Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 41
Văn bản gốc(Tây Tạng)
Trang 8 / 21 (50.000 ký tự/trang)
་པའོ། །གོམས་བྱས་ན་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྤྲོ་ཞིང་བསྡུས་པའོ། །ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར་བ་ནི་མཐར་ཐུག་པའི་འབྲས་བུའོ། །ཁམས་གསུམ་པོ་ནི་མ་ ལུས་པ་བསད་དང་ཞེས་བྱ་བ་ལ་སོགས་པ་ནི་འཕྲལ་གྱི་འབྲས་བུ་སྟེ་གསད་པར་ནུས་པ་ཞེས་བྱ་བ་ནི་སེམས་བརྟན་པར་གྱུར་པས་མངོན་དུ་ནུས་པར་གྱུར་པའོ། །གཏི་མུག་ནི་རྣམ་པར་སྣང་མཛད་དོ། །རྒྱན་ལ་སོགས་པ་ནི་ནམ་མཁར་བསམས་པ་རྣམས་ཀྱིའོ། །བརྐུ་བར་བྱ་ཞེས་བྱ་བ་ནི་བདག་ཉིད་ དང་བདག་གི་དཀྱིལ་འཁོར་པ་རྣམས་ཀྱིས་ཀྱང་བླངས་ཏེ་སྤྱད་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །གཏི་མུག་སེམས་ཀྱི་རྒྱ་མཚོ་ཞེས་བྱ་བ་ནི་བདག་དང་བདག་གི་དཀྱིལ་འཁོར་བའོ། །གཏི་མུག་འཁོར་ལོ་ཅན་གྱིས་ཀུན་ལ་སྟེ། བཅོམ་པ་རྣམས་ལ་ནི་རིན་པོ་ཆེ་སླར་སྦྱིན་པའོ། །འདོད་ཆགས་ནི་ སྣང་བ་མཐའ་ཡས་སོ། །ལྷ་མོ་ཐམས་ཅད་ནི་ནམ་མཁར་བལྟས་པའི་ལྷ་མོ་རྣམས་སོ། །འདོད་པའི་སྦྱོར་བ་ནི་འདོད་པའི་བྱ་བའོ། །དགའ་བ་ནི་འཁྱུད་པ་ལ་སོགས་པའོ། །སྡུག་པ་ནི་དགའ་བ་ཡང་དག་པར་མཚོན་པའོ། །བདེ་བ་ནི་ཡེ་ཤེས་སྐྱེ་བའོ། །རངས་པ་ནི་བདེ་བ་ལས་བྱུང་བའི་རབ་ཏུ་མགུ་བའོ། ། འདོད་པའི་རྩེད་མོ་ནི་རངས་པ་ལས་བྱུང་བའི་ལུས་དང་ངག་གི་འགྱུར་བའོ། །དེའི་རྣམ་པར་འཕྲུལ་པ་ནི་རྣམ་པར་རོལ་པའོ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ན་འཕྲལ་གྱི་འབྲས་བུ་གསུངས་པའོ། །མཐར་ཕྱིན་པའི་འབྲས་བུ་ནི་གཉི་གའི་རིམ་བཞིན་དུ་གཏི་མུག་རྡོ་རྗེ་དང་འདོད་ཆགས་ རྡོ་རྗེའོ། །སྐད་ཅིག་ཙམ་གྱིས་ཞེས་བྱ་བ་ནི་ཇི་ལྟར་བསྟན་པའི་དོན་དེ་རྣམས་རྣལ་འབྱོར་དེ་དག་ལ་གནས་ཏེ། བསམས་མ་ཐག་ཏུ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རིགས་པ་མ་ཡིན་ཏེ། རྫས་དང་འཁྲུལ་འཁོར་ལ་སོགས་པའི་སྦྱོར་བ་དུ་མས་བསྒྲུབ་པར་བྱའི། དོན་རྣམས་ནི་དེ་དག་མེད་པར་མི་སྲིད་པའི་ ཕྱིར་རོ་ཞེ་ན། འདིར་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ལས་མཆོག་ནི། ལས་དམ་པ་རྣམས་སོ། །ཚོགས་ནི་རྒྱས་པའོ། །ཉམས་སུ་ལེན་པའི་ཐབས་སུ་བྱ་བའོ། །བྱིན་གྱིས་རློབ་པ་ནི་ནུས་པ་ལྷག་པར་གཞག་པའོ། །གྲུབ་པ་ནི་དཀྱིལ་འཁོར་ལ་སོགས་པ་གང་ཡིན་པའོ། །དེ་དག་གི་ བགྲོད་པ་གཞན་ནི་རྣམ་པ་གཞན་ཡིན་གྱི། གདོན་མི་ཟ་བར་རྒྱུད་ཇི་བཞིན་དུ་ནི་མ་ཡིན་ཏེ། གང་གི་ཕྱིར་ཁྱད་པར་དུ་གྱུར་པ་འདི་དག་ཐམས་ཅད་ནི་དེ་དག་གི་སེམས་ལ་རག་ལས་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོའི་ལེའུ་རྣམས་ཀྱི་སྦས་པའི་ཚིག་གི་དོན་ཞར་ལ་འོངས་པ་དང་བཅས་པ་གསལ་བར་བྱས་ ནས་སྒྲུབ་པའི་ལེའུ་རྣམས་ཀྱི་སྦས་པའི་ཚིག་དོན་བརྗོད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་ནི་ཕལ་ཆེར་བཞི་པ་དང་། བཅུ་དྲུག་པ་དང་། བརྒྱད་པ་ལ་ཡིན་ལ། དེའི་དྲིས་པའི་ལན་ནི་བྷ་ག་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་བྷ་གར་བརྗོད་ཅེས་གསུངས་པས་ན། བྷ་ག་ནི་ ཤེས་རབ་ཡིན་ལ་དེ་ཉིད་ནི་ངག་ཡིན་ཏེ། དེའི་ཕྱིར་བྷ་གའི་དཀྱིལ་འཁོར་ནི་གསུང་གི་དཀྱིལ་འཁོར་རོ། །བྱང་ཆུབ་ཀྱི་སེམས་ནི་ཐུགས་སོ། །དེའི་ཕྱིར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །ལུས་ནི་རྣམ་པར་སྣང་མཛད་དོ། །དེ་བས་ན་དེའི་དཀྱིལ་འཁོར་ནི་སྐུའི་ དཀྱིལ་འཁོར་རོ། །ཡང་ན་བྷ་ག་ནི་གདན་དང་སྔགས་སོ། །བྱང་ཆུབ་ནི་མཚན་མའོ། །ལུས་ནི་ཕྱག་རྒྱ་ཆེན་པོའོ། །དེ་གསུམ་ནི་དཀྱིལ་འཁོར་ཡིན་པར་བརྟགས་པ་སྟེ་རྣམ་པར་གཞག་པའོ། །གསུམ་ཆར་ཡང་སྙིང་པོ་བསྡུས་པའི་ཕྱིར་དཀྱིལ་འཁོར་ཡིན་ནོ། ། ཕྱག་རྒྱ་དགོད་པ་ཡང་དཀྱིལ་འཁོར་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་དེ་མ་ཐག་ཏུ་དེ་དྲིས་པས་ན་དེའི་ལན་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་རྣམས་སོ། །ཕྱག་རྒྱ་ནི་སྐྱེ་བོ་རྣམས་རྗེས་སུ་གཟུང་བའི་ཕྱིར་རྒྱས་བཏབ་པའོ། །ཕྱག་རྒྱ་གང་གི་ཡིན་ཞེ་ ན། ཕུང་པོ་སྐྱེ་མཆེད་ཁམས་ཀྱིའོ། །འོ་ན་སྒོ་སྐྱོང་རྣམས་ཀྱི་ཕྱག་རྒྱ་གང་ལ་གདབ་ཅེ་ན། རྣམ་པར་ཤེས་པའི་ཕུང་པོ་ལ་སྟེ། སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཞེས་གསུངས་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་འཁོར་རྣམས་སོ། །ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་ནི་མཚན་མའི་ཕྱག་རྒྱ་ སྟེ། སྙིང་གར་སོན་པའི་ཁྲོ་བོའི་འཁོར་ལོ་རྩིབས་བཅུ་པ་རྣམས་ཀྱིའོ། །འཁོར་ལོ་གནོད་མཛེས་དང་འཁོར་ལོའོ། །རིག་པའི་རྒྱལ་པོ་རྡོ་རྗེ་རྣམས། །ཞེས་བྱ་བ་ནི་མིག་ལ་སོགས་པའི་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ནི་དཀྱིལ་འཁོར་ཆེན་པོ་ཉིད་ཀྱིའོ་ཞེས་ཟེར་རོ། །ས་ལ་སོགས་ པའི་སེམས་དཔའ་རྣམས་ཞེས་བྱ་བ་ནི་ལྷ་མོ་བཅུ་པོ་རྣམས་སོ། །རང་གི་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་སོ་སོར་སྡུད་པ་ལས་རང་རང་གི་འདོད་པའི་གདན་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་བཞིའི་དཀྱིལ་འཁོར་ལས་ལ་སོགས་པ་རྣམས་ཀྱིའོ། །མེ་ལོང་ལ་སོགས་པའི་ཕྱག་རྒྱ་དྲུག་ནི་ དཀྱིལ་འཁོར་ཆེན་པོ་ཉིད་ཀྱི་འདོད་པ་རྣམས་ཀྱིའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་རིག་པའི་རྒྱལ་མོ་རྣམས་སོ། །ཁྲོ་བོའི་རྒྱལ་པོ་ནི་སྒོ་སྐྱོང་རྣམས་ཏེ། དེ་རྣམས་ཀྱི་ཕྱག་རྒྱ་ནི་རྩ་བའི་རྒྱུད་དུ་བཤད་པས་འདིར་མ་བསྟན་ཏོ་ཞེས་བྱ་བར་ དགོངས་སོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ས་ལ་སོགས་པའི་སེམས་དཔའ་རྣམས་ཕྱག་རྒྱ་རང་གི་དཀྱིལ་འཁོར་ཡིན་ཞེས་བརྗོད་ཅེ་ན། དེ་ལྟ་ཡིན་པ་དེ་ཉིད་ཀྱི་ཕྱིར་སོ་སོར་སྡུད་པའི་དཀྱིལ་འཁོར་དང་ལོངས་སྤྱོད་བཞིའི་དཀྱིལ་འཁོར་གྱི་དབང་དུ་བྱས་པའི་གདན་བཅུའི་དཀྱིལ་འཁོར་ཡིན་པར་ ཤེས་པར་བྱ་བའི་ཕྱིར་ས་ལ་སོགས་པའི་སེམས་དཔའ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་ལྕགས་ཀྱུ་ལ་སོགས་པ་ཡང་འགོག་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་གཅིག་ཁོ་ནས་དཀྱིལ་འཁོར་ཆེན་པོའི་དབང་དུ་བྱས་ཏེ། གསུངས་པ་ནི་མ་ཡིན་ནོ། །དེ་བས་ན་ཕྱག་རྒྱ་སུམ་ཅུ་རྩ་གཅིག་བདག་པོ་དང་བཅས་པའི་དཀྱིལ་འཁོར་ཆེན་པོ་ལྷ་སུམ་ཅུ་རྩ་གཉིས་ཀྱི་ཡིན་པར་ཁ་ཅིག་སྨྲ་བ་དེ་དག་རིགས་པ་མ་ཡིན་ནོ། །སྐུ་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སའི་སྙིང་པོ་ལ་སོགས་པ་བཞིན་ཏེ་རིགས་ རྣམས་ཀྱི་མཚན་མ་ནི་སངས་རྒྱས་རྣམས་ཀྱི་མཚན་མ་ཉིད་དོ་ཞེས་བྱ་བ་འདི་ནི་གྲུབ་པ་ཡིན་ནོ། །དེ་བས་གཞན་དུའང་ཞེས་བྱ་བ་ལ་སོགས་པ་ལ་གཞན་དུ་ཞེས་བྱ་བ་ནི་རྒྱུད་གཞན་དུ་གསུངས་པའི་ལྷ་རྣམས་སོ། །དཔའ་བོ་གཅིག་ཅེས་བྱ་བ་ལ་དཔའ་བོ་ནི་དཀྱིལ་འཁོར་གྱི་བདག་པོ་ཡིན་པས་ སོ། །གཅིག་ནི་གྲོགས་མེད་པས་སོ། །རིགས་ཀྱི་ཁ་དོག་གིས་ནི་བརྟག །ཅེས་བྱ་བ་ལ་བརྟག་ཅེས་པ་ནི་བརྟག་གོ་ཞེས་ད་ལྟ་བའི་དུས་སྟོན་པའོ། །དེ་ལས་ཞེས་བྱ་བ་ནི་ལྟོས་པའི་ལྔ་པ་སྟེ། རྒྱུད་འདིའི་སྐབས་སུ་ཞལ་གསུམ་ཕྱག་དྲུག་པ་ལ་ལྟོས་པའོ། །རིགས་ཞེས་བྱ་བ་ནི་ཁྱིམ་སྟེ་དེ་ རྣམས་རང་གི་རྒྱུད་དོ། །རིགས་དེའི་ཁ་དོག་གཅིག་གིས་བརྟགས་ཏེ། དེ་ལ་བརྞ་ནི་སྔགས་དང་མཚན་མ་དང་དཀར་པོ་ལ་སོགས་པ་དང་བྲམ་ཟེ་དང་རྒྱལ་རིགས་ལ་སོགས་པ་བཞིན་དུ་རིགས་དང་རྣམ་པ་བཞི་ལ་བྱའོ། །ཕྱག་རྒྱ་དགོད་པའོ། །པདྨ་དང་ཨུཏྤལ་ལ་སོགས་པ་མེ་ཏོག་དང་མཆོད་རྟེན་དག་ བརྒྱད་པ་ལས་གསུངས་པ་དེའི་དོན་དྲི་བ་ཞུས་པའི་ལན་ནི་ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྷ་མོ་དགུ་ནི་རིག་མ་དགུའོ། །དེ་རྣམས་ཀྱི་ནམ་མཁའི་ཁམས་ནི་གསང་བའོ། །མེ་ཏོག་ཅེས་བྱ་བ་ནི་མེ་ཏོག་གི་མིང་ཅན་ནོ། །དགོད་པར་བྱ་ཞེས་བྱ་བ་ནི་མེ་ཏོག་དེ་རྣམས་ཉིད་དོ། །སྐུ་གསུང་ཐུགས་ཀྱི་ དབྱེ་བ་ཡིས། །རིམ་གྱིས་ཞེས་བྱ་བ་ནི་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་སྐྱེད་པར་བྱེད་པའི་སྐུ་རྣམས་ནི་གོ་རིམས་བཞིན་དུ་གཏི་མུག་དང་འདོད་ཆགས་གསུམ་དང་ཞེ་སྡང་ལའོ། །དེ་བཞིན་དུ་གཏི་མུག་དགའ་མ་ལ་སོགས་པའི་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་གཉིས་དང་རྡོ་རྗེ་ལའོ། །སངས་ རྒྱས་ཐམས་ཅད་ཀྱི་བཞུགས་གནས་ནི་གཞལ་ཡས་ཁང་སྟེ་མཆོད་རྟེན་ནོ། །འདིས་ནི་མཆོད་རྟེན་ཡང་བཤད་པ་ཡིན་ཏེ། གཉི་གའི་དོན་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་འཁོར་ལོ་དང་གནས་ཀྱི་ཡི་གེ་དང་དམ་ཚིག་བསྐུལ་བ་དང་གཏོང་བ་དང་བོད་པ་དང་བཅིང་བ་སྟེ་བཅུ་ དྲུག་པ་ལས་གསུང་བ་དྲུག་པོ་འདི་དག་གི་དོན། དྲི་བའི་ལན་ནི་ཡེ་ཤེས་སེམས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཡེ་ཤེས་སེམས་དཔས་སྤྲུལ་ཞིང་ཕྱུང་བའི་འཁོར་ལོ་གང་ཡིན་པ་དེ་ཡེ་ཤེས་འཁོར་ལོ་སྟེ། ཡེ་ཤེས་ལས་བྱུང་བའི་འཁོར་ལོ་ནི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བར་དགོངས་ སོ། །དེ་ཉིད་ནི་ཀུན་དུ་རྟོག་པས་ཞེས་བྱ་བར་བྱས་པས་དམ་ཚིག་གོ། །ས་བོན་ཡི་གེ་གནས་ཞེས་བཤད། །ཅེས་པ་ལ། ལྷའི་གནས་ཡིན་པས་ན་ས་བོན་ནོ། །དེའི་བརྗོད་པ་ནི་ཡི་གེ་སྟེ་དེས་གནས་སོ། །ཇི་ལྟར་རྗོད་པར་བྱེད་པས་ཡི་གེ་ཡིན་ཞེ་ན། གང་གི་ཕྱིར་ཡི་གེ་ཙམ་འདིར་ཡི་གེ་མ་ཡིན་ ཏེ། འོ་ན་ཅི་ཞིག་ཅེ་ན། རྡོ་རྗེ་གསུམ་པོ་དེ་ཡི་གེ་མི་འགྱུར་བ་སྟེ། སེམས་གང་ཡིན་པ་དེ་ཉིད་རྗོད་པའི་ངག་གི་རྣམ་པ་དང་། ལུས་སུ་ཡང་འགྱུར་ཏེ། རྡོ་རྗེ་གསུམ་པོ་དེ་ལས་མི་འགྱུར་བས་ནི་རྡོ་རྗེ་གསུམ་ཡི་གེའོ། །དེའི་ཕྱིར་རྗོད་པར་བྱེད་པས་ན་ཡི་གེ་ཡིན་གྱི་ཡི་གེ་ཙམ་ནི་མ་ཡིན་ནོ། །སད་པར་བྱ་ བ་ནི་དམ་ཚིག་སྟེ་ཡེ་ཤེས་ཀྱི་འཁོར་ལའོ། །སྐུ་དང་གསུང་དང་ཐུགས་རོ་མཉམ་པའི་ས་བོན་གྱི་ཡི་གེ་ཡིན་ཏེ། དེས་ན་དེ་ཉིད་བརྗོད་པས་ཞེས་བྱ་བའི་དོན་ཏོ། །འོད་ཟེར་འབྱེད་པ་ནི་འོད་འབར་ཞིག་སྤྲོ་བའོ། །རྡོ་རྗེ་ཀུན་ནི་སངས་རྒྱས་ཐམས་ཅད་ཀྱིའོ། །རྡོ་རྗེ་ཅན་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནོ། ། དེ་རྣམས་སྤྱན་དྲངས་པ་ནི་འོད་ཟེར་དེ་ཉིད་ཀྱིས་དགུག་པའོ། །དེའི་གནས་ནི་ཡེ་ཤེས་ཀྱི་ས་བོན་ནོ། །དབང་བསྐུར་བ་དང་རིག་པའི་བརྟུལ་ཞུགས་ནི་བཅུ་དྲུག་པ་ལས་གསུངས་པ་དེའི་དྲི་བ་ཞུས་པའི་ལན་ནི་སྐུ་ཞེས་བྱ་བ་ལ་སོགས་གསུངས་པ་ལ། སྐུ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་བདག་པོའི་སྐུ་དང་ གསུང་དང་ཐུགས་ཀྱི་རང་བཞིན་གྱི་སྐུ་གསུང་ཐུགས་ནི་རྒྱས་བཏབ་སྟེ། རི་མོའི་དཀྱིལ་འཁོར་བརྟག་པར་བྱ་ཞིང་འབྱིན་པར་བྱའོ། །སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ལ་སོགས་པ་ལས། དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟག་པར་སུ་ཡིས་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། ། དཀྱིལ་འཁོར་བརྟག་པར་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ཆོ་ག་བཞིན་དུ་བཞུགས་ཤིང་ཆོ་ག་བཞིན་དུ་བཅུག་པའི་སློབ་མ་ལ་དབང་བསྐུར་བ་སྦྱིན་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་འདིར་དབང་བསྐུར་གསུམ་གསུངས་ཤེ་ན། གསུམ་པོ་ཉིད་ཀྱིས་སློབ་དཔོན་དུ་བྱེད་པའི་ཕྱིར་རོ། །དེ་ལྟར་བཞི་པ་དེ་བཞིན་ནོ། །ཞེས་བྱ་བ་ནི་གསུམ་པོ་དག་ལས་ལྷག་མ་ཉིད་ཀྱི་ཕྱིར་བཞི་སྟེ། རིག་པའི་དབང་བསྐུར་རོ། །དེ་ཡང་དེ་བཞིན་ཏེ་ཞེས་པ་ནི་རྒྱུད་གཞན་ཇི་ལྟ་བ་དེ་བཞིན་དུ་སྟེ། དེ་བས་ན་དེའི་རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། ། དེ་ཡང་དབང་བསྐུར་བ་དྲུག་སྟེ། ཕྲེང་བ་དང་། ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་བ་ཞེས་བྱའོ། །དེ་ལ་བུམ་པའི་དབང་བསྐུར་བ་ནི་ལེའུ་བཅུ་དྲུག་པ་ཉིད་དུ་ཡོངས་སུ་གསལ་བར་མཛད་པ་ཡིན་ནོ། །གཉིས་པ་ནི་མིག་ཡངས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྔགས་ནི་ཡིད་ཆེས་པ་འདི་ཉིད་དོ། །སྔགས་ཀྱི་སྣོད་དུ་རུང་བ་ནི། ཐོས་པ་དང་དད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །མེ་ཏོག་ནི་དུས་སུ་འབྱུང་བའོ། །རྡོ་རྗེ་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་དོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རོ་གཅིག་པར་འགྱུར་བ་སྟེ། དེའི་རྣམ་པ་ཕྱུང་ནས་སོ། ། གསུམ་པ་ནི་མཆོག་ཏུ་དད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་གཅིག་ནི་རྒྱུད་གཅིག་ལ་ནན་ཏན་དུ་བྱེད་པའོ། །དམ་ཚིག་དག་གི་དམ་ཚིག་ཅན། །ཞེས་བྱ་བ་ནི་དེའི་ཕྱི་རོལ་རྣལ་འབྱོར་པ་སྒྲུབ་པ་པའོ། །ཤེས་རབ་ནི་རྣལ་འབྱོར་མའོ། །རྨོངས་པ་ཞེས་བྱ་བ་ནི། གཏི་མུག་གི་རིགས་ རང་གི་ལྷག་པའི་ལྷར་གྱུར་པ་ནའོ། །གཏི་མུག་བདག་ཉིད་རྣལ་འབྱོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱ་བའོ། །གཏི་མུག་དགའ་མ་ཞེས་བྱ་བ་ནི། རིག་མ་དེ་ཉིད་གཏི་མུག་དགའ་མར་བྱས་པའོ། །གཏི་མུག་རྒྱུན་ནི་བསིལ་ཞིང་དཀར་བའོ། །གཏི་མུག་རྡོ་རྗེ་རང་ཉིད་གྱུར། །ཞེས་ པས་དེའི་རིགས་ལས་སྐྱེས་པར་འགྱུར་བ་ལྟ་ཅི་སྨོས་ཞེས་པའོ། །དེ་ལྟར་ཕྱི་མ་གསུམ་ལ་ཡང་སྦྱར་བར་བྱའོ། །འོན་ཀྱང་ཞེ་སྡང་གི་རྒྱུན་ནི་དྲོ་ཞིང་གནག་པའོ། །འདོད་ཆགས་ཀྱི་རྒྱུན་ནི་པདྨ་རཱ་ག་ལྟ་བུའོ། །ཤེས་རབ་ཡེ་ཤེས་ནི་དོན་ཡོད་གྲུབ་པའོ། །རིག་པའི་བརྟུལ་ཞུགས་ལ་སྒྲུབ་པ་པོས་ནི་རིག་པ་གཉི་ག་ཡོངས་ སུ་གཟུང་སྟེ་གཏང་བར་མི་བྱའོ། །སློབ་དཔོན་ཙམ་བཞི་ནི་ཕྱི་རོལ་གྱི་ངེས་པ་མ་ཡིན་ནོ། །བདུད་རྩི་ལྔ་དང་དཔའ་བོ་ལྔ་དག་བསྟེན་པ་ནི་བཅུ་དྲུག་པ་དང་བཅུ་གཉིས་པ་ལ་སོགས་པ་ལས་གསུངས་པ་དེའི་དྲི་བ་ཞུས་པ་འདི་དག་གི་ལན་ནི་ཐ་མལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འཇིག་རྟེན་ལ་རབ་ཏུ་གྲགས་པའི་རང་བཞིན་གྱི་ཐ་མལ་པའོ། །ངོ་བོ་ཉིད་དེས་དྲི་མ་ལྔ་རྣམས་དེ་ཉིད་དོ། །ལུས་ཀྱི་ཆོས་ལ་ཞེས་བྱ་བ་ནི་ལུས་གནས་པའི་ཕུང་པོ་ལ་སོགས་པ་ལའོ། །སྣང་བ་ནི་ཡོངས་སུ་གསལ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ངོ་བོ་ཉིད་དེ་ཉིད་བསྟེན་པར་མི་བྱ་བར་དགོངས་སོ་ འོ་ན་ཇི་ལྟར་ན་བདུད་རྩི་ལྔ་ཡིན་ཞེ་ན། ཡེ་ཤེས་ལྔ་ཡིས་བྱིན་གྱིས་བརླབས་པ་སྟེ། ཡེ་ཤེས་ལྔ་ནི་སྤར་བ་ལ་སོགས་པའོ། །ཡེ་ཤེས་ཀྱི་བདུད་རྩི་དབབ་པ་ནི་ལྔ་པའོ། །དེས་ནི་བདུད་རྩི་ལྔ་ཉིད་བདུད་རྩིར་གྱུར་པའོ། །དེ་བས་ན་བདུད་རྩི་ལྔ་ཞེས་གསུངས་པ་ཡིན་ནོ། །འདི་རྣམས་ཀྱི་འགྲེལ་པ་ནི་རྡོ་རྗེ་ ཧཱུཾ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་ནི་སྔོན་པོ་ཁ་གྱེན་དུ་བལྟས་པའོ། །པདྨ་ནི་ཐོད་པ་དམར་པོ་ཁ་བཀག་པའོ། །དེའི་དབུས་སུ་ཞེས་བྱ་བ་ནི་པདྨའི་ནང་དུའོ། །སྤར་བ་དང་གདུང་བར་བྱ་བ་ནི་ཡེ་ཤེས་གཉིས་སོ། །རྣལ་འབྱོར་པས་ཞེས་བྱ་བ་ནི་རྣལ་འབྱོར་ཀྱི་སྟོབས་ཀྱིས་སོ། །ཤེལ་དང་མཚུངས་ པར་སྣང་གྱུར་ཅིང་། །ཞེས་བྱ་བ་ནི་ཤེལ་དང་འདྲ་བར་དང་བར་བྱས་ནས་སོ། །དེ་ནི་ཡེ་ཤེས་གསུམ་པའོ། །ཡེ་ཤེས་ཉི་མ་བཞི་པར་གྱུར། །ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་ཉི་མའི་དཀྱིལ་འཁོར་ལྟ་བུར་བསྟན་ནས་སོ། །དེ་ནི་ཡེ་ཤེས་བཞི་པའོ། །མཚོན་ཆའི་ཚོགས་ནི་འོད་ཟེར་རྣམས་སོ། ། འཇིག་རྟེན་གྱི་ཁམས་ན་བདུད་རྩི་གང་ཡིན་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་ཡེ་ཤེས་ཀྱི་བདུད་རྩིའོ། །ཕབ་ནས་ཀྱང་ཞེས་བྱ་བ་ནི་ཐུགས་ཀར་ཞུགས་ཏེ། སྦུབས་ཀྱིས་འདྲེན་པ་བཞིན་དུ་དྲངས་ནས་སོ། །དེ་ནི་ཡེ་ཤེས་ལྔ་པའོ། །བཟའ་བའི་སྦྱོར་བས་ཞེས་བྱ་བ་ནི་སྔགས་ཀྱི་ ལུས་དང་། རྡོ་རྗེའི་ལྕགས་ཀྱུ་དང་། རྡོ་རྗེའི་ལྕེ་དང་། ཡེ་ཤེས་གསུམ་གྱིས་བྱིན་གྱིས་བརླབས་ནས་སོ། །དེ་བཞིན་ཞེས་བྱ་བ་ནི་བདུད་རྩི་ལྔའི་ཆོ་ག་ཉིད་ཀྱིས་སོ། །དཔའ་བོ་ལྔ་ཞེས་བྱ་བ་ནི་ཤ་ལྔའོ། །བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །ཞེས་བྱ་བ་ནི་དངོས་གྲུབ་གང་གིས་བསྒྲུབ་པར་བྱ་བར་གང་གསུངས་ པའོ། །གཞན་དུ་ཞེས་བྱ་བ་ནི་སྤར་བ་ལ་སོགས་པའི་ཆོ་ག་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་མཐར་ཐུག་པ་རྣམས་ལས་འདས་ཏེ་བཤང་བ་ལ་སོགས་པ་དང་། ད་དང་ཧ་དང་། ན་ལ་སོགས་པས་ནི་དངོས་གྲུབ་སྩོལ་བར་མི་འགྱུར་རོ། །དངོས་གྲུབ་ནི་བཅུ་དྲུག་པ་དང་བཅུ་གཉིས་པ་དང་བཅོ་ལྔ་ པ་དང་བཅུ་གཅིག་པ་དག་ཏུ་གསུངས་ལ། དེ་ལས་ཐ་མལ་པ་ནི་ཇི་ལྟ་བུ་མཆོག་ཀྱང་ཇི་ལྟ་བུ་ཞེས་ཞུས་པའི་དོན་ཡིན་ལ་ལན་ནི་མི་སྣང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དངོས་གྲུབ་ནི་ཞེས་བྱ་བ་ནི་དངོས་གྲུབ་རྣམས་སོ། །ཐ་མལ་པ་ཞེས་བྱ་བ་ནི་དམན་པའོ། །མཆོག་ཅེས་བྱ་བ་ནི་དམ་པའོ། །སྒྲུབ་ པའི་ལེའུ་རྣམས་ཀྱི་སྦས་པའི་ཚིག་གི་དོན་བཤད་པ་ཞར་ལ་འོངས་པ་དང་བཅས་པའོ། །ཐབས་ནི་རྩ་བའི་རྒྱུད་མ་ལུས་པ་ཡིན་པ་དེ་བས་ན། དེ་ལ་ཐབས་ནི་རྣམ་པ་དུ། །ཞེས་ཞུས་པ་དེའི་ལན་ནི། ཐབས་ནི་རྣམ་པ་བཞི་པོ་དག །ཅེས་བྱ་བ་ལ་སོགས་པས་རྒྱ་ཆེར་གསུངས་སོ། །ཅིའི་ཕྱིར་གསུང་ ཤེ་ན། གང་གི་ཕྱིར་རྣལ་འབྱོར་པས་རྟག་པར་བསྔགས་པ་སྟེ། དེ་ཉིད་རྟག་ཏུ་བསྔགས་པའམ། རབ་ཏུ་གསལ་བར་མཛད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ན་རྣམ་པ་བཞི་པོ་ཡིན་ཞེ་ན། བསྙེན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྙེན་པ་རྣམ་པ་གཉིས་སུ་འགྱུར། །ཞེས་བྱ་བ་ནི་བསྙེན་པའི་ ཆོ་ག་ནི་རྣམ་པ་གཉིས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྣམ་པ་གཉིས་ཡིན་ཞེ་ན། ཐུན་མོང་གི་བྱེ་བྲག་གིས་ཏེ། དངོས་གྲུབ་དམན་པ་བསྒྲུབ་པའི་ཕྱིར་བསྙེན་པ་ནི་ཐུན་མོང་གི་བསྙེན་པའོ། །དངོས་གྲུབ་མཆོག་གི་ཕྱིར་བསྙེན་པ་གང་ཡིན་པ་དེ་ནི་མཆོག་གི་བསྙེན་པའོ། །དེ་ལ་ཐུན་མོང་གི་བསྙེན་པ་ནི་རྡོ་རྗེ་ བཞིས་འགྱུར་ལ། མཆོག་གི་བསྙེན་པ་ནི་ཡེ་ཤེས་བདུད་རྩིས་སོ། །དེ་ལ་དང་པོར་རྡོ་རྗེ་བཞི་ནི་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྟོང་ཉིད་བྱང་ཆུབ་སྟེ་ཞེས་བྱ་བ་ནི་སྣ་ཚོགས་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་མོས་པར་བྱས་ལ། རྣམ་པར་རིག་པ་ཙམ་དེ་ཡང་གཉིས་སུ་སྣང་བ་ནུབ་པའི་ཕྱིར་ གཉིས་ཀྱིས་སྟོང་པ་རྟོགས་པ། ནམ་མཁའ་ལྟ་བུ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས་བརྟན་པར་བྱ་བ་ནི་སྟོང་ཉིད་བྱང་ཆུབ་སྟེ། དེ་ནི་རྡོ་རྗེ་དང་པོའོ། །ས་བོན་བསྡུས་པ་ཡིན་ཞེས་བྱ་བ་ནི་སྙིང་གར་གནས་པའི་རང་ལྷའི་ས་བོན་དེ་ཉིད་ལས་སྤྲོས་པའི་དེ་བཞིན་གཤེགས་པ་ཐམས་ ཅད་བསྡུས་པའོ། །གཟུགས་ནི་རྫོགས་པ་སྟེ་ཞེས་བྱ་བ་ནི་རང་གི་ལྷའི་རྣམ་པར་རང་གི་ལུས་རྟེན་བསྐྱེད་པའོ། །ཡི་གེ་བཀོད་པའོ་ཞེས་བྱ་བ་ནི་རང་གི་ལྷའི་རྣམ་པའི་བདག་ཉིད་ཀྱི་སྙིང་གར་དེའི་ས་བོན་བཀོད་པའོ། །འདི་དག་གིས་ཞེས་བྱ་བ་འདིས་བསྐྱེད་པར་བྱ་ཞེས་ བྱ་བར་སྦྱར་རོ། །སྦྱོར་བ་དྲུག་གིས་ཞེས་བྱ་བ་ནི་ཡན་ལག་དྲུག་གི་སྦྱོར་བས་སོ། །འདི་ཉིད་ཀྱིས་ངེས་པར་བྱས་པ་ནི་བསྙེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སོ་སོར་སྡུད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཡན་ལག་དྲུག་གིས་བསྟན་པ་ཡིན་ལ། དབང་པོ་བཅུ་པོ་ཞེས་བྱ་བ་ལ་སོགས་པས་ ནི་རྒྱས་པར་བསྟན་པ་ཡིན་ནོ། །དེ་ལ་སོ་སོར་སྡུད་པའི་དབང་དུ་བྱས་ནས། དབང་པོ་བཅུ་པོ་ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་པའི་ཚིགས་སུ་བཅད་པ་གསུངས་སོ། །འབྱུང་བའི་དབང་པོ་ལྔ་པོ་ཡོངས་སུ་བསྡུས་པ་ནི་པདྨ་དང་འབྱུང་བ་ལས་གྱུར་པའི་དབང་པོ་ལྔ་པོ་ཡོངས་སུ་བསྡུས་པའི་རྡོ་རྗེ་ དག་ནི་དབང་པོ་སྟེ། འདོད་པ་ལ་ཉེ་བར་ལོངས་སྤྱོད་པའི་བདག་པོ་ཡིན་པའི་ཕྱིར་རོ། །དེ་དག་ནི་བཅུའོ། །བཅུ་པ་དེ་རྣམས་ནི་བྱེད་པའི་དྲུག་པ་སྟེ། དཔེར་ན་རལ་གྲིས་བཅད་པ་བཞིན་ནོ། །ཉེ་བར་སྤྱོད་པ་ལ་ལྟོས་ནས་བྱེད་པ་ཡིན་ནོ། །གཅིག་ལས་ནི་བྱུང་ལ་ཅིག་ཤོས་སུ་ནི་འཇུག་པས་ སོ། །སྡུད་པ་ནི་སྡུད་ཅིང་ཉེ་བར་སྤྱོད་པ་སྟེ། སངས་རྒྱས་ལྔའི་རང་གི་ས་བོན་གྱི་རྣམ་པའོ། །གང་ལ་སྤྱོད་ཅེ་ན། གདན་གྱི་རང་བཞིན་ཅན་གྱི་འདོད་པ་ལྔ་ལའོ། །དེའི་ཕྱིར་གསུངས་པ་འདོད་པ་ཞེས་བྱ་བ་སྟེ། འདོད་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །གང་ལས་ཉེ་བར་སྤྱོད་ཅེ་ན། དེའི་ཕྱིར་ གསུངས་པ། རང་གི་གཞིར་གནས་ཐམས་ཅད་ལས། །ཞེས་བྱ་བ་སྟེ། རང་གི་གདན་ལ་གནས་པའི་སྣ་ཚོགས་པ་ལས་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུའི་འདོད་པ་ལ་སྤྱོད་པ་གང་ཡིན་པ་དེ་ནི་སོ་སོར་སྡུད་པའོ། །དེའི་ཕྱིར་འདོད་པ་སོ་སོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་གསུངས་ ཤེ་ན། སོ་སོར་སྡུད་པ་ཞེས་བྱ་བ་གསུངས་ཏེ། སོ་སོའི་སྒྲ་ནི་སོ་སོར་ཕྱེ་བའི་དོན་ཏོ། །སོ་སོར་ཕྱེ་ནས་ཉེ་བར་སྤྱོད་དོ་ཞེས་གཟུང་ཞིང་སྦྱར་བར་བྱ་སྟེ། །སོ་སོར་ཕྱེ་བ་ལ་ཉེ་བར་སྤྱོད་པ་ཞེས་བྱ་བར་དགོངས་སོ། །ཇི་ལྟར་སོ་སོར་ཕྱེ་ཞེ་ན། གང་ཕྱིར་དབང་པོ་རྣམ་སྦྱོར་བའི་རྡོ་རྗེའི་ནང་དུ་སོན་པའི་ཆོས་ ཀྱི་དབྱིངས་ལས། རྡོ་རྗེའི་བུ་ག་ནས་འདོད་པ་ལྔ་པོ་རིམ་བཞིན་དུ་ཕྱུང་སྟེ་པདྨའི་ནང་དུ་བཀོད་དེ་དེའི་རྗེས་ལ་དེ་བཞིན་དུ་སྣ་ཚོགས་པ་ལས་སངས་རྒྱས་རྣམས་ཕྱུང་སྟེ། འདོད་པ་རྣམས་ལ་དགོད་པར་བྱའོ། །གཉིས་པ་ལ་ནི་སོ་སོའི་སྒྲ་ནི་སོ་སོར་ཀུན་དུ་སྡུད་པ་སྟེ། སོ་སོར་ཀུན་དུ་བསྡུས་ནས་ཉེ་བར་སྤྱོད་ པ་ན་སོ་སོར་སྡུད་པ་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པ་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་བསྡུས་ཞེས་བྱ་བ་ནི་ཐམས་ཅད་ཅེས་བྱ་བ་གཟུང་བ་ལ་སྦྱར་རོ། །ཨ་སི་ཞེས་བྱ་བ་ནི་གདན་ཏེ་གདན་ལྔའོ། །འདོད་པའི་གདན་ལྔ་པོ་སྣ་ཚོགས་པའི་གདན་ལ་མདོར་བྱས་ཏེ་བསྡུས་པའོ། ། རྒྱུ་དེ་ཉིད་ཀྱིས་ན་སངས་རྒྱས་ལྔ་རབ་ཏུ་སྦྱོར་བས་སྣ་ཚོགས་པ་ལ་བསྡུ་བར་བྱའོ། །བསམ་གཏན་གྱི་དབང་དུ་བྱས་ཏེ་གསུངས་པ་བརྟག་པ་ཞེས་བྱ་བ་ལ་སོགས་པ་ལ། བརྟག་པ་ནི་ཞི་གནས་དང་ལྷག་མཐོང་སྟེ་དེ་ནི་བསམ་གཏན་ནོ། །དེ་ནི་རྣམ་པ་ལྔ་ལྔར་འགྱུར། །ཞེས་བྱ་བ་ལ་སོགས་པ་ ལ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་པའི་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་རྣམ་པ་གསུམ་ལ་བསམ་གཏན་རྣམ་པ་བཞི་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་དང་། དགའ་ བ་མེད་པའི་བདེ་བ་དང་། སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པའི་སེམས་རྩེ་གཅིག་པའོ། །དེ་ལ་ཏིང་ངེ་འཛིན་གཉིས་པ་བསམ་གཏན་གཉིས་པར་བྱས་ནས་བསམ་གཏན་རྣམ་པ་ལྔར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་རྟོག་དང་ཞེས་བྱ་བ་སྨོས་ཏེ། འདོད་པ་རྣམས་ལས་འདས་པ་ནི་རྟོག་པའོ། །དེ་ལས་ འདས་པ་ནི་དཔྱོད་པའོ། །དེ་ལས་འདས་པ་ནི་དགའ་བའོ། །དེ་ལས་འདས་པ་ནི་བདེ་བའོ། །དེ་ལས་ཀྱང་འདས་པ་ནི་སེམས་རྩེ་གཅིག་པའོ། །བསམ་གཏན་བསྡུས་ཞེས་བྱ་བ་ནི་སེམས་ཡང་དག་པར་བསྡུས་པ་ནི་བསམ་གཏན་ཞེས་བྱའོ། །འདི་ན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གསང་བ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། གསུམ་འབྱུང་བ་ནི་པདྨའི་ལྟེ་བའི་གྲྭ་གསུམ་དུ། འཁོར་ལོ་དང་། པདྨ་དང་། རྡོ་རྗེ་རྣམས་འབྱུང་བའོ། །རྟོག་པ་ཞེས་བྱ་བ་ནི་རྟོག་པར་གྲགས་པ་སྟེ། རྒྱ་ཆེ་བའི་བསམ་གཏན་ཡིན་པའི་ཕྱིར་རོ། །གསང་བ་དེ་རྣམས་ཀྱི་ལོངས་སྤྱོད་ནི་དེ་རྣམས་རོ་གཅིག་པར་གྱུར་པའི་རལ་གྲི་ དབུས་སུ་དགོད་པའོ། །དཔྱོད་པ་ཞེས་བྱ་བ་ནི་དཔྱད་པར་གྲགས་པ་སྟེ། ཕྲ་བའི་བསམ་གཏན་ཡིན་པའི་ཕྱིར་རོ། །དགའ་བ་ཀུན་སྣང་ཞེས་བྱ་བ་ནི་ཀུན་དུ་ཡོངས་སུ་སྣང་བའོ། །གསུམ་པ་ཞེས་བྱ་བ་ནི་དགའ་བ་ཞེས་གྲགས་པའི་བསམ་གཏན་ཏེ། མཚན་མ་བཞིའི་ལྟེ་བར་ ཨོཾ་ཨཱཿཧཱུཾ་ཧཱ་ཞེས་བྱ་བ་འདིའི་དགའ་མ་རྣམས་ཇི་ལྟ་བཞིན་དུ་དགོད་པའོ། །བཞི་པ་ཞེས་བྱ་བ་ནི་བདེ་བ་ཞེས་གྲགས་པའི་བསམ་གཏན་ཏེ། བདེ་བ་བསྡུས་པ་ཞེས་བྱ་བ་ལ། དགའ་མ་དེ་དག་བསྡུས་ནས་ཞུ་བའི་ཕྱིར་བསྡུས་པ་ཡང་ཡིན་ལ། བདེ་བའི་ཐིག་ལེ་ཡིན་པའི་ཕྱིར་བདེ་བ་ཡང་དེ་ཡིན་པས་ བདེ་བ་བསྡུས་པའོ། །ལྔ་པ་ཞེས་བྱ་བ་ནི་སེམས་རྩེ་གཅིག་པ་ཞེས་བྱ་བར་གྲགས་པའི་བསམ་གཏན་ནོ། །དེ་ཅི་ཞིག་ཅེ་ན། རང་སེམས་ཏེ་ཐ་མལ་པར་གནས་པའི་རང་གི་སེམས་ནི་རང་སེམས་ཏེ། བདེ་བའི་ཐིག་ལེའི་ནང་དུ་ཆུད་པའི་མཚན་མ་བཞི་བསྡུས་པ་ལས་བྱུང་བའི་སེམས་ཀྱི་ཐིག་ལེ་ ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཤེས་དང་ཤེས་བྱ་འབྱུང་ཟད་པ་སྟེ་ཤེས་པ་འབྱུང་བ་ནི་མཚན་མ་རྣམས་སོ། །ཤེས་བྱ་འབྱུང་བ་ནི་དགའ་མ་རྣམས་སོ། །ཟད་པ་ནི་དེ་དག་བསྡུས་པའོ། །འདི་ནི་བསམ་གཏན་གྱི་ཡན་ལག་སྟེ་གཉིས་པའོ། །ཞི་བ་ནི་སྣ་ཚོགས་པ་སྟེ། དེར་སངས་རྒྱས་ཐམས་ ཅད་བསྡུས་པའི་ཕྱིར་སངས་རྒྱས་ཀུན་དངོས་སོ། །དེའི་གདན་ལ་སངས་རྒྱས་རྣམས་ཀྱི་གདན་བསྡུས་པ་ལ་གནས་པ་ན་འདོད་པ་ཀུན་ལ་རབ་ཏུ་གནས་སོ། །དབུགས་ཞེས་བྱ་བ་ནི་སེམས་ཀྱི་ཐིག་ལེའོ། །མཚན་མ་བཞི་བསྡུས་པ་ལས་བྱུང་བའི་ཞི་གནས་ལྔའི་བདག་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ ལྔའི་དངོས་སོ། །དགའ་མ་རྣམས་བསྡུས་པ་ལས་བྱུང་བའི་བདེ་བའི་ཐིག་ལེ་ནང་དུ་ཆུད་པའི་ཕྱིར་འབྱུང་བ་ལྔའི་ངོ་བོའོ། །གང་གི་སྒྲ་ཡང་དོན་གྱིས་ཤེས་པར་བྱ་སྟེ། དེ་ཉིད་བསྡུས་པ་ལས་རིན་པོ་ཆེ་ཆེན་པོ་ཕྱུང་ཞེས་བྱ་བ་ནི་སྐྱེད་པ་སྟེ། ཙ་རི་དང་པད་དོའི་དོན་གཅིག་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར། སེམས་ཕྲ་མོའི་འགྱུར་བ་དེ་ལྟ་དེ་ལྟར་རིན་ཐང་ཆེ་བའི་ཕྱིར་རིན་ཆེན་ཏེ་རིན་ཆེན་ཕྲ་མོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོས་སྒྱུར་བའི་རྣལ་འབྱོར་ལ་གནས་ནས་ཡན་ལག་དྲུག་གི་རྣལ་འབྱོར་བྱ་བ་ཡིན་པ་ལས་རིན་པོ་ཆེ་ཡང་དེའི་མདོག་དང་འདྲ་བ་དེ་བས་ན་རིན་ཆེན་ཁ་དོག་སྣ་ལྔ་པའོ། །ཇི་ལྟར་བསྐྱེད་པར་བྱ་ཞེ་ན། གོང་བུའི་གཟུགས་ཀྱིས་ཏེ། ཟླུམ་པས་གོང་བུ་ཡིན་ལ་ངེས་པར་བརྟགས་པས་ན་གཟུགས་ཏེ། དེ་གཉིས་ནི་གོང་བུའི་གཟུགས་སོ། །དེས་ནི་གདན་དང་བཅས་པའི་ཡི་གེ་བྷྲཱུཾ་ཡུངས་ཀར་ཙམ་གྱི་ནོར་བུའི་གོང་བུར་བྱས་ཏེ། དཔེའི་ཐིག་ལེའི་སྙིང་པོ་ཅན་གྱི་སེམས་ཀྱི་ཐིག་ལེའི་ནང་དུ་ཆུད་པར་ བྱ་བའི་གོང་བུའོ། །དེ་ནས་ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། ངེས་པར་བརྟག་པར་བྱའོ། །དེ་ལྟར་རིན་པོ་ཆེ་བསྐྱེད་ལ་བཏེག་ནས་སྣའི་རྩེ་མོར་རབ་ཏུ་བརྟག་པར་བྱའོ། །སྲོག་ནི་སེམས་ཀྱི་རིན་པོ་ཆེ་དེའོ། །དེའི་རྩོལ་བ་ནི་སྣའི་རྩེ་མོར་གསུངས་པའོ། ། འདི་ནི་སྲོག་དང་རྩོལ་བའི་ཡན་ལག་སྟེ་གསུམ་པའོ། །སྲོག་ནི་རིན་ཆེན་དེ་ཉིད་དོ། །ཐིག་ལེ་ནི་སྔགས་ཀྱི་ཐིག་ལེའོ། །གཞག་པ་ནི་དེར་ཇི་ལྟར་སོན་པར་གྱུར་པའོ། །རང་དབང་ནི་ཡིད་ཀྱི་དབང་པོའོ། །དགག་པ་ནི་སྔགས་ཀྱི་ཐིག་ལེར་མི་གཡོ་བར་བྱའོ། །གཟུང་བ་ཞེས་བྱ་བ་ནི་བརྟན་པར་བྱ་ བའོ། །འདི་ནི་འཛིན་པའི་ཡན་ལག་སྟེ་བཞི་པའོ། །རྗེས་སུ་དྲན་པ་བརྗོད་པར་བྱ་སྟེ། དེ་ཡང་འཛིན་པས་རིན་པོ་ཆེ་བརྟན་པར་བྱས་པས་དེ་བྱ་བ་ཡིན་ལ་བརྟན་པ་ཡང་མཚན་མ་ཤེས་པ་ལས་སོ། །དེ་ཉིད་ཀྱི་ཕྱིར་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་རིན་པོ་ཆེའོ། །མི་གཡོ་བས་ ན་འགོག་པ་སྟེ། དེ་ཉིད་བརྟན་པས་ན་རྡོ་རྗེའོ། །འགོག་པའི་རྡོ་རྗེ་དེར་གྱུར་པ་ནི་ཐོབ་པའོ། །མཚན་མ་དེའི་རྟགས་སོ། །ཉེར་འཛིན་ནི་སོ་སོར་སྣང་བ་འབྱུང་བའོ། །གསུངས་ཞེས་བྱ་བ་དེ་གང་དུ་གསུངས་ཤེ་ན། གསུམ་པར་ཏེ། སངས་རྒྱས་འབར་བའི་འོད་འདྲ་བའི། །རབ་མཆོག་ སྤྲིན་ནི་སྤྲོ་བར་བྱ། །ཞེས་བྱ་བའོ། །དེ་ཡང་དེ་ཉིད་དུ་བདག་གིས་བཤད་ཟིན་ཏོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ཡང་དེ་ཡིན་ལ་རྟག་ཏུ་སྣང་བ་ཡང་ཡིན་ནོ་ཞེས་བསྡུ་བའོ། །བརྟན་གྱུར་ཞེས་བྱ་བ་ནི་རིན་པོ་ཆེ་བརྟན་པ་ཉིད་དོ། །བརྟན་པ་ཉིད་དུ་གྱུར་ནས་སྤྲོ་བར་བྱ་ཞེས་སྦྱོར་རོ། །པདྨ་དང་ལྡན་པའི་རྡོ་རྗེ་ ནོར་བུ་ཕབ་ལ་ཞེས་དོན་གྱིས་ཤེས་པར་བྱ་སྟེ། སྐལ་བ་ནི་མི་རིགས་པའི་ཕྱིར་དང་། ཏིང་ངེ་འཛིན་གྱི་ཡན་ལག་ལ་སླར་གདེག་པའི་ཚིག་ཡོད་པའི་ཕྱིར་རོ། །རྡོ་རྗེ་ལམ་ནས་ཞེས་བྱ་བ་ནི་རྡོ་རྗེའི་བུ་གནས་སོ། །ནམ་མཁའི་ཁམས་སོ་ཞེས་བྱ་བ་ནི་པདྨའི་ནང་དང་ལུས་གཉིས་ཀྱི་ནང་དང་བ་སྤུའི་བུ་ག་ནས་ ཐམས་ཅད་ཇི་སྙེད་པ་རུའོ། །དེ་ལས་ཡང་ཅི་ཞིག་སྤྲོ་ཞེ་ན། རྗེས་དྲན་གང་ཞིག་ཅེས་བྱ་བ་སྟེ། དེའི་རྣམ་པར་ཞེས་བྱ་བ་ནི་པདྨའི་ནང་དུ་མཚན་མར་སྤྲོ་བ་བསྒོམས་པས་དེ་བཞིན་དུ་སངས་རྒྱས་དང་ཆོས་དང་རྡོ་རྗེ་དང་། རིགས་དང་ཁྲོ་བོ་རྗེས་སུ་དྲན་པ་སྟེ་ལྔ་པོ་གོ་རིམས་བཞིན་དུ་ འཁོར་ལོ་དཀར་པོ་དང་། པདྨ་དམར་པོ་དང་། རྡོ་རྗེ་ནག་པོ་དང་། རལ་གྲི་དང་། འཁོར་ལོ་སེར་པོ་རྣམས་ཀུན་དུ་སྤྲོས་པའོ། །དམ་ཚིག་རྗེས་སུ་དྲན་པ་ནི་སླར་ཡང་མཚན་མ་ལྔ་པོ་དེ་དག་ལས་འཁོར་ལོ་སེར་པོ་གཙོ་བོར་བསྒོམས་ལ་སྤྲོ་བའོ། །འདི་དག་ནི་རྗེས་སུ་དྲན་པའི་ཡན་ལག་ཏུ་ཤེས་པར་ བྱའོ། །སོ་སོར་སྣང་བ་ནི་གསལ་བར་སྣང་བའོ། །དེ་ལ་ཞེས་བྱ་བ་ནི་རྗེས་སུ་དྲན་པ་དེ་ལ་སྐྱེ་བ་སྟེ། ཇི་ལྟར་འཛིན་པ་མཐར་ཕྱིན་པའི་ཚེ་མཉམ་པར་གཞག་པ་ན་མཚན་མ་གསལ་བར་སྣང་བ་དེ་བཞིན་དུ་རྗེས་སུ་དྲན་པ་ལས་འཕྲོས་པའི་སྤྲིན་ཁྱབ་པ་སོ་སོར་སྣང་བ་ཡང་དེ་བཞིན་ནོ། །འདི་ནི་རྗེས་སུ་དྲན་ པའི་ཡན་ལག་ལྔ་སྟེ། ཤེས་རབ་ཅེས་བྱ་བ་ནི་སྙིང་གར་གནས་པའི་སྔགས་སོ། །ཐབས་ནི་དེའི་རིན་པོ་ཆེའོ། །དེ་དག་གི་སྙོམས་པར་འཇུག་པ་ནི་ཡང་དག་པར་འཇུག་སྟེ། རིན་པོ་ཆེ་ནི་སླར་ཡང་བླང་སྟེ་སྔགས་ཀྱི་ཐིག་ལེར་གཞག་གོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་ནམ་མཁའི་ ངོས་སུ་ཁྱབ་པའི་འཁོར་ལོ་ལ་སོགས་པ་བསྡུ་བའོ། །མདོར་བསྡུས་ཞེས་བྱ་བ་ནི་སྐད་ཅིག་ཙམ་གྱིས་སོ། །གོང་བུའི་ཚུལ་གྱིས་ཤེས་པར་བྱ་བ་ནི་སྲབ་མོར་བྱས་ཏེ་ཞེས་བྱ་བའི་དོན་ཏོ། །དབུས་སུ་ཞེས་བྱ་བ་ནི་རིན་པོ་ཆེའི་ནང་དུའོ། །གཟུགས་ནི་ཟླ་བའམ་ཉི་མའི་གཟུགས་སུ་བསྒོམ་པའོ། །དེ་ལྟ་ བུའི་སྦྱོར་བ་ནི་ཏིང་ངེ་འཛིན་ཞེས་བྱ་བའི་མིང་ཅན་ནོ། །ཡིད་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཁྱབ་པའོ། །རྫོགས་པ་ནི་འབད་པ་མེད་པ་སྟེ། སྒྲིབ་པ་རྣམ་པར་ཟད་པར་དགོངས་པའོ། །འདི་ནི་ཏིང་ངེ་འཛིན་གྱི་ཡན་ལག་གོ། །དེའི་རྗེས་སུ་བཅད་པ་ཕྱེད་པོ་དྲུག་གིས་ནི་ཡན་ལག་གི་ཕན་ཡོན་གསུངས་ སོ། །ཏིང་ངེ་འཛིན་དབང་དུ་གྱུར་ཙམ་གྱིས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཡན་ལག་གི་ཏིང་ངེ་འཛིན་ལ་དབང་ཐོབ་པས་སོ། །སྒྲིབ་པ་མེད་པ་དང་ལྡན་པར་འགྱུར་ཞེས་བྱ་བས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་རྣམས་ཡོངས་སུ་ཟད་པའོ། །བསྙེན་པ་ཞེས་བྱ་བ་སྟེ་ཐབས་དང་པོའོ། །སྙིང་པོ་དེ་ནི་ཐུགས་ཀ་རུ། ། ཞེས་བྱ་བ་ནི་མངོན་པར་འདོད་པའི་འཁོར་ལོས་སྒྱུར་བའི་ཐུགས་ཀའི་ས་བོན་གྱི་ཡི་གེའོ། །ཟླ་བ་ནི་དེ་ཉིད་ཀྱི་གདན་ནོ། །རྡོ་རྗེ་ནི་དེ་ཉིད་ཀྱི་མཚན་མ་སྟེ། ཟླ་བའི་རྡོ་རྗེ་དེ་གཉི་ག་ཉེ་བར་མཚན་པའོ། །དེའི་སྦྱོར་བ་ནི་དེའི་ལྟེ་བར་བཀོད་པ་སྟེ། དེས་སེམས་དེའི་མཚན་ཉིད་ལ་ལྟ་བའོ། །མཚོན་ཆ་མཆོག་ ཅེས་བྱ་བ་ནི་སེམས་དེའི་འོད་ཟེར་སྤྲོས་པ་སྟེ། དེ་ཕྱོགས་ཀུན་དུ་ཁྱབ་པའི་སྔགས་ཀྱི་ལྷའི་བཀོད་པ་རྣམས་བཀུག་སྟེ། སེམས་དེ་ལ་བསྟིམས་ནས་སེམས་དེ་སྔགས་ཀྱི་ངོ་བོར་བྱའོ། །མཚོན་པར་བྱ་ཞེས་བྱ་བར་སྦྱར་ཏེ། དེ་ནས་སྔགས་དེ་ཉིད་ཀྱིས་འཁོར་ལོར་གྱུར་པའི་དུས་སུ་བསྐྱེད་པ་ནི་སྔགས་ ཀྱི་ལུས་སུ་རབ་སྦྱོར་བའོ། །རྒྱུ་དེས་ན་བྱང་ཆུབ་ཚིགས་བཅད་བརྗོད་པ་སྟེ། བྱང་ཆུབ་ནི་སྐུ་དེ་ཉིད་ཡིན་ལ་དེ་རྣམ་པར་དཔྱད་པ་ཚིགས་སུ་བཅད་པ་ནི་བྱང་ཆུབ་ཚིགས་བཅད་དེ། ལེའུ་གཉིས་པར་གསུངས་པ་བརྗོད་པར་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམས་ཇི་ལྟ་བ་བཞིན་དུ་ ཟླ་བ་དང་རྡོ་རྗེ་སྔ་མ་བཞིན་དུ་བསམ་པར་བྱའོ། །དེ་ནི་བྱང་ཆུབ་ཀྱི་སེམས་རགས་པ་སྟེ། འདིར་བྱང་ཆུབ་ནི་ཕྱག་རྒྱ་ཆེན་པོའོ། །སེམས་ནི་ཚིགས་སུ་བཅད་པ་སྟེ། དེ་གཉིས་ཀར་རགས་པའོ། །ཕྲ་མོ་བརྗོད་པར་བྱ་སྟེ། དེ་ལ་མཚན་མ་ཕྲ་མོའི་ནང་གི་ཤིན་ཏུ་ཕྲ་བའི་གནས་ནི་བྱང་ཆུབ་བོ། ། དེ་ལ་གནས་པའི་མཆོག་ཏུ་ཕྲ་བའི་ས་བོན་ནི་སེམས་སོ། །རང་གི་དཀྱིལ་འཁོར་ནི་ཡེ་ཤེས་ཀྱི་མཚན་མའོ། །དེར་གནས་པ་ནི་དེའི་ནང་དུ་འབྱུང་བའོ། །དེ་ཅི་ཞིག་ཅེ་ན། རང་གི་སྔགས་སོ། །ཡེ་ཤེས་གཟུགས་ཀྱིས་བསྒོམ་པ་ཞེས་བྱ་བ་ནི་མཚན་མ་ཕྲ་མོས་ཡང་དག་པར་བྱ་སྟེ། དེའི་ཐིག་ ལེ་ལ་མཚན་མ་ཕྲ་མོ་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་མཚན་མ་ཕྲ་མོ་གང་གིས་མཚོན་པར་བྱ་ཞེ་ན། བྱང་ཆུབ་སྦྱོར་བ་བསྒོམ་པ་སྟེ། བྱང་ཆུབ་དང་སྦྱོར་བ་དང་བསྒོམ་པ་དག་གིས་སོ། །དེ་ལ་བསྒོམ་པ་ནི་མཚན་མ་ཕྲ་མོ་ལས་སྤྲོས་ཏེ་སྣ་ཚོགས་པ་ལ་ཁྱབ་པའོ། །བྱང་ཆུབ་ནི་ དེ་དག་ཉིད་བསྡུས་པ་ལས་བྱུང་བའི་མཚན་མ་ཕྲ་མོ་ནང་དུ་བྱུང་བའི་ཤིན་ཏུ་ཕྲ་བའི་གདན་ནོ། །ཡང་དག་སྦྱོར་བ་ནི་མཆོག་ཏུ་ཕྲ་བའི་རང་གི་སྔགས་ཀྱིས་དེ་ཉིད་མནན་པའོ། །བྱང་ཆུབ་ཀྱི་སེམས་དེ་གཉི་ག་ནི་ཉེ་བར་སྒྲུབ་པ་སྟེ། ཉེ་བའི་སྒྲུབ་པའི་མངོན་པར་རྟོགས་པའོ། །དམ་ཚིག་ནི་སྤྱོད་པ་གསུམ་མོ། ། དེ་ལ་དང་པོ་གསུངས་པ་ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ལ་ཇི་སྲིད་ཅེས་བྱ་བ་ནི་ཟླ་དྲུག་ཕྲག་གཅིག་དང་གཉིས་དང་གསུམ་གྱི་བར་དུ་ཤེས་པར་བྱ་བའི་དོན་ཏོ། །རྣམ་པ་གཉིས་མཐོང་བ་ཞེས་བྱ་བ་ནི་གཉིས་སུ་སྣང་བ་སྟེ། གཉིས་སུ་མེད་པ་མ་ཡིན་པ་ན་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ནི་ཞེས་ བྱ་བ་ནི་གུས་པ་སྟེ། ཤིན་ཏུ་གྲིམས་པའི་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་རོ། །དམ་ཚིག་གཉིས་པ་གསུངས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་གསུངས་པ་ཇི་ལྟ་བ་བཞིན་དུ་བཤད་པ་སྟེ། གཉིས་མེད་པ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དང་པོས་ ཟླ་བ་དྲུག་པ་གསུམ་གྱིས་མ་གྲུབ་ན་ལན་བཞི་པར་བརྩམ་པར་བྱའོ། །ཇི་སྐད་བཤད་པའི་ཆོ་ག་དང་སྡོམ་པས་ཞེས་བྱ་བ་ནི་དཀའ་བའི་སྤྱོད་པའོ། །འབྱུང་བར་མ་གྱུར་ཞེས་བྱ་བ་ནི་གང་གི་ཚེ་ཞེས་བྱ་བ་དང་སྦྱར་ཏེ། དེ་ཉིད་ཀྱིས་བཤད་པ་ནི། མ་གྲུབ་པ་ཞེས་བྱ་བ་ཡིན་ནོ། །བྱང་ཆུབ་ནི་གཉིས་སུ་མེད་པའི་ ཡེ་ཤེས་ཙམ་མོ། །རིགས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་དྲག་ཤུལ་གྱི་སྦྱོར་བ་ཉིད་སྟོན་ཏོ། །དབང་དུ་བྱ་བ་དང་བསྲུང་བ་ཞེས་བྱ་བ་ནི་དེའི་འོག་ཏུ་ཕུར་བུ་བཏོན་ལ་རྗེས་སུ་ཆགས་པར་བྱའོ། །ཉེ་བར་སྒྲུབ་པ་ཞེས་བྱ་བ་སྟེ་ཐབས་གཉིས་པའོ། །ཆོས་འབྱུང་བའི་ནང་དུ་ཆུད་པའི་རིམ་པ་གཉིས་པའི་གཞལ་ ཡས་ཁང་གི་གདན་དབུས་མ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྡོ་རྗེ་འཛིན་པ་རང་སྣང་བའི་རིག་མ་ལ་འཁྱུད་པའི་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་སྒོ་ནས་རིགས་ལྔ་སྤྲོས་པ་ནི་འདོད་ཆགས་ཆེན་པོའི་ཚུལ་ཡིན་ཏེ། མཐར་བྱ་བ་ནས་ཐམས་ཅད་ཞུ་བའི་མཐར་ཐུག་པའི་འདོད་ཆགས་ཆེན་པོའི་ཐབས་སུ་བྱ་བས་ ན་ཚུལ་ལོ། །རྒྱུ་དེ་ཉིད་ཀྱིས་དེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་འཁོར་ལོ་ཅན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ས་བོན་ལས་སྤྲོས་པ་སངས་རྒྱས་ཀྱི་འཁོར་ལོའོ། །བསྡུ་ཞེས་བྱ་བ་ནི་རིགས་ལྔའི་དེ་བཞིན་གཤེགས་པ་མདོར་བསྡུས་ཏེ། རང་གི་ལུས་ཀྱི་ནང་དུ་ གཞུག་པར་བྱའོ། །བཙུན་མོ་དགུ་ཞེས་བྱ་བ་ནི་རིག་པའི་ལྷ་མོ་དགུའོ། །སྤྲོས་ནས་ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་སྤྲོས་པའོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་སྟེ་བཅུ་པའོ། །ཕྱག་རྒྱ་བཞི་ཞེས་བྱ་བ་ནི་འབྱུང་བ་བཞིའི་ལྷ་མོ་སྟེ་ས་བོན་གྱི་ཕྱག་རྒྱ་དང་། མཚན་མའི་ཕྱག་རྒྱ་དང་། ཕྱག་རྒྱ་ ཆེན་པོ་ལས་སོ། །དཀྱིལ་འཁོར་ནི་གཞལ་ཡས་ཁང་ངོ་། །དེར་ལྷ་མོ་བཅུའི་པདྨ་བསྡུས་པར་རོ། །བདག་ཉིད་ཅེས་བྱ་བ་ནི་བསྒོམ་པར་འགྱུར་བའི་རང་གི་ལྷའི་ཡེ་ཤེས་ཀྱི་སེམས་དཔའ་མདུན་དུ་བྱོན་པའོ། །དབུས་སུ་ཞེས་བྱ་བ་ནི་དབུས་ཀྱི་གདན་ལ་དགོད་པའོ། །འཁོར་ལ་ཅན་ཀུན་ཞེས་བྱ་བ་ནི་དེ་དང་ ལྷན་ཅིག་ཏུ་འོངས་པའི་རིགས་དམ་པ་ལྔའོ། །བསྡུ་བར་བྱ་ཞེས་བྱ་བ་ནི་བདེན་བཞི་ལ་ལྷ་མོ་བཞིའི་གཟུགས་སུའམ་གནས་ལྔ་རྣམས་སུ་སངས་རྒྱས་ལྔའི་གཟུགས་སོ། །རྡོ་རྗེ་ཀུན་གྱི་གནས་བྱས་ལ། །ཞེས་བྱ་བ་ནི་སངས་རྒྱས་ལྔ་པོའི་རིག་པ་དང་བཅས་པ་རང་གི་སྙིང་གར་བསྟིམས་ཏེ་ཞུ་བར་གྱུར་ ནས་ཞུ་བ་རྡོ་རྗེའི་ལམ་ནས་འཛག་པས་པདྨའི་ནང་དཀྱིལ་འཁོར་ལ་དབང་བསྐུར་ཏེ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་བ་སྤུའི་བུ་ག་ནས་ལུས་ཀྱི་ནང་དུ་ཞུ་བ་དེ་ཞུགས་པས་དེ་རྣམས་ཀྱང་ཞུ་བར་གྱུར་པ་དེས་ཕ་དང་མ་ཡང་ཞུ་བར་གྱུར་པའོ། །རིམ་པ་འདིས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ རང་བཞིན་དུ་བྱས་ནས་དེའི་འོག་བྱང་ཆུབ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། བསྐུལ་བའི་གླུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་ལས་ཞེས་བྱ་བ་ནི་སྙིང་ལ་སྟེ་ཞུ་བའི་རོ་དེ་ཉིད་ལའོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དུས་གསུམ་མོ། །དེ་རྣམས་ཀྱི་རྡོ་རྗེ་ནི་རོ་མཉམ་པར་གྱུར་པ་སྟེ་ དེ་ཉིད་ཞུ་བའི་རོའོ། །དེའི་རང་བཞིན་ནི་བསྡུས་པ་ལས་བྱུང་བའོ། །སེམས་ནི་གདན་ལ་གནས་པའི་རང་གི་ལྷའི་ས་བོན་ནོ། །ཡེ་ཤེས་ལྟ་བུ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དང་འདྲ་བའོ། །ལུས་བསྒོམ་མོ་ཞེས་བྱ་བ་ནི་རང་གི་ལུས་བསྒོམ་པའོ། །ཇི་ལྟར་བསྒོམ་ཞེ་ན། སེམས་དེས་མཚན་མ་བསྒོམས་ ལ་མཚན་མའི་ནང་དུ་ཡང་སེམས་སོ། །དེ་ལས་དཀྱིལ་འཁོར་པ་ཐམས་ཅད་སྤྲོས་ཏེ་བསྡུ་བ་བྱས་ལ། གདན་དང་མཚན་མ་དང་སྔགས་རྣམས་ཡོངས་སུ་གྱུར་པ་ལས་སོ། །འདིའི་རྗེས་ལ་ཚིག་རྐང་པ་དྲུག་དང་ཚིགས་སུ་བཅད་པ་ཕྱེད་དང་བཞི་ནི་རྡོ་རྗེའི་ཚིག་བཅུའི་བཤད་པའོ། །དེ་ཡང་སྒྲུབ་ པ་ཆེན་པོའི་གཞུང་གི་འོག་ཏུ་བལྟ་བར་བྱ་སྟེ། དེ་བས་ན་དེ་ཡང་དེ་ཉིད་དུ་བཤད་པར་བྱའོ། །འདི་ཡིས་ནི་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་ཚུལ་ལ་སོགས་པའོ། །ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་སྟེ། རྟེན་དང་བརྟེན་པའི་འཁོར་ལོ་དང་ཕ་དང་མ་དག་ཞུ་བ་དེ་ཉིད་ལས་ལུས་སུ་ བསྐྱེད་པའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །ཞེས་བྱ་བ་ནི་སེམས་དཔའ་བཞིས་བྱིན་གྱིས་བརླབས་པ་དང་བཅས་པར་རོ། །གཉིས་སུ་མེད་པར་ཕྱེད་པ་ནི་བསྒོམ་པ་གང་ཡིན་པ་སྟེ། དེ་ནི་བསྒྲུབ་པ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པ་ཞེས་བྱ་བ་སྟེ་ཐབས་གསུམ་པའོ། །སྔར་བཤད་ པའི་ལེའུ་དང་པོར་བཤད་པའོ། །བདག་དང་འདྲ་ཞེས་བྱ་བ་ནི་རིག་པའི་པདྨོའི་ནང་དུ་སངས་རྒྱས་རྣམས་ཞུ་བ་ཡོངས་སུ་གྱུར་པ་ལས་བྱུང་བའི་ས་བོན་ལས་དམ་པའི་རིགས་རྣམས་སྤྲོས་ནས་བསྡུས་པ་ལས་བསྐྱེད་དེ་བཀོད་པའོ། །དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོའོ། །བསྐྱེད་པ་ནི་དབྱུང་ བའོ། །སྒྲུབ་པ་ཆེན་པོ་ཞེས་བྱ་བ་ནི་ཐབས་བཞི་པའོ། །དྲེགས་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་ཚིག་དྲུག་ལ་དང་པོའི་མཐའ་པ་རྣམས་བཤད་པར་བྱའོ། །གསུམ་པའི་མཐའ་པ་རྣམས་ཀྱིས་ནི་འཆད་པའོ། །དབྱེ་ཞེས་བྱ་བ་རྣམས་ནི་བཤད་པའོ། །གསུམ་པ་ལས་ནི། རིན་ཆེན་ཆེན་པོ་ཁ་ དོག་ལྔ། །ཞེས་བྱ་བ་གསུངས་པ་ལ། དེ་ལ་ཝ་ནའི་སྒྲ་ནི་དྲེགས་པས་དབྱེ་བ་སྟེ། དེའི་དོན་དྲེགས་པའོ། །མྱོས་པར་བྱེད་པ་ནི་དྲེགས་པ་སྟེ། བདེ་བ་དང་ཡིད་བདེ་བའོ། །དགའ་བ་བཞི་ནི་ཡིད་བདེ་བ་ཡིན་ལ། དེ་བསྡུས་པ་ནི་བདེ་བ་སྟེ། ཁ་དོག་ལྔ་པོ་གང་ལ་ཡོད་པ་དེ་ནི་ཁ་དོག་སྣ་ལྔ་སྟེ་སེམས་ཀྱི་ཐིག་ལེའོ། ། དེ་དང་གཉིས་སུ་མེད་པར་གྱུར་པས་ན། རིན་ཆེན་ཆེན་པོ་ཁ་དོག་ལྔའོ། །ཇི་སྟེ་ལྔ་པ་ཇི་ལྟར་ཁ་དོག་ཡིན་ཞེ་ན། བདེ་བའི་ཐིག་ལེ་ནི་རྗེས་སུ་འགྲོ་བའི་དབྱངས་ཡིན་པ་དང་ཁ་དོག་སྒྱུར་བར་བྱེད་པ་ཡིན་ཏེ། གླུ་རྩི་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་པས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་ དང་ཐུགས་ལ་བྱུག་པར་བྱེད་པའི་ཕྱིར་རོ། །སྙིང་པོའི་སྒྲ་ནི་དང་པོ་དང་བཅུ་གཅིག་པ་ལ་སོགས་པ་ལས་བྱུང་བའོ། །དེ་ནི་རོས་ཕྱེ་བའོ། །རོ་ནི་སྙིང་པོ་ཡིན་ཏེ། དཔེར་ན་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་དང་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་ཁུ་ཞེས་བྱ་བ་དེ་བཞིན་དུ་སྔགས་རགས་པ་ ནི་སྙིང་ཁུའོ། །མདོར་བསྡུས་པའི་སྔགས་ས་བོན་ལ་སོགས་པ་ནི་སྙིང་པོའོ། །དེ་བཞིན་དུ་སྒྲིབ་པ་མེད་པས་དག་པའི་ནམ་མཁའི་དབྱིངས་ཀྱང་སྙིང་པོ་དང་སྙིང་ཁུ་ཞེས་བྱའོ། །བཅུ་གཅིག་པ་ལས། སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་། །ཞེས་གསུངས་པ་ལ། འདིར་རྒྱུ་ཞེས་བྱ་བའི་སྒྲ་ནི་མཚན་མ་ ཡང་རྡོ་རྗེ་དབང་བསྐུར་བ་ཡིན་པས་ན་དབང་བསྐུར་གྱིས་ཕྱེ་བའོ། །འབྲས་བུའི་སྒྲ་ནི་བཞིས་ཕྱེ་བར་ཤེས་པར་བྱ་སྟེ། བཞི་ནི་གདན་ཏེ་དེས་ཕྱེ་བ་ཞེས་བྱ་བའི་དོན་ཏོ། །ཆོས་མཆོག་མི་གཡོ་བརྙེས་པ་ཡང་། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྒྲ་གང་ཡིན་པ་དེ་ནི་སྔགས་ཀྱིས་ཕྱེ་བ་སྟེ། སྔགས་ཀྱི་ཡི་ གེ་ཞེས་བྱ་བའི་དོན་ཏོ། །བཅུ་གཅིག་པ་ལས་སྔགས་ལ་གནས་པའི་རིན་པོ་ཆེ་རིག་པའི་སྐྱེས་བུར་བརྗོད་པ་དེ་ལ་སྐྱེས་བུ་ནི་སེམས་རིན་པོ་ཆེ་ཡིན་པར་གྲགས་པ་ཉིད་དོ། །རིག་པའི་སྒྲ་ནི་ཆོས་ཀྱི་ཕྱག་རྒྱས་ཕྱེ་བ་སྟེ། དེ་ཡང་ས་བོན་གྱི་ཡི་གེའོ། །འཁོར་ལོས་སྒྱུར་བ་རྣམས་ཀྱི་དབུ་རྒྱན་ནི་བསྙེན་པ་ལ་ཡང་ ཡོད་པས་དེའི་ཞོར་ལ་སངས་རྒྱས་ཀྱི་དབུ་རྒྱན་དང་རིག་པའི་བརྟུལ་ཞུགས་བཅོ་ལྔ་པ་ལས་རྒྱས་པར་གསུངས་སོ། །དེ་ལ་ཚིག་རྣམ་པ་བཞི་འདིར་བཤད་པར་བྱ་སྟེ། རྒྱལ་པོ་ཞེས་བྱ་བ་ནི་རྒྱལ་པོ་རྣམས་སོ། །རྡོ་རྗེ་སྤྱན་གྱི་གཟུགས་ལ་སོགས། །གཙུག་ཏོར་མཉེས་པར་བྱེད་པར་བརྗོད། །ཅེས་བྱ་བ་དེར་ རོ། །རྣམ་པར་གྲགས་ཞེས་བྱ་བ་ནི་བསྒྲགས་ཤིང་བཤད་པའོ། །ལོངས་སྤྱོད་བཞི་ཞེས་བྱ་བ་ནི་དགའ་མ་བཞི་སྟེ། རིག་པའི་རྒྱལ་མོ་རབ་སྦྱོར་བ། །ཞེས་པ་དེར་རོ། །དེ་ཉིད་ཀྱི་ཕྱིར། ཐམས་ཅད་ལས་བྱེད་སྔགས་རྣམས་ལ། །ཞེས་བྱ་བའི་ཚིག་འབྱུང་བ་ནི་མི་རིགས་སོ། །སྔགས་རྣམས་ཐམས་ ཅད་ཉིད་ལས་ནི། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞེས་བྱ་བ་དེར་ཅི་སངས་རྒྱས་ཀྱི་བྱང་ཆུབ་རྡོ་རྗེ་སེམས་དཔའ་འམ་ཡང་ན་མི་བསྐྱོད་པ་གང་ཞིག་ཡིན་ཞེས་ཐེ་ཚོམ་དུ་གྱུར་པ་དེ་ཉིད་ཀྱི་ཕྱིར་བསམ་གཏན་རྡོ་རྗེ་ཞེས་བྱ་བ་སྟེ། ཐམས་ཅད་ལ་ནི་མི་བསྐྱོད་པས་དབང་བསྐུར་རོ་ཞེས་བྱ་བའི་དོན་ ཏོ། །དེ་ནི། བསམ་གཏན་ལྔ་པའི་བདག་ཉིད་དོ། །ཞེས་བྱ་བར་དགོངས་སོ། །རྡོ་རྗེ་ཚིག་བཅུའི་བཤད་པའོ། །ཐབས་བཞི་རྣམས་ལས་གང་དུ་གྱུར་པ་ཅུང་ཟད་ཅིག་བཤད་པར་འདོད་ནས་བསྙེན་དུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པ་ཞེས་བྱ་བ་ཡིད་ལ་བྱའོ། །སྦྱོར་བ་ཉིད་ ཅེས་བྱ་བ་ནི་རྣལ་འབྱོར་གྱི་རང་གི་ལྷའི་གཟུགས་དང་ལྷན་ཅིག་གཉིས་སུ་མེད་པར་བྱ་བ་སྟེ། ཁྲོ་བོ་རྗེས་སུ་དྲན་པ་བསྒོམ་མོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །བདུད་རྩི་འཁྱིལ་པའི་གཟུགས་ཞེས་བྱ་བ་ནི་དམིགས་པའི་སྦྱོར་བ་ཉིད་ཅེས་བྱ་བ་དང་སྦྱོར་ཏེ། ཕུར་བུས་གདབ་པོ་ཞེས་བྱ་བ་ནི་ལྷག་མ་ཡིན་ ནོ། །ལྷའི་སྦྱོར་བ་ཞེས་བྱ་བ་ནི་དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ་གཉིས་སུ་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བདག་པོའི་གཙོ་བོ་ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔགས་པས་ཆོ་ ག་ཤེས་པས་ཞེས་བྱ་བ་དང་འབྲེལ་ཏོ། །དངོས་གྲུབ་མཆོག་ནི་ཡང་དག་པའི་དངོས་གྲུབ་པོ། །ཇི་ལྟ་བུ་ཞིག་ཅེ་ན། མཆོག་ཏུ་ཞི་བ་ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པའི་བྱང་ཆུབ་ཅེས་བྱ་བའི་དོན་ཏེ། །སངས་རྒྱས་རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི་ཤིན་ཏུ་ལ་བཟླ་བའོ། །ཐབས་བཞི་པོ་རྣམས་ལས་གཙོ་བོའི་དོན་ གསུངས་པ། བསྒྲུབ་པར་བྱ་ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་བྱ་ནི་བྱང་ཆུབ་ཀྱི་རང་བཞིན་ནོ། །སྒྲུབ་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཡང་དག་པར་སྦྱོར་བ་ནི་ཡང་དག་པའི་རྣལ་འབྱོར་ཏེ། ཡན་ལག་བཞི་ཡིས་སྒྲུབ་པའི་རིན་པོ་ཆེ་ཕྲ་མོའི་ནང་དུ་ཡན་ལག་གཉིས་ཀྱིས་སྒྲུབ་པའི་གདན་ཕྲ་ མོ་བསྒོམ་པ་ཉིད་དོ། །རྡོ་རྗེ་ནི་མཆོག་ཏུ་ཕྲ་བའི་ས་བོན་ནོ། །པདྨའི་མཚན་མ་ཕྲ་མོའི་ནང་གི་ཤིན་ཏུ་ཕྲ་བའི་གདན་ནོ། །དེ་དག་གི་མཉམ་སྦྱོར་ནི་ཡང་དག་པར་སྦྱོར་བ་སྟེ། ཆོ་ག་བཞིན་སྒྲུབ་པའི་པདྨར་རྡོ་རྗེ་བསྒོམས་པ་ཉིད་དོ། །བསྐྱོད་པ་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་བདག་ པོའོ། །ཐབས་ཞུ་བ་ལས་ཆོ་ག་བཞིན་དུ་དཀྱིལ་འཁོར་ཆེན་པོའི་དབང་ཕྱུག་ཏུ་བྱའོ། །ཧཱུཾ་ཞེས་བྱ་བ་ནི་དེའི་ས་བོན་ཉེ་བར་མཚོན་པའོ། །ཕཊ་ཅེས་བྱ་བ་ནི་ཕྱི་རོལ་གྱི་ས་བོན་དགག་པའི་ཕྱིར་རོ། །ངོ་བོ་ཉིད་ནི་སངས་རྒྱས་རྣམས་སོ། །རང་གི་བདེ་བ་ནི་རིག་མ་རྣམས་སོ། །ཞི་བ་ནི་སྒོ་སྲུང་རྣམས་སོ། ། གཞན་ཡང་བསྒྲུབ་བྱ་སྒྲུབ་པ་ནི་ཤེས་རབ་དང་ཐབས་སོ། །རྡོ་རྗེ་པདྨ་ཞེས་བྱ་བ་ནི་དབང་པོ་གཉིས་སོ། །བསྐྱོད་ཅེས་བྱ་བ་ནི་དལ་བུ་དལ་བུས་སོ། །ཧཱུྃ་ཞེས་བྱ་བ་ནི་རྡོ་རྗེ་པདྨ་དག་གིའོ། །ཀ་ཞེས་བྱ་བ་ནི་སྐུའི་ས་བོན་ཏེ་རབ་སྔགས་སོ། །ར་ལ་སོགས་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ས་བོན་ཏེ་ཨའོ། །དེ་དག་ ནི་ནོར་བུ་གཉིས་ཀྱིའོ། །ཕཊ་ནི་སྔ་མ་བཞིན་ནོ། །ཡེ་ཤེས་སྐྱེས་པ་ལས་དམིགས་པའི་ཏིང་ངེ་འཛིན་ནི་ངོ་བོ་ཉིད་དོ། །དེའི་བདེ་བའི་རང་བཞིན་ནི་རང་གི་བདེ་བའོ། །དེ་ཉིད་ལས་གཞན་ལ་མི་དམིགས་པ་ནི་ཞི་བ་སྟེ། ཐབས་རྣམ་པ་བཞིའོ། །ཐབས་ལས་བྱུང་བའི་དྲི་བའི་ཚིགས་སུ་བཅད་པའི་ལན་གསུངས་ པ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ལ། དཔལ་ནི་རིག་མ་རྣམས་སོ། །སངས་རྒྱས་ཀུན་གྱི་བདག་ནི་དེ་བཞིན་གཤེགས་པ་ལྔའོ། །རྡོ་རྗེ་འཛིན་ཆེན་ནི་གཤིན་རྗེ་གཤེད་ལ་སོགས་པ་རྣམས་སོ། །གནས་ནི་དཀྱིལ་འཁོར་གྱི་རང་བཞིན་ཅན་ཡིན་པས་སོ། །དེ་ལྟར་གསང་བ་འདུས་པའི་བདག་ཉིད་ ཅན་གྱི་བཅོམ་ལྡན་འདས་འདིས་ནི་སངས་རྒྱས་ཀུན་གྱི་ཐབས་བྱུང་ངོ་། །དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཅོམ་ལྡན་འདས་དེ་ཉིད་ཆོས་དཀར་པོ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་གི་ཆོས་ཀྱི་སྐུ་གང་ཡིན་པ་སྟེ། གང་གི་དབང་གིས་དེ་རྣམས་ལོངས་ སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཐར་ཐུག་པ་སྟེ་ཐབས་ལས་བྱུང་བའོ། །ཐབས་བཞི་པོ་འདི་དག་གསུངས་པ་གང་ཡིན་པ་དེ་རྣམས་ཀྱི་ནང་ནས་ཅི་གཅིག་གིས་ཀྱང་སངས་རྒྱས་ཉིད་རྟོགས་པར་འགྱུར་རམ། འོན་ཏེ་མ་ལུས་པས་ཡིན་ཞེས་འདི་དཔྱད་ པར་བྱའོ། །མ་ལུས་པས་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །དེ་ཇི་ལྟར་ཞེ་ན། གསུམ་པོས་རིམ་གྱིས་དེ་དང་དེའི་ཁྱད་པར་གྲུབ་པ་ཡོད་ན་བཞི་པར་འབྲས་བུ་མ་ལུས་པ་འགྲུབ་པའི་ཕྱིར་རོ། །དེ་ལྟར་ན་བསྙེན་པ་ནི་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་ཉིད་དང་ཉེ་བར་སྒྲུབ་པ་ལ་ནི་ནམ་མཁའ་དང་མཉམ་པ་ ཉིད་དང་སྒྲུབ་པ་ལ་ནི་དག་པའི་ནམ་མཁའི་དབྱིངས་ཉིད་དང་སྒྲུབ་པ་ཆེན་པོ་ལ་ནི་ཤིན་ཏུ་རྣམ་པར་དག་པའི་ནམ་མཁའི་དབྱིངས་ཉིད་དུ་མངོན་སུམ་དུ་གྱུར་པ་བྱང་ཆུབ་ཡིན་ནོ། །གཞན་ཡང་བསྙེན་པ་ལ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཁམས་རྒྱས་པ་དང་། ཉེ་བར་སྒྲུབ་པ་ལ་ནི་སྐྱེ་བར་འགྱུར་བ་དང་། སྒྲུབ་ པ་ལ་ནི་དག་པ་དང་སྒྲུབ་པ་ཆེན་པོ་ལ་ཤིན་ཏུ་རྣམ་པར་དག་པ་ཉིད་དང་ཡང་དག་པར་སྟོན་པ་ལ་དབང་དུ་གྱུར་པ་ཉིད་དོ། །གཞན་ཡང་རེ་ཞིག་བསྙེན་པས་ནི་མོས་པས་སྤྱོད་པའི་ས་ཉིད་དང་། ཉེ་བར་སྒྲུབ་པ་ཐོབ་པ་རབ་ཏུ་དགའ་བ་ལ་སོགས་པ་ལྷག་པའི་བསམ་པ་རྣམ་པར་དག་པའི་ས་བདུན་དང་། སྒྲུབ་ པས་ཐོབ་པ་མི་གཡོ་བ་ལ་སོགས་པ་རྣམ་པར་སྨིན་པའི་ས་གསུམ་དང་། སྒྲུབ་པ་ཆེན་པོས་ཐོབ་པར་བྱ་བ་ནི་སངས་རྒྱས་ཀྱི་ས་ཉིད་ཡིན་ནོ་ཞེས་བཤད་པར་བྱའོ། །གཞན་ཡང་དངོས་གྲུབ་མཆོག་གི་ཕྱིར་ཞིང་དུ་གྱུར་པ་ནི་བསྙེན་པའི་དོན་ཡིན་ལ། དེ་མ་ལུས་པ་མ་ཡིན་པར་སྒྲུབ་པ་ནི་ཉེ་བར་སྒྲུབ་པའི་དོན་ ཡིན་ཞིང་མ་ལུས་པར་སྒྲུབ་པ་ནི་སྒྲུབ་པའི་དོན་ཡིན་ལ། ཤིན་ཏུ་སྒྲུབ་པ་ནི་སྒྲུབ་པ་ཆེན་པོའི་དོན་ཡིན་ཏེ། ཤིན་ཏུ་རྣམ་པར་དག་པ་དང་ལོངས་སྤྱོད་ལ་དབང་བ་ལ་ལོངས་སྤྱོད་པ་དེ་སྒྲུབ་པའི་ཕྱིར་རོ། །བསྙེན་པ་ནི། འདིས་ནི་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་འཛིན་པའི་ ཐུགས་དང་ནི། །ཆོས་འཛིན་མཆོག་གི་གསུང་དག་ཀྱང་། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཉེ་བར་སྒྲུབ་པ་ནི། རྡོ་རྗེ་གསུམ་མཁའ་འདྲ་བ་ཡིས། །བྱང་ཆུབ་འདི་ཡིས་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའ་རྒྱལ་རྒྱ་མཚོ། །རྡོ་རྗེ་སེམས་དཔའི་མཆོག་དེས་ ཐོབ། །ཅེས་གསུངས་པ་ཡིན་ཏེ། འདིར་རྒྱལ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །བསྒྲུབས་པའི་འབྲས་བུ་བཅོ་ལྔ་པ་ལས། བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀྱི་ནི་འོད་འདྲར་འགྱུར། །དེ་ནི་དེ་མ་ཐག་ཏུ་ཡང་། །རྡོ་རྗེ་སེམས་དཔའ་འོད་འདྲར་འགྱུར། །རྒྱལ་པོ་ཆོས་ རྣམས་ཐམས་ཅད་མཚུངས། །འདོད་དང་ཐར་པ་རབ་སྒྲུབ་པ། །དེ་ནི་རྡོ་རྗེ་ཆོས་ཀྱི་བདག །ས་བཅུ་ལ་ནི་གནས་པར་འགྱུར། །ཞེས་གསུངས་པ་ཡིན་ཏེ། འདིར་ས་བཅུའི་དབང་ཕྱུག་ཉིད་ཡིན་པའི་ཕྱིར་སངས་རྒྱས་དང་མཉམ་པར་འགྱུར་བ་ཡིན་ཏེ། སངས་རྒྱས་ཉིད་ནི་མ་ཡིན་པ་དེ་བས་ན། རྣམ་པར་སྣང་མཛད་ལ་སོགས་པ་འོད་དང་འདྲ་བ་ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉིད་དང་མཉམ་པ་ཡིན་གྱི་ཤིན་ཏུ་རྣམ་པར་དག་པ་དག་ནི་མ་ཡིན་པ་དེས་ན་ཆོས་རྣམས་ཀུན་དང་མཚུངས་ཞེས་པ་ཡིན་ནོ། །རྒྱལ་པོ་ནི་རྣམ་པར་མི་རྟོག་པ་ལ་དབང་དུ་གྱུར་པ་དང་ཞིང་ལ་དབང་དུ་གྱུར་པ་ དང་ཡེ་ཤེས་ལ་དབང་དུ་གྱུར་པ་དང་ལས་ལ་དབང་དུ་གྱུར་པས་སོ། །སློབ་མའི་ས་ནི་ཐམས་ཅད་འདོད་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་ནི་འདོད་པའི་ཐར་པ་སྟེ། དེར་རབ་སྒྲུབ་པ་ནི་དེ་ཐོབ་པར་བྱེད་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོའི་འབྲས་བུ་ནི་བཅུ་དྲུག་པ་ལས། དངོས་ གྲུབ་ཐམས་ཅད་གཙུག་ཏོར་ནི། །ཡིད་བཞིན་ནོར་བུའི་བདག་པོར་འགྱུར། །སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག །སངས་རྒྱས་རྡོ་རྗེར་རབ་བསྒོམས་པའོ། །ཞེས་གསུངས་པ་ཡིན་ཏེ། འདིར་དངོས་གྲུབ་ཐམས་ཅད་གཙུག་ཏོར་ནི་རྩེ་མོ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་ བའི་དོན་ཏོ། །དེ་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་དེ་དང་ཆོས་མཐུན་པའི་ཕྱིར་ལྷུན་གྱིས་གྲུབ་པ་རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུ་རྒྱུན་མི་འཆད་པར་འཇུག་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་མཆོག་སྟེ་དམ་པའི་སྒྲུབ་པའོ། །སངས་རྒྱས་རྡོ་རྗེ་རབ་བསྒོམས་པ་སྟེ། སངས་ རྒྱས་ནི་དཀྱིལ་འཁོར་གྱི་བདག་པོ་ཡིན་ལ། དེ་ལས་རྡོ་རྗེ་རབ་ཏུ་བསྒོམ་པ་ནི་གསང་བ་གསུམ་པོ་དཀྱིལ་འཁོར་པའི་རྣམ་པར་རབ་ཏུ་ཕྱེ་ནས་བསྒོམ་པ་སྟེ། སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཚོགས་པ་བཞི་པོ་མ་ལུས་པ་འདི་དག་གི་རིམ་པ་འདི་ཉིད་ཀྱིས་སངས་རྒྱས་ ཉིད་རྟོགས་པར་འགྱུར་གྱི་མ་ལུས་པས་མ་ཡིན་ཞིང་། རིམ་པ་གཞན་གྱིས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་ངེས་པ་ཡིན་ནོ། །གལ་ཏེ་འདི་ལྟར་རེ་ཞིག་སངས་རྒྱས་ཉིད་སྒྲུབ་པ་ཆེན་པོ་ཉིད་ཀྱིས་འཐོབ་པར་འགྱུར་ན་དེ་ཉིད་ཀྱིས་ཆོག་མོད། གཞན་གསུམ་པོས་ཅི་ཞིག་བྱ་ཞེ་ན། བྱང་ཆུབ་སེམས་ དཔའ་རྣམས་སངས་རྒྱས་ས་ལ་འཇུག་པའི་ཆེད་ཀྱི་སྦྱོར་བ་གང་ཡིན་པ་དེ་ཉིད་ཆོག་ན་མོས་པས་སྤྱོད་པ་ལ་སོགས་པས་ས་བཅུར་གཏོགས་པའི་སྦྱོར་བ་གཞན་གྱིས་ཅི་ཞིག་བྱ་ཞེས་ཅིའི་ཕྱིར་མི་འདོད། ཡང་ན་ས་སྔ་མར་གཏོགས་པའི་སྦྱོར་བ་མེད་པར་སྦྱོར་བ་ཕྱི་མ་ཕྱི་མར་བྱེད་པར་ནུས་པ་མ་ ཡིན་ཏེ་རིམ་པ་ནི་ངེས་པའི་ཕྱིར་རོ། །བྱེད་པ་ཉིད་འདི་གང་ཡིན་པ་དེ་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དེའི་གཟུགས་བརྙན་ཙམ་ཡིན་ཏེ། དེའི་གཟུགས་བརྙན་ནི་དེའི་བྱ་བ་བྱེད་པ་མ་ཡིན་ནོ། །དེ་བས་ན་དེ་རྣམས་འབྲས་བུ་མེད་པ་མ་ཡིན་ནོ་སྙམ་ན་དེ་བཞིན་དུ་བསྙེན་པ་ལ་སོགས་པ་ ལ་ཡང་སྔ་མ་སྔ་མ་མེད་པར་ཉེ་བར་སྒྲུབ་པ་ལ་སོགས་པ་བྱེད་པ་གང་ཡིན་པ་དེ་ནི་གཟུགས་བརྙན་ཙམ་ཡིན་གྱི་དེ་ཉིད་ནི་མ་ཡིན་པ་དེ་ལྟར་ན་དེ་ལས་འབྲས་བུ་འགྲུབ་པ་མ་ཡིན་ནོ། །དེ་བས་ན་གཅིག་ཀྱང་དོན་མེད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ན་སྒྲུབ་པ་ཆེན་པོ་ལས་སངས་རྒྱས་ཉིད་དུ་འགྱུར་རོ། །ཞེས་ བརྗོད་ཅེ་ན། གསུམ་པོ་དག་ལས་རིམ་གྱིས་རྟོག་པའི་ས་ལ་གནས་པ་དེས་མཐར་ཐུག་པ་ཐོབ་པར་བྱེད་པའི་ཕྱིར་རོ། །ཡིད་ཀྱི་ཆོས་གང་དག་གོམས་པས་བོགས་ཕྱིན་པར་གྱུར་པ་དེ་དག་ཤིན་ཏུ་གོམས་པར་བྱས་པ་ན་རབ་ཀྱི་མཐར་ཐུག་པ་ཐོབ་པར་འགྱུར་བ་སྲིད་དེ། བྲམ་ཟེ་གཙང་མར་སྤྱོད་པ་རྣམས་ ཐོད་པ་ཅན་ལ་དགའ་བ་བཞིན་ནོ། །བདག་ཅག་ལྟ་བུའི་སྙིང་རྗེ་དང་ཤེས་རབ་ལ་སོགས་པ་ཡང་དེ་ལྟ་བུར་གྱུར་པའོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་འདི་ནི་རང་རྒྱུད་རིགས་མཐུན་པ་རྣམས་ལ་སྙིང་རྗེ་ལ་སོགས་པ་རབ་ཀྱི་མཐར་ཐུག་པར་སྲིད་པར་རྗེས་སུ་དཔོག་ པ་ཡིན་ཏེ། དེ་དག་ཉིད་ཀྱིས་དེ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་དང་བྱང་ཆུབ་ཏུ་འགྱུར་བར་སྲིད་པ་ཡང་རྗེས་སུ་དཔག་གོ། །འགྱུར་བ་དེ་ཡང་ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ནི་སྡུག་བསྔལ་དང་དཀའ་ཐུབ་ཀྱི་རྣམ་པ་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་གོམས་པར་བྱས་པས་བསྐལ་ པ་གྲངས་མེད་པ་གསུམ་དུ་བསྒྲུབ་པས་སོ། །རྣལ་འབྱོར་གྱི་རྒྱུད་ཀྱིས་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ཐབས་དཔག་ཏུ་མེད་པས་སྔགས་ཀྱི་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས། བདེ་བ་དང་བདེ་བར་སྤྱོད་པས་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་རབ་ཏུ་དགའ་བའི་ས་ཐོབ་ནས། ཚེས་བཅུ་དྲུག་ གིས་སངས་རྒྱས་ཐོབ་པར་འགྱུར་བ་ཉིད་དོ། །གསང་བ་འདུས་པ་ནི་རྒྱུད་རྣམས་ཀྱི་བླ་མའི་བླ་མ་སྟེ་ཚེ་འདི་ཉིད་ལ་བྱང་ཆུབ་ཐོབ་པར་འགྱུར་བའི་ཐབས་ཀྱི་ཕུལ་དུ་ཕྱིན་པ་ཡིན་པར་གསུངས་ཏེ། འདི་ལྟར་འདིར་སྔགས་ཀྱི་ལྷ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་བའི་རྒྱུར་ཡན་ལག་དྲུག་གི་ཏིང་ ངེ་འཛིན་དབང་དུ་བྱེད་དོ། །ཉེ་བར་སྒྲུབ་པས་ནི་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་གོ། །སྒྲུབ་པས་ནི་དེ་ཉིད་རྣམ་པར་དག་པའི་མཐར་ཐུག་པའི་བྱང་ཆུབ་སེམས་དཔར་རོ། །སྒྲུབ་པ་ཆེན་པོས་ནི་དེ་བཞིན་གཤེགས་པར་རོ། །དེ་སྐད་དུ་ཡང་། དེ་ལྟར་བྱེ་བྲག་རྟོགས་བྱས་ནས། །དངོས་གྲུབ་མཆོག་ནི་ བསྒྲུབ་པར་བྱ། །གཞན་དུ་བསྐལ་པ་སྟོང་དུ་ནི། །སངས་རྒྱས་སྐྱོབ་པ་རྣམས་ཀྱིས་ཀྱང་། །དངོས་གྲུབ་མཆོག་ནི་ཞི་བ་དག །འགྲུབ་པར་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་བས་ན་བསྙེན་པ་ལ་སོགས་པའི་ཐབས་རྣམས་མ་ལུས་པའི་རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ འདི་ནི་གནས་པ་ཡིན་ནོ། །རྣལ་འབྱོར་རྡོ་རྗེ་ཅན་ཀུན་གྱི། །བཀའ་ནི་འདི་ལྟར་བསྒོ་བར་གྱིས། །ཞེས་ཞུས་པའི་རིམ་པའི་དོན་དང་ཁ་བསྐང་བའི་དོན་དེའི་ལན་ནི་ལས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དྲག་ཤུལ་གྱི་ལས་དང་རྗེས་སུ་མཐུན་པ་གང་གིས་སྦྱོར་བའི་ལེའུ་བཅུ་གསུམ་པ་ལས་ཀྱང་གསུངས་པ་ སྟེ། ཁྲོ་བོ་དང་བཅས་པའི་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་རོ། །རྣལ་འབྱོར་པ་ཡིས་དེ་དམིགས་ཏེ། །དཀྱིལ་འཁོར་དེ་དང་དེ་ཞེས་བྱ་བ་ནི་བཅུ་གསུམ་པ་ལས་གང་དང་གང་གསུངས་པའོ། །དམ་ཚིག་ཅེས་བྱ་བ་ནི་དམ་ཚིག་གོ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན། །ཞེས་བྱ་བ་ལ་སོགས་པའི་ ཚིགས་སུ་བཅད་པ་གཉིས་པའི་རང་བཞིན་ཅན་གྱིས་སོ། །དམ་ཚིག་ཅེས་བྱ་བ་ནི་བདག་དང་གནས་དང་ལྷ་ལ་སོགས་པའོ། །དང་པོར་ཞེས་བྱ་བ་ནི་ཐོག་མ་ཉིད་དུའོ། །སྐུ་ཞེས་བྱ་བ་ལ་སོགས་པ་ལ་སྐུ་ལ་སོགས་པའི་རྡོ་རྗེའམ་གཙུག་ཏོར་གྱི་དམ་ཚིག་སྟེ་རྣལ་འབྱོར་རོ། །ཆོ་ག་ཇི་སྐད་ གསུངས་པའི་རྣམ་པ་དེས་གང་ལ་བྱུང་ཞིང་སྐྱེ་བ་མངའ་སྟེ། ཁྲོ་བོ་བཅུས་བྱིན་གྱིས་བརླབས་པའི་འཁོར་ལོ་རྩིབས་བཅུ་པའི་བདག་པོར་བྱུང་བའི་དོན་ཏོ། །ལས་ནི་དེ་དེའི་ཞེས་བྱ་བ་གསད་པ་དང་ཡན་ལག་བཤིག་པ་ལ་སོགས་པའོ། །རང་གི་འཁོར་ལོ་ནི་རང་གི་འཁོར་ལོའོ། །སྒྲུབ་པ་ནི་ བསྒྲུབ་བྱ་ཉིད་དོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ལ་ལྷ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའོ། །དེ་ཡི་ལུས་གནས་འཁོར་ལོ་ཅན། །ཞེས་བྱ་བ་ནི་འཁོར་ལོ་ཅན་དེ་རྣམས་ལའོ། །བྱུང་བར་གྱུར་པ་ཞེས་བྱ་བ་ནི་དེའི་ལུས་ལས་སོ། །དངོས་པོ་ཀུན་གྱིས་ནི་བདག་ཉིད་ཐམས་ཅད་ ཀྱིས་སོ། །གཟུགས་བརྙན་ནི་བཅོས་མའི་ལུས་སོ། །གསད་ཕྱིར་ཞེས་བྱ་བ་ནི་གསད་པའི་ཕྱིར་རོ། །བསྒྲུབ་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་སྒྲུབ་པ་པོ་ཉིད་རྡོ་རྗེ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོའི་རྒྱལ་པོ་དེས་ཞེས་བྱ་བ་ནི་ཁྲོ་བོའི་རྒྱལ་པོ་དེ་རྣམས་ཀྱིས་སོ། ། རྡོ་རྗེ་གསུམ་གྱིས་ཞེས་བྱ་བ་ནི་རྡོ་རྗེ་གསུམ་ལའོ། །སྔགས་པ་ཞེས་བྱ་བ་ནི་སྔགས་པས་སོ། །སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པས་སོ། །དུ་མ་ལས་བྱུང་ཞེས་བྱ་བ་ནི་སྣ་ཚོགས་པའི་རྒྱུ་ཅན་ནོ། །གཟུགས་ཞེས་བྱ་བ་ནི་གཟུགས་བརྙན་རྣམས་སོ། །དེ་ལ་ཞེས་བྱ་བ་ནི་གཟུགས་ བརྙན་ནོ། །རང་ལ་ཞེས་བྱ་བ་ནི་རང་གིས་སོ། །གང་དུ་དེ་ཞེས་འབྱུང་བ་དེར་ནི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཐམས་ཅད་ནི་རྩོམ་པ་ཐམས་ཅད་དོ། །ཟོས་པར་གྱུར་པ་ཞེས་བྱ་བ་ནི་ཟོས་བཞིན་པར་རོ། །བཀའ་བསྒོ་བ་ནི་འཁོར་ལའོ། །ལས་ཀྱི་ཚོགས་རྣམས་ལ་སྒྲུབ་པོའི་སེམས་ ལ་སྣ་ཚོགས་པར་ཇི་ལྟར་བགྱི་བར་འགྱུར་ཞེས་དྲི་བ་ཞུས་པ་དེའི་ལན་ཚིགས་སུ་བཅད་པས་གསུངས་པ་ནི། ཞི་བའི་སེམས་ནི་བྱམས་པའི་སེམས་སོ། །རྒྱས་པའི་ཡིད་ནི་དགའ་བའི་སེམས་སོ། །ཆགས་པའི་ཡིད་ནི་རྗེས་སུ་ཆགས་པ་དང་བཅས་པའི་སེམས་ཏེ། གསུམ་པོ་འདི་དག་བྱས་ནས་ཞི་བ་ལ་སོགས་པའི་ལས་རྣམས་རབ་ཏུ་བསྒྲུབ་པར་བྱའོ། །གཏུམ་པ་ནི་ཁྲོ་བོ་ལས་ལ་གཏུམ་པས་རབ་ཏུ་བསྒྲུབ་པར་བྱ་ཞེས་བྱ་བ་ཚིགས་སུ་བཅད་པའི་དོན་ཡིན་ནོ། །ཐམས་ཅད་སྐུ་ཞེས་བྱ་བ་ལ་སོགས་པ་ལ་ཁྱོད་ཅེས་བྱ་བ་ནི་ཁྱེད་རྣམས་ལའོ། །སེམས་ ཅན་ཐམས་ཅད་ཀྱི་ལུས་ནི་ཐམས་ཅད་སྐུ་སྟེ། དེ་ལ་ལུས་འདི་རྣམས་མངའ་བ་ཞེས་བྱ་བ་ནི་འབྲུ་མང་པོ་པ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའོ། །དེ་བཞིན་དུ་བྱ་བ་ལྷག་མ་རྣམས་ལ་ཡང་ངོ་། །མཛད་པ་ནི་བྱ་བ་སྟེ་ཕྲིན་ལས་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་དེ་བཞིན་གཤེགས་པ་གསང་ བ་བསྟན་པའི་མདོ་ལས། གཟུགས་དང་སྒྲ་དང་ཡིད་ཀྱི་གཡོ་བ་ཐམས་ཅད་གོ་རིམས་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐུ་གསུང་ཐུགས་ནི་ཞེས་བྱ་བ་ལ་སོགས་པའི་རྒལ་བ་ ཡིན་ཏེ། གང་དག་ལ་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་མངའ་བ་དེ་རྣམས་ལ་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་། ཐུགས་གང་ཡིན་པ་དེ་ཐོབ་པར་འགྱུར་བས་ན། སེམས་ཅན་ཐམས་ཅད་ཉིད་སངས་རྒྱས་ཡིན་ནོ། །སངས་རྒྱས་ཅི་ འདྲ་བ་ཡིན་ཞེ་ན། མཉམ་མེད་མཉམ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པ་ཉིད་ཡིན་གྱི། ཆོས་ཀྱི་དབྱིངས་ཀྱིས་སོ་སོར་ཁྱབ་པ་ཙམ་གྱིས་སངས་རྒྱས་ཉིད་ནི་མ་ཡིན་ནོ། །དེ་རྣམས་ཀྱི་ནང་ནས་བསྒྲུབ་བྱ་སུ་ཡིན་སྒྲུབ་པ་པོ་གང་རྡོ་རྗེའི་སྐུ་ཅན་ཉིད་ལས་གཞན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཞིང་ཚུལ་ ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་གསོད་པ་པོ་འགའ་ཡང་མེད་པ་དེའི་ཕྱིར་དྲག་ཤུལ་གྱིས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བ་རྒལ་བའོ། །གལ་ཏེ་གསང་བ་གསུམ་གྱི་རྗེས་སུ་འགྲོ་བའམ། ཆོས་ཉིད་ཀྱི་ཆོས་དེ་རྣམས་ཀྱིས་ཐོབ་པ་ཡིན་གྱི་རྣམ་པ་ཐམས་ཅད་ཀྱིས་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་ ན་སངས་རྒྱས་རྣམས་ཀྱི་རྟེན་བསད་པ་ན། སངས་རྒྱས་གསོད་པ་ལ་སོགས་པ་ནི་སྒྲུབ་པའི་དབང་པོ་ཞེས་བྱ་བ་ལ་སོགས་པ་རྒལ་བ་ཡིན་ཏེ། སྒྲུབ་པ་པོ་བདག་ཉིད་ཆེན་པོའི་མཚམས་མེད་པའམ། མཚམས་མེད་པ་འདྲ་བའི་ཇི་ལྟར་སྡིག་པས་གོས་པར་མི་འགྱུར་རོ། །འོན་ཏེ་གོས་པར་འགྱུར་ བ་ཉིད་ཡིན་ན། དེའི་ཚེ་གང་ལས་འགྲུབ་པར་འགྱུར་ཞེ་ན། ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་ཞུས་པ་ཞེས་བྱ་བ་ནི་ལྷག་མའོ། །ཚིགས་སུ་བཅད་པ་འདི་ལ་སེམས་པ་ནི། སེམས་ཅན་ལ་ཕན་པའི་བསམ་པ་ཡིན་ལ་བདག་ཉིད་ནི་དེའི་སྤོབས་པ་ཡིན་ཞིང་གསུང་དབྱངས་ནི་དེ་ཞུ་བའོ། ། ཆེན་པོ་ནི་གསུམ་པོ་དེ་རྣམས་ཀྱིས་སངས་རྒྱས་རྣམས་མཉེས་པར་བྱས་པའོ། །དེ་ནས་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ཏེ། སློབ་དཔོན་ནི་སྒྲུབ་པ་ཆེན་པོའི་མཐར་ཐུག་པར་གནས་པ་དང་། དེའི་རྣལ་འབྱོར་ལ་གནས་པའོ། །བྱང་ཆུབ་ཅེས་བྱ་བ་ནི་རང་ཉིད་རྡོ་རྗེ་ འཆང་གི་བདག་ཉིད་དོ། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་ཅན་ཞེས་བྱ་བ་ནི་སངས་རྒྱས་དང་རིག་མ་བཅུ་དང་ཁྲོ་བོ་བཞིས་ཡོངས་སུ་བསྐོར་བའོ། །དེ་ཡང་བསྒྲུབ་པར་བྱ་བ་ལ་སོགས་པའི་དངོས་པོ་རྣམས་ཐམས་ཅད་སྒྱུ་མའི་རྣམ་པ་སྟེ་སྒྱུ་མའི་གླང་པོ་ལ་སོགས་པ་བཞིན་དུའོ། །བདག་ རང་ཉིད་མ་རྨོངས་པ་ཉིད་དུ་སྐྱེད་པ་དང་། སྡུད་པར་མཛད་པའོ། །རྒྱུ་དེས་ན་དེའི་སྡིག་ཏུ་མི་འགྱུར་ཏེ། སྡིག་པ་སྐྱེ་བར་མི་འགྱུར་བའི་ཕྱིར་སྡིག་པ་དང་ལྡན་པ་མི་དམིགས་པའི་ཕྱིར་ཏེ་རྡོ་རྗེ་འཛིན་པའི་སྤྱོད་པ་རྨད་དུ་བྱུང་བ་ཙམ་ལ་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །བསོད་ནམས་ཀྱང་ནི་དེ་བཞིན་ ནོ། །ཞེས་བྱ་བ་ནི་བསོད་ནམས་ཉིད་དེ་ལས་འབྱུང་བར་འགྱུར་ཏེ། དེ་ཡང་དེ་ལ་དེ་བཞིན་དུ་ཡོད་པ་ཉིད་མ་ཡིན་ཏེ། བསོད་ནམས་དེ་དང་ལྡན་པས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཚུལ་འདིས་ནི་གང་ལ་སྡིག་པ་མེད་པ་སྟེ། སྡིག་པ་རྣམས་ཤིན་ཏུ་མ་སྐྱེས་པའི་ཕྱིར་དང་བསོད་ ནམས་ཉེ་བར་བསགས་པའི་ཕྱིར་དང་། །གཉི་ག་ཡང་དམིགས་སུ་མེད་པའི་ཕྱིར་རོ། །གང་ལ་བསོད་ནམས་ཀྱང་མེད་པ་སྟེ། བསོད་ནམས་དང་། བསོད་ནམས་དང་ལྡན་པ་དང་། བསོད་ནམས་ཀྱི་འབྲས་བུ་དམིགས་སུ་མེད་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱིས་དེའི་བྱང་ཆུབ་ཡིན་པར་གསུངས་ ཏེ། ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་དག་ཅིག་ཅར་སྦྱངས་པའི་ཕྱིར་དང་རྫོགས་པའི་ཕྱིར་རོ། །གལ་ཏེ་སྒྲུབ་པ་པོ་ཡང་དེ་ལྟར་དོན་མེད་པར་མི་འགྱུར་ན་ཡང་དེས་སེམས་ཅན་རྣམས་ཀྱང་དོན་མེད་པར་བྱས་པར་གྱུར་པ་མ་ཡིན་ནམ་ཞེ་ན། འདིར་མགོན་པོ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། ཇི་ལྟར་སྒྱུ་མ་མཁན་གྱིས་སྒྱུ་མའི་གླང་པོ་ལ་སོགས་པ་ཡང་དག་པར་བསྟན་པ་ནི་རྨོངས་པ་རྣམས་སླུ་བ་ཡིན་པ་དེ་བཞིན་དུ་མགོན་པོ་དེའི་ཞེས་བྱ་བ་སྒྲུབ་པ་པོ་ཐུགས་བརྩེ་བ་ཅན་གྱིས་སེམས་ཅན་གདུག་པ་འཇོམས་པ་ནི་རྨོངས་པ་སྟེ། ལུས་ཅན་ཐམས་ཅད་སླུ་བ་ཡིན་ནོ། ། འདི་ལྟར་ཐབས་དེས་གདུག་པ་དེ་རྣམས་མཚམས་མེད་པ་ལ་སོགས་པ་ལས་བཟློག་པའི་རྒྱུ་ཅན་དེས་ངན་འགྲོར་སྐྱེ་བར་མི་འགྱུར་ཞིང་བྱང་ཆུབ་ཀྱང་རྙེད་སླ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རྒྱས་བཏབ་པའི་ཕྱིར་རོ། །གང་གི་ཚེ་སྔོན་གྱི་ལས་ཀྱི་དབང་གིས་དེ་རྣམས་དམྱལ་བ་རྣམས་སུ་སྐྱེ་ བར་འགྱུར་བ་དེའི་ཚེ། དེ་རྣམས་ཀྱིས་དམྱལ་བ་རྣམས་སུ་གྱུར་ན་ཡང་འབྲས་བུ་ཆེན་པོ་ནི་གང་དེ་རྣམས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རྒྱས་བཏབ་པར་འགྱུར་ཏེ། འདི་ལྟར་འདི་དམྱལ་བ་དེ་ལས་འཕོས་ནས་རིང་པོར་མི་ཐོགས་པར་ངེས་པར་འཚང་རྒྱ་བར་འགྱུར་རོ། །གང་གིས་དེ་ལྟར་བྱས་པའི་རྒྱུ་ དེས་འདི་ཞེས་བྱ་བའི་གདུག་པའི་ལས་ཀྱི་མཚན་ཉིད་སེམས་ཅན་རྣམས་ལ་མཆོག་ཏུ་ཕན་བཏགས་པའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་རྡོ་རྗེ་ཅན་ཏེ་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབ་བྱར་ཤེས་པར་བྱ་སྟེ། རྣལ་འབྱོར་ལ་གནས་པའི་སློབ་དཔོན་གྱི་བྱ་བ་ཡིན་པར་ཤེས་པར་བྱའོ། །ཚར་གཅོད་པ་ཞེས་བྱ་བ་ལ་ སོགས་པ་ལ་གང་གིས་དེ་ལྟར་བྱས་པ་དེས་ཇི་ལྟར་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་ལས་ཞི་བ་ལ་སོགས་པ་བྱ་བ་དེ་བཞིན་དུ་ཚར་གཅོད་པ་དྲག་པོའི་ལས་ཀྱང་བྱ་བ་ཡིན་ཏེ། དེ་ཡང་མཆོག་ཏུ་ཕན་འདོགས་པ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཚར་གཅོད་པ་ཞེས་བྱ་ཞེ་ན། རྨོངས་ པ་རྣམས་ལ་ཚར་གཅོད་པ་དང་འདྲ་བར་སྣང་བའི་ཕྱིར་ཏེ་ཁ་བ་དང་ཚ་བའི་སྨན་ཆེན་པོ་ལྟ་བུའོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བསམ་པ་ཆེན་པོ་སྟེ། ཐུགས་རྡོ་རྗེ་ཅན་ཞེས་བྱ་བའི་དོན་ཏེ། དེ་ལ་ཇི་ལས་དང་པོ་པས་ཀྱང་དེ་ལྟར་བྱ་བའམ་ཞེ་ན། མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྒྲུབ་པ་ཆེན་པོའི་ ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཡན་ལག་དྲུག་གིས་བསྙེན་པ་ལ་སོགས་པ་ནས། སྒྲུབ་པ་ཆེན་པོའི་མཐར་ཐུག་གི་བར་དུ་རྟོགས་པར་བྱས་ནས་དེའི་འོག་ཏུ་དྲག་པོའི་ལས་བརྩམ་པར་བྱ་སྟེ། དེའི་ཚེ་ཡེ་ཤེས་དང་མཐུན་པར་སྦྱོར་བ་བྱས་པ་ནི་མཆོག་ཏུ་ཕན་འདོགས་པར་བྱེད་པ་ཡིན་ པའི་ཕྱིར་རོ། །བཟླས་པ་ལ་སོགས་པ་ཙམ་གྱིས་ཀྱང་ལས་རྣམས་འགྲུབ་པ་མ་ཡིན་ནམ་ཞེ་ན། འགྲུབ་པར་འགྱུར་བ་ནི་བདེན་མོད་ཀྱི་ངེས་པར་བྱས་པ་མ་ཡིན་གྱི་ཚར་གཅོད་པ་ནི་མ་ཡིན་ཏེ། གང་གི་ཚེ་དེ་མཆོག་ཏུ་ཕན་འདོགས་པར་གྱུར་པ་དེའི་ཚེ་བྱ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རྡོ་རྗེ་ ཅན་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་དོ། །ཐུགས་རྗེ་ཆེན་པོ་ལས་བྱུང་བའི་ཚུལ་གྱི་ལམ་ནི་ཐུགས་རྗེ་ཆེན་པོའི་ཚུལ་ཏེ། ཇི་སྐད་གསུངས་པའི་དྲག་པོའི་ལས་སོ། །གསལ་བར་བྱེད་པའི་ཆོས་ཏེ་དེ་ཐོས་པས་སོ། །དགའ་ཞིང་རབ་ཏུ་དགའ་བ་ལ་ཡང་དག་པར་མགུ་བ་ནི། ཆུང་ངུ་དང་ འབྲིང་དང་ཆེན་པོའི་རིམ་གྱིས་དགའ་བ་ཐོབ་པའི་ཕྱིར་རོ། །མགོན་པོ་ཆེན་པོ་ཞེས་བྱ་བ་ནི་ཐབས་ཐམས་ཅད་ཀྱིས་གཞན་གྱི་དོན་དམ་པའི་ཕྱིར་རོ། །ཐུབ་པ་ཆེན་པོ་ཞེས་བྱ་བ་ལ་ཐུབ་པ་ཆེན་པོ་རྣམས་ཏེ། རྟག་ཏུ་ཤིན་ཏུ་རྣམ་པར་དག་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཅན་ཉིད་ཡིན་པའི་ཕྱིར་ རོ། །ཆོས་རྣམས་ཆེན་པོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་ཆོས་རྣམས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་དེ་དག་ཉིད་ཀྱིས་ན་ཐུགས་རྗེ་ཆེན་པོའོ། །ཀུན་དུ་བཟང་པོའི་ཞེས་བྱ་བ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ཀྱིས་གཞན་གྱི་དོན་ལ་གཅིག་ཏུ་གཞོལ་བའི་ བྱང་ཆུབ་ཀྱི་སེམས་སོ། །གདུག་པའི་མི་བཟད་པའི་ལས་བྱས་པ་གང་ཡིན་པ་དེས་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པ་པོ་དག་སངས་རྒྱས་ཉིད་དུ་རྫོགས་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ནི་རྣམ་པ་གསུམ་གྱིས་དབང་བསྐུར་བའོ། །དེས་གསང་བ་གསུམ་ པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྔགས་པ་གང་ཡིན་པ་དེས་དྲག་པོའི་ལས་ལ་སོགས་པ་འདི་ལ་སྐྲག་པ་ལ་སོགས་པ་མི་བྱའོ། །བྱང་ཆུབ་རྡོ་རྗེ་ནི་ཀུན་དུ་བཟང་པོའི་ཐུགས་བསྐྱེད་པའོ། །རྣམ་པ་ཙམ་གྱིས་ན་ཞེ་སྡང་ཡིན་ལ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡིན་ པས་ན་ཞེ་སྡང་རྡོ་རྗེའོ། །སོགས་པའི་སྒྲས་ནི་འདོད་ཆགས་རྡོ་རྗེ་ལ་སོགས་པ་དེ་དག་ཐམས་ཅད་ནི་མཆོད་པ་ཆེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བ་རྣམས་ལ་མཆོག་ཏུ་ཕན་འདོགས་པས་སངས་རྒྱས་ཐམས་ཅད་ཡང་དག་པར་མཉེས་པར་བྱས་པས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ འདི་རྣམས་སུ་ཡང་སྤང་བར་མི་བྱའོ། །འདི་ལྟར་སྔགས་ཀྱི་རྒྱུན་ནི་རྣམ་པ་དུ་མའི་སྔགས་བསྡུས་པ་སྟེ། ཤེས་པ་དང་སྐྱོབ་པར་བྱེད་པའི་ཕྱིར་སྔགས་ཏེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་སོ། །དེའི་བསྡུས་པ་ནི་ཡང་དག་པར་སྟོན་པར་མཛད་པའི་སྟོན་པ་སྟེ། དེ་སྐད་དུ་ཡང་། གང་དུ་འདི་བློས་ རྟོགས་པར་མ་གྱུར་པ། །དེར་ནི་དེ་བཞིན་གཤེགས་པ་དབང་མཛད་འགྱུར། །བདག་གིས་མི་ཤེས་རྒྱལ་བ་རྣམས་ཀྱིས་མཁྱེན། །བྱང་ཆུབ་མཐའ་ཡས་བདེ་བར་གཤེགས་པས་གསུངས། །ཞེས་གསུངས་པ་ཡིན་ནོ། །ཐུགས་རྗེ་ཆེན་པོའི་ཚུལ་ལོ། །དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ལ་བྱང་ཆུབ་ རྡོ་རྗེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། དཀྱིལ་འཁོར་པ་རྣམས་ནི་ལོངས་སྤྱོད་རྫོགས་པ་ཡིན་ཞིང་ཕྱག་རྒྱ་ལ་སོགས་པར་སྤྲུལ་པ་ཡིན་ལ། ལྷག་མ་རྣམས་ནི་དེས་བྱིན་གྱིས་བརླབས་པ་ཉིད་ཀྱི་ཕྱིར་རོ། །དེའི་རང་བཞིན་ཡིན་པས་ན་དེ་རྣམས་ཀྱི་ཡོན་ཏན་བརྗོད་པའི་ཚིགས་སུ་བཅད་པ་ རྣམས་ཀྱིས་དེ་བཞིན་གཤེགས་པ་ཉིད་ལ་བསྟོད་པར་གྱུར་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གང་ཡིན་ཞེས་བྱ་བ་ནི་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་དབང་ཕྱུག་གོ། །དུས་གསུམ་རྡོ་རྗེར་དབྱུང་བ་ཞེས་བྱ་བ་ལ། དབྱུང་བ་ནི་མཆོག་དང་པོའི་སྙིང་པོའི་གཟུགས་སོ། །དུས་གསུམ་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་དུ་བྱེད་པས་སོ། །ཕུན་ཚོགས་བྱུང་བ་ནི་དེ་ལས་བྱུང་བའི་མཆོག་དང་པོ་རིག་པ་དང་བཅས་པའི་གཟུགས་སུའོ། །ཞི་བ་ནི་བུམ་པ་དང་གསང་བའི་དབང་བསྐུར་བ་དག་གིས་སོ། །སྒྲིབ་མེད་ནམ་མཁའི་ཁམས་དག་པའི་ངོ་བོ་ཉིད་ནི་དབང་བསྐུར་བ་གསུམ་པོ་ཐོབ་པས་ཞུ་བའི་དཀྱིལ་ འཁོར་འབའ་ཞིག་གི་གཟུགས་སུའོ། །སངས་རྒྱས་ལྷག་པས་སངས་རྒྱས་ནི། སངས་རྒྱས་རྣམས་ལས་ལྷག་པའི་སངས་རྒྱས་དཀྱིལ་འཁོར་གྱི་བདག་པོའི་གཟུགས་སུའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་མཆོག་ཀྱང་ཡིན་ཞིང་བྱང་ཆུབ་རྡོ་རྗེ་ཡང་ཡིན་ཏེ། ཆོས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱང་དེ་ཡིན་ལ། སྐུ་གསུང་ ཐུགས་ཀྱི་གསང་བའི་གནས་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་པས་སོ། །ཡང་ན་དུས་གསུམ་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གཟུགས་ཚོགས་ཏེ་སོ་སོར་སྡུད་པའི་སྒོ་ནས་སོ། །རྡོ་རྗེ་ནི་དེ་རྣམས་ཉིད་ཀྱི་སེམས་ཀྱི་ཚོགས་ཏེ་བསམ་གཏན་གྱིས་སོ། །ཕུན་ཚོགས་འབྱུང་ནི་དེ་རྣམས་ཀྱི་ཚོར་བའི་ ཚོགས་ཏེ་སྲོག་དང་རྩོལ་བས་སོ། །དངོས་ཞེས་བྱ་བ་ནི་དེ་ཉིད་བསྒོམས་པས་བརྟན་པར་གྱུར་པ་སྟེ་འཛིན་པས་སོ། །གྲོལ་བ་ནི་སྒྲོལ་བ་ལ་དབང་དུ་གྱུར་པ་སྟེ་རྗེས་སུ་དྲན་པ་རྣམས་ཀྱིས་སོ། །གྱུར་པ་ནི་ཡོངས་སུ་གཏུགས་ཏེ་ཏིང་ངེ་འཛིན་གྱི་ཡན་ལག་གིས་སོ། །ཞི་བ་ནི་རྣམ་པར་མི་རྟོག་ཅིང་དམིགས་སུ་མེད་པ་སྟེ་ཉེ་བར་ བསྒྲུབས་པས་སོ། །སྒྲིབ་མེད་ནམ་མཁའ་དག་གི་ངོ་བོ་ཉིད་ནི་སྒྲུབ་པ་པོས་སོ། །ལྷག་མ་ནི་སྒྲུབ་པ་ཆེན་པོ་སྟེ། སངས་རྒྱས་ལྷག་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དབང་ཕྱུག་མཆོག་ནི་དགའ་མ་རྣམས་སོ། །བྱང་ཆུབ་རྡོ་རྗེ་ནི་སྒོ་སྐྱོང་རྣམས་སོ། །གང་ཡིན་དེ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་ཡིན་པས་ཕོ་ རྟགས་སོ། །ལྷག་མ་རྣམས་ནི་ཐུགས་ཉིད་ཡིན་པའི་ཕྱིར་མ་ནིང་གི་རྟགས་སོ། །དཀྱིལ་འཁོར་ཆེན་པོའི་བདག་པོ་ལ་བསྟོད་པས་བསྟོད་པའོ། །ནམ་མཁའ་ནི་སྐྱེས་པ་དང་བུད་མེད་ཀྱི་ལྷ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ཐབས་རྣམས་དང་རིག་མ་རྣམས་སོ། །བྱང་ཆུབ་སེམས་ནི་རྡོ་རྗེ་འཛིན་པ་སྟེ་དེ་དང་འདྲ་བ་ནི་དེས་སྐྱེད་པའི་ཕྱིར་རོ། །རྒྱ་ཆེན་པོ་ཞེས་ བྱ་བ་ནི་རྫུ་འཕྲུལ་ཆེན་པོ་དང་ལྡན་པས་སོ། །དེ་རྣམས་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པས་སོ། །གཏི་མུག་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ནི་སྔགས་སོ། །སྔགས་གང་ཡིན་ཞེ་ན། གཏི་མུག་ཞེ་སྡང་དེ་བཞིན་འདོད་ཆགས་རྡོ་རྗེར་བཅས་པ་སྟེ། གཏི་མུག་དང་ཞེ་སྡང་དང་འདོད་ཆགས་ དང་རྡོ་རྗེ་སྟེ། ལོངས་སྤྱོད་བཞི་ཞེས་བྱ་བའི་དོན་ཏོ། །འདིར་ཆོས་ལ་སོགས་པ་བཞི་ནི་དང་པོའི་དོན་གྱིས་གཉིས་པའོ། །རྟག་ཏུ་རྒྱུན་ཆགས་ཞེས་བྱ་བ་ནི་བསྒོམ་པའི་རྒྱུན་ཆགས་ས