྨོས་པས་རོ་དང་། དྲི་དང་། རེག་བྱ་དང་། སྒྲ་རྣམས་བཟུང་ངོ་། །ཡུལ་དེ་དག་ཉིད་ནི་ཚུ་རོལ་མཐོང་བའི་མཐོང་བ་ལ་བལྟས་ནས་དེ་ཁོ་ནར་ཡུལ་གྱི་ངོ་བོར་མི་འཐད་པའི་ཕྱིར་དེ་རྣམས་དག་
པ་སྟེ། རྣམ་པར་དག་པའི་ངོ་བོ་ཉིད་དང་བྲལ་བ་ཡིན་པའི་རྒྱུ་དེས་ན་འདོད་པའི་ཡོན་ཏན་ལྔ་པོ་བླ་ན་མེད་པ་དེ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། མཐའ་ཡས་པ་སྟེ་དེ་ལྟ་བུ་གང་ལ་ཡོད་ཀྱང་དེ་སྐད་ཅེས་བྱའོ། །རྣམ་དག་ནི་ཤིན་ཏུ་རྣམ་པར་དག་པའི་
ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ། དམ་པའི་ཆོས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའོ། །དེ་དག་གི་དབྱིངས་ནི་རིགས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སེམས་སོ། །དེའི་རྒྱུ་མཐུན་པའི་འབྲས་བུའི་རང་བཞིན་ཏེ་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་མ་ལུས་
པ་རྣམ་པར་དག་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །མཆོད་པ་ལྔ་ནི་མེ་ཏོག་དང་། བདུག་པ་དང་མར་མེ་དང་། དྲི་དང་ལྷ་བཤོས་ཀྱི་རང་བཞིན་ཏེ། དེ་དག་གིས་རྣམ་པར་བརྒྱན་པ་ཡང་དེ་ཡིན་ལ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཡང་ཡིན་ནོ། །འདབ་མ་སྣ་
ཚོགས་པ་སྟེ་འདབ་མ་ཁ་དོག་དུ་མ་ཅན་གྱི་པདྨ་དང་། འཆད་པར་འགྱུར་བའི་ཚུལ་དུ་ཇི་ལྟར་རིགས་པ་བཞིན་གནས་པའི་ཉི་མ་དང་ཟླ་བ་དེ་དག་གིས་ལྷ་བཅུ་དགུ་པོ་རྣམས་ཀྱིས་གནས་པ་རྣམས་ཡོངས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་གང་ན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁང་པ་
བརྩེགས་མ་རིན་ཆེན་མ་ལུས་པ་སྟེ་མ་རྒད་དང་པདྨ་རཱ་ག་ལ་སོགས་པ་རྣམས་ཀྱིས་ཇི་ལྟར་མཛེས་པར་རྣམ་པར་སྤྲས་པར་རབ་ཏུ་བསྒོམ་པར་བྱ་ཞིང་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དབུ་མའི་ཞེས་བྱ་བ་ལ་སོགས་པའོ། བཅུ་དྲུག་གི་ཆ་ཅན་ནི་ཨ་ལ་སོགས་པའི་ཡི་གེ་རྣམས་སོ། །

ཚོགས་ནི་ཀ་ལ་སོགས་པ་རྣམས་སོ། །དེ་དག་དང་དེ་དག་ལས་སྐྱེས་ཤིང་བྱུང་བ་གང་ཡིན་པའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །རིགས་ཀྱིས་གཅིག་གི་ཚིག་གོ། །རིམ་པ་ཇི་ལྟ་བ་བཞིན་ཤེས་རབ་དང་ཐབས་མཚོན་པར་བྱེད་པའི་ཟུང་གཉིས་ཞེས་བྱ་བའི་དོན་
ཏོ། །ཟླ་བ་གཉིས་པོ་འདི་ནི་དཔག་ཏུ་མེད་པའི་འོད་ཀྱི་ཚོགས་དང་ལྡན་པ་ཡིན་ནོ། །དབུ་མའི་གདན་དབུས་སུ་བསམ་པར་བྱའོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་འདིའི་དོན་འདི་ཡིན་ཏེ། ཡི་གེ་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་གསུངས་
པའི་ཕྱིར་ན། དངོས་པོ་མཐའ་དག་འགོག་པའི་བདག་ཉིད་ཤེས་རབ་ཀྱི་རང་བཞིན་ཅན་དེ་བཞིན་གཤེགས་པའི་རང་བཞིན་སེམས་ཅན་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་སུ་ཉེ་བར་འགྲོ་བར་ཁས་བླངས་ཤིང་དམ་བཅས་པ་ཡེ་ཤེས་བསྐུལ་བའི་དོན་དུ་འཇིག་རྟེན་གྱི་ཁམས་
ཀཱ་ཀན་དི་ཅན་ནས་བྱོན་པའི་ཨ་ལ་སོགས་པ་ཉི་རིམ་དུ་གྱུར་པ་རྣམས་ཡོངས་སུ་གྱུར་པ་ནི་སྨོན་པའི་སེམས་ཀྱི་རང་བཞིན་ཤེས་རབ་ཀྱི་ངོ་བོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམ་པར་དག་པའི་རང་བཞིན་གྱི་ཟླ་བ་དང་པོ་ཡིན་ནོ། །དེའི་སྟེང་དུ་སྙིང་རྗེའི་བདག་ཉིད་ཅན་ཐབས་ཀྱི་རང་
བཞིན་ཅན་དེ་བཞིན་གཤེགས་པའི་ངོ་བོ་དེ་ཁོ་ན་བཞིན་བྱོན་པ། ཡ་ར་ལ་ཝ་ཌ་ཌྷ་ལྷག་པར་བྱས་པའི་ཀ་ལ་སོགས་པའི་གསལ་བྱེད་རྣམས་ཀྱིས་འཇུག་པའི་སེམས་ཀྱི་རང་བཞིན་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་དག་པའི་རང་བཞིན་ཅན་གྱི་ཟླ་བའི་དཀྱིལ་འཁོར་གཉིས་པ་ཡིན་ནོ། །
ཟླ་བ་གཉིས་པོ་འདི་ནི་ཐོགས་པ་དང་དྲི་མ་དག་དང་བྲལ་བས་བསལ་བ་ཡིན་པའི་མེ་ལོང་ལྟ་བུའི་མཚོན་པར་བྱེད་པ་ཡིན་ལ། གཅིག་ཏུ་གྱུར་པས་ནི་མཉམ་པ་ཉིད་མཚོན་པར་བྱེད་པ་ཡིན་ནོ། །དེ་ལྟར་འདིས་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལས་རྣམ་པ་གཉིས་བརྗོད་པ་ཡིན་
ནོ་ཞེས་རྣམ་པ་གཞན་གསུམ་གསུངས་པ་ནི། དེར་ནི་ཞེས་བྱ་བ་ལ་སོགས་པའོ། །དེར་ནི་ཞེས་བྱ་བ་ལ་སོགས་པ་ནི་ཟླ་བ་གཉིས་ཀྱི་གནས་སུ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཞེས་བྱ་བའི་དོན་ཏོ། །དེའི་སྟེང་དུ་རྡོ་རྗེ་མཆོག་བསྒོམས་ནས་དེའི་ང་རྒྱལ་དང་ལྡན་པས་རྒྱལ་བ་སྐྱེད་བྱེད་

སྐུར་བདག་ཉིད་བལྟ་ཞེས་འབྲེལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་རང་བཞིན་ཡིན་པས་མཆོག་ཀྱང་ཡིན་ལ། ཐམས་ཅད་ཀྱི་རྒྱུ་ཡིན་པས་དང་པོ་ཡང་ཡིན་པ་ནི་དང་པོ་མཆོག་སྟེ་རྡོ་རྗེ་འཆང་ངོ་། །དེའི་སྙིང་པོ་ནི་ས་བོན་ཏེ་ཡི་གེ་ཧཱུཾ་
ངོ་། །དེ་ལས་བྱུང་ཞིང་སྐྱེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ནོར་བུ་དམར་འདྲ་ཞེས་བྱ་བ་ནི། པདྨ་རཱ་ག་དང་འདྲ་བའོ། །ཐུབ་དབང་དཔག་ཏུ་མེད་ཅིང་གྲངས་མེད་པ་འཕྲོ་བཞིན་པ་རྣམས་ཀྱི་འོད་ཟེར་རྣམས་ཀྱིས་མཐའ་ཡས་པའི་ཕྱོགས་ཀྱི་སྒོ་ཀུན་ནས་ཡོངས་སུ་ཁྱབ་པར་བྱེད་པ་དང་།
མཆོག་སྙིང་པོ་རྡོ་རྗེ་སེམས་དཔའི་ས་བོན་དེས་མགོན་དང་བཅས་ཤིང་བྱིན་གྱིས་བརླབས་པ་སྟེ། ཡི་གེ་ཧཱུྃ་གིས་བྱིན་གྱིས་བརླབས་པའི་ལྟེ་བར་ཞེས་བྱ་བའི་དོན་ཏོ། །དེའི་ང་རྒྱལ་དང་ལྡན་པས་ཞེས་བྱ་བ་ནི་འདི་ཡང་བྱ་རོག་གི་མིག་གི་ཚུལ་གྱིས་འབྲེལ་པར་བྱ་སྟེ། དེ་ལྟ་བུའི་རྡོ་རྗེ་བསྒོམས་
ནས་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་རྡོ་རྗེའི་ང་རྒྱལ་དང་ལྡན་པའི་སྔགས་པས་བྱ་བ་ཡིན་ནོ། །འདིས་སོ་སོར་རྟོག་པའི་ཡེ་ཤེས་བསྟན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པ་ཅན་མཐའ་ཡས་པའི་སྤྲུལ་པ་སྤྲོ་བ་རྣམས་ཀྱིས་འགྲོ་དོན་མཆོག་སངས་རྒྱས་ཉིད་ཀྱི་མཚན་ཉིད་ཅན་གང་
གིས་བསྒྲུབས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ང་རྒྱལ་དང་ལྡན་པས་བསམས་ནས་ནི་ཞེས་བྱ་བ་ལ། འདིས་ནི་འདི་སྐད་དུ་ཡི་གེ་ཧཱུྃ་ལས་སྐྱེས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པར་བྱས་པའི་སེམས་ཅན་རྣམས་ནང་དུ་འདུས་ཤིང་། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ།
ཞེས་ང་རྒྱལ་བྱས་པ་ནི་བྱ་བ་སྒྲུབ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དོན་འདི་ཡང་ལུས་ཅན་རྒྱལ་བར་སྣང་བར་བྱས་པའི་དོན་ཅན་དེའི་ང་རྒྱལ་དང་ལྡན་པས་ཞེས་བྱ་བ་འདིས་གསལ་བར་བྱས་པ་ཡིན་ཏེ། འདིས་དེའི་ང་རྒྱལ་དུ་བྱས་པ་ཞེས་གཉི་གའི་ང་རྒྱལ་གཟུང་བའི་ཕྱིར་རོ། །དེ་འདྲ་
བའི་ལྷག་པར་མོས་པར་བྱས་ནས་རྡོ་རྗེ་འཆང་དུ་བྱས་པའི་དེ་བཞིན་གཤེགས་པ་རྣམས་ནང་དུ་འདུས་པ་ན་ཟླ་བ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྒྱལ་བ་སྐྱེད་བྱེད་སྐུར་བལྟའོ། །ཅི་འདྲ་བར་ཞེ་ན་བརྗོད་པ་ཐུབ་མཆོག་ཅེས་བྱ་བ་ལ་སོགས་པའོ། །ཐུབ་པ་མཆོག་གི་རྣམ་པ་ཅན་གྱི་རྡུལ་ཕྲ་རབ་

རྣམས་ཀྱིས་རྣམ་པར་སྤྲས་པ་ཉིད་ཀྱིས་ན་ཟླ་མེད་པ་མཚུངས་པ་དང་བྲལ་བའོ། །ཐ་མལ་པ་རྣམས་ཀྱི་ལུས་ནི་ས་ལ་སོགས་པའི་རྡུལ་ཕྲ་རབ་ཀྱིས་སྤྲས་པ་ཉིད་ཀྱིས་མཚུངས་པ་མེད་པ་ཡིན་ནོ། །གཡས་གཡོན་གྱི་ཞལ་སྔོ་བ་དང་དམར་བར་སྣང་བ་ཡང་ཡིན་ལ། ཟླ་བ་ཉ་བ་ལྟ་བུར་དཀར་བའི་
མདོག་ཀྱང་ཡིན་ནོ་ཞེས་བསྡུ་བའོ། །རྡོ་རྗེ་སེམས་དཔའི་ཞལ་གཡས་པ་དང་ཅིག་ཤོས་ནི་སྔོ་བ་དང་དམར་བ་ཡིན་ལ། རྩ་བའི་ཞལ་དང་སྐུ་ཐམས་ཅད་ནི་དཀར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་སྣ་ཚོགས་པའི་རྒྱན་དང་ལྡན་ཞིང་གཟི་བརྗིད་འབར་བའི་ཕྱག་གཉིས་ཀྱིས་
རིག་མ་དམ་པ་དེ་ལ་འཁྱུད་ནས་རྡོ་རྗེ་དང་རལ་གྲི་དང་པདྨ་དང་ནོར་བུ་འཛིན་པའི་ཕྱག་ལྷག་མ་ཟུང་གཉིས་ཀྱིས་ཕྱུག་པ་སྟེ། གཡས་དང་ཅིག་ཤོས་ཀྱི་ལྷག་མ་ཕྱག་བཞི་ན་རིམ་པ་བཞིན་དུ་རྡོ་རྗེ་དམར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པ་ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་པའི་
ཁོངས་ཏེ་ནམ་མཁའི་དཀྱིལ་འཁོར་དུ་སྣ་ཚོགས་པའི་འོད་ཚོགས་ལས་འཐོན་པའི་ཐུབ་པའི་དབང་པོ་རྣམས་ནམ་མཁའི་ཁོངས་ཁྱབ་པར་བྱེད་པའི་རྒྱལ་བ་རྒྱུན་མི་འཆད་པར་སྤྲོ་ཞེས་བྱ་བའི་དོན་ཏོ། །རྣམ་ཐར་གསུམ་ཞེས་བྱ་བ་ལ། རྣམ་པར་ཐར་པའི་སྒོ་གསུམ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་
དང་སྨོན་པ་མེད་པའི་རང་བཞིན་ཏེ། དེའི་རང་བཞིན་གྱི་རྣམ་པར་དག་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནོ། །དངོས་པོ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་ཡང་ཐབས་གཙོ་བོར་གྱུར་པ་ཡིན་ནོ། །འགྲོ་བ་ཀུན་གྱི་དེ་ཉིད་གཅིག་པུ་པ། །ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་རང་
བཞིན་ཡིན་པ་ཉིད་ཀྱིས་རང་གི་སྣང་བ་ལས་ཐ་མི་དད་པ་ཡིན་པའི་ཕྱིར་དེ་ཉིད་གཅིག་པུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱལ་བ་སྐྱེད་བྱེད་སྐུར་ནི་ཞེས་བྱ་བ་ནི་རྒྱལ་བའི་ངོ་བོའི་ལྷའི་འཁོར་ལོ་སྐྱེད་པའི་རྒྱུ་རྡོ་རྗེ་སེམས་དཔར་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་པའི་སྣང་བ་
ལས་ཐ་མི་དད་པར་རོ། །བལྟ་བ་ཞེས་བྱ་བ་ནི་བསྒོམ་པར་བྱའོ། །འདིས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སྟོན་ཏོ། །རྡོ་རྗེ་སེམས་དཔའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བརྗོད་ནས་གདུལ་བྱའི་སེམས་ཅན་རྣམ་པར་དག་པར་བྱ་བའི་དོན་དུ་དབང་བསྐུར་བ་སྦྱིན་པའི་ཕྱིར་པདྨའི་

ནང་གི་དཀྱིལ་འཁོར་བཀོད་པའི་ཆེད་དུ་སེམས་ཅན་གྱི་བསམ་པའི་དབང་གིས་ཤེས་རབ་དང་ཐབས་མཉེས་པར་བྱེད་པ་རེ་ཞིག་བརྗོད་པ། མཆོག་ཏུ་ཞེས་བྱ་བ་ལ་སོགས་པའོ། །མཆོག་ཏུ་དགའ་བ་བདེ་བ་ཆེན་པོ་ཕུན་སུམ་ཚོགས་པས་གདུལ་བྱའི་འཇིག་རྟེན་ཀུན་ལ་
གཟིགས་ནས་ཏེ། བལྟས་ནས་དགའ་བའི་སྒྲ་སྒྱུ་མའི་རང་བཞིན་སྒྱུ་མ་ལྟ་བུ་དེས་རྒྱལ་བའི་ཚོགས་རྣམས་ཐམས་ཅད་བ་སྤུའི་བུ་ག་རྣམས་ནས་ལུས་ཀྱི་ནང་དུ་ཞུགས་པར་བྱའོ། །འདིས་ནི་ཤེས་རབ་མཉེས་པར་བྱེད་པ་བརྗོད་དོ། །འདུས་པ་ལས་དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱལ་བ་ལྷ་
མོའི་གཟུགས་སུ་སོང་ནས་མཉེས་པར་བྱེད་པ་ནི་གཉིས་པ་ཐབས་མཉེས་པར་བྱེད་པའི་དོན་ཉིད་དུ་བརྗོད་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་རྒྱལ་བའི་ཚོགས་སོ། །སྤྱན་སོགས་ཞེས་བྱ་བ་ནི་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིའོ། །གཟུགས་ལ་སོགས་པ་ཡུལ་རྣམས་ཐམས་ཅད་ནི་གཟུགས་
དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམ་པར་དག་པའི་རང་བཞིན་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔའི་སྟེ། དེ་རྣམས་ཀྱི་ངོ་བོར་སྤྲོས་ནས་ཞེས་བྱ་བ་ནི་དེ་དག་རང་བཞིན་དུ་བ་སྤུའི་བུ་ག་ནས་སྤྲོས་ནས་རང་གི་རིགས་ཀྱི་རྒྱལ་བའི་ཚོགས་ཀྱི་ངོ་བོ་སྤྱན་མ་ལ་སོགས་པ་གཟུགས་
ཅན་དེ་དག་ཉིད་མདོར་བསྡུ་བར་བྱས་པ་ཡིན་ནོ། རིག་མ་ཐམས་ཅད་ནི་ཞེས་བྱ་བ་ནི་རིག་མ་རྣམ་པ་དགུ་པོ་རྣམས་སོ། །རང་གི་རིག་མའི་ནང་དུ་བསྡུ་བར་བྱ། །ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕྱག་གཉིས་ཀྱིས་འཁྱུད་པའི་ན་ཆུང་གི་ལུས་སུ་གཞུག་པར་བྱའོ། །འདིས་ནི་ཐབས་མཉེས་པར་བྱེད་
པར་བརྗོད་དོ། །དེ་སྐད་དུ་ཡང་འདུས་པ་ལས་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་མཉེས་པར་བྱ་བའི་དོན་དུ་རང་གི་གཟུགས་རྣམས་སུ་མངོན་པར་སྤྲུལ་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་རང་གི་རིགས་ཀྱི་དེ་བཞིན་
གཤེགས་པ་རྣམས་སུ་ཡོངས་སུ་གྱུར་ནས་ལྷ་མོ་རྣམས་སྤྲོས་ནས་བསྟན་པའི་ཕྱིར་དེ་ཉིད་ལས་དེ་ལ་ཁ་ཅིག་ནི་སངས་རྒྱས་སྤྱན་གྱི་རྣམ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །དེའི་སྤྱན་མ་ནི་རང་བཞིན་དུ་གྲུབ་པར་གྱུར་པའོ། །དེ་བཞིན་དུ་

དམ་ཚིག་སྒྲོལ་མའི་རྣམ་པར་ཞེས་བྱ་བ་ལ་དེ་བཞིན་དུ་དམ་ཚིག་ནི་དོན་ཡོད་པ་སྟེ། དེ་ནི་སྒྲོལ་མའི་གཟུགས་སུ་གྲུབ་པའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་ཉེ་བར་མཚོན་པའི་དོན་དུ་ཡིན་པས་དེར་རང་གི་རིགས་ཡོངས་སུ་གྱུར་པར་བལྟ་བར་བྱའོ། །ཆོས་ཀྱི་དབྱིངས་དབང་ཕྱུག་
མའི་སྤྲོ་བ་ནི་མ་གསུངས་ཏེ། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་ཡིན་པའི་ཕྱིར་རམ། རྡོ་རྗེ་འཆང་གིས་འཁྱུད་པའི་ཕྱིར་རམ། ཡང་དག་པར་རྟོགས་པ་ལ་རེག་པ་ལས་སྐྱེས་པའི་བདེ་བ་ཆེན་པོ་ཉིད་གཙོ་བོར་ཤེས་པར་བྱ་བའི་དོན་གྱི་ཕྱིར་རོ། །དེའི་ཕྱིར་ཡང་འདིར་རིག་མ་ཐམས་ཅད་ཅེས་བྱ་
བ་ནི་ལྷ་མོ་རྣམ་པར་དག་པ་ཡིན་པར་གཟུང་ངོ་། །དེའི་པདྨ་ཞེས་བྱ་བ་ལ་སོགས་པ་ལ། རང་གི་རིག་མ་གང་ཡིན་པ་དེའི་པདྨའི་ལྟེ་བ་སྟེ། སྙིང་རྗེའི་རང་བཞིན་ཅན་དེའི་ནང་སྟེ་དབུས་སོ། །དྲི་མེད་ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་མི་ཤེས་པའི་མུན་པ་མཐའ་དག་སེལ་བའི་
ཕྱིར་འོད་ཟེར་ཏེ། དེ་ལས་བྱུང་བའི་དཀྱིལ་འཁོར་དེར་དཀྱིལ་འཁོར་པ་དང་། དཀྱིལ་འཁོར་གྱི་བདག་པོ་བསམས་ནས་སོ། །དཀྱིལ་འཁོར་དེར་ནི་སྐྱེ་བོའི་ཚོགས་མ་ལུས་པ་རྣམས་བློ་ཡིས་གཞུག་པར་བྱའོ། །དེ་ནས་དེ་ལ་དབང་བསྐུར་བར་བྱའོ་ཞེས་གསུངས་པ་ནི་གསང་བའི་རྡོ་རྗེ་
ཞེས་བྱ་བ་ལ་སོགས་པའོ། །ཁ་ནས་བཅུག་པའི་རྒྱལ་བའི་ཚོགས་རྣམས་གསང་བའི་རྡོ་རྗེ་པདྨའི་དབུས་སུ་བཅུག་ནས་ཟླ་བ་ཞུ་བའི་གཟུགས་སུ་ཡོངས་སུ་གྱུར་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བྱུང་བས་རྒྱལ་བའི་ཚོགས་དེ་ལ་དབང་བསྐུར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་
དབང་བསྐུར་བའི་མཐར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པའི་སེམས་ཅན་དེ་དག་ཟླ་བ་ཞུ་བའི་དངོས་པོ་ཀྵིཾ་ཡིག་ལ་སོགས་པ་ཡོངས་སུ་གྱུར་བ་ལས་སྐྱེས་པ་དེས་བྱིན་གྱིས་བརླབ་པའི་རང་རང་གི་ཕྱག་མཚན་གྱི་རིམ་པས་མིག་ལ་སོགས་པ་རྣམ་པར་
དག་པ་སའི་སྙིང་པོ་ལ་སོགས་པའི་རང་བཞིན་དུ་མོས་པ་ཇི་ལྟ་བ་བཞིན་རྣམ་པར་དག་པར་གྱུར་པ་ན་དགྱེ་བར་བྱའོ་ཞེས་བསྟན་པའི་དོན་དུ་སའི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འཕགས་པ་ལྔ་གསུངས་པ་ནི། རྡོ་རྗེ་ལ་ཞེས་བྱ་བའོ། །དབང་བསྐུར་བ་ནི་དེ་མ་ཐག་ཏུ་སའི་སྙིང་

པོ་ལ་སོགས་པ་དྲུག་མིག་ལ་སོགས་པར་བརྗོད་པ་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་བཞིན་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམ་པར་དག་པ་རྣམས་སོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཆོས་དབྱིངས་རྡོ་རྗེ་མ་རྣམས་དང་
ཞེས་བྱ་བ་ནི་རིམ་པ་བཞིན་དུ་གཟུགས་ལ་སོགས་པ་རྣམ་པར་དག་པ་གཟུགས་རྡོ་རྗེ་ལ་སོགས་པ་དྲུག་གོ། །ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི། །ངོ་བོར་གྱུར་པ་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་བཞིན་ས་ལ་སོགས་པ་རྣམ་པར་དག་པས་སྤྱན་མ་ལ་སོགས་པ་གྲགས་པ་བཞིའོ། །གཟུགས་མྱོང་
མཚན་མ་དང་ནི་དེ་བཞིན་དུ། །འདུ་བྱེད་རྣམས་དང་ཡིད་དུ་རབ་བརྗོད་པ། །ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བའི་ཕུང་པོ་ལྔའི་ངོ་བོ་ཉིད་དུ་གྲགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་བདེ་
བར་གཤེགས་པ་རྣམས་སོ། །རང་གི་ས་བོན་གྱིས་ནི་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བརྗོད་པའི་ཡི་གེ་ཀྵིཾ་ལ་སོགས་པ་རྣམས་ཀྱི་ཆོ་ག་བཞིན་དུ་བསྐྱེད་པའི་ཕྱིར་རོ། །སྤྲོ་བར་བྱ་ཞེས་བྱ་བ་ནི་བློ་ཁོ་ནས་ལྷ་མོའི་པདྨའི་ནང་གི་ཁང་པ་བརྩེགས་མ་ལས་ཕྱིར་དབྱུང་བར་བྱ་སྟེ། བློ་དེ་ཉིད་ཀྱིས་
བཅུག་པའི་ཕྱིར་རོ། །ད་ནི་རིམ་པ་བཞིན་དུ་སའི་སྙིང་པོ་ལ་སོགས་པའི་ས་བོན་རྣམས་ཉིད་བརྗོད་པ་ནི་ཀྵིཾ་ཞེས་བྱ་བ་ལ་སོགས་པའོ། །རྟག་པ་ནི