Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 41
Văn bản gốc(Tây Tạng)
Trang 2 / 21 (50.000 ký tự/trang)
ོད་པས་ན་དེ་ སྐད་ཅེས་བྱའོ། །མངོན་སྤྱོད་ཀྱི་ཆོ་གའི་གནས་ནི་མ་མོའི་གནས་སམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ན་མ་མོ་བདུན་ཡོད་པ་དེ་ནི་མ་མོའི་གནས་སོ། །ཤིང་གཞན་དག་གི་གྲིབ་མས་མ་ནོན་པའི་ཤིང་ནི་ཤིང་གཅིག་གོ། །དབྱིག་སྔོན་གྱི་སྔགས་སུ་གསུངས་པའི་ཆོ་ག་དང་། བརྒྱ་ རྩ་བརྒྱད་བཟླ་བ་དང་། ཁ་བ་དང་། ཚ་བ་དང་། ཟེགས་མ་དང་། ཕུབ་མ་ལ་སོགས་པ་དང་ལྡན་པའི་རྩུབ་པའི་ཟས་ཟ་ཞིང་རྩུབ་ཅིང་ཁྲོ་བའི་ང་རྒྱལ་གྱིས་མངོན་སྤྱོད་ཀྱི་སྦྱོར་བ་ཐམས་ཅད་ལ་བྱ་བར་བལྟ་བར་བྱའོ། །ཕུར་བུའི་མངོན་སྤྱོད་ནི་མི་རུས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཕུར་ བུ་ཞེས་བྱ་བ་ནི་སྟོད་ཁྲོ་བོ་ལྟ་བུ་ལ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ཟུར་བཞི་པའོ། །ཤེས་པ་ནི་སྡུག་བསྔལ་ཉམས་སུ་མྱོང་བའོ། །མི་ཤེས་པ་ནི་འཆི་བ་སྟེ། དེ་དག་དང་ཤིན་ཏུ་བྲལ་བའི་ཕྱིར། ཤེས་དང་མི་ཤེས་རྣམས་སྤངས་པའོ། །དེ་ཡང་ཉམས་སམ་ཡང་ན་འཆི་བར་འགྱུར་བ་ནི་ཤེས་པ་ དང་ལྡན་པའམ། མི་ཤེས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་གསུངས་པ་འདི་ནི་སྦྱོར་བའི་མཐར་ཐུག་གསལ་བར་བྱ་བའི་དོན་ཡིན་ནོ། །དོན་ནི་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས་དུར་ཁྲོད་ཀྱི་རས་ལ་དུག་དང་ལན་ཚྭ་དང་སྐེ་ཚེ་ལ་སོགས་པས་ཁྲོ་བོའི་རྡོ་རྗེ་བྲིས་ལ་དེའི་ལྟེ་ བར་བསྒྲུབ་པར་བྱ་བའི་མིང་དང་། སྤེལ་བའི་སྔགས་བྲིས་ཏེ། གཟུགས་བརྙན་གྱི་སྙིང་གར་གཞུག་པའོ། །དེ་ནས་ཕུར་བུ་དེ་བླངས་ལ་དེའི་འོག་དང་ངོས་བཞི་དང་སྟེང་དུ་ཧཱུཾ་རེ་རེ་བཀོད་ལ་དེ་ཉིད་ཀྱིས་དགྲའི་སྒོ་ལ་སོགས་པར་ཡི་གེ་ཨཿལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བྲིས་ལ་དེའི་སྟེང་དུ་གཟུགས་བརྙན་ དེ་བྱང་ཕྱོགས་སུ་མགོ་བསྟན་ཏེ། བཞག་ཅིང་བཀུག་ནས་ཕུར་བུ་དེ་ལ། བརྒྱ་རྩ་བརྒྱད་བཟླས་ནས་སྙིང་གར་ཕུར་བུས་བཏབ་ལ་ཡི་གེ་ཨས་མཚན་པའི་སྣ་ཚོགས་རྡོ་རྗེའི་ནང་ན་ཡོད་པ་ཅན་གྱི་ཁམ་ཕོར་སོ་མ་བཏང་བས་བཀབ་ལ་དེ་ཡང་སས་བཀབ་སྟེ། དེའི་སྟེང་དུ་རྐང་པ་བཞག་ནས་སྔགས་བརྒྱ་རྩ་ བརྒྱད་མཚན་ཕྱེད་དམ་ཉི་མའི་གུང་ལ་བཟླས་ན་དེ་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །བསྐྲད་པ་ནི་ཡང་ན་ཐོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་བདག་ནི་སྐྱོན་མེད་པའོ། །བཟླས་པ་བྱ་སྟེ་སྦས་ན་ཞེས་བྱ་བ་ནི་བཟླས་པར་བྱས་ ནས་སྦས་ནའོ། །རྡོ་རྗེའི་ཚིག་ནི་རྡོ་རྗེའི་ངག་སྟེ། ལྕེ་རྩེ་ཤིན་ཏུ་མི་བསྐྱོད་ཅིང་། །མཆུ་དང་སོ་ནི་ལེགས་སྦྱར་བ། །རྟོག་པ་ཀུན་ལས་བསྔགས་པ་སྟེ། །རྡོ་རྗེའི་ཚིག་ནི་སྒྲ་སྤངས་པའོ། །དོན་ནི་ཇི་སྐད་དུ་བཤད་པའི་ཐོད་པར་བ་བླ་དང་སོལ་བ་དང་ལུང་ཐང་གི་ལོ་མའི་ཁུ་བ་དང་། རྐང་པ་གཡོན་ པའི་སྲིན་ལག་གི་ཁྲག་གིས་རལ་གྲིས་མཚན་པའི་རླུང་གི་དཀྱིལ་འཁོར་དང་དེའི་སྟེང་དུ་བསྒྲུབ་པར་བྱ་བའི་གཟུགས་བརྙན་དང་དེའི་སྙིང་གར་དེའི་མིང་དང་སྔགས་སྤེལ་བ་བྲིས་ནས་བཀུག་སྟེ། སྔགས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པར་བྱས་ཏེ། རྡོ་རྗེའི་ཚིག་གིས་སྔགས་བཟླ་ཞིང་དགྲའི་སྒོ་ལ་སོགས་ པར་བརྐོས་ཏེ་སྦས་ན་ངེས་པར་སྐྲོད་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །དབྱེ་བ་ལ་ནི་སྦྱོར་བ་གཉིས་སུ་འགྱུར་ཏེ་ཁྲོ་བོའི་རྣལ་འབྱོར་པས་ཁྲོས་བཞིན་དུ་སྤྱི་བོར་རང་རང་གི་མིང་ཕྱིན་ཅི་ལོག་ཏུ་དགོད་པའམ། དཔྲལ་བར་ཡི་གེ་ཧ་དགོད་ལ་ལུག་ཐུག་དང་འདྲ་བར་རམ། མ་ཧེ་དང་རྟ་དང་འདྲ་བར་ཕན་ཚུན་འཐབ་པར་གྱུར་ པ་དང་། སོ་དང་། རྨིག་པས་འདེབས་པར་བྱེད་པ་དེ་དག་བསམ་པར་བྱས་པ་གང་ཡིན་པ་དེས་དེ་དང་རྣམ་པར་དབྱེ་བར་འགྱུར་རོ། །ཡང་ན་རྟ་མགྲིན་གྱི་སྦྱོར་བས་དུར་ཁྲོད་ཀྱི་རས་ལ་གི་ཝང་དང་། དུག་དང་མྱོས་པར་བྱེད་པའི་ལོ་མ་དང་། ནིམ་པའི་ལོ་མའི་ཁུ་བ་དང་ཁྭ་དང་འུག་པའི་ཁྲག་ལྷན་ཅིག་སྦྱར་ལ་ དེས་རྡོ་རྗེ་རྩེ་ལྔ་པ་འབར་བ་དང་། དེའི་ལྟེ་བ་ལ་པདྨ་འདབ་མ་བརྒྱད་པ་དང་དེ་ལ་ཆེ་གེ་མོ་དང་ལྷན་ཅིག་བི་དྭེ་ཥང་ཀུ་རུ་ཞེས་བྲིས་ལ་གཉི་ག་ནང་དུ་ཆུད་པ་སྔོན་དུ་སོང་བ་ཅན་གྱི་མ་ཧེ་དང་རྟའི་རྨིག་པའི་ནང་དུ་བཞག་ཅིང་དུག་དང་སྐེ་ཚེ་དག་གིས་ལེགས་པར་བཀང་ནས་ཁྲོ་བོའི་ཚིག་གིས་བརྒྱ་རྩ་བརྒྱད་མངོན་ པར་བསྔགས་ལ། ནིམ་པའི་ཤིང་གི་ནང་དུ་བཅུག་ལ་གཞག་པར་བྱའོ། །འདིས་ནི་གང་འདོད་པ་དེ་དབྱེ་བར་འགྱུར་རོ། །ཏ་ལའི་ལོ་མ་ཞེས་བྱ་བ་ལ་སོགས་པ་ལ་གཞན་ལ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་སོགས་པ་ལའོ། །འདིར་མན་ངག་ནི་ལྷ་ཆེན་པོའི་གཟུགས་ཀྱི་གཡས་རོལ་ལ་སོགས་པ་ ལ་འདུག་ནས་དེ་གནོད་མཛེས་ཀྱིས་བཀུག་སྟེ། དམ་ཚིག་ལ་བཞག་ནས་ཚ་བ་དང་ཁ་བ་དང་བསྔགས་པ་མ་ཡིན་པའི་མེ་ཏོག་རྣམས་ཀྱིས་མཆོད་དོ། །དེ་བླངས་ནས་དེ་ལ་རང་གི་ལས་གྲུབ་པའི་ཕྱིར་གསོལ་བ་བཏབ་ཅིང་སླར་བཏང་སྟེ། བདག་ཉིད་ཀྱང་གྲོང་གི་གཡས་ཕྱོགས་སུ་སོང་ལ། ཏ་ལའི་ལོ་མ་ལ་སོགས་པ་འབུས་ཟོས་པའི་ལྷག་མ་ལ་མི་རུས་ཀྱི་ཐུར་མས་ཕྱག་རྒྱ་བརྐོ་བའི་ཚུལ་དུ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་སྔགས་བཀོད་ལ་ཞག་ལ་སོགས་པ་བསྐུས་ཏེ་ནིམ་པའི་ལོ་མ་ལ་སོགས་པའི་ཁ་ཆུ་གཏོར་ཞིང་། ཁྲོས་པས་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། ། མེ་ཏོག་དེ་དག་ལ་ཡང་ལན་བདུན་མངོན་པར་བསྔགས་པ་བྱས་ལ། དེ་ནས་ཉུང་ཟད་ཅིག་ཏ་ལའི་ལོ་མས་དཀྲིས་ལ། ཏ་ལའི་ལོ་མ་ཡང་མེ་ཏོག་ལྷག་མ་རྣམས་ཀྱིས་སྟེང་ནས་དཀྲི་བར་བྱའོ། །དེ་ནས་དགྲ་བོའི་སྒོ་ལ་སོགས་པར་ཙོག་པུས་ཁུང་བུ་བརྐོས་ལ་སྦས་ན་ཇི་སྲིད་གསུངས་པ་བཞིན་ དུ་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །འབྲས་བུ་ཆེན་པོ་ཉིད་ཡིན་པའི་ཕྱིར་དམ་ཚིག་ཆེན་པོ་ཡང་དེ་ཡིན་ལ་མཐར་བྱེད་པ་ཉིད་ཀྱི་ཕྱིར་དཔལ་ཡང་ཡིན་ལ། བརྟན་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡང་ཡིན་པས་ནའོ། །དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །སྤྱིར་ཕུར་བུས་གདབ་པའི་སྔགས་ བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ཡིན་ལ། དེ་རྣམས་མི་གཡོ་བར་བྱེད་པའི་ཕྱིར། སྐུ་དང་གསུང་དང་ཐུགས་ངེས་པར་འཆིང་བ་ཡང་ཡིན་ལ། རྡོ་རྗེ་ཕུར་བུ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ ཡང་ཡིན་པས་ནའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །སྔགས་འདིར་ཡང་སརྦྦ་དུཥྚཱན་སརྦ་པཱ་པཾ་ཞེས་བྱ་བའི་ཕུང་བའི་གནས་སུ་བསྒྲུབ་པར་བྱ་བའི་མིང་གཉིས་པའི་མཐའ་ཅན་བལྟ་བར་བྱའོ། །ཨཱ་ཛྙཱ་པ་ཡ་ཏི་ཞེས་བྱ་བ་འདིའི་དེ་མ་ཐག་ཏུ་ཡང་དེ་ཉིད་ཀྱི་བྱེད་ པའི་ཚིག་དྲུག་པའི་མཐའ་ཅན་བལྟ་བར་བྱའོ། །རྡོ་རྗེ་ཀུན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །དེ་ཉིད་ནི་རྫུ་འཕྲུལ་ཆེན་པོའོ། །ནམ་མཁའི་རྡོ་རྗེ་ཐུགས་ནི་རྡོ་རྗེ་འཆང་བའོ། །རིགས་གསུམ་ལ་ཕུར་བུ་གསུམ་ཁ་དོག་གི་དབྱེ་བས་གསུངས་པ་ནི་མི་རུས་ཞེས་བྱ་བ་ལ་སོགས་པའོ། །སེང་ ལྡེང་རྩེ་ནི་སེང་ལྡེང་གི་སྙིང་པོའོ། །ཐུགས་རྡོ་རྗེ་ལ་སོགས་པའི་སྦྱོར་བའམ། ཁྲོ་བོའི་སྦྱོར་བ་བྱས་ལ་ཐུགས་རྡོ་རྗེ་ལ་སོགས་པའི་ཕུར་བུས་ཕུར་བུ་གདབ་པར་བྱ་བ་ཡིན་པ་དེའི་ཕྱིར། འོད་འཕྲོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་ ཁྲོས་པར་གྱུར་པའོ། །མཉམ་གཞག་ལ་ཞེས་བྱ་བ་ནི་བསྒོམས་ནས་སོ། །གཟུགས་བརྙན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཟུགས་བརྙན་ནོ། །བསམས་ནས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཟུགས་སུ་བསྒོམས་ནས་སོ། །སྦྱོར་བར་བྱ་ཞེས་བྱ་བ་ནི་གཟུགས་བརྙན་དེ་ཉིད་ལ་བསྣུན་པའོ། །གང་ ཞེ་ན་སྐབས་ཉིད་ཡིན་པའི་ཕྱིར་ཐུགས་རྡོ་རྗེ་ཕུར་བུའོ། །ཇི་ལྟར་བསྣུན་པར་བྱ་ཞེ་ན། རྡོ་རྗེ་སྐུ་ནི་གསུམ་གྱི་མཐར་ཏེ། རྡོ་རྗེ་གསུམ་ཡང་སྤྱི་བོ་དང་། ལྐོག་མ་དང་། སྙིང་གའོ། །སྐུའི་མཐའ་ཡང་རྐང་པའི་མཐའ་སྟེ་བསྣུན་པ་གང་ལ་ཕུར་བུ་གནས་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་གསུམ་ཡང་ བསྣུན་ཞེས་བྱ་བ་ལ་མགོ་ནས་རྐང་པའི་མཐར་ནི་སྐུ་རྡོ་རྗེའོ། །ལྐོག་མ་དང་། སྙིང་གར་ནི་གསུང་དང་། ཐུགས་ཀྱི་རྡོ་རྗེ་སྟེ། དེ་རྣམས་ལ་ཕུར་བུས་བསྣུན་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །འདིར་སྦྱོར་བ་ནི་སྔར་བཤད་པའི་རྫས་ཀྱིས་དུར་ཁྲོད་ཀྱི་རས་ལ་རྡོ་རྗེ་འབར་བ་དེའི་ལྟེ་བར་ཞེ་སྡང་རྡོ་རྗེ་ཡི་གེ་ཧཱུཾ་ལས་ བྱུང་བའི་འོག་རྩེ་གཅིག་པའི་རྣམ་པ་ཅན་བྲིས་ནས་བཀུག་སྟེ། ལྕགས་ལས་བྱས་པའི་ཕུར་བུ་སོར་བརྒྱད་པའི་ཁོང་སྟོང་དུ་བཅུག་ལ་མེ་ཏོག་སྔོན་པོས་མཆོད་དེ་ཞེ་སྡང་རྡོ་རྗེའི་སྦྱོར་བས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་སྔ་མ་བཞིན་དུ་གཟུགས་བརྙན་ཕུར་བུ་ཙམ་དུ་བྱས་ལ་དེའི་སྙིང་གར་བྲིས་པའི་ འདབ་མ་བཅུག་ནས་བཀུག་སྟེ། བསྒྲུབ་པར་བྱ་བའི་མིང་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་བཟླས་ལ་སྤྱི་བོ་ནས་བརྩམས་ཏེ། རྐང་པའི་མཐར་ཐུག་གི་བར་དུ་ཕུར་བུས་གདབ་པར་བྱའོ། །དེ་བཞིན་དུ་འཁོར་ལོའི་ལྟེ་བར་ཁྲོས་ཤིང་གནག་པའི་རྣམ་པར་སྣང་མཛད་ཀྱི་ཕུར་བུ་བྲིས་ལ། དེ་མི་རུས་ཀྱི་ཕུར་ བུ་སོར་བརྒྱད་པའི་ཁོང་སྟོང་དུ་བཅུག་ནས་ཁྲོས་ཤིང་གནག་པའི་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དེས་སྔ་མ་བཞིན་དུ་ཕུར་བུས་གདབ་པར་བྱའོ། །དེ་བཞིན་དུ་པདྨའི་ལྟེ་བ་ལ་འོད་དཔག་ཏུ་མེད་པའི་ཕུར་བུ་བྲིས་ཏེ། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི་ཁོང་སྟོང་དུ་བཅུག་ལ་ཁྲོས་ཤིང་གནག་པའི་འོད་དཔག་ ཏུ་མེད་པའི་སྦྱོར་བ་དེས་ཕུར་བུས་གདབ་པར་བྱའོ། །དེ་བཞིན་དུ་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར་བས་གང་ཡང་རུང་བའི་ཕུར་བུ་གསུམ་དང་བྱའོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་བདུད་རྩི་འཁྱིལ་པ་ལ་བདུད་རྩི་ཐབ་སྦྱོར་རོ། །རྡོ་རྗེ་ནི་དེའི་རང་བཞིན་ཅན་ཏེ། དེའི་ ཕུར་བུ་ཞེས་བྱ་བའི་དོན་ཏོ། །དེས་གདུག་ཅིང་ཁྲོ་བ་རྣམས་ཚར་གཅད་པར་བྱའོ། །གང་གི་གདུག་ཅིང་ཁྲོ་བ་ཞེ་ན། སངས་རྒྱས་བདག་ཉིད་ཆེན་པོ་ཡང་སྟེ། གཞན་དག་ལྟ་སྨོས་ཀྱང་ཅི་དགོས། རྡོ་རྗེའི་སྦྱོར་བས་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་རྡོ་རྗེ་དང་ཁྲོ་བོ་རྣམས་ཀྱི་སྦྱོར་བས་སོ། །སྔ་མ་ བཞིན་དུ་དུར་ཁྲོད་ཀྱི་རས་ལ་ཁྲོ་བོའི་རྡོ་རྗེ་དང་དེའི་ལྟེ་བར་ཡང་བགེགས་མཐར་བྱེད་འོག་རྩེ་གཅིག་པའི་རྣམ་པ་ཅན་བྲིས་ཤིང་། དེ་ལྕགས་ལ་སོགས་པ་ལས་བྱས་པའི་ཕུར་བུ་སོར་བརྒྱད་པའི་ཁོང་སྟོང་དུ་བཅུག་ལ་སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བ་དེས་སྔ་མ་བཞིན་དུ་ཕུར་བུས་གདབ་པར་བྱའོ་ཞེས་བྱ་བའི་ དོན་ཏོ། །འདིར་མན་ངག་ནི་བསྒྲུབ་པར་བྱ་བའི་གཟུགས་བརྙན་ལ་མི་རུས་ཀྱི་ཕུར་བུ་ལན་བརྒྱ་རྩ་བརྒྱད་བཟླས་པ་དང་བཅས་པས་སྤྱི་བོར་ཕུར་བུས་བཏབ་ན་གླད་གཟེར་གྱིས་བཏབ་པར་འགྱུར་རོ། །དེ་ཉིད་ལ་སེང་ལྡེང་གི་ཕུར་བུས་བཏབ་ལ་མིའི་ཐོད་པ་ཁ་སྦྱར་ལ་གནས་པ་དུར་ཁྲོད་ཀྱི་མེ་ལ་བསྲོས་ ན་ཚ་བའི་རིམས་ཀྱིས་བཏབ་པར་འགྱུར་རོ། །དེ་ཉིད་ལ་ལྕགས་ལས་བྱས་པའི་ཕུར་བུ་སོར་བརྒྱད་པས་བཏབ་ལ་དུར་ཁྲོད་ཀྱི་མེའི་ནང་དུ་བཅུག་ན་འཕྲལ་དུ་འཆི་བར་འགྱུར་རོ། །སྙིང་ག་ན་ཞེས་བྱ་བ་ལ་སོགས་པ་ནི་བྲིས་པ་དང་བསམ་པའི་ཕུར་བུའི་གཟུགས་གསུངས་པ་སྟེ། ལྕགས་དང་རུས་པ་ དང་སེང་ལྡེང་གི་ཕུར་བུའི་རྣམ་པ་འདི་ནི་ངེས་པ་མ་ཡིན་ནོ། །སྙིང་ག་ནས་རྐང་པའི་བར་དུ་རྡོ་རྗེ་རྩེ་གཅིག་པ་ལྟ་བུའི་ཕུར་བུ་བྱའོ། །སྙིང་ག་ལས་གོང་དུ་ཡང་དམ་ཚིག་དེ་ཉིད་བྱ་སྟེ། སྙིང་ག་ཡན་ཆད་སྐུ་རྡོ་རྗེ་ལ་སོགས་པའི་གཟུགས་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་མཇུག་བསྡུ་བའོ། ། ཕུར་བུའི་རྣམ་འཕྲུལ་ཡིན་ཞེས་བྱ་བ་ནི་ཕྱིའི་ཕུར་བུའི་ཆོ་ག་རྒྱས་པ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པ་བསམ་གཏན་རྡོ་རྗེ་ནི་བསམ་གཏན་གྱི་ཕུར་བུའོ། །ཀྱང་གི་སྒྲས་ནི་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཕུར་བུས་བཏབ་ན་ཞེས་བྱ་བ་ནི་ཕུར་བུས་ བཏབ་པར་གྱུར་པ་ནའོ། །ཉེ་བར་སྒྲུབ་པ་ལ་དྲག་ཤུལ་གྱི་སྦྱོར་བ་ཡང་བཞེད་ལ། དེ་ནི་བཅུ་པ་ཉིད་དུ་མང་དུ་གསུངས་མོད་ཀྱི་ལྷག་མ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཉིད་བདུད་རྩི་ཐབ་སྦྱོར་དང་གཉིས་སུ་མེད་པར་གྱུར་པ་ནི་ རྣམ་པར་སྣང་མཛད་ཆེན་པོའོ། །དེས་སྐུ་རྣམ་པར་འཕྲུལ་པ་ནི་རྣམ་པར་སྣང་མཛད་ཀྱི་ཕུར་བུའོ། །དེའི་དོན་གྱི་རྡོ་རྗེ་ནི་བསམ་གཏན་གྱི་ཕུར་བུའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་འཆད་པར་འགྱུར་བའི་ཏིང་ངེ་འཛིན་རྣམས་ལ་ཡང་བཤད་པར་བྱའོ། ། སྐུའི་དམ་ཚིག་ནི་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཚམ་ངམ་ནི་འགུགས་པའོ། །དེའི་དོན་གྱི་ཕུར་བུ་དང་དེའི་དོན་གྱི་སྔགས་སོ། །ཕན་ཚུན་ཞེས་བྱ་བ་ལ་སོགས་པས་སྦྱོར་བ་གསུངས་པ་ནི་ཕན་ཚུན་དཀྲི་བ་ནི་དམ་དུ་འཁྱུད་པའོ། །ཐབས་དང་ཤེས་རབ་ཀྱི་ལུས་གང་ལ་ཁྲོས་ ཤིང་གནག་པའི་སྤྱན་རྣམ་པར་སྣང་མཛད་ཀྱི་ཚུལ་དུ་བསྒོམས་པ་ཡོད་པའོ། །འབར་བའི་གསང་བའི་རྡོ་རྗེ་ནི་མཐེ་བོའོ། །གཞི་ནི་པདྨ་སྟེ། དེ་དག་གང་ལ་འདུས་པ་ཡོད་པའོ། །རྣམ་པར་སྣང་མཛད་ཀྱི་ཚུལ་ནི་པདྨའི་ལྟེ་བ་ལ་བཞུགས་པའི་རྟག་པའི་གཟུགས་དཀར་པོའོ། །དེར་གནས་པ་སྟེ། གང་ལ་རང་གི་མཐེ་བོས་སྙིང་གར་གནོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་གང་ཡིན་ཞེ་ན། རྡོ་རྗེ་ཕུར་བུས་ངེས་པར་གདབ་པ་ནི་བསམ་གཏན་གྱི་རང་བཞིན་གྱི་སྐུ་རྡོ་རྗེའི་ཕུར་བུས་སྔགས་ཀྱི་མཐར་རྡོ་རྗེ་ལས་བསྒྲུབ་པར་བྱ་བའི་སྙིང་གར་ངེས་པར་གདབ་པ་གང་གིས་འདིའི་ཐུགས་དང་ཕྱག་ མཚན་དང་སྔགས་ཡང་དག་པར་ཕུར་བུས་བསྣུན་པར་འགྱུར་རོ། །བཏབ་མ་ཐག་ཏུ་ཞེས་བྱ་བ་ནི་ཆོ་ག་གཞན་ལ་ལྟོས་པས་ནི་མ་ཡིན་ནོ། །རྡོ་རྗེ་སྐུ་གསུམ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་འབྱུང་བ་ནི་སྐྱེ་བའོ། །ལྡང་བར་འགྱུར་ཞེས་བྱ་བ་ནི་མཐོ་བར་འགྲོ་བ་སྟེ། འཇིག་རྟེན་ལས་འདས་པ་ གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་མཆོག་གིས་ཞེས་བྱ་བ་ནི་སྐད་ཅིག་གིས་ཏེ། དུས་གཞན་དག་ལ་ལྟོས་པས་ནི་མ་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་གང་གི་ཚེ་ལྡང་བར་མི་འགྱུར་ན། དེའི་ཚེ་འཆི་བའི་གནས་སུ་འགྱུར་ཏེ། ཕུར་བུས་བསྣུན་པས་འཆི་བར་འགྱུར་རོ། །ཁྱད་པར་ གསུངས་པ་གྲུབ་པ་འདི་ནི་སྦྱོར་བ་ལ་བསྟོད་པའི་དོན། འཇིག་རྟེན་གྱི་དབང་ཕྱུག་ནི་ཆགས་ཆེན་རྣམ་པ་གསུམ་གཟུང་སྟེ་དེའི་ཚེ་ཁྲོ་བོ་དང་བཅས་པའི་འོད་དཔག་མེད་དུ་སྒོམ་པའོ། །གསུང་དེ་ཉིད་ནི་རྣམ་པར་འཕྲུལ་པའོ། །ཡེ་ཤེས་པདྨོ་ནི་རང་གི་རིག་པ་གོས་དཀར་མོའི་པདྨའོ། །རྡོ་རྗེ་ཉིད་ ནི་སོར་མོའོ། །འདིར་རྡོ་རྗེའི་ཕུར་བུ་ནི་གསུང་གི་རྡོ་རྗེའི་ཕུར་བུའོ། །རྡོ་རྗེ་ཆེ་ནི་གསུམ་པོ་རྣམས་ལ་ཅིག་ཅར་རོ། །སྐུ་གསུམ་དྲི་མེད་ནི་བྱང་ཆུབ་ཀྱི་སེམས་སོ། །བཏབ་པ་ཙམ་གྱིས་ཞེས་བྱ་བ་ནི་དེའི་སྐད་ཅིག་ལའོ། །རྡོ་རྗེ་འཛིན་ནི་མི་བསྐྱོད་པའོ། །དེའི་ཚེ་རྡོ་རྗེ་ཅན་གཉི་ག་ཡང་ཁྲོ་བོ་དང་བཅས་ པའི་མི་བསྐྱོད་པར་བསྒོམ་པའོ། །ཐུགས་དེ་ཉིད་ནི་རྣམ་པར་འཕྲུལ་པའོ། །རྩེ་མོ་ལྔ་པར་བཅིངས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་བསྒོམས་པའི་མི་བསྐྱོད་པའི་གསང་བའི་རྡོ་རྗེའི་ངེས་པར་བཅིང་བ་ནི་རང་གི་མཱ་མ་ཀཱིའི་པདྨའི་ལྟེ་བ་ལ་ཡང་དག་པར་སྦྱོར་བས་སོ། །གང་ལ་འོད་འཕྲོ་ བ་མང་པོ་འཁྲིགས་པའི་རྡོ་རྗེ་བསྒོམས་པ་ཡོད་པའོ། །སྐུ་གསུང་ཞེས་བྱ་བ་ལ་སོགས་པ་ལ་ཆོ་ག་ནི་འདས་མ་ཐག་ཏུ་བཤད་པའོ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པ་ཉིད་ཀྱིས་སོ། །མཁའ་དབྱིངས་རྡོ་རྗེ་ནི་རྡོ་རྗེ་འཆང་བའོ། །དེའི་མཐའ་ཀླས་པ་ནི་ དེའི་བར་དུ་ཡང་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཕུར་བུ་སྟོན་པར་མཛད་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུམ་པོའི་མཆོག་ནི་དམ་པའོ། །མཉེས་པ་ནི་མགུ་བའོ། །དེས་མཛད་པའི་སྐུ་དང་གསུང་གི་རྣམ་པར་འགྱུར་བ་ནི་རབ་ཏུ་དགྱེས་པའོ། །ཅི་ཞིག་བཞེད་ ནས་བཀའ་སྩལ་ཞེ་ན། སེམས་ཅན་ཁམས་ལ་ཕན་མཛད་པ་སྟེ། ཕན་པ་ནི་འདིར་ཇི་སྐད་དུ་བཤད་པའི་དོན་ལ་ཐེ་ཚོམ་ལས་ལྡོག་པ་སྟེ། འདི་ནི་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ་ཡིན་གྱི། མཉེས་པར་མི་བྱེད་པ་ནི་མ་ཡིན་ནོ་ཞེས་ཡང་དག་པར་རྟོགས་པའི་ཕྱིར་རོ། །དེ་ཉིད་ ཀྱི་ཕྱིར་མཉེས་པ་ཡང་དག་པར་སྟོན་པར་མཛད་དེ། འདིར་ཡང་འབྲས་བུ་ཆེན་པོ་ཉིད་ཡིན་ནོ་ཞེས་ཁོང་དུ་ཆུད་པའི་ཕྱིར་རོ། །འདི་ཉིད་རྟོགས་པར་བྱ་བའི་ཕྱིར། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་ནི་ཐུགས་ཀྱི་ཡོན་ཏན་རྣམས་ཀྱི་མཐར་ཐུག་པའོ། །དེ་ཉིད་ཀྱི་གནས་ ཀྱི་མཆོག་ནི་ཐབས་ཀྱི་དམ་པའོ། །སྙིང་པོ་ནི་སྐུའི་ཡོན་ཏན་དག་པ་རྣམས་སོ། །དེ་རྣམས་ཀྱི་ཀུན་བཏུས་པ་འདི་ནི་མ་ལུས་པར་ཐོབ་པའོ། །ཆོས་ནི་ཤེས་རབ་སྟེ་ཡོན་ཏན་རྣམས་ཀྱི་མཐར་ཐུག་པའོ། །དེ་ཉིད་ཀྱི་གནས་ཞི་བ་འདི་ནི་ཉེས་པ་དང་བྲལ་བའི་ཐབས་ སོ། །རྡོ་རྗེ་ནི་ཉོན་མོངས་པའི་རྣམ་པར་རྟོག་པ་རྣམས་ཏེ། དེ་རྣམས་རྣམ་པར་འཇོམས་པའོ། །དེ་ལྟར་ན་རྟོགས་པའི་འབྲས་བུ་རྣམ་པ་གསུམ་དང་བཞི་པ་སྤངས་པའི་འབྲས་བུ་ལ་རེ་རེ་ཞིང་ངོ་མཚར་སྦྱར་བ་ཡིན་ནོ། །ཕུར་བུས་བསྣུན་པ་འབྲས་བུ་ཆེན་པོ་འདི་ཉིད་གང་ཡིན་པ་དེ་ཅི་རྣམ་ པར་སྣང་མཛད་དང་། འོད་དཔག་ཏུ་མེད་པ་དང་། མི་བསྐྱོད་པ་གསུམ་པོ་ཉིད་ཡིན་ནམ། འོན་ཏེ་སྔགས་ཐམས་ཅད་ཀྱི་ཡིན་ཞེ་ན། དེའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ལ་སོགས་པའི་ཕུར་བུ་དང་། སྐུ་ལ་སོགས་པའི་སྦྱོར་བས་ཕུར་བུས་གདབ་པར་ གསུངས་པ་གང་ཡིན་པ་དེ་ནི་སྔགས་རྣམས་ལ་སྟེ། རིགས་རྣམས་ནི་འཁོར་ལོས་སྒྱུར་བས་བསྡུས་པས་དེའི་ཚེ་དེ་རྣམས་ཀྱང་དེ་དག་ཉིད་དུ་བསྒོམ་པར་བྱའོ། །འདི་དེ་ཞེས་བྱ་བ་ནི་ཡན་ལག་དྲུག་གི་བསྙེན་པ་རྫོགས་པར་བྱས་ནས་ཉེ་བར་སྒྲུབ་པ་ལ་ཞུགས་པས་སྒྲུབ་པ་བཞིས་མ་གྲུབ་ པའི་རྣལ་འབྱོར་པས་བྱ་བ་དོན་ཡོད་པ་གང་ཡིན་པ་དེ་ཡང་འདི་དེ་ཡིན་ནོ། །དེ་ཉིད་ལས་བྱུང་ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་སྐུ་རྡོ་རྗེ་ལ་སོགས་པའི་ཕུར་བུ་ལས་འདི་འབྱུང་བའི་ཕྱིར་རོ། །སྐུ་གསུང་ཐུགས་ནི་བྱང་ཆུབ་ཀྱི་སེམས་སོ། །མཆོག་ནི་འཇིག་རྟེན་ལས་འདས་ པའོ། །དེ་ཐོབ་པར་བྱེད་པས་ན་སྐུ་གསུང་ཐུགས་ཀྱི་མཆོག་སྦྱིན་པའོ། །རང་རང་གི་སྔགས་ཀྱི་དེ་ཉིད་ནི་སྐུ་ལ་སོགས་པའི་ཡོན་ཏན་རྣམ་པར་དག་པ་མཐར་ཐུག་པ་རྣམས་སོ། །དེ་རྣམས་ཀྱིས་བསྡུས་པ་ནི་མ་ལུས་པར་ཐོབ་པ་ཉིད་ཀྱི་ཕྱིར་རོ། །ལེའུ་བཅུ་བཞི་པོ་འདི་ལ། ཉི་ཤུར་གཅིག་ གིས་མ་ཚང་སྔགས། །དེ་རྣམས་དོན་གྱི་ཚུལ་འདི་ནི། །དབང་བསྐུར་དམ་པ་དག་ལས་མཆོག །བློ་ཙམ་ཉིད་ཤེས་རྩ་བ་ཡིན། །མཆོད་པ་ལས་ནི་རབ་སྒྲུབ་བྱེད། །དེས་ན་སྔགས་ཀྱི་ཐོག་མར་ཨོཾ། །མཐར་ནི་སྭཱ་ཧཱ་ཞེས་གསལ་བྱེད། །ལ་ལར་དཀོན་མཆོག་གསུམ་ལ་འདུད། །ལ་ལར་ སྔགས་དེ་ཉིད་ལ་འདུད། །གང་ཕྱིར་འདུད་པར་བྱེད་པ་དེས། །སྔགས་དེ་ཤིན་ཏུ་དགྱེས་པར་འགྱུར། །ངེས་སྦྱོར་དང་ནི་གསལ་མཐའ་ཅན། །གང་དེར་ཕལ་ཆེར་ལན་གཉིས་བརྗོད། །ཡང་ཡང་དང་ནི་ངེས་པར་རམ། །མྱུར་བ་ཉིད་ཅེས་ཤེས་པར་བྱ། །དེ་ལ་དང་པོར་སྤྱན་གྱི་སྔགས་ལ་ རུ་རུ་ནི་སྙིང་གའི་ཟླ་བའི་སྔགས་ཀྱི་ཡི་གེ་རྣམས་ཀྱིས་བརྗོད་ཅིག་ཅེས་བྱ་བའི་དོན་ཏེ་གསུངས་ཤིག་གསུངས་ཤིག་ཅེས་བྱ་བའི་བར་དུའོ། །སྥུ་རུ་ནི་དེ་རྣམས་ལས་སྤྲོས་པའི་རང་གི་སྐུའི་སྤྲིན་གྱིས་ནམ་མཁའ་ཁྱབ་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །ཛྭ་ལ་ནི་དེ་རྣམས་ཀྱི་འོད་ཟེར་ཙམ་ཉིད་དུ་ཉེ་བར་ འགྲོ་བས་སོ། །ཏིཥྛ་ནི་དེ་རྣམས་ནད་པའི་ལུས་སུ་ཞུགས་ནས་སོ། །དེ་ལྟར་ན་ལས་བཞི་པོ་འདི་ནི་ཞི་བར་བྱེད་པ་ཡིན་ནོ། །སིདྡྷ་ནི་སངས་རྒྱས་རྣམས་ཏེ། དོན་ཐམས་ཅད་བློ་ཙམ་དུ་སྣང་བའོ། །དེ་རྣམས་ཀྱི་ལོ་ཙ་ན་ནི་དེ་བཞིན་མཐོང་བར་བྱེད་པ་སྟེ། དེ་ཉིད་ཀྱིས་མཐོང་བ་རྣམས་དེ་རྣམས་ཀྱིས་དེ་ བཞིན་དུ་མཐོང་བའི་ཕྱིར་རོ། །དེ་འདིའི་དེ་ཁོ་ན་ཉིད་དོ། །སརྦྦ་ཨརྠ་རྣམས་ནི་ཞི་བ་དང་རྒྱས་པ་ལ་སོགས་པའོ། །སཱ་དྷ་ནི་ཐོབ་པར་བྱེད་པ་སྟེ། རང་གི་ཐུགས་ཙམ་ཉིད་དུ་ཡང་དག་པར་མཐོང་བ་ཉིད་ཐོབ་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །སྭཱ་ཧཱ་ཞེས་བྱ་བ་ནི་མཆོད་པ་སྟེ། ཁྱོད་ལ་མཆོད་ པ་བགྱིའོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ལན་གཉིས་བརྗོད་པ་ནི་ཅི་ཡང་མེད་དོ། །མཱ་མ་ཀཱིའི་སྔགས་ལ་ཤངྐ་རེ་ཤཱནྟིཾ་ཀ་རེ་ཞེས་བྱ་བ་ནི་འདིའི་དེ་ཁོ་ན་ཉིད་དོ། །དེ་ལ་ཤཾ་ནི་བདེ་བའོ། །ཉོན་མོངས་པའི་རྣམ་པར་རྟོག་པ་ཟད་པ་ནི་ཤཱནྟི་སྟེ། གོ་རིམས་བཞིན་དུ་ཤེས་བྱ་དང་ཤེས་པ་འབྱུང་ བ་ཟད་པའི་ཕྱིར་རོ། །གྷུཊྚ་གྷུཊྚ་ནི་གོ་ཆ་དང་འཇོམས་པ་དག་ཡིན་པ་དེའི་ཕྱིར་བསྲུང་བའི་ཆོ་གའི་དབང་དུ་མཛད་ནས་གསུངས་པ་གྷུཊྚ་གྷུཊྚ་ནིའོ། །གདུག་པ་གཞོམ་པའི་དབང་དུ་མཛད་ནས་གསུངས་པ་ནི་གྷཱ་ཏ་ཡ་གྷཱ་ཏ་ཡ་གྷུ་ཊྚི་ནའོ། །གོས་དཀར་མོའི་སྔགས་ལ་ཀ་ཊེ་ནི་ཆར་དང་ སྒྲིབ་པ་དག་ཡིན་ཏེ། ཆར་འབེབས་པར་བྱེད་པས་ན་ཀ་ཊེ་སྟེ། སྤྲིན་ལ་སོགས་པ་རླན་པར་བྱེད་པའོ། །དེ་ཡང་རླན་པ་རྣམས་རྒྱས་པར་བྱེད་པའོ། །རིག་པ་འདི་ཡང་རླན་པར་བྱེད་པ་དང་འདྲ་བས་ཀ་ཊེ་ཞེས་བྱ་བ་དེ་རྒྱས་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ཐུན་མོང་གི་རྗོད་པར་བྱེད་པ་ལ་ཡང་ གཙོ་བོ་ཡང་དག་པར་ཤེས་པར་བྱེད་པའི་ཕྱིར་ཀ་ཊེ་ཞེས་བྱ་བ་ནི་ཆོས་རྣམས་རྒྱས་པར་བྱེད་པ་ཡིན་ནོ། །བི་ཀ་ཊེ་ཞེས་བྱ་བ་ནི་རྣམ་པར་བསྐམས་པ་རྣམས་སོ། །ནི་ཀ་ཊེ་ཞེས་བྱ་བ་ནི་ནོར་མེད་པ་རྣམས་སོ། །རྒྱས་པ་དེ་ཡང་དང་ཡང་བྱེད་པའི་ཕྱིར་ཀ་ཊངྐ་ཊེའོ། །སྒྲོལ་མའི་སྔགས་ལ་ བྱ་བའི་ཕ་རོལ་ཏུ་ཕྱིན་པར་མཛད་པའི་ཕྱིར་སྒྲོལ་བར་མཛད་པས་ན་ཏཱ་རེའོ། །ཏུཏྟཱ་གདུང་བ་སྟེ། གདུང་བས་ན་ཏུཏྟཱ་ནི་སྡུག་བསྔལ་ཞེས་བྱ་བའི་དོན་ཏོ། །གདུང་བ་ལས་གྲོལ་བར་མཛད་པས་ན་ཏུཏྟཱ་རེའོ། །ཏུ་རེ་ནི་མྱུར་བ་སྟེ་སྒྲོལ་བ་ལ་མྱུར་བ་ཉིད་ཀྱི་ཕྱིར་ཏུ་རེའོ། །གཤིན་རྗེ་གཤེད་ཀྱི་སྔགས་ལ། ཡ་མཱནྟ་ཡང་དེ་ཡིན་ལ་ཀཱ་ཡ་ལ་ སོགས་པའི་བཛྲ་ཡང་ཡིན་ཏེ། དེ་ལ་ཀཱ་ཡ་བཛྲ་ནི་སངས་རྒྱས་དཀོན་མཆོག་གོ། །བཱཀ་བཛྲ་ནི་ཆོས་དཀོན་མཆོག་གོ། །ཙིཏྟ་བཛྲ་ནི་དགེ་འདུན་དཀོན་མཆོག་གོ། །དེ་དག་ནི་བཞི་པའི་དོན་གྱི་དྲུག་པ་ཡིན་ཏེ། ཁ་ཁ་ཞེས་བྱ་བའི་ཡི་གེ་དང་པོས་ནི་བསྟན་པ་ཡིན་ལ། ཁཱ་ཧི་ཁཱ་ཧི་ ཞེས་བྱ་བ་ནི་བཤད་པ་ཡིན་ཏེ། ཕྱི་རོལ་གྱི་དོན་ཟོ་ཤིག་ཟོ་ཤིག་ཅེས་བྱ་བའི་དོན་དང་སེམས་ཙམ་དུ་ལྟོས་ཤིག་ཅེས་བྱ་བའི་བར་དུའོ། །དེ་ལྟར་ན་ཁྲོ་བོའི་ཡེ་ཤེས་མངོན་སུམ་དུ་བྱ་བ་ལ་ངེས་པར་སྦྱར་བའོ། །སརྦྦ་དུཥྚཱཾ་ས་ཏྭ་ནི་གཤིན་རྗེ་ལ་སོགས་པ་དང་གཞན་དག་གོ། །དེ་རྣམས་ད་ མ་ཀ་ནི་འདུལ་བ་ལ་འཇོག་པར་བྱེད་པའོ། །དེ་ལྟར་ན་ཁྲོ་བོའི་ལས་ཀྱི་འབྲས་བུ་ཡིན་ནོ། །ཨ་སི་ནི་རལ་གྲིའོ། །མུ་ས་ལ་ནི་ཐོ་བ་སྟེ། ཕྱག་གཡས་ཀྱི་མཚན་མའི་གཙོ་བོ་ཡིན་པའི་ཕྱིར་རོ། །འདི་ལ་མཆོག་ཏུ་གྱུར་པའི་འོད་ཡོད་པའི་ཕྱིར་ན་པ་ར་ཤུ་སྟེ་ཡིད་བཞིན་གྱི་ནོར་བུའོ། ། ཆུ་ལ་ཉལ་བ་ཉིད་ཀྱི་ཕྱིར་པ་ཤ་སྟེ་པདྨའོ། །འདིའི་ཧ་སྟ་ལ་དེ་དག་མངའ་བས་ན་དེ་སྐད་ཅེས་བྱའོ། །གཡེར་བག་དང་བཅས་པར་གསོལ་བར་མཛད་པ་ཉིད་ཀྱི་ཕྱིར་ཙ་ཏུརྨུ་ཁའོ། །གྲིམས་པར་མཚོན་ཆ་འཕྱར་བ་ཉིད་ཀྱི་ཕྱིར་ཙ་ཏུརྦྷུ་ཛའོ། །ཕྱོགས་དྲུག་ཅར་དུ་སྐུ་སྣ་ཚོགས་ཀྱིས་ཅིག་ཅར་བཞུད་ པའི་ཕྱིར་ཥ་ཊ་ཙ་ར་ཎའོ། །དེ་ལྟར་ན་ཁྲོ་བོའི་ལས་ཀྱི་ཐབས་ཡིན་ནོ། །ཨ་གཙྪ་ཨ་གཙྪ་ཞེས་བྱ་བ་ནི་བོད་པའོ། །སརྦ་དུཥྚཱ་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པའོ། །དེ་རྣམས་ཀྱི་པྲཱ་ཎ་ཨ་པ་ཧ་ར་ནེ་ནི་སྲོག་འཕྲོག་པར་གྱིས་ཤིག་པའོ། །བོད་པ་ལ་རྣམ་པར་བསྒྱུར་ནས་ བཞི་པ་ཡིན་ནོ། །མ་ཧཱ་བིགྷྣཱཾ་ནི་གཤིན་རྗེ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གྷ་ཏ་ཀའོ། །དེ་ལྟར་ན་ཁྲོ་བོའི་ལས་སོ། །གདུག་པ་རྣམས་འཇིགས་པར་བྱེད་པ་ཡང་ཁྲོ་བོའི་ལས་ཡིན་ཏེ། སརྦྦ་བྷཱུ་ཏ་བྷ་ཡཾ་ཀ་རའི་ཚིག་གིས་སོ། །གཞན་ལྷག་མ་གསུམ་གྱིས་དེའི་ཐབས་བསྟན་པའི་ ཕྱིར། བི་ཀྲྀ་ཏཱ་ན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨིན་མ་བསྡུས་པ་དང་། མཆེ་བ་གཙིགས་པ་ལ་སོགས་པ་དང་ལྡན་པའི་ཞལ་མངའ་བ་ཉིད་ཀྱི་ཕྱིར་བི་ཀྲྀ་ཏཱ་ན་ནའོ། །སརྦྦ་བྷཱུ་ཏ་ནི་གཤིན་རྗེ་ལ་སོགས་པ་སྟེ་བྷ་ཡཾ་ཀ་རའོ། །དྲག་ཏུ་བཞད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ ཨཊྚཱཊྚ་ཧ་ས་ན་དེ་ནི་བྱ་གྷྲ་ཙརྨ་ནི་བཱ་སཱ་ན་ནི་མནབས་པའོ། །འདི་མན་ཆད་ནི་བསྒོ་བ་ལ་ངེས་པར་སྦྱར་བ་ཡིན་ནོ། །སརྦྦ་ཀརྨཱ་ཎ་ནི་ཞི་བ་ལ་སོགས་པ་སྟེ། བདག་འདོད་པ་ཞེས་བྱ་བ་ནི་ལྷག་མའོ། །སརྦ་མནྟྲ་ན་ཞེས་བྱ་བ་ལ་ཕ་རོལ་གྱི་ཞེས་བྱ་བ་ནི་ལྷག་མའོ། །མུ་དྲ་ནི་ལག་པའི་ཕྱག་རྒྱ་ ལ་སོགས་པའོ། །པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཞེས་བྱ་བ་ནི་འདུལ་བར་བྱ་བའི་ཕྱིར་རོ། །བཻ་བ་ཤྭ་ཏ་ནི་གཤིན་རྗེའོ། །དེའི་ཛཱི་བི་ཏཱ་དེ་ཨནྟ་ཀ་ར་སྟེ། གཤིན་རྗེ་གཤེད་ཅེས་བྱ་བའི་དོན་ཏོ། །ད་ཧ་ད་ཧ་པ་ཙ་པ་ཙ་ཞེས་བྱ་བ་ནི་གཞན་དག་གོ། །ས་མ་ཡ་ནི་དམ་བཅས་པའོ། །ཡི་གེ་ཧཱུྃ་གཉིས་ ཀྱིས་ནི་དྲག་པོའི་ལས་ཀྱི་བསྒོ་བ་ལ་ངེས་པར་སྦྱར་བ་གཉིས་སོ། །ཡི་གེ་ཕཊ་གཉིས་ཀྱིས་ནི་ལྟུང་བར་བྱ་བའོ། །སྥོ་ཊ་ཡ་སྥོ་ཊ་ཡ་ཞེས་བྱ་བ་ནི་ཚོགས་རེ་རེ་ནས་ཤིག་ཤིག་ཤིག་ཤིག་པའོ། །སརྦྦ་ཨ་ཤ་པ་རི་པུ་ར་ཀ་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱིའོ། །རི་པུ་ན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གདུག་ པ་རྣམས་སོ། །ཀ་ར་ཀ་ར་ཞེས་བྱ་བ་ནི་ཇི་ལྟར་བསྒོ་བ་ལ་ངེས་པར་སྦྱར་བ་བཞིན་དུ་གྱིས་ཤིག་གྱིས་ཤིག་པའོ། །ཀི་ན་ཙི་ར་ཡ་སི་ཞེས་བྱ་བ་ནི་ཅིའི་ཕྱིར་འགོར་བའོ། །ཨ་ནུ་སྨ་ར་དང་ན་ཤ་ཡ་དང་ས་ཡ་ད་ཞེས་བྱ་བ་གསུམ་ལ་ལན་གཉིས་བརྗོད་པ་མེད་དོ། །བདུད་རྩི་ཐབ་སྦྱོར་གྱི་སྔགས་ལ་ སྒྲིབ་པ་ཐམས་ཅད་རྣམ་པར་འཇིག་པར་མཛད་པ་ཉིད་ཀྱི་ཕྱིར་བཛྲ་ཡང་ཡིན་ལ་ཀྲི་དྷ་ཡང་ཡིན་པ་དེ་ལྟར་ན་མཚན་གཞན་ནོ། །མ་ཧཱ་དཾཥྚོ་ཡང་ཡིན་ལ་ཨུཏྒ་ཏ་ཡང་ཡིན་ཞིང་། བྷི་ར་བཱ་ཡང་ཡིན་པ་དེ་ལྟར་ན། སྐུ་དང་གསུང་དང་ཐུགས་དྲག་པོ་ཉིད་དོ། །མུ་ཥ་ལ་ནི་རྡོ་རྗེ་ཁ་གྱེས་པ་སྟེ། གཡས་ཀྱི་ཕྱག་ མཚན་གྱི་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཁྱད་པར་གསུམ་པོ་དེ་དག་གིས་བསྟོད་ནས་ཐབ་སྦྱོར་ལན་མོ་ནི་ཕྱག་བྱེད་པ་ཡིན་ནོ། །ཨ་མྲྀ་ཏ་ཀུཎྜ་ལི་ཞེས་བྱ་བ་ནི་རྩ་བའི་མཚན་ནས་བོད་པའོ། །ཁ་ཁ་ཞེས་བྱ་བ་ནི་ཡི་གེ་དང་པོས་ཚིག་གི་དོན་ གསུངས་པ་ཡིན་ཏེ། སྣ་ཚོགས་སུ་སྣང་བ་ཅན་གྱི་སེམས་ལ་གནས་ནས་ཕྱི་རོལ་གྱི་དོན་ཟོ་ཤིག་ཅེས་བྱ་བའི་དོན་ཏོ། །ཁཱ་ཧི་ཁཱ་ཧི་ཞེས་བྱ་བ་ནི་སེམས་འདིའི་ཡང་གཉིས་སུ་སྣང་བ་ནུབ་པར་གྱིས་ཤིག་པའོ། །ཏིཥྛ་ཏིཥྛ་ཞེས་བྱ་བ་ནི་སྣང་བ་ཙམ་དེ་ཉིད་ལ་ཆགས་པར་མཛོད་ཅིག་པ་སྟེ། དེ་ཉིད་ ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་བརྗོད་པ་ཡིན་ཏེ། དོན་དང་བློ་དང་མིང་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བནྡྷ་བནྡྷ་ཞེས་བྱ་བ་ནི་དེ་ཉིད་ལ་གཞན་དག་ཀྱང་བཞག་པར་མཛོད་ཅིག་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་དང་། མི་འཇིག་རྣམ་པར་མི་ཤེས་པ། །བརྗོད་ དུ་མེད་ཅིང་མི་རྟོག་པའི་ཁྲོ་བོའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་རོ། །བཞི་པོ་འདི་ནི་བསྒོ་བ་ལ་ངེས་པར་སྦྱོར་བའོ། །ཧ་ན་ཧ་ན་ནི་མཚོན་ཆ་རྣམས་ཀྱིས་སོ། །ད་ཧ་ད་ཧ་ནི་ཁྲོ་བོ་འབར་བས་སོ། །གརྫྫ་གརྫྫ་ནི་ཁྲོ་བོའི་གསུང་གིས་སོ། །བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ནི་ཁྲོ་བོ་ལས་བྱུང་བའི་སྐུའི་མཛད་པ་རྣམས་ཀྱིས་ སོ། །གང་དག་ཅེ་ན་སརྦ་བིགྷྣཱཾ་བི་ནཱ་ཡ་ཀཾ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ན་བཞི་པོ་ནི་ཁྲོ་བོའི་ལས་ལ་ངེས་པར་སྦྱོར་བའོ། །མ་ཧཱ་ག་ཎ་པ་ཏི་ནི་བགེགས་ཀྱི་རྒྱལ་པོའོ། །དེའི་ཛཱི་བི་ཏ་ཨནྟ་ཀ་ར་ནི་བདུད་རྩི་ཐབ་སྦྱོར་རོ། །དེ་ལ་སྭཱ་ཧཱ་ནི་དེ་མཆོད་པར་བགྱི་བའོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ མཐར་བྱེད་པའི་སྔགས་ལ་ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོ་ཞེས་བྱ་བའི་དོན་ཏེ། །ཧཱུཾ་ནི་ཁྲོ་བོ་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །ཛི་ན་ཞེས་བྱ་བ་ནི་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་དོན་ཏོ། །འདིས་རྒྱལ་བའི་ཕྱིར་རོ། །དེ་བས་ན་རི་སྟེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །བལྟ་བར་བྱ་བ་ཡིན་པས་ ན་ཊི་སྟེ་གཟུང་བ་ཞེས་བྱ་བའི་དོན་ཏོ། །རི་ཊི་བསྡུ་བར་མཛོད་ཅིག་པ་ཞེས་བྱ་བ་ནི་རི་ཊི་ཏའོ། །དེ་ལྟར་ན་ཁྲོ་བོའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་ལ་ངེས་པར་སྦྱོར་བ་ཡིན་ཏེ། ལན་གཉིས་བརྗོད་པ་ནི་མེད་དོ། །ཧཱུཾ་གཉིས་ཀྱིས་ནི་བློ་ལ་བཞག་པའི་ཁྲོ་བོའི་ལས་ལ་ངེས་པར་སྦྱོར་བ་གཉིས་ཡིན་ནོ། ། ཕཊ་གཉིས་ཀྱིས་ནི་ལྟུང་བར་བྱའོ། །རྟ་མགྲིན་གྱི་སྔགས་ལ་རྒྱུད་གཞན་དག་ལས་རྟའི་གཟུགས་སུ་གྱུར་པའི་ཁྱད་པར་གྱིས་ཕལ་ཆེར་བཤད་པ་ཡིན་ནོ། །དང་པོའི་ཧཱུྃ་གསུམ་གྱིས་ནི་ཁྲོ་བོའི་ཡེ་ཤེས་མངོན་དུ་བྱེད་པ་ལ་ངེས་པར་སྦྱོར་བའོ། །དེ་ལྟར་ན་ལུས་ཀྱང་དེ་ཡིན་ལ་ངག་ཀྱང་དེ་ ཡིན་ཞིང་ཡིད་ཀྱང་ཡིན་པ་དེ་ལྟར་ན་གསུམ་པོའི་མཉམ་པ་ཉིད་ནི་ཡི་གེ་ཧཱུཾ་གི་དོན་ཡིན་ནོ། །དེ་ལ་དོན་ཐམས་ཅད་ནི་ལུས་དང་ངག་དང་ཡིད་ཀྱིས་བསྡུས་པ་ཡིན་ལ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་སེམས་ཙམ་ཉིད་ཡིན་ནོ། །དེའི་ཡུལ་ཅན་གྱི་སེམས་ཀྱི་མཉམ་པ་ཉིད་ནི་ལུས་ལ་ སོགས་པའི་སྣང་བ་ནུབ་པའོ། །དེའི་མིང་གི་མཉམ་པ་ཉིད་ནི་ལུས་ལ་སོགས་པའི་བརྗོད་པ་དབྱེར་མེད་པའོ། །དེ་དེ་ལྟར་ན་དོན་ཐམས་ཅད་མཉམ་པར་བྱས་པ་དང་། སེམས་མཉམ་པ་དང་མི་མཉམ་པས་ཡང་དག་པར་མཚོན་པ་ནི་པདྨའི་ཁྲོ་བོའི་ཡེ་ཤེས་ཏེ། ཡི་གེ་ཧཱུྃ་གསུམ་ གྱི་དོན་ཡིན་ནོ། །ཁྲོ་བོའི་ཡེ་ཤེས་འདི་མངོན་སུམ་དུ་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་མཛད་པས་ན་ཏ་རུ་ལའོ། །དེ་ཉིད་རྣམ་པར་དཀྲུག་པར་མཛད་པས་ན་བི་རུ་ལའོ། །སརྦྦ་བི་ཤ་ནི་རྒྱུ་བ་དང་མི་རྒྱུ་བ་དང་བཅོས་མ་སྟེ། དེ་རྣམས་ཀྱི་གྷ་ཏ་ཀའོ། །ལུས་ལ་ སོགས་པ་ལ་འབར་བ་ཉིད་ཀྱི་མེ་སྟག་འབྱིན་པར་མཛད་པས་ན་ཛ་ལི་ཏའི་བི་སྤུ་ལིངྒའོ། །འདི་འདྲ་བའི་ཨཊྚཱཊྚ་ཧཱས་འདི་ལ་མངའ་བས་ན་དེ་སྐད་ཅེས་བྱའོ། །ཛ་ཊ་ཡང་རལ་པའི་ཚོགས་ཡིན་ལ་དེ་ཤིན་ཏུ་སྲ་ཞིང་འགྲེང་བ་རྣམས་ཨ་ཏོ་པ་སྟེ། རྣམ་པར་བསྒྱིངས་པ་ཏ་ཀ་རའི་སྒྲ་དང་ལྡན་པས་ སེང་གེ་དང་འདྲ་བའི་སྤྲུག་པ་གང་ལ་མངའ་བས་དེ་སྐད་ཅེས་བྱའོ། །རྡོ་རྗེའི་རང་བཞིན་གྱི་ཞབས་ནི་བཛྲ་ཁུ་ར་སྟེ། དེ་དག་གིས་ནིརྒྷཱ་ཏ་ནའོ། །དེ་དང་འདིས་ཙ་ལི་ཏ་བ་སུ་དྷཱ་ཏ་ལ་མངའ་བས་ན་དེ་སྐད་ཅེས་བྱའོ། །ནི་ཤྭཱ་ས་མ་རུ་ཏོད་ཀྵ་བྷི་ཥ་ཎ་དྷཱ་ར་ཎི་དྷཱ་ར་གྱེན་དུ་དགེ་བ་ཡིན་ལ་དེ་རྣམས་ཀྱི་བྷཱི་ ཥ་ཎ་ནི་འཇིགས་པར་བྱེད་པ་ཡིན་ཏེ། ཨཊྚཱཊྚ་ཧཱ་ས་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཨ་པ་ར་མི་ཏ་དང་བ་ལ་པ་ར་ཀྲ་མ་འདི་ལ་མངའ་བས་ནི་དེ་སྐད་ཅེས་བྱའོ། །སྡིག་པ་མེད་པ་ཉིད་ཀྱི་ཕྱིར་ཨཱརྱ་ཡང་དེ་ཡིན་ལ། སངས་རྒྱས་ཀྱི་མངག་གཞུག་པ་ཉིད་ཡིན་པའི་ཕྱིར་ག་ན་ ཡང་ཡིན་པས་ནའོ། །ཨཱརྱ་ཀ་ནི་བྷི་ཏ་རྣམས་དང་། བྷཱུ་ཏ་ག་ན་རྣམས་ཀྱིས་ཨརྱུ་ཤི་ཏ་ནི་བརྟེན་པའོ། །བྷུདྡྷྱ་བྷུདྡྷྱ་ཞེས་བྱ་བ་ནི་དགོངས་ཤིག་དགོངས་ཤིག་པའོ། །རྟ་དང་འདྲ་བའི་ཧྱ་གྲཱྀ་བ་འདི་ལ་རྨིག་པ་གཉིས་དང་ལྡན་ཞིང་རྟའི་གདོང་དང་ལྡན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཁཱ་ད་ ཁཱ་ད་པ་ར་མནྟྲ་ན་ཞེས་བྱ་བ་ལ་སོགས་པ་ནི་ཁྲོ་བོའི་ལས་ལ་ངེས་པར་སྦྱར་བའོ། །ཚིནྡ་ཚིནྡ་ཞེས་བྱ་བ་ནི་པ་ར་མནྟྲཾ་ཞེས་བྱ་བ་དང་སྦྱར་རོ། །དེ་ཤ་ཞེས་བྱ་བ་ནི་གསོལ་ཅིག་ཅེས་བྱ་བའི་དོན་ཏོ། །ཨ་བེ་ཤ་ཡ་ཞེས་བྱ་བ་ནི་སྣོད་ལ་བབས་པར་མཛོད་ཅིག་པའོ། །འཛིན་པར་བྱེད་པས་ན་གྲ་ ཧ་སྟེ། དེ་ཉིད་ནི་ཛྭ་ར་ལ་སོགས་པའོ། །ཨ་པྲ་ཏི་ཧ་ཏོ་ནི་ནུས་པ་ཐོགས་པ་མེད་པའོ། །དྷུ་ན་ནི་སྙིང་སྤྲུགས་པར་གྱིས་ཤིག་པའོ། །མ་ཐ་ནི་དཀྲུགས་པའོ། །མན་ཊ་ནི་རུས་པ་བཅག་པའོ། །པཱ་ཊ་ཡ་ནི་ཆུར་གཉིས་སུ་བཀས་པའོ། །བྷནྡྷ་ནི་མི་གཡོ་བར་གྱིས་ཤིག་པའོ། །ཨ་ནུ་ ཛྙཱ་ན་སྣོས་པ་ནི་ཁ་ན་མ་ཐོ་བ་མེད་པའི་ཡུལ་ཡིན་པས་ཉེ་བར་བསྟན་པའི་ཕྱིར་རོ། །ཀརྨ་ཞེས་བྱ་བ་ནི་འདུག་པའི་ལས་སོ། །འདི་མན་ཆད་ཧྱ་གྲཱྀ་བ་ལ་སོགས་པའི་སྒྲ་རྣམས་ནི་བོད་པའི་བཞི་པའོ། །ཡི་གེ་ཕཊ་ནི་ལྟུང་བའི་སྔགས་ཀྱི་དོན་ཏོ། །བཛྲ་ཀུ་ལ་ནི་ཕྱི་དང་ནང་གི་ཁྲོ་བོའི་རིགས་སོ། །ཧཱུཾ་ གསུམ་གྱིས་ནི་གདུག་པའི་ལས་ལ་ངེས་པར་སྦྱོར་བ་ཡིན་ནོ། །ཕཊ་གསུམ་གྱིས་ནི་ལྟུང་བ་ལའོ། །དི་ཤ་དང་ཨ་བེ་ཤ་ཡ་དང་བྷ་བ་དང་། ཀུ་རུ་ཞེས་བྱ་བ་བཞི་ནི་ལན་གཉིས་བརྗོད་པ་མེད་དོ། །དབྱིག་སྔོན་གྱི་སྔགས་ལ་ཨེ་ཧྱེ་ཧི་ཞེས་བྱ་བ་ནི་ཚུར་བྱོན་ཚུར་བྱོན་ནོ། །འདི་ལ་ནཱི་ལ་བཛྲ་དཎྜ་མངའ་ བས་ན་དེ་སྐད་ཅེས་བྱའོ། །འདི་མན་ཆད་ཀྱིས་ནི་བོད་པ་ལ་སོགས་པའོ། །ཏུ་རུ་ཏུ་རུ་ནི་མྱུར་ཞིང་མྱུར་བར་མཛོད་ཅིག་པའོ། །ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་སོང་ཤིག་སོང་ཤིག་པའོ། །ཀྱེ་ཧཱ་ཧཱ་ཞེས་བྱ་བ་ནི་འཁོར་བ་ན་སྐྱོ་བའོ། །གུ་ལུ་གུ་ལུ་གུ་ལཱ་པཱ་ཡ་ཞེས་བྱ་བ་ནི་འགྲོ་ཞིང་ཀུན་དུ་བསྐྱོད་པ་ལས་ བྱུང་བ་ནི་གུ་ལུ་གུ་ལུ་སྟེ་གུ་ལུའི་སྒྲས་གྱིས་ཤིག་པའོ། །དགོས་པ་ཅིའི་ཕྱིར་ཞེ་ན། བྷཱུ་ཏཱ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྷཱུ་ཏཱ་ནི་ལྷ་དང་དྲང་སྲོང་དང་ཡི་དགས་ལ་སོགས་པའོ། །ད་ཧ་ད་ཧ་ཞེས་བྱ་བ་ནི་ཐལ་བར་གྱིས་ཤིག་ཐལ་བར་གྱིས་ཤིག་པའོ། །ད་ར་ད་ར་ཞེས་བྱ་བ་ནི་རྣམ་པར་ཆོམས་ ཤིག་རྣམ་པར་ཆོམས་ཤིག་པའོ། །ཏྲ་ཊ་ཏྲ་ཊ་ཞེས་བྱ་བ་ནི་དྲོལ་ཅིག་དྲོལ་ཅིག་པའོ། །ཙ་ལ་ཙ་ལ་ཞེས་བྱ་བ་ནི་ཡང་སྦོད་ཅིག་པའོ། །ད་ཧ་ད་ཧ་ཞེས་བྱ་བ་ནི་སྦོར་ཅིག་སྦོར་ཅིག་པའོ། །པ་ཙ་པ་ཙ་ཞེས་བྱ་བ་ནི་གོ་སླའོ། །མ་ཐ་མ་ཐ་ཞེས་བྱ་བ་ནི་རང་ཉིད་ཀྱིས་རུས་པ་ཆོག་ཤིག་ཆོག་ཤིག་པའོ། ། པ་ཏ་ཡ་ནི་རང་ཉིད་ཀྱིས་སོ། །པཱ་ཏ་ཡ་ནི་གཞན་གྱིས་སོ། །མ་ཊཱ་པ་ཡ་མ་ཊཱ་པ་ཡ་ནི་གཞན་གྱིས་སོ། །སརྦྦ་ཀརྨ་ནི་ཞེས་བྱ་བ་ནི་འབྱུང་པོ་དེ་དག་ཉིད་ཀྱིས་གཞན་ལ་གནོད་པར་བྱ་བ་དང་། རང་ལ་བསྲུང་བའི་ཕྱིར་བྱས་པའོ། །ཙྪིནྡ་ཙྪིནྡ་ཞེས་བྱ་བ་ནི་རྣམ་པར་ཤིག་རྣམ་པར་ཤིག་པའོ། །ཨ་སྱ་ཞེས་ བྱ་བ་ནི་འབྱུང་པོ་ལ་སོགས་པའོ། །མེ་དཾ་ཞེས་བྱ་བ་ནི་ཚིལ་ལོ། །མཛྫ་ཞེས་བྱ་བ་ནི་རྐང་ངོ་། །ཨེ་ཧྱེ་ཧེ་བྷ་ག་བཱན་ཞེས་བྱ་བ་ནི་ཡང་སྤྱན་འདྲེན་པའོ། །སརྦྦ་ཞེས་བྱ་བ་ལ་སོགས་པ་ནི་བསྒོ་བ་ལ་ངེས་པར་སྦྱོར་བའོ། །དེ་ལ་བིགྷྣ་ནི་འབྱུང་པོའི་ཁྱད་པར་དང་། སྡིག་པ་ལ་སོགས་པའོ། །བིདྱ་ནི་གཞན་གྱི་ སྔགས་སོ། །མཱུ་ལ་ཀརྨ་ནི་འཁྲུལ་འཁོར་དང་རྒྱུད་ཀྱི་སྦྱོར་བའོ། །གྲ་ཧ་ནི་རིམས་ལ་སོགས་པའོ། །ཧ་ན་ཧ་ན་ཞེས་བྱ་བ་ནི་དབྱིག་པས་སོ། །བྷཉྫ་བྷཉྫ་ཞེས་བྱ་བ་ནི་ཤིག་ཤིག་པའོ། །མརྡ་མརྡ་ཞེས་བྱ་བ་ནི་ཕྱེ་མར་རློག་ཤིག་ཕྱེ་མར་རློག་ཤིག་པའོ། །འདི་ཐམས་ཅད་ཀྱིས་ཅི་ཞིག་བྱ་ཞེ་ན། ཨི་ དཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨི་དཾ་ནི་བློ་ལ་གནས་པའོ། །ཧཱུྃ་ཞེས་བྱ་བ་ནི་ཁྲོ་བོ་དང་བཅས་པས་སྦོད་པའོ། །ནཱི་ལ་ཞེས་བྱ་བ་ལ་སོགས་པ་བཞིས་ནི་བོད་པའི་བཞི་པ་ཡིན་ནོ། །ནཱི་ལ་ནི་ཤིན་ཏུ་གནག་པ་ཉིད་ཀྱི་ཕྱིར་རོ། །ནཱི་ལ་བཛྲ་དཎྜ་ནི་སྔ་མ་བཞིན་ནོ། །ཏུ་རུ་ཏུ་རུ་བིགྷྣ་བི་ནཱ་ཤ་ཀ་ཞེས་བྱ་བ་ ནི་བགེགས་རྣམ་པར་བཤིག་པའི་དོན་དུ་མྱུར་ཅིག་མྱུར་ཅིག་པའོ། །ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་སོད་ཅིག་སོད་ཅིག་པའོ། །འབར་བ་རྣམས་ཀྱིས་དིཔྟ་ཡང་དེ་ཡིན་ལ་འཚེ་བར་བྱེད་པ་ཉིད་ཀྱི་ཕྱིར་ཙནྡྷ་ཡང་ཡིན་པས་སོ། །གསལ་བར་བྱ་བའི་ཕྱིར་སར་སརྦྦ་ཤ་ཏྲཱུཾ་ཎཱཾ་ཞེས་བྱ་བ་གསུངས་ཏེ། རྗེས་སུ་གནང་བའི་ བསྒྲུབ་པར་བྱ་བ་ཐམས་ཅད་ཀྱིའོ། །ཧྲྀ་ད་ཡཱ་ནི་གནད་ཀྱི་ཁྱད་པར་རོ། །དེ་རྣམས་ལ་བི་ད་ཡ་ནི་མཚོན་གྱིས་སོ། །ཙྪིནྡ་ཙྪིནྡ་བིདྱ་ནཾ་ཙྪེ་ད་ཀ་ཞེས་བྱ་བ་ལ་གཞན་གྱི་རིག་པ་ཞེས་བྱ་བ་ནི་ལྷག་མའོ། །ཧཱུྃ་བིདྱཱ་ནཱཾ་ཤིཥྚ་ཀ་ཞེས་བྱ་བ་ནི་རིག་པ་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་ཁྱད་པར་ཅན་ནོ། །སྨ་ར་ས་མ་ཡ་ ཞེས་བྱ་བ་ནི་དམ་བཅས་པའོ། །བཛྲ་དྷ་ར་བ་ཙ་ནཱཾ་ཙ་ཞེས་བྱ་བ་ལ་བ་ཙ་ནཱཾ་ནི་བཀའོ། །མརྨཱ་ནི་བསྒྲུབ་པར་བྱ་བ་རྣམས་ཀྱིས་སོ། །ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོའོ། །ཧ་ན་ཧ་ན་ད་ཧ་ད་ཧ་ཀུ་རུ་ཀུ་རུ་ཏུ་རུ་ཏུ་རུ་ཕཊ་ཕཊ་ཅེས་བྱ་བ་ལྔ་པོ་དག་གི་དོན་ནི་སྔ་མ་བཞིན་ནོ། །ཧཱུཾ་གཉིས་ཀྱིས་ ནི་མདོར་བསྡུས་ནས་གནད་གཅོད་པ་ལ་སོགས་པ་ལ་ཡང་ངེས་པར་སྦྱོར་བ་ཡིན་ནོ། །དེ་ཉིད་ཀྱིས་ན་ཀྲྀ་ཏནྟ་ཡ་ཞེས་གསུངས་སོ། །དེ་བ་ནི་བརྒྱ་བྱིན་ལ་སོགས་པའོ། །རྀ་ཥི་ནི་མེ་ལ་སོགས་པའོ། །དེ་རྣམས་བི་དྲཱ་བ་ཀ་ནི་སྐྲག་པ་རྣམས་འབྱེར་བར་བྱེད་པའི་ཕྱིར་རོ། །ཧ་ན་བཛྲ་དཎྜ་དེ་ནི་ཞེས་ བྱ་བ་ནི་མཚོན་གྱིས་བསྣུན་པའམ་བསད་པའོ། །གུ་ལུ་གུ་ལུ་གུ་ལ་པ་ཡ་དང་། བ་ཏ་ཡ་བ་ཏ་ཡ་དང་། མ་ཊ་མ་ཊ་པ་ཡ་དང་། ས་ད་ཡ་དང་། ལོ་ད་ཡ་དང་། སྨ་ར་དང་། ནི་གྲིནྟ་ཞེས་བྱ་བ་བརྒྱད་དང་། ཐ་མའི་ཧ་ནའི་སྒྲ་སྟེ་བརྒྱད་ལན་གཉིས་བརྗོད་པ་མེད་དོ། །སྟོབས་པོ་ཆེའི་སྔགས་ ལ་ལར་ནི་ཨོཾ་ནོར་བུའི་རིགས་རྗོད་པར་བྱེད་པ་ཡིན་ཏེ། བདག་དང་སྔགས་ནི་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །དེ་ཉིད་ཁྲོ་བོའི་ཉམས་ལ་གནས་པ་ལ་ནི་སྟོབས་པོ་ཆེ་དང་སྦྱར་རོ། །དེ་ནས་འདིར་དེ་ཉིད་ཀྱིས་དེ་བོས་ཏེ་ཧཱུཾ་གསུམ་གྱིས་གདུག་པའི་ལས་ལ་ངེས་པར་སྦྱར་བ་ གསུམ་ཡིན་ནོ། །ཕཊ་གསུམ་གྱིས་ནི་ལྟུང་བར་བྱེད་པའོ། །ཡང་དེ་བཞིན་དུ་བོས་ནས་ཨུ་གྲ་ཤཱུ་ལ་པཱ་ཎི་ཞེས་བྱ་བ་ནི་ཁྱད་པར་ཏེ། འབར་བའི་རྩེ་གསུམ་བསྣམས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ངེས་པར་སྦྱོར་བ་ཉིད་ཡིན་ནོ། །ཡང་དེ་བཞིན་དུ་བོས་ནས་ཛྱོ་ཏི་ནི་ར་ཎཱ་ད་ཞེས་བྱ་བ་ནི་ཁྱད་པར་ ཡིན་ཏེ། ཁྲོ་བོ་ཆེན་པོའི་མེ་ཉིད་ཡིན་པའི་ཕྱིར་ཛྱོ་ཏི་ཡང་དེ་ཡིན་ལ། ཧ་ཧ་ཞེས་ཤས་ཆེར་བཞད་པ་ཉིད་ཀྱི་ཕྱིར་ནཱ་ད་ཡང་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ངེས་པར་སྦྱར་བ་ཉིད་ཡིན་ནོ། །མ་ཧཱ་བ་ལ་སྭཱ་ཧཱ། ཞེས་བྱ་བ་ནི་རྩ་བའི་མཚན་ལ་བོས་ནས་མཆོད་པ་ཡང་དག་པར་སྟོན་པའོ། །འདོད་པའི་ རྒྱལ་པོའི་སྔགས་ལ་ཊཀྐི་ཧཱུཾ་ཞེས་བྱ་བ་ནི་འདོད་པའི་ཁྲོ་བོ་ཞེས་བྱ་བའི་དོན་ཏོ། །ཛཿཞེས་བྱ་བ་ནི་ཁུག་ཤིག་ཅེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བདེ་མཆོག་གི་རྒྱུད་ཕྱི་མ་ལས། ཊཀྐི་རྟག་ཏུ་འདོད་པར་བཤད། །ཧཱུཾ་ནི་ཁྲོ་བོ་ཡིན་པར་བཤད། །ཡི་གེ་ཛཿནི་འགུགས་པར་བཤད། །ཅེས་གསུངས་པ་ ལྟ་བུའོ། །འདིར་སྭཱ་ཧཱའི་སྒྲ་ནི་མེད་དོ། །མི་གཡོ་བའི་སྔགས་ལ་དེ་ཁོ་ན་ཉིད་ལ་ཆགས་པས་ན་ཨ་ཙ་ལ་ཡང་དེ་ཡིན་ལ། དོན་དང་བློ་དང་མིང་ཡང་དག་པར་སྟོན་པའི་ཕྱིར་ཀཱ་ཎ་ཡང་ཡིན་པས་ན་ཨ་ཙ་ལ་ཀཱ་ནའོ། །གང་གི་ཕྱིར་ཞེ་ན་ཅིང་ཆགས་པ་དེ་ཉིད་ཀྱི་ཕྱིར་ན་ཊ་ན་ཊ་སྟེ་དྲག་པོའི་གར་རོ། །མོཊྚ་ མོཊྚ་ནི་རི་བོ་ལག་པའི་ཤུགས་ཀྱིས་སོ། །སཊྚ་སཊྚ་ནི་ས་ལ་རྐང་པ་འཇོག་པས་སོ། །ཧ་ཧ་ཧ་ཧ་ཞེས་བྱ་བ་ནི་མི་གསལ་བར་རྗེས་སུ་བྱེད་པའོ། །འདི་ཉིད་ཀྱི་བཤད་པ་ནི་ཧ་ས་ཧ་སའོ། །གང་གི་ཕྱིར་ཀ་ན་ཡིན་པ་དེ་ཉིད་ཀྱི་ཕྱིར། ཧ་ན་ཧ་ན་གཉིས་སུ་རྟོག་པའོ། །ད་ཧ་ད་ཧ་ནི་གཉིས་མི་སྣང་བའོ། ། ཏཊྚ་ཏཊྚ་ནི་སྣང་བ་ཙམ་ཉིད་ཡིན་པའི་ཕྱིར་འབའ་ཞིག་དྲི་མ་མེད་པ་མཐའ་ཡས་པའི་ནམ་མཁའ་བཞིན་དུ་སྣང་བའི་ཕྱིར་རོ། །ཏིཥྛ་ཏིཥྛ་ནི་དེ་ལ་སེམས་གནས་པའོ། །ཨཱ་བི་ཤ་ཨཱ་བི་ཤ་ནི་དེ་ལ་སེམས་དེ་ཉིད་དེ། དེ་དག་ཐ་དད་པ་མེད་པའི་ཕྱིར་རོ། །ལྕགས་ཀྱུ་མེད་པ་ཉིད་ཀྱི་ཕྱིར་མ་ཧཱ་མནྟྲ་ཡང་ཡིན་ ལ། གཟུགས་གཞོན་པའི་ཕྱིར་བཱ་ལ་ཀ་ཡང་ཡིན་པས་ན་མ་ཧཱ་མནྟྲ་བཱ་ལ་ཀའོ། །དེ་ལ་མ་ཧཱ་མནྟྲ་ཤིན་ཏུ་མྱོས་པ་ཉིད་ཡིན་པའི་ཕྱིར། དྷུ་ན་དྷུ་ན་ཞེས་བྱ་བ་སྟེ། སྤྲུགས་ཤིག་སྤྲུགས་ཤིག་པའོ། །ཏི་ཎི་ཏི་ཎི་ཞེས་བྱ་བ་ནི་སའི་གཞི་ལ་ཐོང་ཤིག་ཐོང་ཤིག་པའོ། །ཁཱ་ད་ཁཱ་ད་ཞེས་བྱ་བ་ནི་ ཟོ་ཤིག་ཟོ་ཤིག་པའོ། །གང་ཞིག་ཅེ་ན། བི་ག་ནཱ་ན་ཞེས་བྱ་བ་གསུངས་སོ། །མཱ་ར་མཱ་ར་དུཥྚཱཾ་ཞེས་བྱ་བ་ནི་སོད་ཅིག་སོད་ཅིག་པའོ། །རཀྵ་རཀྵ་སརྦྦཾ་ཞེས་བྱ་བ་ནི་བསྲུང་བར་བྱའོ། །བ་ལ་ཀ་ཉིད་ཡིན་པའི་ཕྱིར་ཀུ་རུ་ཀུ་རུ་ཞེས་བྱ་བ་སྟེ་ཅ་ཅོ་མཛོད་ཅིག་པའོ། །ཀི་རི་ཀི་རི་ཞེས་བྱ་བ་ནི་ཀུ་ཅོ་གྱིས་ཤིག་པའོ། ། ཤིན་ཏུ་བཟློག་དཀའ་བ་ཉིད་ཀྱི་ཕྱིར་མ་ཧཱ་བི་ཤི་མ་ཡང་དེ་ཡིན་ལ་ཁྲོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་པ་དེ་ལྟར་ན་མ་ཧཱ་བི་ཤ་མ་བཛྲའོ། །དེ་ཉིད་ཀྱི་ཕྱིར་སྥོ་ཊ་ཡ་སྥོ་ཊ་ཡ་ནི་ཚིག་རྣམས་གཞིག་པའོ། །ཧཱུཾ་གསུམ་ཁྲོ་བོའི་དོན་གྱིས་གཞིག་པར་སྦོད་པའོ། །ཏྲི་བ་ལི་ནཱི་དཔྲལ་བ་ལ་ཁྲོ་བོ་ལས་བྱུང་ བའི་འོ། །དེ་ཉིད་ཆུ་རླབས་དང་ཆོས་མཐུན་པས་ན་ཏ་རངྒའོ། །དེ་རྣམས་ཀྱི་ཨ་ནརྟ་ཀ་ནི་ཡང་དང་ཡང་དུ་ཁྲོས་པའི་ཕྱིར་རོ། །ཡི་གེ་ཨོཾ་གསུམ་གྱིས་ནི་བོད་པ་གསུམ་སྟེ། ཡིད་ཙམ་ཉིད་ཡིན་པའི་ཕྱིར་རམ། མཁའ་གཟུགས་ཅན་ཞེས་བྱ་བ་ནི་ཨཾ་ངོ་། །དེ་ནས་སྣང་བར་བྱེད་པ་ཉིད་ཀྱི་ཕྱིར་ ནམ་མཁའི་ཡིད་ལ་གནས་པ་ཞེས་བྱ་བ་ནི་ཨཾ་ངོ་། །དེ་ནས་བརྗོད་བྱས་སྟོང་པ་ཉིད་ཀྱི་ཕྱིར་ནམ་མཁའི་སྔགས་ཞེས་བྱ་བ་ནི་ཨཾ་ངོ་། །དེ་ཉིད་ཀྱི་ཕྱིར་གསུམ་པོ་ནི་ངེས་པར་སྦྱོར་བ་ཡིན་ཏེ། དོན་ལ་རྟོག་པ་རྣམས་ཕྲོགས་ཤིག་ཅེས་བྱ་བ་ནི་ཧཾ་ངོ་། །སྣང་བ་ཕྲོགས་ཤིག་ཅེས་ བྱ་བ་ནི་ཧཾ་ངོ་། །དོན་གྱི་ཐ་སྙད་དུ་ཕྲོགས་ཤིག་ཅེས་བྱ་བ་ནི་ཧཾ་ངོ་། །སངས་རྒྱས་ཀྱི་ཡེ་ཤེས་ལས་མི་འདའ་བ་ཡིན་པས་ན་ཨ་ཙ་ལ་ཡང་ཡིན་ལ། སངས་རྒྱས་ཀྱི་བཀའ་བཞིན་བྱེད་པའི་ཕྱིར་ཙེ་ཊ་ཡང་ཡིན་པ་དེ་ལྟར་ན་ཨ་ཙ་ལ་ཙེ་ཊའོ། །དེ་ཉིད་ཀྱིས་ན་སྥོ་ཊ་ཡ་སྥོ་ཊ་ཡའོ། །ཡི་གེ་ཧཱུྃ་ནི་བཤིག་ པའི་དོན་ལ་སྦོད་པའི་ཨ་ས་མ་ནི་སངས་རྒྱས་ཡིན་ལ་དེ་རྣམས་ཀྱི་ཨནྟི་ཀ་ནི་ཉེ་བར་གནས་པ་སྟེ་གདུང་བའི་ཕྱིར་རོ། །ཨ་ས་མནྟི་ཀའོ། །ཏྲཱ་ཊ་ཞེས་བྱ་བ་ནི་དྲོལ་ཞིག་ཅེས་བྱ་བའི་དོན་ཏོ། །འདི་ལ་སྟོབས་ཆེན་པོ་མངའ་བས་ན་མ་ཧཱ་བ་ལའོ། །དེ་ཉིད་ཀྱིས་ན་ཤ་ཏ་ཡ་ས་མ་ཡ་མནྟྲ་མ་ཞེས་བྱ་ བ་ནི་གཞན་གྱི་སྔགས་ཤིན་ཏུ་འདའ་བར་བྱ་བའོ། །ཨ་ཙ་ལ་ཙེ་ཊ་དང་ཨ་ས་མནྟི་ཀ་དང་། མ་ཧཱ་བ་ལ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སངས་རྒྱས་ཀྱི་བཀའ་དང་སངས་རྒྱས་ཀྱི་སྟོབས་དང་རང་གི་སྟོབས་ཀྱིས་གཟེངས་བསྟོད་པའོ། །ཧཾ་མཾ་ཞེས་བྱ་བ་ནི་བོད་པ་གཉིས་ཏེ། སྤང་བར་བྱ་བ་ ལས་ཐར་བར་མཛད་པས་ན་ཧཾ་ངོ་། །རྗེད་པར་བྱེད་པ་ལ་རྗེད་པར་བྱེད་པ་མཾ་ངོ་། །དེ་ཉིད་ཀྱི་ཕྱིར་དེ་ལ་དགའ་བའི་བསྔགས་པས་དེ་མཉེས་པར་བྱའོ། །ཤུདྡྷྱ་ཏུ་ལི་ཀ་ཏུ་ཥྱཾ་ཏུ་བཛྲི་ན་མོ་སྟུ་ཨ་པྲ་ཏི་ཧ་ཏ་བ་ལེ་ཐཱ་ཞེས་བྱ་བ་ལ། ཨ་པྲ་ཏི་ཧ་ཏ་བ་ཧ་ནི་སངས་རྒྱས་ལ་སོགས་པ་དང་སྔགས་ཐམས་ ཅད་དོ། །ཛྭ་ལ་ཡ་ཞེས་བྱ་བ་ནི་ཀུན་དུ་གསལ་བར་གྱིས་ཤིག་པའོ། །ཏྲ་ཊ་ཞེས་བྱ་བ་ནི་དྲལ་བ་སྟེ། གདུག་པ་ཞེས་བྱ་བ་ནི་ལྷག་མའོ། །མི་བཟོད་པས་ན་ཨ་ས་ཧ་སྟེ་ཁྲོ་བོ་ཞེས་བྱ་བའི་དོན་ཏོ། །ན་མ་སྭཱ་ཧཱ་ཞེས་བྱ་བ་ནི་ཕྱག་འཚལ་བ་དང་མཆོད་པ་སྟེ་ཁྱེད་ལ་ཞེས་བྱ་བ་ནི་ལྷག་མའོ། །ཤ་ཏ་ ཡ་དང་ཤུདྡྷ་ཏུ་དང་། ན་མོ་སྟུ་དང་། ཛྭ་ལ་ཡ་ཞེས་བྱ་བ་ལ་ལན་གཉིས་བརྗོད་པ་མེད་དོ། །རྡོ་རྗེ་གནོད་མཛེས་ཀྱི་སྔགས་ལ་ལུས་ཀྱང་དེ་ཡིན་ལ་ངག་ཀྱང་དེ་ཡིན་ཞིང་ཡིད་ཀྱང་དེ་ཡིན་པས་ན་ཧཱུཾ་སྟེ། རྡོ་རྗེ་གསུམ་རོ་གཅིག་པའི་རྡོ་རྗེ་འཆང་གི་སྙིང་པོ་གནོད་མཛེས་རྡོ་རྗེ་དེ་ནི་ཡི་གེ་ཧཱུཾ་འདིའི་དོན་ ཡིན་ནོ། །དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་འདི་ལ་རྡོ་རྗེ་ཧཱུཾ་མཛད་ཅེས་བྱའོ། །སུཾ་བྷ་ནི་སུཾ་བྷ་ཞེས་བྱ་བ་ནི་བོད་པ་གཉིས་ཏེ། སྒྲིབ་པ་ཐམས་ཅད་ལ་གནོད་པར་བྱེད་པས་ན་སུཾ་བྷའོ། །ངེས་པར་གནོན་པར་བྱེད་པས་ན་ནི་སུཾ་བྷའོ། །ཡི་གེ་ཧཱུཾ་གིས་བསྐུལ་ཞིང་རང་ཉིད་འཛིན་པ་ལ་ངེས་ པར་སྦྱོར་བ་ནི་ཧཱུཾ་གྲྀཧྞ་གྲྀཧྞའོ། །དེ་བཞིན་དུ་གཞན་དག་གིས་འཛིན་པ་ནི་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡའོ། །དེ་བཞིན་དུ་དགུག་པ་ལ་ནི་ཧཱུཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛའོ། །ཡི་གེ་ཧོ་ནི་གུས་པ་དང་བཅས་པས་བོད་པའོ། །དེ་བཞིན་དུ་ལྟུང་བ་ལ་ནི་ཧཱུཾ་ཕཊ་དོ། །ཡང་ན་ཧཱུཾ་བཞི་ཆར་ཡང་བཀའ་ བསྒོ་བ་ལའོ། །འདི་ལ་སྭཱ་ཧཱའི་སྒྲ་ནི་མེད་དོ། །གྲྀཧྞ་ཞེས་བྱ་བ་གཅིག་པུ་ལན་གཉིས་བརྗོད་དོ། །རལ་པ་གཅིག་མའི་སྔགས་ལ་ཕྱག་ན་མདུང་བསྣམས་པ་ཉིད་ཀྱི་ཕྱིར་ན་ཤཱུ་ལ་ནིའོ། །ཁྲོ་གཉེར་མའི་སྔགས་ལ་བྷ་ཡ་ནཱ་ཤ་ཡ་ནི་དམ་པ་རྣམས་ཀྱིའོ། །ཏྲཱ་ས་ནི་ཏྲཱ་ས་ནི་ཞེས་བྱ་བ་ནི་ གདུག་པ་རྣམས་ཀྱི་སྟེ། དེ་དང་སློབ་དཔོན་གྱིས་སྐྲག་པར་བྱེད་པས་ན་ཏྲཱ་ས་ནིའོ། །ཏྲཱ་ས་ཡ་ཏྲཱ་ས་ཡ་ཞེས་བྱ་བ་ནི་ངེས་པར་སྦྱོར་བའོ། །འཇིག་རྟེན་དབང་ཕྱུག་གི་ཁྲོ་གཉེར་མ་ལས་བྱུང་བ་ཉིད་ཀྱི་ཕྱིར་བྷྲྀ་ཀུ་ཊཱིའོ། །རྒལ་དཀའ་བར་ལྟུང་བ་རྣམས་ཀྱི་སྐྱབས་སུ་གྱུར་པས་ངོགས་དང་ཆོས་མཐུན་ པའི་ཕྱིར་ཏ་ཊའོ། །སྐྱབས་དང་བྲལ་བ་ནི་བི་ཏ་ཊའོ། །ཉམ་ཐག་པའི་ང་རོ་འདོན་པས་ན་བཻ་ར་ཏ་སྟེ་སྐྱབས་དོན་དུ་གཉེར་བའོ། །དེ་རྣམས་ཀྱི་སྐྱབས་སུ་གྱུར་པ་ཡིན་པས་ན་བཻ་ཏ་ཊི་བཻ་ཏ་ཊི་བཻ་ར་ཏི་བཻ་ར་ཏི་སྟེ་བོད་པའི་དོན་ལ་ཐུང་བ་དང་རྟབས་བག་གིས་ཚིག་གཉིས་སྨོས་པ་ཡིན་ནོ། །ཤྭེ་ཏི་ནི་སྐུ་མདོག་ལས་ སོ། །ཤྭེ་ཏ་ཛ་ཊི་ཞེས་བྱ་བ་ནི་རལ་པ་དཀར་པོ་མངའ་བའི་ཕྱིར་རོ། །ཕུར་བུའི་སྔགས་ལ་ནི་སྭཱ་ཧཱའི་སྒྲ་མེད་དོ། །དེ་ལ་སྔགས་དང་པོ་ཕཊ་ཀྱི་མཐའ་ཅན་གསུམ་ནི་ངེས་པར་སྦྱོར་བའོ། །གྷ་གྷ་ཞེས་བྱ་བ་ནི་ཡི་གེ་དང་པོས་ནི་བསྟན་པ་ཡིན་ལ། གྷཱ་ཏ་ཡ་གྷཱ་ཏ་ཡ་ཞེས་བྱ་བ་ནི་བཤད་པ་ཡིན་ནོ། །ཕཊ་ཅེས་ བྱ་བ་ནི་ལྟུང་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །སརྦྦ་པཱ་པཾ་ནི་སྡིག་པ་ཐམས་ཅད་དོ། །ཧཱུཾ་གསུམ་གྱི་གདུག་པའི་ཚིག་གིས་ནི་སྐུ་ལ་སོགས་པའི་ཕུར་བུས་གདབ་པ་བསྟན་པའོ། །འོག་མས་ནི་བཤད་པ་ཡིན་ནོ། །བཛྲ་ཀཱི་ལ་ཡ་ཞེས་བྱ་བ་ནི་བོད་པའོ། །བཛྲ་དྷ་ར་ཞེས་བྱ་བ་ནི་ཡི་གེ་ཨོཾ་ནི་ལུང་ ཡིན་ནོ། །རྫོགས་ཀའི་ཡི་གེ་ཧཱུཾ་ནི་སྦོད་པའི་དོན་ཏོ། །བསྒོ་བ་ལ་སྦྱོར་བ་གསུམ་པ་ལ་ནི་ཚིག་ཟློས་པ་མེད་དོ། །སྐུའི་ཕུར་བུའི་སྔགས་ལ། གཅོད་པ་དང་། འཇོམས་པ་དང་། སྲེག་པ་ལ་ངེས་པར་སྦྱོར་བའོ། །དཱིཔྟ་ཡང་དེ་ཡིན་ལ། བཛྲ་ཙཀྲ་ཡང་ཡིན་པས་ན་ སྐུའི་ཕུར་བུ་སྟེ། དེ་ལ་བོད་པའོ། །ཧཱུཾ་ཕཊ་ཅེས་བྱ་བ་ནི་སྔ་མ་དང་འདྲའོ། །གསུང་གི་ཕུར་བུའི་སྔགས་ལ་ཧྲིཿཞེས་བྱ་བ་ནི་པདྨའི་ཕུར་བུ་ཞེས་བྱ་བའི་དོན་ཏོ། །བྷུར་བྷུ་བཿཞེས་བྱ་བ་ནི་ས་དང་། ནམ་མཁའ་དང་འདྲ་བར་མི་གཡོ་བར་གྱིས་ལ་ཕུར་བུས་ཐོབ་ཤིག་པའི་དོན་ཏོ། །ཐུགས་ཀྱི་ ཕུར་བུའི་སྔགས་བཛྲ་རཱ་ཛ་ཞེས་བྱ་བ་ནི་ཐུགས་ཀྱི་ཕུར་བུ་ཞེས་བྱ་བའི་དོན་ཏོ། །ཧཱུཾ་ཞེས་བྱ་བ་ནི་ཕུར་བུས་སྣུན་ཅིག་ཅེས་བྱ་བའི་དོན་ཏོ། །ལེའུ་འདིའི་མཐར་བསྟན་པའི་ཕུར་བུའི་ཏིང་ངེ་འཛིན་འདི་གང་ཡིན་པ་དེ་དག་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་ལེའུ་འདི་ནི་ཏིང་ངེ་འཛིན་གྱི་ལེའུའོ། །སྐུ་དང་ གསུང་དང་ཐུགས་རྨད་དུ་བྱུང་བ་ནི་ཕུར་བུ་གསུམ་པ་ཡིན་ལ། དེས་བསྔགས་ཏེ་ལྷ་ཐམས་ཅད་འགུགས་པ་ནི་དེ་རྣམས་ཀྱི་བདག་ཉིད་ཐམས་ཅད་འཛིན་པའོ། །དེའི་དོན་དུ་རྣམ་པར་འཕྲུལ་པ་ནི་ཕུར་བུས་འདེབས་པའོ། །དེ་ཉིད་ནི་རྒྱལ་པོ་སྟེ་དངོས་གྲུབ་ཀྱི་མཆོག་གི་ཉེ་བར་སྒྲུབ་པ་ཉིད་ ལ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །གཙོ་བོའི་སྒོ་ནས་ཐ་སྙད་དུ་བྱས་པའི་ཕྱིར་རོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བཅུ་བཞི་པའོ།། །།འདིར་ནི་དངོས་གྲུབ་ཀྱི་མཚན་མར་གྱུར་པའི་རྨི་ ལམ་ནི་བརྗོད་པར་བྱ་བ་ཡིན་ཏེ། བསྙེན་པའི་ཡན་ལག་ཉིད་ཡིན་པའི་ཕྱིར་རོ། །དེ་དང་འབྲེལ་བའི་ཕྱིར་དངོས་གྲུབ་རྣམས་དང་རྨི་ལམ་རྣམ་པར་དཔྱད་པའི་སྙིང་པོ་ཡང་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་དང་པོའི་ཚིགས་སུ་བཅད་པས་ཡིད་ཆེས་པ་བསྐྱེད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་ སོགས་པ་གསུངས་པ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་དེའི་བདག་ཉིད་ཀྱིས་དེ་འཛིན་པར་མཛད་པའི་ཕྱིར་རྡོ་རྗེ་འཛིན་པའོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་རྡོ་རྗེ་གསུང་སྟེ། དོན་རྣམ་པ་གཞན་དུ་མི་འགྱུར་བའི་གསུང་ངོ་། །བཀའ་སྩལ་པ་ནི་གསུང་བར་འགྱུར་བའོ། ། དེ་ལྟར་ན་འདི་མཛེས་ཤིང་འབར་བས་ན་རྒྱལ་པོ་སྟེ་རྣམ་པར་སྣང་མཛད་ཅེས་བྱ་བའི་དོན་ཏོ། །ཤེས་བྱ་དང་ཤེས་པ་ཟད་པའི་ཕྱིར་ཐམས་ཅད་ནམ་མཁའ་སྟེ། མི་བསྐྱོད་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་བདེ་བ་ཉིད་ཀྱིས་རྒྱ་ཆེ་བའི་ཕྱིར་དང་། མི་ཟད་པའི་ཕྱིར་མི་འགྱུར་ཆེ་སྟེ། རིན་ཆེན་དཔལ་ཞེས་བྱ་བའི་དོན་ཏོ། །རིག་པ་དང་ཐམས་ཅད་དུ་ཡང་དག་པར་སྦྱོར་བའི་ཕྱིར་ཐམས་ཅད་དབང་བསྐུར་ཏེ། འོད་དཔག་ཏུ་མེད་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ཡེ་ཤེས་སྤྲོས་པའི་ཕྱིར་ཀུན་མཁྱེན་པ་སྟེ། དོན་ཡོད་པར་གྲུབ་པ་ཞེས་བྱ་བའི་དོན་ཏོ། །བཅུ་གཉིས་པ་ལས་ ཞེས་བྱ་བ་ལ་སོགས་པ་ལ་བཅུ་ལས་གཉིས་མ་ཚང་བ་ནི་གཉིས་ཏེ། དེ་རྣམས་བསྐང་བ་བཅུ་གཉིས་པ་ནི་ལེའུ་བརྒྱད་པ་ཞེས་བྱ་བའི་དོན་ཏོ། །བཅུ་གཉིས་པ་ལས་གང་གི་ལོ་གྲངས་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཡང་རིགས་གསུམ་ཆར་ལ་ཡང་སྦྱར་བར་བྱའོ། །དེ་ལ་བརྒྱད་པ་ལས་གཏི་ མུག་གི་རིགས་ཀྱི་བུ་མོ་ནི་ལོ་བཅུ་བཞི་པ་ནས་བརྩམས་ཏེ་ལོ་བཅོ་བརྒྱད་པའི་བར་དུ་ལྔ་གསུངས་པ་ཡིན་ནོ། །སྨེ་ཤ་ཅན་དང་བཙོ་བླག་མཁན་གྱི་སྒྲ་གནས་བརྗེ་བར་བྱའོ། །དེ་བས་ན་འདིར་བཙོ་བླག་མཁན་ནི་དྲི་མ་དག་པར་བྱེད་པ་ཡིན་ནོ། །དེ་ཡང་རྣམ་པར་སྣང་མཛད་ཡིན་ལ་དེ་ནི་སེམས་དག་པ་ འབའ་ཞིག་དོན་གྱིས་སྟོང་པ་ཉིད་རྟོགས་པར་བྱེད་པས་ན་སེམས་ཀྱི་དྲི་མ་དག་པར་བྱེད་པའོ། །དེའི་བུ་མོ་ནི་དེའི་བདག་ཉིད་ལས་སྐྱེས་པ་སྟེ་དེ་ནི་སྤྱན་མའོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ་འདའ་བར་མི་བྱ་བ་ཡིན་པའི་ཕྱིར་དོན་གྱིས་ན་དམ་ཚིག་གོ། །སོགས་པའི་སྒྲས་ནི་ཐིག་སྐུད་དང་ས་ཚོན་ དགྱེ་བ་ལ་སོགས་པ་ཡང་བསྡུའོ། །གྲུ་བཞི་ནི་ཕྱིའི་རིམ་པ་སྟེ་ནང་གི་རིམ་པ་ནི་ཟླུམ་པོ་ཉིད་ཡིན་ནོ། །དེ་རུ་ཞེས་བྱ་བ་ནི་བྲིས་པའི་དཀྱིལ་འཁོར་དུ་ཡིད་ཀྱིས་དབུས་མའི་གདན་ལ་འདུག་པར་གྱུར་ནས་སོ། །རྡོ་རྗེ་དཀྱིལ་འཁོར་ནི་རང་གི་སེམས་དཔའི་གཞལ་ཡས་ཁང་ངོ་། །དེའི་བསྒོམ་ པ་ནི་རྣམ་པ་ཐམས་ཅད་བསྒོམ་པ་སྟེ། དེ་རྒྱུར་གྱུར་པ་ཡིས་སོ། །བུ་མོ་པང་པར་བཞག་ནས་རྣམ་པར་བསྒོམ་པར་བྱའོ། །ཅི་ཞིག་ཏུ་བསྒོམ་ཞེ་ན། དེ་ཉིད་ལས་སྤྱན་གྱི་རྣམ་པ་ཅན་དང་། རིགས་ལྔའི་ཚོགས་ཅན་དང་། པདྨ་དང་རྡོ་རྗེ་གཉི་གའི་ནོར་བུ་རྣམ་པར་དག་པའོ། །དེ་ནས་དཀྱིལ་འཁོར་ ལྔ་ཅན་འཁོར་ལོ་ནི། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །དཀྱིལ་འཁོར་ལྔ་རང་གི་རིགས་ཀྱི་སྔགས་ཀྱི་མཆོག་བསྡུས་པ་སངས་རྒྱས་ལྔའི་ངོ་བོ་དང་བཅས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་དེ་ཡང་ཡིན་ལ་འཁོར་ལོ་ཡང་ཡིན་པས་ན་ཞེས་ བསྡུ་བར་བྱའོ། །དེ་ཡང་པདྨའི་ལྟེ་བ་ལ་རིག་མ་བཞི་ཡོངས་སུ་གྱུར་པ་ལས་བྱུང་བའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དེས་དེ་གཙོ་བོ་ཉིད་དུ་མཚོན་པའི་སངས་རྒྱས་ཀྱི་གཟུགས་ཏེ། རང་གི་ཡེ་ཤེས་སེམས་དཔའ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །སངས་ རྒྱས་རྣམས་ཀྱི་མཆོད་པ་དེ་ཡང་ཡིན་ལ། བླ་ན་མེད་པའི་བདེ་བ་ཉིད་ཡིན་པའི་ཕྱིར་གནས་ཀྱང་ཡིན་པས་ན་མཆོད་པའི་གནས་ཏེ། གང་དེ་རྣམས་ཞུ་བར་གྱུར་པའོ། །ཉམས་དགའ་སྔགས་ཀྱི་འཁོར་ལོ་ཅན་གྱི་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཅན་ཏེ་ཡང་དེ་ཉིད་དུ་ཞུ་བར་གྱུར་པའི་ཕྱིར་ རོ། །རིག་མ་དང་བཅས་པའི་མཆོག་དང་པོའི་གསང་བ་སྟེ་དེ་ཡང་དེ་ཉིད་དུ་ཞུ་བའི་ཕྱིར་གསང་བའོ། །རྣམ་པར་སྣང་མཛད་སྐུ་ཆེན་པོ། །ཞེས་བྱ་བ་ནི་སྔགས་དང་མཚན་མ་ལ་སོགས་པ་བསྐྱེད་པའི་རིམ་གྱིས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཐོབ་པར་གྱུར་པ་དེ་ཉིད་དོ། །སྐུ་གསུང་ཐུགས་ ནི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་རྡོ་རྗེ་ལྔས་བྱིན་གྱིས་བརླབས་པའོ། །སྔགས་ནི་རིགས་ཀྱི་རིག་པ་དེ་ཉིད་དེ། དེ་ལྷན་ཅིག་སྐྱེས་པ་ལ་སྤྱན་དུ་བསྒོམས་པས་ཐོབ་པའོ། །བསམ་གཏན་ནི་རྣམ་པར་མི་རྟོག་པའི་བདེ་བ་སྟེ། བསམ་གཏན་གྱི་སྔགས་ཀྱི་སྒོ་ནས་སྦྱོར་བ་ནི་བསྐུལ་བ་སྟེ། རིམ་ གྱིས་རྒྱ་མཚོའི་རླབས་བཞིན་དུ་རྒྱས་པའོ། །འདི་ཙམ་ནི་འདིར་མངོན་པར་རྟོགས་པ་ཡིན་ནོ། །ཇི་ལྟར་འགྱུར་བ་དེའི་འབྲས་བུ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །འོད་ནི་འོད་ཟེར་ཏེ། ཆེ་བའི་བདག་ཉིད་དོ། །ས་བཅུའི་དབང་ཕྱུག་ཏུ་གྱུར་ པ་ཉིད་ཀྱིས་ནི་ཅུང་ཟད་དམན་པ་ཉིད་ཀྱི་ཕྱིར་སངས་རྒྱས་འོད་འདྲར་འགྱུར་བའོ། །འདིར་ནི་བུ་མོའི་རིགས་བསྟན་ལ་བརྒྱད་པ་ལས་ནི་ན་ཚོད་གསུངས་སོ། །ཁ་དོག་ནི་བསྒྲེ་བར་བྱ་སྟེ་ཕྱི་རོལ་གྱི་ནི་ཙམ་པ་ལྟར་དཀར་སྐྱའོ། །སྤྱན་ནི་ཟླ་བ་ལྟར་དཀར་མོའོ། །ཨུཏྤ་ལ་མཐིང་ག་ཞེས་བྱ་བ་ལ་སོགས་པ་ གཏུམ་པ་ཉིད་ཀྱི་ཕྱིར་སྨེ་ཤ་ཅན་ཏེ་མི་བསྐྱོད་པའོ། །དེའི་བུ་མོ་ནི་མཱ་མ་ཀཱིའོ། །འདིར་ནི་བུ་མོའི་རིགས་དང་ཁ་དོག་གསུངས་པ་ཡིན་ནོ། །ན་ཚོད་ནི་བརྒྱད་པ་ལས་ལོ་གྲངས་བཅུ་གཉིས་པ་ནས་བཟུང་སྟེ་བཅུ་དྲུག་པའི་བར་དུ་གསུངས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་ པའོ། །དེའི་སྦྱོར་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་བསྒོམས་པས་སོ། །སྦྱོར་བའི་ཆོ་ག་དེ་ཉིད་ནི་བྱས་ནས་ཞེས་བྱ་བ་ལ་དབེན་པའི་གནས་སུ་ཞེས་བྱ་བ་ལ་སོགས་པ་ནས་བཞག་ནས་རྣམ་བསྒོམ་པ་ཞེས་བྱ་བ་དེའི་བར་ནི་ཆོ་ག་ཡིན་པར་ཤེས་པར་བྱའོ། །དེས་བསྒྲུབ་པར་བྱ་བ་དང་སྒྲུབ་ པར་བྱེད་པ་དག་དང་། པདྨ་དང་རྡོ་རྗེ་དག་ཡང་དག་པར་སྦྱོར་བ་བྱས་ནས་དཀྱིལ་འཁོར་ལྔ་ཅན་ཞེས་བྱ་བ་ལ་སོགས་པས་གསུངས་པ་གང་ཡིན་པའི་ལས་དེ་རྣམས་བརྩམ་པར་བྱའོ། །དམ་ཚིག་ནི་ལམ་མོ། །ཤིན་ཏུ་འདའ་དཀའ་བ་ཞེས་བྱ་བ་ནི་ཆོ་ག་འདིས་ངེས་པར་འདི་དག་གྲུབ་པའི་ ཕྱིར་རོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །དེ་དང་འོད་འདྲར་འགྱུར་བ་ནི་ས་བཅུའི་དབང་ཕྱུག་ཉིད་ཡིན་པའི་ཕྱིར་དེ་ལས་ཅུང་ཟད་དམའ་བ་ཉིད་ཀྱི་ཕྱིར་རོ། །རྒྱལ་བའི་ཆོས་རྣམས་ཐམས་ཅད་མཚུངས། །ཞེས་བྱ་བ་ལ་རྒྱལ་པོ་ནི་བྱང་ཆུབ་སེམས་དཔའི་དབང་རྣམས་དང་ལྡན་པའི་ཕྱིར་རོ། ། ཆོས་ཐམས་ཅད་དང་མཚུངས་པ་ཡིན་གྱི་དམན་པ་ནི་མ་ཡིན་ནོ། །འདོད་པ་ནི་བདེ་བ་ཆེན་པོའི་རྒྱ་མཚོའོ། །དེས་ཐར་པ་ནི་ས་བཅུ་པའི་སྒྲིབ་པ་ལས་གྲོལ་བ་སྟེ། ཐབས་གསུམ་པའི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །དེར་སྒྲུབ་པ་ནི་དེ་ཐོབ་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་ཆོས་ནི་ཞེས་བྱ་བ་ལ་སོགས་ པ་ལ་རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པའོ། །དེ་རྣམས་བསྒོམ་པ་ནི་སྔ་མ་བཞིན་ནོ། །གསུང་གིས་ཆགས་པར་མཛད་པས་ནི་གར་མཁན་ནི་འོད་དཔག་ཏུ་མེད་པའོ། །དེའི་བུ་མོ་ནི་གོས་དཀར་མོ་སྟེ། ལོ་ཉི་ཤུ་ལོན་པ་ནས་བརྩམས་ཏེ་ལོ་གྲངས་བཅུ་དྲུག་ལོན་པའི་བར་དུའོ། །རབ་མཛེས་ ཤིང་ཞེས་བྱ་བ་ནི་དབྱིབས་དང་ཁ་དོག་གཉིས་ཀྱིས་སོ། །རྡོ་རྗེ་ཆོས་ཀྱི་བདག་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པ་དང་མཉམ་པའོ། །ས་བཅུ་ལ་ནི་གནས་པར་འགྱུར། །ཞེས་བྱ་བ་ནི་ཡན་ལག་དྲུག་གི་བསྙེན་པས་མོས་པ་སྤྱོད་པ་ནས་ཉེ་བར་སྒྲུབ་པས་རབ་ཏུ་དགའ་བ་ལ་སོགས་པ་ལྷག་པའི་བསམ་ པ་དག་པའི་ས་བདུན་རྟོགས་ནས། སྒྲུབ་པ་འདིས་མི་གཡོ་བ་ལ་སོགས་པ་རྣམ་པར་སྨིན་པའི་ས་གསུམ་ཐོབ་པའི་ཕྱིར་རོ། །གསུང་གི་དམ་ཚིག་ནི་འོད་དཔག་ཏུ་མེད་པའི་ཆོས་ཐམས་ཅད་དོ། །ཀུན་གྱི་མཆོག་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་པའོ། །རྒྱ་ མཚོ་དང་འདྲ་བའི་བདེ་བ་ཆེན་པོ་ནི་དམ་པ་ཡིན་ལ་དེའི་མངའ་བདག་ནི་དེ་ཐོབ་པར་བྱེད་པའི་ཕྱིར་རོ། །འདོད་ཆགས་ཀྱི་རིགས་ཀྱི་བུ་མོ་གང་ཡིན་པ་དེ་ཉིད་ནི་རིན་པོ་ཆེ་དང་ལས་ཀྱི་རིགས་དག་གི་ཡང་ཡིན་ཏེ་དེས་དེ་དག་བསྡུས་པའི་ཕྱིར་རོ། །དེ་ལྟར་ཤེས་ཤིང་རིགས་གསུམ་ལས་བཙོ་བླག་མཁན་ ལ་སོགས་པའི་བུ་མོ་བསྒྲུབ་པར་བྱ་བ་ཡིན་ནོ། །ཡང་ན་བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཀྱི་བུ་མོ་ནི་རྡོ་རྗེ་ཆོས་བདག་ཅེས་བྱ་བ་ལ་རྡོ་རྗེ་ནི་ཐུགས་ཀྱི་དབང་ཕྱུག་གོ། །ཆོས་ནི་གསུང་གི་དབང་ཕྱུག་གོ། །བདག་ནི་སྐུའི་དབང་ཕྱུག་སྟེ། དེའི་རྣལ་འབྱོར་ལ་དེ་སྐད་ཅེས་བྱའོ། །འདིར་ཡང་གྲངས་ཇི་ལྟ་བ་ བཞིན་དུ་སྦྱར་བའི་ཕྱིར་སྐུ་ཐོག་མར་བལྟ་བར་བྱའོ། །ཡང་ན་དམངས་རིགས་ལས་བྱུང་བ་སྟེ། གཙང་སྦྲ་གཙོར་བྱེད་པ་དང་མཚོན་ཆ་གཙོར་བྱེད་པ་དང་། བཟོ་དང་ལས་གཙོར་བྱེད་པའི་དམངས་རིགས་རྣམས་གོ་རིམས་བཞིན་དུ་སྦྱར་རོ། །གསང་བ་ཐོབ་པར་བྱེད་པ་ནི་རིགས་གསུམ་གྱི་དངོས་གྲུབ་ ཐོབ་པར་བྱེད་པའོ། །སྒྲུབ་པ་རྩོམ་པ་དང་དངོས་གྲུབ་ཀྱི་དུས་ནི་རྡོ་རྗེ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཉི་མ་ནི་སྤྲིན་གྱིས་མ་བསྒྲིབས་པའི་ཉི་མ་གསལ་བར་འཆར་བ་ནུབ་པའི་དུས་སུ་སྒྲུབ་པ་ལ་འཇུག་པའི་ཕྱིར་རོ། །སྐྱ་རེངས་ནི་ཉི་མའི་ཁ་ལོ་པ་སྟེ། དེ་ལྟར་ན་ཁ་ཅིག་ནི་རེ་ཐུན་བཞིས་ གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་རྡོ་རྗེ་ཉི་མ་ནི་དམ་ཚིག་གི་ཉི་མ་སྟེ། རིག་པའི་མེ་ཏོག་ཅེས་བྱ་བའི་དོན་ཏོ། །སྐྱ་རེངས་ནི་དེ་ཉིད་ཀྱི་སར་པ་སྟེ། དེ་ལྟར་ན་ཐུན་བཞིའི་སྦྱོར་བས་ཟླ་བ་ཕྱེད་ཀྱི་ནང་དུ་འགྲུབ་པར་འགྱུར་རོ་ཞེས་ཟེར་རོ། །གཉི་ག་ལ་ཡང་སྐྱ་རེངས་འཆར་བའི་དུས་སུ་བདེ་བ་ཆེན་པོའི་ རྒྱ་མཚོའི་རླབས་དེ་ཡོད་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདིར་ཚིགས་སུ་བཅད་པ་ནི། སྔགས་པས་རྡོ་རྗེ་བར་བར་དུ། །ཅུང་ཟད་ཀྱང་ནི་བསྐྱོད་པར་བྱ། །ནོར་བུར་གནས་པའི་ཕཊ་ཀྱིས་ནི། །ཡིད་ལས་བྱུང་བ་དགག་པར་བྱ། །བྱང་ཆུབ་སེམས་ནི་མི་འཕོ་ན། །རྒྱུན་མི་འཆད་པར་སྣང་བ་ཡིན། །ཅིག་ཅར་བདེ་ མཆོག་སྐྱེ་བར་འགྱུར། །དེ་ཡི་རང་བཞིན་འགྲོ་སྤྲོས་པས། །བརྟན་ལ་ཁྱབ་བྱེད་བདེ་ཞི་བའི། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་འཕོ་འགྱུར་ཞིང་། །སེམས་བརྒྱལ་བས་ནི་ཐོབ་མི་འགྱུར། །བསྒོམ་པ་མཆོག་གིས་ཞེས་བྱ་བ་ནི་བདེ་བའི་མཆོག་བསྒོམ་པས་སོ། །རྒྱན་རྣམས་ ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་མཆོག་ནི་རིགས་གསུམ་གྱི་རིག་པ་གང་ཡང་རུང་བའོ། །སངས་རྒྱས་ནི་རྡོ་རྗེ་འཛིན་པའོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་འོད་ཀྱིས་སོ། །སྤྲོས་ན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱེད་པ་ ཡིན་ནོ། །འདིའི་འོག་མའི་ཚིགས་སུ་བཅད་པ་གསུམ་གྱིས་གོ་རིམས་བཞིན་དུ་ལས་ཀྱི་དམ་ཚིག་དང་བཟའ་བའི་དམ་ཚིག་དང་བཅས་པ་ཉིད་ལས་གྲུབ་པོ་ཞེས་གསུངས་པ་ཡིན་ནོ། །འདོད་པ་དང་ཐར་པ་ནི་ཐབས་གསུམ་པའི་འབྲས་བུ་ཡིན་ནོ། །དེའི་དམ་ཚིག་གི་རྡོ་རྗེ་ནི་དབྱེར་མི་ཕྱེད་པའི་ དམ་ཚིག་གོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རིག་པའི་བརྟུལ་ཞུགས་ཀྱི་འོག་ཏུ་ནི་བུ་མོ་སྒྲུབ་པ་ཡིན་ནོ། །དེ་གཉི་ག་ཡང་བུ་མོ་རྙེད་པ་ལས་འགྱུར་རོ། །གང་གི་ཚེ་ཡང་དེ་འབྲེལ་པ་རྣམས་ལས་མང་དུ་བསླངས་ཀྱང་སྟེར་བར་མ་གྱུར་པ་དེའི་ཚེ་དེ་རེངས་པར་བྱའོ། །དེ་བས་ ན་བུ་མོ་དེ་རེངས་པའི་དོན་དུ་སྔགས་དང་རྒྱུད་ལས་འཇུག་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། ཡང་དག་པའི་ཡེ་ཤེས་ཉིད་ཡིན་པའི་དམ་ཚིག་ཆེན་པོ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལས་བྱུང་བའི་རྡོ་རྗེ་ཁྲོ་བོ་ནི་དཔལ་གཤིན་རྗེ་མཐར་བྱེད་དོ། ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཀུན་དུ་སྐྲག་པར་བྱེད་པ་ནི་དགྲ་བོ་སྐྲག་པར་བྱེད་པའོ། །ཁྲོ་བོ་ནི་གཤིན་རྗེ་མཐར་བྱེད་དེ་ཉིད་དོ། །དེའི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །ཨོཾ་ཧྲཱིཿཥྚྲིཿཞེས་བྱ་བ་ལ་སོགས་པ་ལ། འཇོམས་པ་ པོས་སེལ་ཅིང་མེད་པར་བྱེད་པས་ན་ཧྲཱིཿསྟེ་གཤིན་རྗེ་མཐར་བྱེད་ཅེས་བྱ་བའི་དོན་ཏོ། །མཆེ་བ་ཡང་དེ་ཡིན་ལ་གདུག་པ་རྣམས་འདུལ་བར་བྱེད་པའི་ཕྱིར་རྩོད་པར་བྱེད་པ་ཡང་ཡིན་པས་ཥྚྲྀཿའོ། །བི་ཀྲྀ་ཏཱ་ན་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སརྦ་ཤ་ཏྲཱུཾ་ཞེས་བྱ་བ་ནི་མངོན་པར་འདོད་པའི་བུ་ མོའི་ཁྱོ་གཉིས་ལ་སོགས་པའོ། །ནཱ་ཤ་ཡ་ཞེས་བྱ་བ་ནི་བུ་མོ་སྟེར་བར་བྱེད་པའི་སེམས་ཀྱིས་མ་མཐོང་བར་གྱིས་ཤིག་པའོ། །སྟཾ་བྷ་ཡ་ཞེས་བྱ་བ་ནི་ཁྱོ་གཞན་ལ་སྦྱིན་པར་བྱ་བའི་བུ་མོ་ལ་སོགས་པའོ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བ་ནི་བགེགས་རྣམས་ཆོམས་ཤིག་ཆོམས་ཤིག །ལྟུང་ བར་གྱིས་ཤིག །ལྟུང་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །སྭཱ་ཧཱ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །སྔགས་ཀྱི་ཡི་གེ་ནི་ཡི་གེ་ཉི་ཤུ་རྩ་བཞི་པ་ཡིན་ནོ། །ཚེར་མའི་མེ་ལ་ཞེས་བྱ་བ་ནི་པོ་སོན་ཆ་དང་། ཚེར་མ་ཅན་ལ་སོགས་པའི་ཤིང་ལས་སྦར་བའི་མེ་ལའོ། །བུ་མོའི་མིང་དང་ཚིག་ཏུ་བཅད་པར་ཨོཾཿཧྲཱིཿཥྚྲིཿ བི་ཀྲྀ་ཏཱ་ན་ན་ཀ་ནྱ་ཆེ་གེ་མོ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བཟླའོ། །གྲུ་གསུམ་ཞེས་བྱ་བ་ནི་མེ་ཐབ་གྲུ་གསུམ་དུའོ། །སྟོང་རྩ་བརྒྱད་ཅེས་བྱ་བ་ནི་སྲེག་བླུགས་སྟོང་ལས་བརྒྱད་ལྷག་པའོ། །ཚུལ་བཞིན་དུ་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་སེར་པོའི་སྦྱོར་བས་མེ་ཐབ་ཀྱི་མེ་ལ་དེ་ཉིད་བསྒོམས་ཏེ། དེའི་ཞལ་ གདངས་ཤིང་ལྗགས་ཧཱུཾ་དང་ལྡན་པ་ལ་སྦྱིན་སྲེག་བྱ་ཞིང་བུ་མོ་དེ་དང་། སྦྱིན་པ་པོའི་སྤྱི་བོར་གནས་པའི་སྣ་ཚོགས་རྡོ་རྗེ་ལ་རི་རབ་དང་མཉམ་པའི་གཤིན་རྗེ་མཐར་བྱེད་སེར་པོ་གཡོན་བརྐྱང་བའི་ཞབས་ཀྱིས་མནན་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དོན་གྱི་ཕྱིར་ཞེས་བྱ་བ་ནི་ཐོབ་པའི་དོན་དུའོ། །གནོན་ པར་གྱུར་ཞེས་བྱ་བ་ནི་ཅི་ནས་ཀྱང་བུ་མོ་གཞན་ལ་མི་སྦྱིན་པར་རོ། །བསྐལ་པ་གྲངས་མེད་གསུམ་དུ་ཡང་། །ཞེས་བྱ་བ་ནི་གལ་ཏེ་དུས་དེ་སྲིད་ཀྱི་བར་དུ་བུ་མོ་དེ་ཉིད་དུ་འགྱུར་ཞིང་འཚོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་འདི་སངས་རྒྱས་ལ་སོགས་པ་ཡང་ཡིན་པར་འགྱུར་ཞིང་གལ་ཏེ་དེ་ཡང་འདས་ན་ནི་སྟེ། དེ་གཞན་ ལ་བྱིན་ནམ་ལེན་པར་བྱེད་ན་ཞེས་བྱ་བའི་དོན་ཏོ། །འདིར་མན་ངག་ལས་སྦྱོར་བ་གཞན་དག་ཀྱང་བཤད་པར་བྱ་སྟེ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་སྐེ་ཚེ་དང་ལན་ཚྭས་མེའི་དཀྱིལ་འཁོར་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་དང་དེའི་ལྟེ་བར་སྔགས་དང་སྤེལ་བའི་བུ་མོའི་མིང་བྲིས་པ། དུག་དང་གྲོག་མཁར་གྱི་ ས་དང་། ཁྲག་དང་། སྐེ་ཚེ་དང་ལན་ཚྭ་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་ནས་བཀུག་ཅིང་ཐོད་པ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ། བསྐུལ་བའི་ཚིག་དང་ལྡན་པའི་སྔགས་བརྗོད་ལ། ཉི་མ་གསུམ་གྱི་བར་དུ་ཁྲོས་པས་ཚེར་མའི་མེ་ལ་བསྲོས་ན་དེ་ལྟར་རེངས་པར་འགྱུར་རོ། །ཚིག་འཕྲོག་པ་ལ་སོགས་ པ་ལ་ནི་ཆེ་གེ་མོའི་བ་ཙཾ་ག་མ་ན་མ་ག་མ་ནཾ་བ་སྟཾ་བྷ་ཡ་ཞེས་བྱ་བའི་བསྐུལ་བའི་ཚིག་གི་ཁྱད་པར་གྱིས་འགྱུར་རོ། །དེ་ལ་སྦྱོར་བ་ནི་དུར་ཁྲོད་ཀྱི་རས་ལ་བ་བླ་དང་རྡོ་རྒྱུས་དང་སྲིན་ལག་གི་ཁྲག་གིས་སྣ་ཚོགས་རྡོ་རྗེས་མཚན་པའི་དབང་གི་དཀྱིལ་འཁོར་དང་དེ་ལ་སྔགས་དང་སྤེལ་བའི་བསྒྲུབ་པར་བྱ་བའི་མིང་ བྲིས་པ་ཆུའི་ངོགས་གཉིས་ཀྱི་ས་ལས་བྱས་པའི་གཟུགས་བརྙན་གྱི་ཁ་ལ་སོགས་པར་བཅུག་སྟེ། བཀུག་ཅིང་ཁམ་ཕོར་ཁ་སྦྱར་ལ་གནས་པར་བྱའོ། །བཅུ་བཞིའམ་ཡང་ན་ཚེས་བརྒྱད་ལ། །ཞེས་བྱ་བ་ལ་མར་ངོའི་ཞེས་བྱ་བ་ནི་ལྷག་མའོ། །དུར་ཁྲོད་ཅེས་བྱ་བ་ནི་མི་ཤི་བ་བསྲེགས་མ་ཐག་ པའི་གནས་ལས་སོ། །བླངས་ནས་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱི་སྦྱོར་བས་བླངས་ནས་སོ། །སྔགས་བཏབ་ན་ཞེས་བྱ་བ་ནི་དེའི་སྦྱོར་བ་ཉིད་ཀྱིས་ཧྲཱིཿཥྚཱྀཿཞེས་བྱ་བའི་སྔགས་སྟོང་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཉིད་ཀྱིས་གནས་ ལ་སོལ་བ་དེ་དང་། ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་ཡ་ཀྵྱ་ཆེ་གེ་མོ་ཀ་ནཾ་ད་དཱ་ཏུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་སྤེལ་ཞིང་བསྐུལ་བའི་ཚིག་དང་ལྡན་པའི་གནོད་སྦྱིན་ལ་སོགས་པ་གང་ཡིན་པའི་མིང་བྲི་བར་བྱའོ། །སྟེར་བར་འགྱུར་ཏེ་དེ་ཉིད་སྟེར་བར་བྱེད་ཅེས་བྱ་བའི་དོན་ཏོ། །གཞུང་ལ་ལ་ ལས་ནི་འདུལ་བྱེད་འགྱུར་ཞེས་འབྱུང་སྟེ། དེར་ནི་དེ་ཉིད་ཀྱི་བུ་མོ་ལ་གགས་བྱེད་པ་དེའི་བུ་མོ་སྟེར་བའི་ཕྱིར་འདུལ་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་ངེས་པར་རོ། །ཞར་ལ་སྦྱོར་བ་གཞན་ཡང་བསྟན་པའི་ཕྱིར་སྔགས་ཤེས་པ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ ཡང་རུང་བའི་དགྲ་བོའི་གཟུགས་བརྙན་དེ་བཞིན་དུ་མངོན་པར་བསྔགས་པའི་སོལ་བ་དེ་ཉིད་ཀྱིས་བྱས་ནས་ནི་བཀུག་ལའོ། །བསམ་གཏན་དག་གིས་ཞེས་བྱ་བ་ལ། བདག་ཉིད་གཤིན་རྗེ་གཤེད་ཉིད་དང་། སོལ་བ་མཚོན་ཆ་ཉིད་དང་གཟུགས་བརྙན་བསྒྲུབ་བྱ་ཉིད་དེ་འདིས་འདིའི་མགོ་གཅད་པར་བྱའོ་ཞེས་ མོས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བྲིས་ན་ནི་ཞེས་བྱ་བ་ནི་སོལ་བ་དེས་གཟུགས་བརྙན་གྱི་མགུལ་དུའོ། །འཆི་བར་འགྱུར་བ་ཞེས་བྱ་བ་ནི་མགོ་བཅད་པས་སོ། །ཐོ་བ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་སྦྱོར་བ་ཡིས་ཞེས་བྱ་བ་ལ། བདག་ཉིད་ནི་གཤིན་རྗེ་གཤེད་དང་། ཕྱག་ན་རྡོ་རྗེ་དེའི་ རང་བཞིན་ཅན་གྱི་རྡོ་རྗེ་ཐོ་བ་དང་། བསྒྲུབ་བྱ་མདུན་དུ་བསམས་ནས་ཐོ་བ་ཕབ་ན་ཞེས་བྱ་བ་སྟེ། ཐོ་བ་དེ་བསྒྲུབ་པར་བྱ་བའི་ལུས་ལ་ཕབ་ནའོ། །ངེས་པར་ལྟུང་བར་འགྱུར་རོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དེ་ངེས་པར་འཆི་བར་འགྱུར་རོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ། གནོད་མཛེས་ ལ་སོགས་པའི་སྦྱོར་བས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་ལག་ཏུ་བསམས་ལ་དེ་གདུག་པའི་སྟེང་དུ་བབ་པ་གང་ཡིན་པ་དེ་ཉིད་ཀྱིས་དེ་འཇིག་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ་སོགས་པའི་སྒྲས་ནི་བཙག་གམ་བ་བླ་དག་གིས་སོ། །ལག་པར་སྟ་རེ་ཞེས་བྱ་བ་ ནི། བདག་ཉིད་གནོད་མཛེས་ལ་སོགས་པའི་ལག་པར་ཧཱུཾ་ལས་བྱུང་བའི་སྟ་རེ་བསམས་ལ་དེས་དེའི་མིད་པ་བཅད་པར་རྣམ་པར་བསྒོམས་ན་མགོ་བཅད་པ་ཉིད་དུ་འགྱུར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་ལ་སོགས་པ་རྡོ་རྗེ་རིན་ཆེན་གྱི་མཆོག་གོ། །ཡང་ནའི་སྒྲ་ནི་འདས་མ་ཐག་པའི་ སངས་རྒྱས་ལ་བལྟ་བར་བྱའོ། །སྣད་འགྱུར་བ་ཞེས་བྱ་བ་ནི། གལ་ཏེ་བསྣུན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །ལ་དོར་བ་གསུངས་པ་འདི་ནི་སྦྱོར་བ་ལ་བསྟོད་པའི་དོན་ཏོ། །ཆར་ཆེས་པའམ་དཀྱིལ་འཁོར་བྲི་བ་ནི་ཆར་གཅད་པའི་ཕྱིར། ལས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ དོན་ནི་རྡོ་རྗེ་འཆང་ཆེན་པོ་སེར་བའི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་གྱི་ཁང་པ་དང་། གྲོང་དང་གྲོང་ཁྱེར་ལ་སོགས་པའི་སྟེང་གི་བར་སྣང་ལ་ཡི་གེ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་སེར་པོ་འབར་བ་མངོན་པར་འདོད་པའི་ཕྱོགས་ཁེབས་པར་གནས་པ་དེའི་དབུས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཆེན་པོ་རྩེ་མོ་གྱེན་ དུ་བལྟས་པ་བསྐལ་པའི་མེ་དང་འདྲ་བར་ངེས་པར་བསམས་ལ། དེའི་ལྟེ་བར་དེ་ཉིད་ཀྱི་སྦྱོར་བས་འདུག་ལ་རང་གི་བ་སྤུའི་བུ་ག་ནས་བྱུང་བའི་རྡོ་རྗེ་ཕྲ་མོ་ལྟ་བུའི་འོད་ཟེར་སེར་པོའི་ཚོགས་ཀྱིས་ནམ་མཁའི་ངོས་ཁེབས་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་མངོན་པར་འདོད་པའི་གནས་ལས་ཕྱི་རོལ་ཉིད་དུ་ ཆར་འབབ་ཀྱི་ནང་དུ་ནི་མ་ཡིན་ནོ། །འདི་ཙམ་ཐམས་ཅད་ཀྱིས་ཀྱང་སྔགས་པའི་མཐུ་བསྟན་པར་འགྱུར་རོ། །གང་གི་ཚེ་ཐམས་ཅད་དུ་ཆར་གཅོད་པར་འདོད་པ་དེའི་ཚེ་ནམ་མཁའི་གཏོས་ཁྱབ་པའི་སྣ་ཚོགས་རྡོ་རྗེ་ལས། རྡོ་རྗེའི་ནང་དུ་ཆུད་པའི་རང་གི་རྡོ་རྗེ་འཛིན་པའི་རྡོ་རྗེའི་འོད་ཟེར་རྣམས་སྤྲོས་པས་ཀླུ་ཐམས་ཅད་ ཡོངས་སུ་བསྐམས་པར་བསམ་པར་བྱའོ། །ཡང་ན་རྡོ་རྒྱུས་ལ་སོགས་པས་དུར་ཁྲོད་ཀྱི་རས་ཀྱི་པདྨ་འདབ་མ་བརྒྱད་ལ་ཀླུ་བརྒྱད་པོ་རང་གི་ས་བོན་དང་དེའི་ལྟེ་བར་ཕཊ་དང་སྤེལ་བའི་ཆུ་ལྷ་བྲིས་ནས་བཀུག་སྟེ། རས་གཉིས་པ་ལ་སྣ་ཚོགས་རྡོ་རྗེ་སེར་པོ་འབར་བའི་ལྟེ་བར་ཁྲོ་བོའི་རྡོ་རྗེ་འགྲེང་བ་ཧཱུཾ་གིས་མཚན་ པ་བྲིས་ལ། དེའི་སྟེང་དུ་ཁས་ཕུབ་སྟེ་ཁ་སྦྱར་བྱས་ལ་རྡོ་ལེབ་ཀྱིས་མནན་ཏེ་བཞག་ན་ཆར་གཅོད་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །དཀྱིལ་འཁོར་དག་གིས་ཞེས་བྱ་བ་ལ་སོགས་པ་ལ། རླུང་ལ་སོགས་པ་ཞེས་བྱ་བའི་རླུང་དང་ཆར་དང་སེར་བ་དང་ཐོག་འབབ་པ་དང་ས་གཡོ་བ་ལ་སོགས་པའོ། །མཆེ་ བའི་ཕྱག་རྒྱ་བཅིངས་ནས་སུ། །ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་མེ་ལྟར་འབར་བ་འཇིག་པའི་དུས་ལྟར་སྣང་བ་རི་རབ་ཀྱི་ཚད་ཙམ་ཁྲོ་བོའི་ལྟ་བས་བགེགས་ཀྱི་གནས་རྟོགས་པར་བྱེད་པ་ཅན་བརྟན་པོར་བྱས་ནས་ཞེས་བྱ་བའི་དོན་ཏོ། །གདུག་པའི་དགྲ་ནི་བགེགས་མཐར་བྱེད་དོ། ། དེ་ཡང་འཆད་པར་འགྱུར་བའི་ཡི་གེ་ཕཊ་དེ་དེ་བརྗོད་པར་བྱའོ། །བརྗོད་པའི་རྗེས་ཐོགས་ཉིད་ལ་འབྱིན་པའི་རླུང་སྤྲོས་པ་ལས་ཁྲོ་བོའི་རིགས་ཀྱིས་བགེགས་རྣམས་བཟློག་པར་བསམ་མོ་ཞེས་བྱ་བའི་དོན་ཏོ། །རླུང་ལ་སོགས་པ་སྤྲུལ་པར་གྱུར་པ་འགག་པར་འགྱུར་ཏེ་རྣམ་པར་དེངས་པར་འགྱུར་ རོ། །འཇིག་པར་འགྱུར་ཞེས་བྱ་བ་ནི་སྤྲུལ་པ་རྣམས་སོ། །མངོན་སྤྱོད་ཀྱང་སྔགས་འདི་ཉིད་ཀྱིས་བྱ་བ་ནི། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔགས་དེ་ཉིད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་གསང་བ་ནི་གསང་སྔགས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་གཅེས་ པའོ། །དེ་དེ་ལྟར་ན་བུ་མོ་རྙེད་པའི་ཕྱིར་ཞར་ལས་བྱུང་བའི་ཆོ་ག་དང་བཅས་པ་བཤད་ནས་དེ་བྱས་ཀྱང་རུང་མ་བྱས་ཀྱང་རུང་། བུ་མོ་རྙེད་པ་དང་ལྷན་ཅིག་ཟླ་བ་དྲུག་གི་བར་དུ་རིག་པའི་བརྟུལ་ཞུགས་སྤྱད་ནས་སྔར་བསྙེན་པ་དང་ཉེ་བར་སྒྲུབ་པ་དག་གིས་ཁྱད་པར་ཐོབ་པ་ཅན་གྱིས་ལེའུའི་རྩོམ་པར་གསུངས་ པའི་ཆོ་གས་བུ་མོ་དེ་བསྒྲུབ་པར་བྱའོ། །ཆོ་ག་དེ་ཉིད་ཁ་བསྐང་བའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཡེ་ཤེས་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེའི་སྦྱོར་བ་ནི་དེར་ལྷག་པར་མོས་པའོ། །དབུས་སུ་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་ཀྱི་གདན་ལའོ། ། གཟུགས་ནི་རྡོ་རྗེ་སེམས་དཔའི་སྐུ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན་ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས་ཏེ་བསྐྱེད་པར་བྱ་བའི་རྡོ་རྗེ་འཛིན་པ་ཡེ་ཤེས་སེམས་དཔའི་རིགས་ལྔས་བསྐོར་བའི་རིགས་ཀྱི་བདག་པོ་མདུན་གྱི་ནམ་མཁའ་ལ་ལྟའོ། །དེའི་རབ་སྦྱོར་ནི་དེ་ཉིད་དབུས་ ཀྱི་གདན་ལ་དགོད་པར་བྱའོ། །སྔགས་ཞེས་པ་ནི་རིགས་དང་རིགས་ཀྱི་བདག་པོའི་རིག་པ་ཡོངས་སུ་ཤེས་པས་སོ། །གནས་བཞི་རུ་ཞེས་བྱ་བ་ནི་དེའི་ལོགས་ཀྱི་བ་དན་རེ་རེ་ལའོ། །བུད་མེད་ཅེས་བྱ་བ་ནི་རང་རང་གི་རིགས་ཀྱི་སྔགས་ཀྱི་