Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 41
Văn bản gốc(Tây Tạng)
Trang 1 / 21 (50.000 ký tự/trang)
༄༅༅། །དངོས་གྲུབ་མཆོག་གི་ཉེ་བར་སྒྲུབ་པའི་དྲག་ཤུལ་གྱི་སྒྲུབ་པ་དང་། དབང་དུ་བྱ་བ་དང་། བསྲུང་བའི་སྦྱོར་བ་ཞར་ལ་འོངས་པ་དང་བཅས་པ་བསྟན་པའི་ཕྱིར་ལྷ་མོ་བཞི་དང་། ཁྲོ་ བོ་དགུ་རྣམས་དང་། མདུང་ཆེན་མ་དང་། ཁྲོ་གཉེར་མའི་སྔགས་སྦྱོར་བ་དང་བཅས་པ་དང་ཕུར་བུ་གདབ་པའི་སྔགས་བཞི་པོ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའི་ལེའུ་བཅུ་བཞི་པ་གསུངས་ཏེ། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི། དེ་རྣམས་ཀྱི་སྔགས་དང་། ཕྱག་རྒྱ་ལ་སོགས་པའི་རྣམ་པ་གང་ཡིན་པའོ། །ཇི་ལྟར་ན་དམ་ཚིག་ཡིན་ཞེ་ན། རྒྱལ་བའི་བཀའ་དང་འདྲ་བར་ འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རམ། ཆོས་ཀྱི་སྐུ་ཡང་དག་པར་ཐོབ་པའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་རམ། ཡང་དག་པར་ཐོབ་པ་ནི་ཡང་དག་པར་རྟོགས་པ་ཉིད་ཀྱི་ཕྱིར་ཏེ། ཡང་དག་པའི་ ཡེ་ཤེས་ཀྱི་ཐབས་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་བདག་པོ་ནི་གཙོ་བོའི་རྒྱུ་ཉིད་ཡིན་པའི་ཕྱིར་རམ། ཐུན་མོང་གི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་འཛིན་པ་ཆེན་པོ་ནི་བཅོམ་ལྡན་འདས་སོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་ནོ། །འདིས་ནི་དེ་ཉིད་དམ་ཚིག་ཐམས་ཅད་སྟོན་པར་མཛད་པ་པོར་རིགས་སོ་ཞེས་བསྟན་པར་འགྱུར་རོ། །ལུས་ཀྱི་ ཉེས་པ་ནད་དང་རྒ་ཤི་ལ་སོགས་པ་ཐམས་ཅད་ཤིན་ཏུ་ཞི་བ་ནི་རྣམ་པར་སྣང་མཛད་དོ། །དེའི་དམ་ཚིག་ནི་ལྷན་ཅིག་སྤྱོད་པའི་ཤེས་རབ་ཀྱི་ལུས་ཏེ་སྤྱན་ཞེས་བྱ་བའི་དོན་ཏོ། །དེའི་མཆོག་ལ་དམིགས་པ་མངའ་བས་ན་དེ་སྐད་ ཅེས་བྱའོ། །ཅིའི་ཕྱིར་སྙོམས་པར་འཇུག་པར་མཛད་ཅེ་ན། དེའི་འམ་དེ་ལ་སྡུག་པའི་རྣལ་འབྱོར་གྱིས་དེ་དག་གི་སྔགས་ཀྱི་སྦྱོར་བ་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །འདི་ཉིད་ཀྱི་ཞེས་བྱ་བ་ནི་སྔགས་ཀྱི་ རྣམ་པ་འཆད་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་རྣམ་པར་དག་པའི་སྐུའོ། །དེ་རྣམས་ཀྱི་བཙུན་མོ་ནི་དབྱིངས་ཏེ། དགའ་མ་དང་བཙུན་མོ་དམ་པའོ། །དེ་ ཡང་དེ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་རིག་པ་ནི་ཞི་གནས་སོ། །དེ་ནི་དེ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པ་སྟེ་ལྷག་མཐོང་ངོ་། །དེ་ཉིད་ཀྱིས་དེ་ཁོ་ན་ཉིད་བྱེ་བྲག་ཏུ་མཐོང་བས་དེ་ཁོ་ན་ཉིད་དང་རོ་གཅིག་པས་ དེ་བས་ན་དེ་རྣམས་ལ་དེ་ཁོ་ན་ཉིད་དང་དམིགས་པ་ཞེས་ཀྱང་བརྗོད་དོ། །དགའ་བ་སྐྱེད་པར་བྱེད་པས་དགའ་བ་དང་སྡུག་པ་ཡང་ཡིན་ནོ། །དེ་ཉིད་ཀྱིས་ནི་དམིགས་པའི་ཚུལ་དུ་འཛིན་པའི་ཕྱིར་དང་། ཉེ་བར་སྟོན་པའི་ཚུལ་དུ་གསོ་བའི་ཕྱིར་གསོ་བར་བྱེད་པ་དེ་ལྟར་ན་བཙུན་མོའོ། །འཛིན་པར་བྱེད་པའི་ ཕྱིར་དབྱིངས་སོ། །ཇི་ལྟར་ཉེ་བར་སྟོན་པ་ཡིན་ཞེ་ན། ཚིམ་པར་བྱེད་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ལ་དགའ་བའི་དགྱེས་པས་ཉེ་བར་སྟོན་པར་མཛད་པ་ཡིན་གྱི་ཁམ་གྱི་ཟས་ལ་སོགས་པས་ནི་མ་ཡིན་ནོ། །དེ་བས་ན་ཚིམ་པར་བྱེད་པས་ན་དགའ་མའོ། །ཤིན་ཏུ་ཡིད་དུ་ འོང་བའི་ཕྱིར་བཙུན་མོ་དམ་པའོ། །དེ་སྐད་དུ་ལེའུ་བཅུ་བདུན་པ་ལས། དབྱིངས་སུ་གྱུར་པའི་རྒྱལ་པོ་ཆེ། །ཚིམ་པར་བྱེད་པ་རྣམ་པར་བསམ། །ཞེས་བྱ་བ་དང་། ལེའུ་བཅོ་བརྒྱད་པ་ལས། དགའ་བ་རྫོགས་པའི་ལོངས་སྤྱོད་མཆོག །བུད་མེད་བདེ་མཆོག་ཕུན་སུམ་ཚོགས། །ཞེས་ འབྱུང་ངོ་། །དེའི་ངོ་བོ་ཉིད་ཡིན་པས་ན་དེའི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །སེམས་ཅན་ཐམས་ཅད་འབྱོར་པ་ནི་འབྱོར་པ་ཀུན་ནོ། །དགྱེས་པ་རྣམས་ནི་བཞེད་པ་རྣམས་སོ། །དེ་རྣམས་ལ་དགྱེས་པ་ནི་དེ་ལ་ཉེ་བར་ལོངས་སྤྱོད་པའོ། །དེ་དང་ལྡན་པས་ན་འབྱོར་པ་ཀུན་ལ་དགྱེས་པ་རྣམས་ཏེ། སོ་སོར་སྡུད་པ་ལ་སྙོམས་པར་ཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བའི་དོན་ཏོ། །དེ་རྣམས་མཉེས་པ་ནི་གསན་པ་ཙམ་གྱིས་སོ། །རབ་ཏུ་དགྱེས་པ་ནི་གཏི་མུག་དགའ་མ་དེ་ཉིད་དོ། །སངས་རྒྱས་རྡོ་རྗེ་ནི་རྣམ་པར་སྣང་མཛད་ཀྱི་ཆོས་ཉིད་དེ་སྤྱན་ནོ། །དེ་སྟོན་པར་མཛད་པས་ ན་དེ་སྐད་ཅེས་བྱའོ། །དེ་རྗེས་སུ་དྲན་པ་ནི་དགྱེས་པས་སོ། །སངས་རྒྱས་རྣམས་ཀྱི་ཞིང་འབྱུང་བ་སྟེ། དེ་རྣམས་ཀྱི་ཞིང་འབྱུང་བ་ཡང་དེ་ལ་རག་ལས་པ་ཉིད་ཡིན་ན་རིམས་ལ་སོགས་པ་ཞི་བར་བྱེད་པ་ལྟ་ཅི་ཞིག་སྨོས། ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཅིང་། །ཞེས་བྱ་བ་ལ། སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་གསུངས་པའི་ཕྱིར་ཏེ། སྦྱོར་བའི་བྱེ་བྲག་གིས་རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནི་སེམས་ཙམ་ཉིད་དོ། །དེའི་དམ་ཚིག་ནི་ཡང་དག་པར་རྟོགས་པའོ། །དེ་བསྐུལ་བ་ནི་དགུག་པ་སྟེ། སྤྱན་གྱི་སྦྱོར་བས་བཟླས་ན་དེ་མྱུར་དུ་སྐྱེ་བར་བྱེད་ཅེས་བྱ་བའི་དོན་ཏོ། ། ཤི་བ་སོས་པར་བྱེད་པ་ནི་ཤི་བའི་སྲོག་ཀྱང་འགུགས་པར་བྱེད་པའི་ཕྱིར་དང་། འཆི་བར་འདོད་པའི་སྲོག་ཀྱང་འཛིན་པར་བྱེད་པའི་ཕྱིར་རོ། །དེ་ལ་ཞི་བའི་དོན་དུ་ཇི་ལྟར་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་སྦྱོར་བ་གསུངས་པ་དེ་བཞིན་དུ་སྤྱན་གྱི་སྦྱོར་བས་ཀྱང་བལྟ་བར་བྱའོ། ། ཡང་ན་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་ཙནྡན་དཀར་པོས་པདྨ་འདབ་བརྒྱད་བྲིས་ཏེ། དེའི་ལྟེ་བའི་རྡོ་རྗེའི་ལྟེ་བར་གནས་པའི་ཡི་གེ་ཧཱུྃ་གི་མགོར་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བ་རྣམ་པར་སྣང་མཛད་ཀྱི་འབྱིན་པའི་སྔགས་ཀྱིས་བསྐོར་རོ། །དེའི་འདབ་མ་ལ་སྤྱན་གྱི་སྔགས་ཀྱིས་ཀྱང་བསྐོར་བར་བྱའོ། །དེ་ནས་ ཆོ་ག་བཞིན་དུ་སྤྱན་དྲངས་པ་ལ་སོགས་པ་བྱས་ནས། ནད་པའི་སྔས་སུ་ཙནྡན་གྱིས་བྱུགས་པའི་ས་གཞིའི་གནས་ལ་ཁམ་ཕོར་ཁ་སྦྱར་གཞག་སྟེ་མེ་ཏོག་དཀར་པོས་མཆོད་པར་བྱའོ། །སྔ་མ་བཞིན་དུ་རང་གི་སྙིང་གའི་ཟླ་བ་ལ་དེ་དབང་བསྐུར་བར་བསམས་ནས་བསྐུལ་ཚིག་དང་བཅས་པའི་ཕྲེང་བའི་ སྔགས་ཁྲི་བཟླ་བར་བྱའོ། །ཤི་བ་གསོ་བའི་ཕྱིར་ཆོ་ག་བཞིན་དུ་སྤྱན་གྱི་སྦྱོར་བ་བྱས་ནས་རང་གི་སྙིང་ག་ལས་གྲུབ་པའི་རྡོ་རྗེ་ལྕགས་ཀྱུ་ཕྱུང་བ་དེས་ཤི་བའི་རྣམ་པར་ཤེས་པ་འཇིག་རྟེན་ཕ་རོལ་དུ་སོང་བ་གསལ་ཞིང་དམར་བའི་ཡི་གེ་ཨའི་རྣམ་པ་ཅན་ནམ། མར་མེའི་རྩེ་མོ་རླུང་གིས་མ་བསྐྱོད་པའི་ མི་གཡོ་བ་ལྟ་བུ་བཀུག་ལ་ཤི་བའི་སྙིང་གར་གཞུག་པར་བྱའོ། །དེ་ལ་མོ་ཧ་ར་ཏཱི་ཞེས་བྱ་བའི་སྙིང་པོ་བཀོད་དེ། དེའི་འོད་ཟེར་གྱིས་ལུས་དེ་མི་སྣང་བར་བྱས་ལ་མོ་ཧ་ར་ཏཱི་ཞེས་བརྗོད་བཞིན་དུ་སྤྱན་གྱི་རྣམ་པར་ཡོངས་སུ་གྱུར་པར་བསམས་ཏེ། མིག་ལ་སོགས་པ་དང་། ལུས་ལ་སོགས་པ་བྱིན་གྱིས་བརླབས་ པར་བྱས་ནས་རང་གི་སྙིང་ག་ན་གནས་པའི་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀའི་ཟླ་བ་ལ་བཀོད་པའི་ཕྲེང་བའི་སྔགས་དེ་ལས་བྱུང་བའི་སྤྱན་གྱི་སྤྲིན་རྣམས་ཀྱིས་ཤེལ་གྱི་བུམ་པའི་བདུད་རྩིའི་དབང་བསྐུར་བ་དང་། སྔ་མ་བཞིན་དུ་འོད་ཟེར་གྱི་གོང་བུའི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །འཆི་བར་འདོད་པའི་ སྲོག་ཡང་དག་པར་གཟུང་བའི་ཕྱིར། །འཆི་འདོད་སྙིང་གའི་པདྨ་ལ། །མིང་གི་ཡི་གེའམ་ཡི་གེ་ཨཱཿ། །བལྟས་ཤིང་པདྨ་ཁ་བཙུམས་ལ། །པདྨ་ཞགས་པས་བཅིང་བར་བྱ། །ཡང་ན། སྙིང་གར་རྡོ་རྗེ་ཁ་སྦྱར་ལྟེར། །གནས་པའི་ཨཱཿནི་གསེར་འོད་ཅན། །བསམས་ནས་རྩེ་མོ་གཉིས་དག་ནི། །ཞགས་ པ་དག་གིས་བཅིང་བར་བྱ། །རྒྱས་པའི་དོན་དུ་སྙིང་གའི་པདྨ་ལ་ཡི་གེ་བཾ་ཁ་དོག་སེར་པོ། ཁ་ཐུར་དུ་བལྟས་པ་བདུད་རྩི་འཛག་པ་བསམས་ནས། ལྟེ་བའི་ཕྱོགས་སུ་ཡང་ཡི་གེ་ཨཱཿཔདྨའི་ཁ་སྦྱར་ཅན་བདུད་རྩི་དང་བཅས་པ་བསམ་པར་བྱའོ། །སྦྱོར་བ་ཐམས་ཅད་ལ་སྤྱན་གྱི་སྦྱོར་བས་དེའི་ཕྲེང་བའི་སྔགས་ བཟླ་བར་བལྟ་བར་བྱའོ། །དེ་ལ་ཞི་བའི་སྔགས་ནི། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་ཆེ་གེ་མོའི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་རྒྱས་པ་ལ་ནི། སརྦ་ཨརྠ་སཱ་དྷ་ནི་ཆེ་གེ་མོའི་པུཥྚིཾ་ཀུ་རུ་ཨོཾ་མོ། །འདིར་ཚིགས་སུ་བཅད་པ་ནི། ཞི་ལ་སྭཱ་ཧཱ་རྒྱས་ལ་ཨོཾ། །དགུག་ལ་ ཛཿསྟེ་དབང་དོན་ཧོཿ། །ཧཱུྃ་ནི་གསོད་དང་རྨོངས་པ་ལ། །མངོན་སྤྱོད་ལ་ནི་ཧཱུྃ་ངམ་ཕཊ། །བསྲུང་ལ་ཧྃ་སྟེ་མཁའ་འགྲོ་ཧ། །བཅིངས་ལ་བཾ་སྟེ་མི་སྣང་ཨོཾ། །འདི་ཡི་མཐའ་ཅན་བསྐུལ་བའི་སྔགས། །ལྷན་ཅིག་སྐྱེས་པའམ་བྱས་པ་ཡིན། །ཞི་དང་རྒྱས་དང་དབང་དགུག་དང་། །དྲག་པོ་ཡི་ ནི་ལས་རྣམས་ལ། །ཤར་བྱང་ནུབ་དང་ལྷོར་བལྟས་པ། །དཀར་སེར་དམར་དང་གནག་པ་ཉིད། །བརྩེ་བཅས་དགའ་ཆགས་ཁྲོས་པ་ཡིན། །སྲོད་དང་ཐོ་རངས་མཚན་ཉིན་ཕྱེད། །བརྩམ་བྱ་དགུག་པར་བྱ་བ་ལ། །ཁ་སྟེང་ཕྱོགས་པས་ཕྱོགས་བལྟ་ཞིང་། །སྔགས་པ་ཡང་ཡང་རང་ལྷ་ཉིད། ། རྡོ་རྗེ་སེམས་དཔའི་རང་བཞིན་སྨོས། །ལས་རྣམས་གྲུབ་ཕྱིར་དེ་ཉིད་ལ། །རྡོ་རྗེ་སེམས་དཔའ་ཞེས་བསྐུལ་བྱ། །སྐུ་གསུམ་པོ་རོ་གཅིག་པར་རྟོགས་པ་ནི་སྐུ་གསུམ་གྱི་དམ་ཚིག་སྟེ། དེའང་མི་བསྐྱོད་པའོ། །དེ་ཉིད་ནི་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རྡོ་རྗེ་ ཁྲོ་བོའོ། །དེ་ཉིད་ནི་དངོས་པོ་མེད་པ་སྟེ། ཉོན་མོངས་པའི་རྣམ་པར་རྟོག་པ་རྣམས་འཇོམས་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །དེའི་དམ་ཚིག་ནི་ཤེས་རབ་ཀྱི་ལུས་ཏེ། མཱ་མ་ཀཱི་ཞེས་བྱ་བའི་དོན་ཏོ། །བདག་ཅེས་བྱ་བ་ནི་སེམས་ལ་བྱ་ལ། དེ་ཡང་འདིར་སངས་རྒྱས་རྣམས་ཀྱི་སྟེ་དེ་ཡང་མི་བསྐྱོད་པའོ། ། དེའི་འདིས་ཤེས་རབ་ཡིན་པས་ན་མཱ་མ་ཀཱིའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་དབྱེར་མི་ཕྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་རྡོ་རྗེ་འཛིན་ཏེ། རིག་བྱ་དང་རིག་པ་གཉིས་སུ་མེད་པའི་ཚུལ་དུ་འཛིན་པར་མཛད་པའི་ཕྱིར་རོ། །དེ་རྣམས་ ཀྱི་བཙུན་མོའི་མཆོག་ནི་སྔ་མ་བཞིན་ཏེ། མཱ་མ་ཀཱི་ཞེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེའི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །རྡོར་གསུམ་དབྱེར་མེད་རྡོ་རྗེ་ཅན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་དང་ལྡན་པ་སྟེ། བསམ་གཏན་ལྔ་ལ་སྙོམས་པར་འཇུག་པའི་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བའི་དོན་ཏོ། །ཡིད་འོང་སྤྱན་ནི་གདངས་ནས་སུ་སྟེ། ཞེ་སྡང་དགའ་མ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །རྡོ་རྗེའི་ཐུགས་ནི་མི་བསྐྱོད་པའི་ཆོས་ཉིད་དེ་དེ་སྟོན་པར་མཛད་པས་ན་དེ་སྐད་ཅེས་བྱའོ། །རྡོ་རྗེ་སྲུང་བ་ནི་མི་ཤིགས་པའི་སྲུང་བ་སྟེ། དེའི་དོན་ གྱི་སྦྱོར་བ་ལའོ། །ལས་རྣམས་རབ་བསྒྲུབ་པ་ནི་ཁྲོ་བོའི་རྡོ་རྗེའི་དམ་ཚིག་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཆེན་པོ་ནི་ཉོན་མོངས་པའི་རྣམ་པར་རྟོག་པའི་སྟོབས་དང་ལྡན་པའོ། །དེ་དག་གིས་འཇིགས་ཤིང་དེས་ཉེན་པ་ནི་གཟིར་བ་སྟེ། ཐེག་པ་དམན་པ་ལ་མངོན་པར་ཕྱོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། ། དེ་རྣམས་ཀྱི་རྟག་ཏུ་སྟོབས་ནི་བྱེད་པ་སྟེ། དངོས་པོ་མེད་པའི་དམ་ཚིག་ཉིད་ཡིན་པའི་ཕྱིར་རོ། །སྟོབས་དེ་གང་ཡིན་ཞེ་ན། སེམས་ཀྱི་སྟོབས་ཏེ་སེམས་ཀྱི་སྟོབས་གང་གིས་དེ་རྣམས་ཀྱི་ཉོན་མོངས་པའི་རྣམ་པར་རྟོག་པ་དེ་རྣམས་ཟིལ་གྱིས་མནན་ནས་རྡོ་རྗེ་ཐེག་པ་ལ་བསྟན་པར་འགྱུར་རོ། །ཇི་ལྟར་ སྟོབས་བྱེད་པ་ཡིན་ཞེ་ན། དེའི་སྦྱོར་བས་དེའི་ཕྲེང་བའི་སྔགས་བཟླས་པའི་ཕྱིར་རོ། །སྲུང་བའི་དོན་གྱི་སྦྱོར་བ་ནི་ལ་ལར་མི་མ་ཡིན་པ་ལ་སོགས་པའི་འཇིགས་པ་ལ་རང་གི་ལྷའི་སྦྱོར་བ་དང་ལྡན་པས་བསྒྲུབ་པར་བྱ་བའི་མགོ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྩེ་མོ་གྱེན་དུ་བལྟས་པ་མི་བསྐྱོད་པའི་རྡོ་རྗེ་དེའི་ལྟེ་བར་ མཱ་མ་ཀཱི་བསམས་ཏེ། དེའི་ཡེ་ཤེས་ཀྱི་ལྷ་མོ་ཐུགས་ཀའི་ཟླ་བ་ལ་གནས་པ་དེའི་ཕྲེང་བའི་སྔགས་ལས་བྱུང་བའི་རྡོ་རྗེ་གཅིག་ཏུ་མཁྲེགས་པར་གྱུར་པ་རྡོ་རྗེ་ཕྲ་མོའི་གོ་ཆས་གོ་བགོས་པའི་བསྒྲུབ་པར་བྱ་བ་བསམ་པར་བྱ་ཞིང་། ཨོཾ་ཤཾ་ཀཱ་རེ་ཤཱནྟིཾ་ཀཱ་རེ། གྷུཊྚ་གྷུཊྚ་གྷུཊྚི་ནི། གྷཱ་ཏ་ཡ་གྷཱ་ཏ་ཡ། གྷུཊྚི་ནི་ཆེ་ གེ་མོ་རཀྵཾ་ཀུ་རུ་ཧཾ་ཞེས་བྱ་བའི་སྔགས་ཀྱང་བཟླ་བར་བྱའོ། །དེ་ལྟར་ན་འདིའི་མི་ཤིགས་པའི་བསྲུང་བར་འགྱུར་རོ། །འདོད་ཆགས་ཆེན་པོ་ནི་འོད་དཔག་ཏུ་མེད་པ་སྟེ། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དམ་ཚིག་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་དག་གི་གཟིགས་པ་ནི་ཤེས་ རབ་སྟེ། གོས་དཀར་མོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་ཀྱི་ཤིན་ཏུ་རྣམ་པར་དག་པའི་འདུ་ཤེས་ཀྱི་ཚོགས་སོ། །དེའི་བཙུན་མོའི་མཆོག་ནི་སྔ་མ་བཞིན་ནོ། །དཀར་མོ་དེ་ཡང་དཀར་བར་བྱེད་པས་ན་དཀར་མོ་སྟེ། སྲིད་ པ་སྦྱོར་བར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གོས་དཀར་མོ་སྟེ། དག་པའི་སྲིད་པ་ལ་གནས་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་ནི་སངས་རྒྱས་རྣམས་ཀྱི་གསང་བའོ། །དེ་རྣམས་ཀྱི་ཆོས་ཀྱི་མཆོག་ནི་ཚོགས་ཏེ། ཆོས་འདུས་པ་རིན་པོ་ཆེ་ཕྲ་མོ་ཞེས་བྱ་བའི་དོན་ཏོ། །སྣའི་རྩེ་མོའམ་སྔགས་ཀྱི་ཐིག་ལེ་ལ་དེ་འཛིན་པར་ མཛད་པས་ན་རྡོ་རྗེ་ཆོས་མཆོག་འཛིན་པ་རྣམས་ཏེ། སྲོག་དང་རྩོལ་བའམ་འཛིན་པ་ལ་སྙོམས་པར་ཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བའི་དོན་ཏོ། །བསམ་གཏན་ནི་འདོད་ཆགས་དགའ་མའོ། །ཆོས་ནི་རིན་ཆེན་དཔལ་དང་འོད་དཔག་ཏུ་མེད་པའོ། །དེ་དག་གི་ཆོས་ ནི་རྡོ་རྗེ་ཆོས་ཏེ་གོས་དཀར་མོ་ཉིད་དོ། །དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །ཆོས་རྒྱས་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་རྒྱས་པའོ། །རྟག་ཏུ་སྟོབས་མཛད་པ་ཞེས་བྱ་བ་ནི་ཡུན་རིང་པོར་ཉམས་ཟད་པ་རྣམས་ཀྱི་ལུས་རྒྱས་པའོ། །གཉིས་པོ་འདི་བྱེད་པར་འགྱུར་རོ། །འདི་དག་ཅི་འདྲ་བ་ ཞིག་ཅེ་ན། མཛོད་ཆེན་པོ་དང་ལྡན་པ་ཞེས་བྱ་སྟེ། དབུལ་པོ་རྣམས་ནོར་ཆེན་པོ་རྒྱས་པར་བྱེད་པ་ནི་མཛོད་ཆེན་པོ་སྟེ། དེ་དང་ལྡན་ཞིང་དེ་དང་བཅས་པའོ། །རྟག་ཏུ་ཞེས་བྱ་བ་ནི་བརྟན་པ་སྟེ་དེ་ཡང་རྒྱས་པ་གསུམ་པོ་དག་གི་ནང་ནས་གང་གི་དོན་དུ་སྦྱོར་བ་བྱས་པ་དེ་ངེས་པར་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ ཏོ། །འདའ་བར་མི་བྱ་བའི་གསུང་མངའ་བས་ནི་རྡོ་རྗེ་གསུང་ངོ་། །ཇི་ལྟར་རྡོ་རྗེ་གསུང་གི་བཀའ་འདི་ཡིན་པ་དེ་བཞིན་དུ་ཤེས་པར་བྱ་སྟེ། ངེས་པར་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་བཟླས་པ་ཙམ་གྱིས་ཞེས་བྱ་བ་གསུངས་ཏེ། བསྒོམ་པ་སྔོན་དུ་འགྲོ་བའི་ཞེས་བྱ་བ་ནི་ལྷག་མའོ། །བསྒོམ་ པ་ནི་ཇི་ལྟར་གཞན་རྒྱས་པར་བྱ་བའི་ཕྱིར་སྔར་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་གསུངས་པ་དེ་བཞིན་དུ་འདིར་ཡང་གོས་དཀར་མོ་སེར་མོའི་སྦྱོར་བས་བལྟ་བར་བྱའོ། །བདག་ཉིད་རྒྱས་པར་བྱ་བའི་ཕྱིར་ནི་གོས་དཀར་མོ་སེར་མོའི་སྦྱོར་བས་བདག་ཉིད་དབང་བསྐུར་བ་ལ་སོགས་པ་ཐམས་ཅད་བྱའོ། །དེ་ལ་བཟླས་པའི་ སྔགས་ནི་ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། དྷརྨྨ་པུཥྚིཾ་མེ་ཀུ་རུ་ཨོཾ། གཞན་དག་ལ་ནི་དེ་བཞིན་དུ་ཆེ་གེ་མོའི་དྷརྨྨ་པུཥྚིཾ་ཀུ་རུ་ཨོཾ་ཞེས་བྱ་བ་འདི་ཡིན་ནོ། །ཀུན་ནས་འབྱུང་བ་ནི་སྤྲོ་བ་སྟེ། དོན་ཡོད་པར་གྲུབ་པའོ། །དེའི་རྡོ་རྗེ་ནི་དེ་ཁོ་ན་ཉིད་དེ་སྒྲོལ་མ་ཞེས་བྱ་བའི་དོན་ཏོ། །འགྲོ་ བ་རྣམས་སྒྲོལ་བར་བྱེད་པས་ན་སྒྲོལ་མའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པའི་ཕྱིར་རོ། །སེམས་དཔའ་ནི་སེམས་བརྟན་པ་རྣམས་ཏེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་བཙུན་མོའི་མཆོག་གོ། །དོན་དམ་པ་ ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཆེ་ལས་སྐྱེས་ཞེས་བྱ་བ་ནི་སྐུའི་སྤྲིན་ལས་སྐྱེས་པ་སྟེ། རྗེས་སུ་དྲན་པའི་སྙོམས་པར་འཇུག་པ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ནི་རྡོ་རྗེ་དགའ་མ་སྟེ། ཡེ་ཤེས་ཀྱི་ཚོགས་ཉིད་ཡིན་ པའི་ཕྱིར་རོ། །སྐུ་ནི་སྣ་ཚོགས་སོ། །དེའི་ཆོས་ཉིད་ནི་རྡོ་རྗེ་སྐུའོ། །དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །སངས་རྒྱས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་དོན་ནི་སངས་རྒྱས་རྡོ་རྗེ་འཆང་ཡིན་ཡང་རུང་། དགྲ་བོ་སྡེ་ཅན་ཡིན་ཡང་རུང་། སེམས་ཅན་གྱི་ཁམས་ཡིན་ཡང་རུང་། སྐད་ཅིག་གིས་དྲན་ བཞིན་དུ་སྟེ་བཀའ་བཞིན་བྱེད་པ་དང་གཡོ་བ་མེད་དེ་རྟོག་པ་མེད་པ་དེ་དག་ཐམས་ཅད་དབང་བྱེད་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་གང་གི་ཚེ་བདག་གམ་གཞན་འགའ་ཞིག་གི་དབང་དུ་བྱེད་པར་འདོད་ན་དེའི་ཚེ་བདག་ཉིད་སྒྲོལ་མ་དམར་མོའི་སྦྱོར་བས་འདུག་ལ། བདག་གམ་གཞན་གྱི་ཡེ་ཤེས་ སེམས་དཔའི་ཐུགས་ཀ་ན་གནས་པའི་ལེའུ་བཅུ་གསུམ་པ་ལས་གསུངས་པའི་དབང་བསྐུར་བའི་ཆོ་ག་བཞིན་དུ་བྱས་པའམ། མ་བྱས་པ་རང་ངམ་གཞན་གྱི་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀ་ན་གནས་པའི་ཟླ་བ་དམར་པོ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་ཕྲེང་བའི་སྔགས་དམར་པོ་བསམས་ནས་དེའི་ འོད་ཟེར་དམར་པོ་རྣམས་ཀྱིས་སྐྱེས་པའམ་བུད་མེད་དབང་དུ་བྱ་བ་ཐུགས་ཀའི་པདྨ་དམར་པོའམ་བུད་མེད་ཀྱི་པདྨ་དམར་པོ་ལ་བསྐུལ་ཏེ་རང་ངམ་གཞན་གྱི་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀ་ན་གནས་པའི་སྔགས་ཀྱི་ཕྲེང་བ་དེ་ཉིད་ཞལ་གྱི་སྒོ་ནས་བྱུང་སྟེ་དབང་དུ་བྱ་བའི་ཁའི་སྒོ་ནས་སྙིང་གར་ཞུགས་ནས་དེའི་སེམས་ཟླ་བའི་དཀྱིལ་ འཁོར་དམར་པོ་ལྟ་བུ་བླངས་ཏེ། དེའི་མཚན་གྱི་སྒོ་ནས་བྱུང་ཞིང་འོངས་ཏེ། ཡེ་ཤེས་ཀྱི་ལྷ་མོའི་པདྨའི་སྒོ་ནས་ཞུགས་ནས་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀའི་ཟླ་བའམ། གཞན་གྱི་ཐུགས་ཀའི་ཟླ་བ་དང་ཟླ་བའི་དཀྱིལ་འཁོར་གཉིས་པ་མེད་པར་བྱས་ནས་ཡང་དེ་ཉིད་དུ་འདུག་པར་བསམ་པར་བྱའོ། །དབང་དུ་ བྱ་བའི་སྙིང་ཕྲོགས་པ་ཅན་དེ་ཡང་བདག་གམ་གཞན་གྱི་རྐང་པའི་དྲུང་དུ་འདུད་པ་བཀའ་ནོད་པར་བལྟ་བར་བྱའོ། །དེ་བཞིན་དུ་ཡང་ནས་ཡང་དུ་བྱ་ཞིང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་བདག་གིའམ་ཆེ་གེ་མོའི་བ་ཤ་མ་ན་ཡ་ཧོ་ཞེས་བཟླ་བར་བྱའོ། །སྦྱོར་བ་གཞན་ཡང་སྒྲོལ་མའི་སྦྱོར་བ་ཐམས་ཅད་དམར་བར་ བྱས་ལ་བསྒྲུབ་པར་བྱ་བ་ཐམས་ཅད་དམར་བ་མདུན་དུ་པུས་མོ་བཙུགས་ཏེ། ཐལ་མོ་སྦྱར་ནས་ལུང་ནོད་པ་ལས་གཞོལ་བ་བལྟས་ནས་གཡོན་གྱི་ལག་པ་གཉིས་པས་ཡི་གེ་ཙ་ལས་བྱུང་བའི་གཞུ་དམར་པོ་དང་གཡས་ཀྱི་ལག་པ་གཉིས་པས་ཧོ་ལས་བྱུང་བའི་མདའ་དམར་པོ་ཨུཏྤ་ལ་དམར་པོ་ཁ་མ་བྱེ་བའི་ མདེའུ་ཡོད་པ་འཛིན་པ་དེ་ཉིད་ཀྱི་སྔགས་ཟློས་པ་ན་སྔགས་ཀྱི་མཐར་བསྒྲུབ་པར་བྱ་བ་སྐྱེས་པའི་ནི་སྙིང་ག་དང་། བསྒྲུབ་པར་བྱ་བ་བུད་མེད་ཀྱི་ནི་པདྨ་ལ་མདའ་དེས་སྤྲོ་བའི་སྦྱོར་བས་བསྣུན་ན་ངེས་པར་དབང་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །དྲི་ མ་མེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལས་འོད་ཟེར་འབྱུང་བ་ནི་འོད་ཟེར་ནག་པོ་འབར་བའོ། །དེའི་རང་བཞིན་ནི་རྡོ་རྗེ་སྤྲིན་ཏེ། དུས་མཐའི་སྤྲིན་དང་ཆོས་མཐུན་པའི་ཕྱིར་ཏེ། གཤིན་རྗེ་མཐར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །འདི་ཉིད་ཅེས་བྱ་བ་ནི་སྔགས་ཀྱི་ རྣམ་པའོ། །གྲགས་པ་ཆེན་པོ་ནི་བདག་ཉིད་ཆེན་པོའོ། །དེ་དག་ཀྱང་འཇིགས་ཤིང་ཀུན་དུ་སྐྲག་གྱུར་ནས་ཏེ་འཇིགས་ཤིང་སྐྲག་པར་བདག་ཉིད་ཡང་དག་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྔགས་ཀྱི་མཐུ་བསྟན་པའི་ཕྱིར་རོ། །རྡོ་རྗེ་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །རྗེས་སུ་དྲན་ཞེས་བྱ་བ་ནི་རྡོ་རྗེ་ འཆང་ཡོངས་སུ་སྐྱོབས་ཤིག་ཅེས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱོར་བ་མཛད་པ་པོའི་མཐུ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་ཁྲོ་བོ་འོག་མ་རྣམས་ལ་ཡང་བལྟ་བར་བྱའོ། །ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ་འདྲེན་མར་བསྟན་པའི་ཕྱིར་གོང་བུ་དགུག་པའམ་རིག་པ་བསྐྱེད་པ་ལ་སྦྱོར་བ་འདི་ཡིན་ནོ་ཞེས་སྨྲའོ། །དེ་ ལ་ཐོད་པ་ནི་མིའི་མགོ་བོའི་རུས་པའི་ཐོད་པའོ། །མ་ཆག་པ་ཞེས་བྱ་བ་ནི་བུ་ག་མེད་པའོ། །བུ་ག་མེད་པ་ཡང་གང་ཡིན་ཞེ་ན། གང་བུད་མེད་ཀྱིའོ། །གཟུགས་མཛེས་ཞེས་བྱ་བ་ནི་རབ་ཏུ་བསྔགས་པའི་གཟུགས་ཅན་ཏེ། ཟླ་བ་དང་བ་ལང་གི་གདོང་དང་། པདྨ་དག་ལས་གང་ཡང་རུང་ བའོ། །ཡིད་འོང་ཞེས་བྱ་བ་ནི་གང་མཁས་པ་རྣམས་ཀྱིའོ། །དེ་སྐད་དུ་ཡང་། གསེར་གྱི་སྒོ་དང་ཡང་དག་ལྡན། །མི་ཡི་ཐོད་པར་ཤེས་པར་བྱ། །བྲམ་ཟེ་ལ་སོགས་ཐོད་པ་ནི། །སྒོ་ནི་རེ་རེས་འཕེལ་བ་ཡིན། །རིགས་དམའ་བ་ཡི་ཐོད་པ་ནི། རྣ་བའི་སྟེང་ན་བུ་ག་ཅན། །མ་ནིང་གི་ནི་ལྟག་བུག་ཅན། །བུད་ མེད་རྟག་ཏུ་བུག་མེད་པ། །མཁས་དང་ཤེས་ལྡན་སྔགས་པ་ཡི། །རྣ་ལྟག་བར་དུ་དཔྲལ་བ་ལ། །མུ་ཏིག་ཕྲེང་འདྲའི་རི་མོ་ཅན། །ཐོད་པ་ཡིན་པར་ཤེས་པར་བྱ། །དུམ་གཅིག་གཉིས་དང་གསུམ་དང་བཞི། །ཟླ་བ་བཅུ་དྲུག་བཅུ་གཉིས་སོ། །བ་ལང་གདོང་དཀར་དམར་བར་འགྱུར། །ཅུང་ཟད་རིང་ཞིང་ ཤིན་ཏུ་མཛེས། །པདྨ་པདྨ་འདྲ་བའི་དབྱིབས། །སེར་དམར་དང་ནི་དེ་བཞིན་དཀར། །ཐོད་པ་རྣམས་ནི་བསྔགས་པ་སྟེ། །ལྷག་མ་རྣམས་ནི་སྤང་བར་བྱ། །ཞེས་གསུངས་ཏེ། ཟེགས་པ་དང་གས་པ་ལ་སོགས་པའི་ཉེས་པའི་སྐྱོན་དང་ལྡན་པ་ནི་ཤིན་ཏུ་བླང་བར་བྱ་བ་མ་ཡིན་ནོ། །རྙེད་པ་ལ་ཞེས་བྱ་བ་ནི་བླངས་པའོ། ། ཚུལ་བྱས་ནས་ཞེས་བྱ་བ་ནི་སྐབས་ཉིད་ཡིན་པའི་ཕྱིར་ཏེ། བསྒྲུབ་པར་བྱ་བའི་གཟུགས་བརྙན་ཐོད་པའི་ནང་དུ་ཆུད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེའི་རྐང་པས་མནན་པར་བྱས་ནས་སོ། །རྗེས་སུ་དྲན་པར་བྱ་བ་ནི་བཟླ་བར་བྱ་བའོ། །འགུགས་ཞེས་བྱ་བ་ནི་འདྲེན་པར་བྱེད་པའོ། །འདིའི་དོན་ནི་བུད་མེད་ཀྱི་ ཐོད་པ་བསྔགས་པས་བླངས་ལ་དེའི་རྒྱབ་ཏུ་ལྟེ་བ་ཡངས་པའི་པདྨ་འདབ་མ་བརྒྱད་པ་བྲིས་ན་ལྟེ་བ་ལ་བསྒྲུབ་པར་བྱ་བའི་སྤྱན་ལ་སོགས་པའི་གཟུགས་བརྙན་གུར་ཀུམ་དང་གི་ཝང་དང་སྲིན་ལག་གི་ཁྲག་གིས་བྲིས་ཏེ། དེའི་སྙིང་གར་ཡང་ཕྲེང་བའི་སྔགས་དང་། ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿཞེས་བྱ་བའི་མཐར་ཐུག་པ་ བྲིས་ནས། དེའི་སྙིང་ག་དེ་ཡང་ཉི་མའི་དཀྱིལ་འཁོར་ལ་གནས་པ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་མཚན་མའི་རྐང་མཐིལ་དང་གཡས་པ་བརྐྱང་བ་གཡོན་གྱི་བྱིན་པ་ཅུང་ཟད་བཀུག་པའི་རྐང་པས་མནན་ལ། ཁྲོས་པར་གྱུར་པས་ཕྲེང་བའི་སྔགས་ཀྱིས་བསྐུལ་བ་དང་བཅས་པས་ཟློས་ཤིང་དགུག་པའི་རིམ་གྱིས་ རྐང་པས་དྲང་བར་བྱ་ཞིང་། བསྒྲུབ་པར་བྱ་བ་ཡང་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་ཛྷཻ་དང་ལྡན་པས་བཏེག་ཅིང་དྲངས་པར་གྱུར་པར་བསམས་ལ། རང་གི་སྙིང་ག་ལས་ཀྱང་གྲུབ་པའི་འཁོར་ལོའི་ལྕགས་ཀྱུ་ཕྱུང་ལ་ཇི་ལྟ་བ་བཞིན་དུ་བསྒོ་བ་བྱས་ལ་དེ་དགུག་པའི་ཕྱིར་གཏང་བར་བྱའོ། །དེས་ཀྱང་ཇི་ ལྟ་བ་བཞིན་དུ་འགུགས་པར་བྱེད་པ་རྨོངས་པར་བྱས་ན་ངེས་པར་འོང་བར་འགྱུར་རོ། །འོངས་པ་དེ་དང་ཁྲོ་བོ་ལ་ཡང་ཙནྡན་བཟང་པོ་ལ་སོགས་པའི་ཆུ་དང་མཆོད་ཡོན་ཕུལ་ལ། དེ་ལས་དེ་བླངས་ནས་ཇི་ལྟར་མངོན་པར་འདོད་པར་བྱའོ། །དེ་བཞིན་དུ་གནོད་སྦྱིན་མོ་ལ་སོགས་པ་དང་། མི་མོ་ལ་སོགས་པའི་ གཟུགས་དགུག་པར་བྱའོ། །སྐྱེས་པ་དགུག་པ་ལ་ནི་སྐྱེས་པའི་ཐོད་པ་ལ་གཡོན་བརྐྱང་བའི་རྐང་པ་གཡས་པས་མནན་པ་བྱས་ལ་ཞེས་བྱ་བ་ཁྱད་པར་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །རིག་པ་སྐྱེད་པ་ལ་ཡང་དོན་ནི་འདི་ཡིན་ཏེ། །བདེ་བ་སྐྱེད་པར་བྱེད་པས་ན་ཐོད་པ་སྟེ། བུ་མོའི་ལུས་སོ། །མ་ཆགས་པ་ནི་ སྐྱེ་གནས་མ་སྨོས་པའོ། །གཟུགས་མཛེས་པ་ནི་གཟུགས་བསྔགས་པའོ། །ཡིད་འོང་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པ་ལ་བསླབ་པ་ཉིད་ཀྱི་ཕྱིར་རོ། །རྐང་པས་མནན་པའི་ཚུལ་དུ་བྱས་ནས་ཞེས་བྱ་བ་ནི་མདུན་དུ་བཞག་ནས་སྤྱན་ལ་སོགས་པའི་གཟུགས་སུ་བསྐྱེད་ལ་བདག་ཉིད་གཤིན་རྗེ་མཐར་བྱེད་ ཀྱི་གཟུགས་སུ་གནས་པའི་རང་གི་སྙིང་ག་ལས་གྲུབ་པའི་ལྕགས་ཀྱུ་ཕྱུང་སྟེ། དེས་ཡེ་ཤེས་ཀྱི་སྤྱན་བཀུག་ལ་དེ་ལ་གཞུག་པར་བྱའོ། །དེ་ལྟར་ན་བུ་མོའི་ལུས་དེ་རྐང་པས་མནན་པའི་ཚུལ་དུ་བྱས་པར་འགྱུར་རོ། །དེ་ལྟར་ན་ཚུལ་ནི་ལྷ་མོའི་གཟུགས་སུ་བསྐྱེད་པ་ཡིན་ལ་རྐང་པས་མནན་པའི་ཡེ་ཤེས་ཀྱི་ལྷ་མོ་ ཡང་དག་པར་སྟོབས་པའོ། །རྗེས་སུ་དྲན་པར་བྱ་ཞེས་བྱ་བ་ནི་བསྐུལ་བ་དང་བཅས་པས་བཟླ་བར་བྱའོ། །འགུགས་པ་ནི་འགུགས་པར་བྱེད་པ་སྟེ་བུ་མོ་མངོན་སུམ་ཉིད་དུ་ལྷ་མོའི་གཟུགས་སུ་བསྐྱེད་པའི་ཕྱིར་རོ། །གཉིས་གསུམ་དག་ནི་ཕུལ་དུ་བྱུང་བ་གསུངས་པ་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་ པས་སྔགས་ལྔ་པོ་བརྗོད་པ་ནི་གང་ལ་ལ་སྔགས་བརྗོད་པ་དེ་ཐམས་ཅད་དེ་ལས་བྱུང་བའི་འབྲས་བུར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །དམ་ཚིག་ནི་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་སོ། །དེ་ལས་བྱུང་བའི་འོད་ཟེར་ནི་འབར་བ་ནག་པོའོ། །དེའི་རང་བཞིན་ཅན་གྱི་སྟུག་པོའི་མཆོག་ནི་དུས་མཐའི་སྤྲིན་ཏེ་བདུད་རྩི་ ཐབ་སྦྱོར་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །བརྒྱལ་ཞིང་ཞེས་བྱ་བ་ནི་ཤིན་ཏུ་འཇིགས་པའི་ཕྱིར་རོ། །རབ་ཏུ་འཇིགས་གྱུར་ནས་ཞེས་བྱ་བ་ནི་འཇིགས་པ་དང་བཅས་པ་ཉིད་དང་སད་པའི་ཕྱིར་རོ། །རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དོ། །སྔགས་ རྣམས་ཀུན་གྱི་སྦྱོར་བ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའོ། །རྡོ་རྗེ་བསྐྲད་པ་སྟེ་བགེགས་བསྐྲད་པའི་ལས་གང་ཡིན་པ་དེ་ལ་སྔགས་འདི་སྦྱར་བར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །ཆོ་ག་ཡིས་ནི་བསྐྲད་པར་འགྱུར། །ཞེས་བྱ་བ་ལ་དེ་ལ་ཆོ་ག་ནི་འདི་ཡིན་ཏེ། དུར་ཁྲོད་ཀྱི་མེས་ཚིག་པའི་མྱོས་པར་བྱེད་པའི་ ཤིང་གི་སོལ་བ་དང་བ་བླ་དང་དུག་དང་ལུང་ཐང་གི་ལོ་མའི་ཁུ་བ་དང་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་དང་སྦྱར་བས་བྱ་རོག་གི་སྒྲོའི་རྩ་བ་སྦོམ་པོའི་སྨྱུ་གུས་བ་དན་གྱི་རས་ལ་རླུང་གི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་རལ་གྲིའི་ཆང་ཟུང་ཆེན་པོའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་ལྟེ་ བར་བསྒྲུབ་པར་བྱ་བའི་གཟུགས་བརྙན་དང་དེའི་སྙིང་གར་བསྐུལ་ཚིག་དང་བཅས་པའི་ཕྲེང་བའི་སྔགས་བྲིས་ལ། རྫ་མཁན་གྱི་འཁོར་ལོའི་འཇིམ་པ་དང་རྐང་རྗེས་ཀྱི་ས་དང་བཞི་མདོའི་ས་ལས་གཟུགས་བརྙན་བྱས་ཏེ་དེའི་སྙིང་གར་གཞུག་པར་བྱའོ། །དེ་ནས་ཐོད་པར་བཅུག་སྟེ་དགུག་པ་སྔོན་དུ་སོང་བ་ ཅན་གྱི་ཧཱུཾ་ཆེ་གེ་མོ་ཨུཙྪ་ཊ་ཡ་ཧཱུཾ་ཞེས་བྱ་བའི་བསྐུལ་བ་དང་ལྡན་པའི་ཕྲེང་བའི་སྔགས་ཀྱིས་བདུན་བརྒྱ་མངོན་པར་བསྔགས་ལ་མ་མོའི་ཁྱིམ་མམ། བཞི་མདོའམ་དུར་ཁྲོད་དུ་སྦ་བར་བྱའོ། །བསྒྲུབ་པར་བྱ་བ་ཡང་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་རྔ་མོ་ལ་ཞོན་ཏེ་ལེགས་པར་གནས་པ་ལ་རྒྱབ་ནས་ ལག་ན་དབྱིག་པ་ཐོགས་པའི་སྐྱེས་བུ་དྲག་པོས་ལྷོ་ཕྱོགས་སུ་བདས་པར་བསམས་པར་བྱས་ན་ངེས་པར་སྐྲོད་པར་བྱེད་པར་འགྱུར་རོ། །དོན་དམ་པ་ཐུགས་སུ་ཆུད་པས་ན་སངས་རྒྱས་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་ལས་བྱུང་བའི་འོད་ཟེར་ནི་དཀར་པོ་འབར་བའོ། །དེའི་རང་ བཞིན་ཅན་གྱི་རྡོ་རྗེ་ཁྲོ་བོ་ནི་ཤེས་རབ་མཐར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །བདག་ཉིད་ཆེ་སྐྱེས་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་ཉིད་ལས་སྐྱེས་པའོ། །བྱང་ཆུབ་ཀྱི་སེམས་ནི་རིན་ཆེན་འབྱུང་ལྡན་ཏེ། ཐུགས་རིན་པོ་ཆེ་ཉིད་ཡིན་པའི་ཕྱིར་རོ། །མ་རུངས་པ་ནི་སྦྲུལ་ ལོ། །གཏུམ་མོ་ནི་གདོན་ལ་སོགས་པ་སྟེ། དེ་རྣམས་ཞུགས་ན་འཇིགས་པ་ཆེན་པོས་འཁྲུགས་པ་ལ་སྟེ་སེམས་ཅན་ལའོ། །ལས་རྣམས་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པ་ལས་ཐར་པ་སྟེ། དེ་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོ་ག་བཞིན་དུ་སྟེ་རྡོ་རྗེ་ཐུགས་ནི་རབ་སྦྱར་ཕྱིར་ཏེ་འབར་བའི་ རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཐུགས་ཡིན་ལ། དེ་ཆོ་ག་བཞིན་དུ་རབ་ཏུ་སྦྱར་བའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ་གཞན་གྱིས་མི་ཐུབ་པའི་སྦྱོར་བས་གནས་ཤིང་བསྲུང་བ་ཡང་བྱས་ནས་ལག་པ་གཉིས་གར་རམ། རྐང་པ་གཉིས་ལས་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བསམས་ནས། བསྒྲུབ་པར་བྱ་ བའི་ལུས་ལས་སྲིན་པོ་ལ་སོགས་པའི་ཡིད་ཀྱིས་དྲངས་ཏེ་རྡོ་རྗེ་གཉིས་ཀྱི་བར་དུ་ཆུད་པར་བྱས་ལ། དེའི་འོད་ཟེར་འབར་བས་ཚིག་པར་གྱུར་པར་བསམ་པར་བྱ་ཞིང་ལག་པ་དག་གམ། རྐང་པ་དག་སྦྱར་བས་ཀུན་དུ་བཙིར་ཞིང་མཉེས་ལ། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ་ཨོཾ་ཧཱུཾ་ཛི་ན་རི་ཏི་ཏེ་ཧཱུཾ་ཧཱུཾ་ ཕཊ་ཕཊ་ཆེ་གེ་མོ་སྲིན་པོ་ལ་སོགས་པ་དག་ལས་ཐར་བར་མཛོད་ཅིག་ཅེས་བསྐུལ་བ་དང་བཅས་པའི་སྔགས་བཟླ་བར་བྱའོ། །ཡང་ན་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་པའི་སྲིན་པོ་ལ་སོགས་པ་ལ་དེ་བཞིན་དུ་མོས་པར་བྱའོ། །ཡང་ན་ཆོ་ག་བཞིན་དུ་དགུག་པ་དང་གཞུག་པ་དང་བཅིང་བ་བྱ་བ་ལ་དེ་ནས་ བསྒྲུབ་པར་བྱ་བའི་དབུགས་འགགས་ཤིང་དབུགས་མེད་པ་ལག་པ་གཉིས་ཀྱིས་རྡོ་རྗེ་འབར་བས་རྩིབ་ལོགས་གཉིས་ནས་བཙིར་བ་དང་དེའི་ལྐོག་མ་དང་། སྙིང་གར་བསྒོམས་པའི་རྡོ་རྗེ་འབར་བ་གཉིས་ཀྱིས་སྙིང་ག་དང་ལྐོག་མ་བསྲེགས་པ་ནི་ཡི་གེ་ཧཱུཾ་འབར་བ་ལས་བསྐྱེད་པའི་ཡུངས་ཀར་གྱི་རྒྱལ་པོ་ སེར་བའི་གཟུགས་ཅན་ལ་བརྒྱ་རྩ་བརྒྱད་བཟླས་པ་དང་། ཕྱི་ནས་སྔགས་རེ་རེ་བཟླ་ཞིང་དེ་ལ་བརྡེག་པར་བྱས་ལ་དེ་རྣམས་ཀྱིས་ཀྱང་ལུས་ཕུག་པར་བསམ་པར་བྱའོ། །དེ་ལྟར་ན་དེས་ངེས་པར་སྙིང་རྗེ་བའི་སྒྲ་འབྱིན་ཅིང་ངུ་ལ་ཤིང་གི་ཡལ་ག་གཅོད་པ་ལ་སོགས་པས་རྟགས་སྟོན་ན་གཏོང་བའམ་དུག་མེད་པར་ འགྱུར་བ་ཡིན་ནོ། །ཡང་ན་སྲིན་པོ་ལ་སོགས་པས་གཞན་འཛིན་པར་འདོད་ན། དེའི་ཚེ་ཡང་གཞན་གྱིས་མི་ཐུབ་པའི་སྦྱོར་བས་མར་ངོའི་ཚེས་གྲངས་གང་ཡང་རུང་བ་དག་ལ་ཁྲོས་པར་གྱུར་ནས་གསལ་ཤིང་དང་མཚོན་གྱིས་གསོད་པ་དང་འགེགས་ཏེ་ཤི་བའི་ནང་ནས་གང་ཡང་རུང་བའི་ཐོད་པ་ལ་དུར་ཁྲོད་ ཀྱི་སོལ་བས་ཡི་གེ་ཧཱུཾ་ལས་བྱུང་བའི་མཆེ་བ་གཙིགས་པ་འཇིགས་སུ་རུང་བ་ཐོད་པའི་ཕྲེང་བ་ཅན་ཁྲོ་བ་སྐྲ་གྱེན་དུ་བརྫེས་པ་ལག་པ་གཡས་པ་ན་རོ་ལངས་ཀྱི་གྲི་འཕྱར་བ། གཡོན་གྱིས་སྡིགས་མཛུབ་བྱེད་པ་བྲིས་ལ་དུག་དང་རུས་ཕྱེ་དང་མཛུབ་མོའི་ཁྲག་གིས་དེའི་སྙིང་གར་ཆེ་ གེ་མོ་གྲྀཧྞ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པའི་སྔགས་བྲི་བར་བྱའོ། །ཐོད་པ་གཉིས་པོ་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང་རོ་བསྲེགས་པའི་ཐལ་བ་དང་སོལ་བ་རྡོ་རྗེ་ཆུ་དང་སྦྲུས་ལ་གཟུགས་བརྙན་དུ་བྱས་པའི་གཟུགས་ཀྱི་སྙིང་གར་རུས་པའི་ཕྱེ་མ་དང་དུག་དང་མཛུབ་མོའི་ཁྲག་གིས་ཏ་ལའི་འདབ་མ་ ལ་བསྐུལ་ཚིག་དང་བཅས་པའི་སྔགས་བྲིས་ཏེ་སྙིང་གར་བཀང་ཞིང་དུག་དང་ལན་ཚྭ་དང་སྐེ་ཚེ་ལ་སོགས་པས་བསྐུས་ལ་གཉི་ག་དགུག་པ་ལ་སོགས་པ་བྱས་ཏེ་བྲིས་པའི་ཐོད་པས་སྟེང་ནས་བཀབ་ལ་ཁ་སྦྱར་བར་བྱས་ནས་དེ་དེས་མནན་ཅིང་བཟུང་བར་བསམས་ལ། རྐང་པས་མནན་ཏེ་བསྒྱིངས་པ་དང་བཅས་ པས་དུར་ཁྲོད་དུ་མཚན་ཕྱེད་ན་སྔགས་བཟླས་ན་དེ་ངེས་པར་ཟིན་པར་འགྱུར་རོ། །དེ་བཞིན་དུ་རིམས་དང་གདོན་དང་སྦྲུལ་ལ་སོགས་པས་ཀྱང་འཛིན་པར་འགྱུར་རོ། །ཚེ་དཔག་ཏུ་མེད་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་ཀུན་ནས་འབྱུང་བ་སྟེ། ཆགས་པའི་ཡེ་ཤེས་ཀྱི་གཟི་བརྗིད་དོ། ། དེའི་རང་བཞིན་ཅན་གྱི་རྡོ་རྗེ་ནི་རྟ་མགྲིན་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །པདྨོ་ནི་འོད་དཔག་ཏུ་མེད་པ། ཆོས་ཀྱི་ཕུང་པོ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་རྡོ་རྗེ་ནི་སངས་རྒྱས་སོ། །ཆེ་མཆོག་སྐྱེས་ཞེས་བྱ་བ་ནི་རབ་ཀྱི་མཐའ་ལས་སྐྱེས་པའོ། །ཡེ་ ཤེས་རྒྱལ་པོ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གོ། །ཧ་ལ་ཧ་ལ་ཞེས་བྱ་བ་ནི་དུག་ཆེན་པོའོ། །དེ་ཉིད་ནི་ཤིན་ཏུ་འབར་བ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །དེའི་འོད་ནི་དེ་དང་འདྲ་བའོ། །དེ་ལ་རྟ་མགྲིན་གྱི་རྣལ་འབྱོར་སྐུ་མདོག་དཀར་པོར་བྱས་ནས་བསྒྲུབ་པར་བྱ་བའི་སྙིང་གར་ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་ འཁོར་འབར་བའི་སྟེང་དུ་བཀོད་པའི་ཡི་གེ་ཧཱུཾ་དཀར་པོའི་འོད་ཟེར་རྣམས་ཀྱིས་ཡན་ལག་ཐམས་ཅད་ལ་གནས་པའི་དུག་གསད་པར་བྱ་བའི་ཕྱིར་སྦ་བར་བྱའོ། །དེ་ནས་ལག་མཐིལ་དུ་པཾ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་ཡི་གེ་ཧཱུཾ་དཀར་པོ་འོད་ཟེར་དང་བཅས་པ་བདུད་རྩི་འཛག་པ་ བསམ་པའམ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧ་འམ། ཨོཾ་ཧྲི་ཧ་ཧཱུྃ་ཛ་ཕུ་ཞེས་བྱ་བའི་སྔགས་ཀྱི་ཡི་གེ་བསམ་པར་བྱའོ། །དེ་ནས་ཕྲེང་བའི་སྔགས་ཟློས་ཤིང་ལག་པ་དེས་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། རྐང་པའི་མཐར་ཐུག་པའི་བར་དུ་ཡང་དང་ཡང་ཁྱབ་པར་བྱའོ། །ལག་ པ་ན་གནས་པའི་སྔགས་ལས་བདུད་རྩི་འཛག་པ་དེས་ཀྱང་ཡན་ལག་ཐམས་ཅད་ནས་དུག་དྲངས་ཏེ། རྐང་པའི་རྩེ་མོར་འཛག་པར་གྱུར་ཅིང་ནག་པོར་གྱུར་པར་བསམ་པར་བྱའོ། །སྔགས་ཀྱི་འོད་ཟེར་རྣམས་ཀྱིས་ཀྱང་དེ་བཞིན་དུ་དྲངས་ཏེ་རིམ་གྱིས་ཕབ་ནས་ལག་པའི་ཤུགས་ཀྱིས་སོང་བས་འབར་བ་ ལ་སོགས་པར་སྤངས་ནས་ཡང་དཀར་པོར་གྱུར་པར་མོས་པར་བྱའོ། །ཡང་ན་མགོ་བོ་ལ་བཀོད་པའི་ཡི་གེ་ཧྲི་དཀར་པོ་བདུད་རྩིའི་རྒྱུན་འབབ་པས་སྔ་མ་བཞིན་དུ་བསྒྲུབ་པར་བྱ་བའི་རྐང་པའི་རྩེ་མོར་བབས་པས་དུག་མེད་པར་བྱས་ལ་ལུས་དཀར་པོར་ཡང་དང་ཡང་དུ་མོས་པར་བྱ་ཞིང་ཕྲེང་བའི་སྔགས་བཟླ་ བར་བྱའོ། །རྣམ་པ་གཉིས་ཀས་ཀྱང་ངེས་པར་དུག་མེད་པར་འགྱུར་རོ། །ཡང་ན་སྤང་ལེབ་དཀར་པོ་ལ་བསྒྲུབ་པར་བྱ་བའི་མིང་གི་ཡི་གེ་དཀར་པོ་རེ་རེ་ཞིང་ཡི་གེ་ཧ་དཀར་པོ་དང་སྤེལ་བ་བཀོད་ལ་སྦྱོར་བ་དེ་ཉིད་ཀྱིས་ཕྲེང་བའི་སྔགས་བཟླ་བར་བྱ་བའམ། བསྒྲུབ་པར་བྱ་བའི་ལུས་དཀར་པོའི་སྤྱི་བོར་ བཀོད་པའི་ཡི་གེ་ཧྲི་དཀར་པོ་བདུད་རྩི་དཀར་པོའི་རྒྱུན་འབབ་པས་དུག་སྔོན་པོ་བཀྲུས་ནས། དྲི་མ་མེད་པར་བསམ་པར་བྱ་སྟེ་རྣམ་པ་གཉིས་ཀས་ཀྱང་དུག་མེད་པར་འགྱུར་རོ། །གཞན་ཡང་། སྤང་ལེབ་ལ་ནི་མིང་ཡིག་རེ་རེ་ནི། །དུ་བ་སྔོ་དང་དཀར་དང་སེར་བའོ། །ཧ་དང་རྣམ་པར་སྤེལ་བ་ལས་ནི་ དུག །གཡོ་འདྲེན་ཉེ་བར་ཞི་དང་རེངས་པར་བྱེད། །དང་པོའི་རབ་སྔགས་ལ་སོགས་ཡི་གེ་ཐཿས། །དུག་འཆིང་བྱེད་དེ་དེ་བཞིན་ཡི་གེ་ཧཿ། །གལ་ཏེ་ཆོ་ག་བཞིན་དུ་དེ་སྦྱར་ན། །མེ་ཡི་ས་བོན་གྱིས་ཀྱང་འཕེལ་བར་བྱེད། །འབྱུང་བ་ནི་གཟུང་བ་དང་འཛིན་པ་འབྱུང་བ་ཟད་པའི་རྒྱུ་ཉིད་ཡིན་པའི་ ཕྱིར་དེ་རྣམས་ཀྱི་དཔལ་ཡང་དེ་ཡིན་ལ། ཁྲོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དཔལ་དབྱིག་སྔོན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱའོ། །བདུག་པའི་མཆོག་ནི་བདུག་པའི་ཚོགས་ཏེ་དེ་རྣམས་ཀྱི་འབྱུང་བའོ། །སེམས་དཔའ་རྡོ་རྗེ་ནི་ དོན་ཡོད་པར་གྲུབ་པ་སྟེ། བརྟན་པ་ཉིད་ཀྱི་ཕྱིར་དང་འགྲོ་བ་ཡིན་པའི་ཕྱིར་རོ། །ཆོ་གའི་འཁོར་ལོ་ནི་ཚོགས་ཡིན་ལ་དེའི་སྦྱོར་བ་ནི་རབ་ཏུ་སྦྱོར་བའོ། །དེ་ལ་ཆོ་ག་བཞིན་དུ་འཕགས་པ་དབྱིག་སྔོན་གྱི་རྣལ་འབྱོར་པས་རོ་བསྲེགས་པའི་སོལ་བ་དང་། གྲོག་མཁར་གྱི་ས་དང་། དུག་ དང་ཤ་ཆེན་དང་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་ལས་གཟུགས་བརྙན་བྱས་ལ། དུར་ཁྲོད་ཀྱི་རས་ལ་མི་རུས་ཀྱི་སྨྱུ་གུ་དང་དུག་དང་། ཁྲག་དང་རམས་དང་ཚ་བ་གསུམ་དང་ལུང་ཐང་གི་འདབ་མའི་ཁུ་བས་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མེའི་དཀྱིལ་འཁོར་དང་དེའི་དབུས་སུ་བསྒྲུབ་པར་བྱ་བའི་མིང་ཕྲེང་བའི་ སྔགས་དང་སྤེལ་བ་བྲིས་ནས། གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ། བཀུག་ལ་ཐོད་པ་གཉི་གའི་ནང་དུ་ཆུད་པར་བྱས་ལ་དེ་ལྟུང་བར་བྱ་བའི་ཕྱིར་ཁྲོས་ཤིང་གཏུམ་པར་གྱུར་པའི་རྐང་པ་གཡས་པས་མནན་ལ་རྡོ་དང་རུས་པ་དང་ནིམ་པའི་ལོ་མ་བལྡད་ཅིང་ཉི་མའི་ཕྱེད་དམ་མཚན་ཕྱེད་དམ་ཆེ་གེ་མོ་མཱ་ ར་ཡ་ཕཊ་ཅེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་ཁྲོ་བོའི་ཚིག་གིས་བརྒྱ་རྩ་བརྒྱད་བཟླས་ན་ཉི་མ་བདུན་གྱིས་གསོད་པར་བྱེད་དོ། །དེ་ལྟ་ན་ཡང་མ་གྲུབ་ན་དུར་ཁྲོད་དུ་སོང་སྟེ་མཚན་ཕྱེད་ཀྱི་དུས་སུ་རོ་བསྲེགས་པའི་ཐལ་བས་མེ་ཐབ་གྲུ་གསུམ་བྱས་ལ། ནིམ་པ་ལ་སོགས་པའི་ཤིང་གིས་མེ་སྦར་ ཞིང་དགུག་པ་སྔོན་དུ་འགྲོ་བས་དེའི་དབུས་སུ་ཁྲོ་བོའི་རྒྱལ་པོ་བསམས་ནས་གཟུགས་བརྙན་གྱི་རྐང་པ་གཡོན་པའི་མཛུབ་མོ་ནས་བརྩམས་ཏེ། མཚོན་རྣོན་པོས་བཅད་ཅིང་ཤིན་ཏུ་ཁྲོས་པ་དང་ལྡན་པས་བསྐུལ་བ་དང་ལྡན་པའི་ཁྲོ་བོའི་ཚིག་གིས་སྔགས་བཟླས་ཏེ། དེའི་ཞལ་ཤིན་ཏུ་གདངས་ པ་ལ་སྦྱིན་སྲེག་བྱས་ན་དེ་ངེས་པར་དེའི་མཚན་མོ་ཉིད་ལ་འཆི་བར་འགྱུར་རོ། །ཀུན་ནས་སྤྲིན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། བདུད་རྩིས་ཐམས་ཅད་ལ་དབང་བསྐུར་བའི་ཕྱིར་རོ། །དེ་ལས་དཔལ་ཏེ་གཟི་བརྗིད་ནག་པོ་འབར་བ་ནི་སྟོབས་པོ་ཆེ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་ཏིང་ ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །སྐུ་གསུམ་ནི་རྡོ་རྗེ་མི་བསྐྱོད་པའོ། །བཟླས་པ་ཙམ་གྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་སྟོབས་པོ་ཆེ་དཀར་བ་དང་སེར་བ་ལ་སོགས་པའི་སྦྱོར་བས་ཞི་བ་ལ་སོགས་པ་བྱ་བའི་ཕྱིར་བསྐུལ་བ་དང་ལྡན་པའི་སྔགས་ཟློ་བ་གཙོ་བོར་གྱུར་པའི་སྦྱོར་བ་ཡིས་སོ། །ལས་རྣམས་ཐམས་ ཅད་ནི་ཞི་བ་ལ་སོགས་པའོ། །ཆུའི་དཀྱིལ་འཁོར་འབེབས་པར་བྱེད། །ཅེས་བྱ་བ་ལ་འདིར་སྦྱོར་བ་ནི་འདི་ཡིན་ཏེ། སྟོབས་པོ་ཆེའི་རྣལ་འབྱོར་པས་ཁམ་ཕོར་སོ་མ་བཏང་བར་རམས་ཀྱི་ཁུ་བས་རལ་གྲི་ལ་འཁོར་ལོ་རྩིབས་བརྒྱད་པ་དབུས་སུ་པདྨ་འདབ་མ་བརྒྱད་པ་ལ་མདུང་ཅན་མའི་སྔགས་དང་སྤེལ་བའི་ ཀླུ་ཐམས་ཅད་ཀྱི་སྙིང་པོ་བྲིས་ལ་ཁམ་ཕོར་སོ་མ་བཏང་བ་གཉིས་པ་དང་ཁ་སྦྱར་བྱས་ལ་སྲད་བུ་སྔོན་པོས་དཀྲིས་ཏེ་མདུང་ཅན་མ་དང་ཀླུ་རྣམས་ཀྱང་བཀུག་ཅིང་ཡང་དག་པར་མཆོད་དེ་བསྒོ་བ་བྱས་ནས་ཀླུ་ཐམས་ཅད་སྐུལ་བར་བྱེད་པའི་ཁམ་ཕོར་ཁ་སྦྱོར་ཀླུ་གནས་པའི་རྫིང་བུ་ལ་སོགས་པར་གཞུག་པར་བྱའོ། ། ཡང་ན་ཏ་ལའི་ལོ་མ་ལ་སྣག་ཚས་རྡོ་རྗེ་རྩེ་ལྔ་པ་སྔགས་ཀྱི་ཚིག་དང་ལྡན་པ་བྲིས་ལ་དེ་ཉིད་འབར་བའི་མེ་དང་འདྲ་བར་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རལ་པ་གཅིག་མ་འཆད་པར་འགྱུར་བའི་གཟུགས་ཅན་ཀླུ་ཐམས་ཅད་ཀུན་དུ་སྐྲག་པར་བྱེད་པར་བསམས་ལ་ལེགས་པར་མཆོད་དེ། བཀའ་བསྒོ་ལ་ཏ་ལའི་ལོ་མ་ཆུ་མིག་ལ་སོགས་པར་གཞུག་པར་བྱའོ། །དེ་ནས་སྐྱེ་བོ་མི་གནས་པའི་ས་ཕྱོགས་གཞན་དག་ཏུ་མེའི་དཀྱིལ་འཁོར་ལ་རླུང་གི་དང་དེའི་དབུས་སུ་ཆུའི་དང་དེ་ལ་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། ལྟེ་བར་ཆུ་ལྷ་དཀར་པོ་ལྟེ་བ་ཡན་ཆད་སྐྱེས་བུའི་གཟུགས་ཅན་ལ་ལག་པ་ གཉིས་པའི་ཀླུའི་ཞགས་པ་ཐོགས་པ་གདེངས་ཀ་བདུན་དང་ལྡན་པ་བྲི་བར་བྱའོ། །ཤར་ལ་སོགས་པའི་འདབ་མ་ལ་མཐའ་ཡས་ཨུཏྤལ་སྔོན་པོ་ལྟར་སྔོ་བསངས་ནོར་རྒྱས་དཀར་པོ། འཇོག་པོ་དམར་པོ། ཀརྐོ་ཊ་ནག་པོའོ། །མེ་དང་བདེན་བྲལ་གྱི་མཚམས་སུ་པདྨ་དང་པདྨ་ཆེན་པོ་དཀར་སྐྱ། རླུང་ གི་མཚམས་སུ་དུང་སྐྱོང་སེར་པོ། དབང་ལྡན་གྱི་མཚམས་སུ་རིགས་ལྡན་ཁ་དོག་སྣ་ཚོགས་པའོ། །དེ་ལྟར་ཀླུའི་དཀྱིལ་འཁོར་བྲིས་ནས་ཡི་གེ་ནཾ་ལས་ཀླུ་ཐམས་ཅད་བསྐྱེད་ལ་བུ་རམ་དང་། འོ་མ་དང་། མར་ལ་སོགས་པས་ཀླུ་ལ་འོས་པའི་ལྷ་བཤོས་ཡི་གེ་ཕུས་མངོན་པར་བསྔགས་པ་སྦྱིན་པར་བྱའོ། ། མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། གོས་དང་། བ་དན་དང་། བུམ་པ་སྔོན་པོ་ཆུ་སྔོན་པོས་གང་བ་ཡང་སྦྱིན་པར་བྱའོ། །སརྫ་ར་ས་དང་། ཀུན་དུ་རུ་དང་། ཏ་ཀ་ར་དང་། ཆུ་སྲིན་སྡེར་མོ་དང་། ཡུངས་ཀར་སེར་པོ་དང་། ནཱ་ག་གེ་སར་རྣམས་ཀྱི་ཕྱེ་མའམ། ནཱ་ག་གེ་སར་གྱི་ཕྱེ་མ་ཤ་ཁ་ར་དང་ ལྷན་ཅིག་སྦྱར་བའི་སྤོས་དང་མར་གྱི་མར་མེ་རྣམས་སྔགས་ཀྱིས་བཏབ་པ་སྦྱིན་པར་བྱའོ། །དེ་ནས་ཡི་གེ་ཛ་དང་སྤེལ་བའི་ནཾ་གྱིས་ཀླུ་ཐམས་ཅད་བཀུག་ལ། རང་གི་གནས་སུ་བསྟིམས་ནས་མཆོད་ཡོན་བྱིན་ལ་ཡང་དག་པར་མཆོད་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཀླུ་ཆེན་ པོ་ཁྱེད་རྣམས་བདག་ཅག་ལ་དགའ་བ་དང་། བཅོམ་ལྡན་འདས་ཀྱི་བཀས་ཀྱང་ཆར་ཕོབ་ཤིག །དེ་ནས་ཀླུ་རྣམས་ཡང་དག་པར་ཆར་འབེབས་པར་བསམ་མོ། །ཨོཾ་ཨུ་གྲ་ཤཱུ་ལ་པཱ་ཎི་བཪྵ་པ་ཡ་ཤཱི་གྷྲཾ་མ། ཨོཾ་ཛྱོ་ཏི་ནི་ར་ཎཱ་ད་བཪྵ་པ་ཡ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པའི་སྔགས་བཟླས་ན་ དེའི་འོག་ཏུ་ཆར་འབེབས་པར་འགྱུར་རོ། །དེ་ལྟ་ན་ཡང་ཆར་མི་འབེབས་ན་མེ་ཐབ་ཟླུམ་པོར་དེ་བཞིན་དུ་དཀྱིལ་འཁོར་བྲིས་ལ་བཀུག་ཅིང་དེ་རྣམས་ཀྱི་ལྕེ་ལ་ནཾ་བསམས་ཏེ། མཆོད་ཡོན་ལ་སོགས་པ་སྔོན་དུ་སོང་བ་ཅན་གྱི་སྦྱིན་སྲེག་གི་ཆོ་གས་བུ་རམ་དང་འོ་མ་དང་། མར་གྱི་དགང་བླུགས་གསུམ་ བྱིན་ལ། ཨོཾ་ནཾ་སྭཱ་ཧཱ་ཞེས་པའི་སྔགས་དང་བུ་རམ་དང་། འོ་མ་དང་མར་ལ་སོགས་པའི་སྦྱིན་སྲེག་ཅི་འདོད་པ་སྦྱིན་པར་བྱའོ། །དེ་ལྟར་ན་ཚིམ་པར་འགྱུར་བས་ཡང་དག་པར་ཆར་འབེབས་པར་འགྱུར་རོ། །དེ་ལྟ་ན་ཡང་ཆར་མི་འབེབས་ནས་ཆད་པས་གཅད་པར་བྱ་སྟེ། རླུང་དང་མེ་ལ་སོགས་པའི་རིམ་ གྱིས་ཀླུའི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་ཡིད་ཀྱིས་བཀུག་སྟེ། བསྐལ་པའི་མེ་འབར་བ་ལྟ་བུའི་སྟོབས་པོ་ཆེའི་སྦྱོར་བས་ཀླུ་ཐམས་ཅད་ཀྱི་མཇུག་མའི་ཚོགས་གཡོན་བརྐྱང་བས་མནན་ཅིང་བཙིར་བར་བྱའོ། །ཡི་གེ་ཧཱུྃ་དགུ་དང་ཡི་གེ་ཕཊ་དགུའི་བར་དུ་ཡི་གེ་ནཾ་རེ་རེ་དང་སྤེལ་ལ། ཨོཾ་ཨུ་ གྲ་ཤཱུ་ལ་པཱ་ཎི་པི་ཌ་ཡ་སརྦྦ་ནཱ་གཱན་ཨོཾ་ཛྱོ་ཏི་ནིར་ཎི་ཌ་བཪྵ་པ་ཡ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པའི་སྔགས་བསྒྱིངས་པ་དང་བཅས་པར་བཟླ་བར་བྱའོ། །ཁྲོ་བོའི་རྒྱལ་པོ་འབར་བའི་འཇིགས་པས་རྣམ་པར་དཀྲིགས་པ་དང་། ཀླུ་ཐམས་ཅད་ནམ་མཁའི་ངོས་ལ་ཆུའི་རྒྱ་མཚོ་སྐྱུག་པར་མོས་ པ་བྱས་ན་ངེས་པར་ཆར་འབེབས་པར་འགྱུར་རོ། །དེ་ལྟ་ན་ཡང་ཆར་མི་འབེབས་ན་ཀླུ་རྣམས་མངོན་སྤྱོད་ཆུང་ངུ་དང་། འབྲིང་དང་ཆེན་པོའི་རིམ་པ་འདིས་བྱ་སྟེ། མཚོན་གྱིས་བསད་པའི་གོས་སམ། དུར་ཁྲོད་ཀྱི་རས་ལ་དུག་དང་། ཁྲག་དང་། སྐེ་ཚེ་དང་། ལན་ཚྭ་དང་། ཡུངས་མར་གྱིས་རལ་ གྲིའི་འཁོར་ལོ་རྩིབས་བརྒྱད་ལ་པདྨ་འདབ་མ་བརྒྱད་པ་བྲིས་ནས་འདབ་མ་བརྒྱད་པ་ལ་ཀླུ་བརྒྱད་པོ་ནཾ་གཉིས་དང་སྤེལ་བ་དང་ལྟེ་བ་ལ་ནི་ཡི་གེ་བཾ་ཙམ་ཞིག་བྲིས་ལ། ཆུའི་ངོས་གཉིས་ཀྱི་སའམ། ཀླུ་གནས་པའི་མཚོ་ལ་སོགས་པའི་ས་རོ་བསྲེགས་པ་དང་། གྲོག་མཁར་དང་། ཤིང་གཅིག་ རྩ་བའི་ས་དང་བཅས་པ་བཤང་བ་དང་གཅི་བ་དང་བསྣོས་ཏེ། ཀླུའི་གཟུགས་བརྙན་བྱས་ནས་འདབ་མ་ལ་བྲིས་པ་དེའི་སྙིང་གར་བཅུག་པ་ལ་དགུག་པ་སྔོན་དུ་སོང་བ་ལ་ཚ་བ་གསུམ་དང་སྐེ་ཚེ་ལ་སོགས་པས་བསྐུས་ཏེ། མེ་ཐབ་གྲུ་གསུམ་གྱི་ངོས་ལ་གནས་པར་བྱས་ལ་དུར་ཁྲོད་ཀྱི་ཤིང་ ལས་མེ་སྦར་བ་ལ་གདུངས་ཏེ། སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་ཧཱུཾ་གིས་རྡོ་རྗེར་བྱས་པའི་ཡུངས་ཀར་གྱིས་བརྡེགས་ན་དེ་ནས་ཆར་འབེབས་པར་འགྱུར་རོ། །འོན་ཀྱང་མི་འབེབས་ན་དེའི་ཚེ་ས་ལ་ཀླུའི་དཀྱིལ་འཁོར་དེ་བཞིན་དུ་བྲིས་ལ། སྟོད་གཡོགས་སམ་ཟེ་ཁ་སྔོན་པོར་བྱས་པའམ། གཅེར་བུ་བྱས་ལ། དཀྱིལ་འཁོར་དེ་ལ་གནས་པའི་ཉི་མ་འབར་བ་ལ་གནས་ཤིང་རྡོ་རྗེས་མཚོན་པའི་རྐང་པ་གཡོན་པས་ཀླུ་གན་རྐྱལ་དུ་འདུག་པ་མནན་པ་དང་། དེ་དག་ཤིན་ཏུ་འཇིགས་པས་རྣམ་པར་དཀྲུགས་ཤིང་མགོ་བོའི་སྟེང་དུ་བཏེག་ཅིང་བསྒྱིངས་པས་ནམ་མཁའ་ཁྱབ་པར་གྱུར་ཅིང་། ཁྲག་ཏུ་སྐྱུགས་པས་ཆར་འབེབས་པས་རྒྱ་མཚོར་བྱེད་པར་བསམས་ལ་སྔ་མ་བཞིན་དུ་ཡི་གེ་བཅོ་བརྒྱད་ཀྱིས་ཡི་གེ་ནཾ་དང་སྤེལ་ཏེ། ཨོཾ་ཨུ་གྲ་ཤཱུ་ལ་པཱ་ཎི་མཱ་ར་ཡ་སརྦྦ་ནཱ་གཱན་ཨོཾ་ཛྱོ་ཏི་ནི་ར་ནྱ་ད་ཧ་ན་སརྦྦ་ནཱ་གཱན་བཪྵ་པ་ཡ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པར་སྔགས་བཟླས་ན་དེ་ནས་ངེས་ པར་ཆར་འབེབས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡང་ཀླུ་གདུག་པ་དེ་རྣམས་ཆར་མི་འབེབས་ན་དེའི་ཚེ་དུག་དང་། ལན་ཚྭ་དང་། སྐེ་ཚེ་དང་། ད་དུ་ར་ཀ་ལས་ཀླུའི་གཟུགས་བརྙན་བྱས་ལ་སེང་ལྡེང་གི་ཕུར་བུ་སོར་དགུ་པས་སྙིང་གར་བཏབ་ལ་མེ་ཐབ་གྲུ་གསུམ་བྱས་ཏེ། སྨེ་ཤ་ཅན་གྱི་མེ་འམ་དུར་ ཁྲོད་ཀྱི་མེ་དེར་བླངས་ལ། ཡི་གེ་ཕུས་སྦར་ཏེ་ལུས་ལ་བཤང་གཅིས་བྱུགས་ཤིང་ཁ་ལྷོ་ཕྱོགས་སུ་བལྟས་པས་བཅོམ་ལྡན་འདས་སྟོབས་པོ་ཆེ་ཐབ་ཀྱི་དབུས་སུ་བསམས་ཏེ་ཞལ་ཤིན་ཏུ་གདངས་པ་ལྗགས་ལ་ཧཱུཾ་གིས་མཚན་པའི་ཞལ་དེར་ཁྲོས་པས་སྔགས་དེ་མ་ལུས་པ་དང་ཆོལ་བར་བཟླས་ པ་ལག་པ་གཡོན་པས་མཇུག་མའི་རྩེ་མོ་ནས་བརྩམས་ཏེ། མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་དེ་སྦྱིན་སྲེག་བྱའོ། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ངེས་པར་ཆར་པ་འབེབས་པར་འགྱུར་རོ། །འོན་ཀྱང་ཆར་འབེབས་པར་མི་བྱེད་པ་ན་དེའི་ཚེ་སྟོབས་པོ་ཆེ་ཉིད་ཀྱིས་ ཉེས་པ་ཡིན་ནོ་ཞེས་ཤེས་པར་བྱས་ལ། དུག་དང་སྐེ་ཚེ་དང་ལན་ཚྭ་དང་ད་དུ་ར་ལས་བྱས་པའི་སྟོབས་པོ་ཆེའི་གཟུགས་བརྙན་ལ་དགུག་པ་སྔོན་དུ་འགྲོ་བ་ཅན་གྱིས་དཔལ་གནོད་མཛེས་རྒྱལ་པོའི་སྦྱོར་བས་ཉི་མ་འབར་བ་ལ་གནས་པ་རྡོ་རྗེས་མཚན་པའི་རྐང་པ་གཡོན་པས་གན་རྒྱལ་དུ་མནན་ ལ་བཪྵ་པ་ཡ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པའི་ཡི་གེ་ཧཱུཾ་བཞི་པའི་སྔགས་ཁྲི་བཟླ་བར་བྱའོ། །དེ་ནས་ངེས་པར་སྟོབས་པོ་ཆེས་ཆར་འབེབས་པར་བྱེད་དོ། །དེ་ལྟ་ན་ཡང་ཆར་འབེབས་པར་མི་བྱེད་ན། དེའི་ཚེ་མངོན་སྤྱོད་ཀྱི་ཐབ་ཁུང་དུ་གནོད་མཛེས་རྒྱལ་པོ་ཞལ་གདངས་ཤིང་ཧཱུཾ་གི་ལྗགས་ དང་ལྡན་པ་རྣམ་པར་བསམས་ལ། དེའི་ཞལ་དུ་གནོད་མཛེས་རྒྱལ་པོའི་སྦྱོར་བས་གཟུགས་བརྙན་གཏུབ་ཅིང་བསྐུལ་ཚིག་དང་ལྡན་པའི་ཡི་གེ་ཧཱུཾ་བཞི་པའི་སྔགས་ཀྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །འདིས་ནི་ངེས་པར་འཕགས་པ་སྟོབས་པོ་ཆེས་ཆར་འབེབས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ ཉམས་སུ་མྱོང་བའི་རྣལ་འབྱོར་པ་ཐམས་ཅད་ལ་གྲགས་པ་ཡིན་ནོ། །ཆར་གཅད་པ་ལ་ནི་ཀླུ་དང་འཕགས་པ་སྟོབས་པོ་ཆེ་ལ་དམིགས་ཏེ། མེ་ཐབ་ཟླུམ་པོར་སངས་རྒྱས་སྤྱན་དཀར་པོ་ཞི་བ་ཨོཾ་གྱིས་མཚན་པའི་ལྗགས་དང་ལྡན་པའི་ཞལ་དེའི་སྔགས་དང་ཞི་བའི་ཆོ་གས་མར་དང་འོ་མ་ལ་སོགས་པའི་ སྦྱིན་སྲེག་ཁྲི་བྱས་ན་དེ་དག་ངེས་པར་ཞི་བར་འགྱུར་རོ། །ཆར་ཆེས་པ་ལ་སྔར་བཤད་པའི་མངོན་སྤྱོད་ཀྱི་ཐབ་ཁུང་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕུལ་བ་དང་། རས་བལ་གྱི་རུས་པ་དང་བཅས་པའི་སྦྱིན་སྲེག་བྱས་ན་ངེས་པར་ཆར་ཆེས་པ་གཅོད་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་ འཆང་བའོ། །ཕྱིའི་དོན་ཐམས་ཅད་ལ་དམིགས་པ་ནི་ཀུན་དུའོ། །དེ་ངེས་པར་འཇོམས་པ་ནི་མ་ལུས་པར་འཇོམས་པའོ། །དེའི་དོན་གྱིས་རྡོ་རྗེ་ནི་ཐོགས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཀུན་དུ་འཇོམས་པའི་རྡོ་རྗེ་སྟེ་འདོད་པའི་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ ཡང་དེ་སྐད་ཅེས་བྱའོ། །དམ་ཚིག་ཅེས་བྱ་བ་ནི་སྦྱོར་བ་པོའི་ཡུལ་ཅན་གྱི་ཡང་དག་པའི་ཡེ་ཤེས་སོ། །རྡོ་རྗེ་སྐུ་གསུམ་ཞེས་བྱ་བ་ནི་རྡོ་རྗེ་འཆང་སྟེ་སྦྱོར་བ་མཛད་པ་པོའོ། །རྗེས་སུ་དྲན་ཞེས་བྱ་བའི་རྡོ་རྗེ་འཆང་ཡོངས་སུ་སྐྱོབས་ཤིག་ཅེས་དེ་ལྟར་རྗེས་སུ་དྲན་པ་དང་ལྡན་པའོ། །ལིངྒ་ཞེས་བྱ་བ་ནི་ བསྒྲུབ་པར་བྱ་བའི་གཟུགས་བརྙན་ནོ། །རྐང་པ་གཡས་པ་ཞེས་བྱ་བ་ལ་གནོན་ཞེས་བྱ་བ་ནི་ལྷག་མའོ། །རྡོ་རྗེ་སེམས་དཔའ་ནི་རང་གི་མཚན་མའི་གདན་དང་བཅས་པ་སྟེ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་ལྕགས་ཀྱུའོ། །དེའི་སྦྱོར་བ་ནི་རྐང་པའི་འོག་ཏུ་བསམ་པའོ། །རྡོ་རྗེ་གསུམ་ ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ནོ། །དེ་ལས་བྱུང་བའི་སྔགས་ཚོགས་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཚོགས་སོ། །སྔགས་རྣམས་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །དེ་ལ་གོང་བུ་དགུག་པའི་སྦྱོར་བ་ནི་ཇི་ལྟར་གཤིན་རྗེ་གཤེད་ཀྱི་སྦྱོར་ བས་དེའི་སྔགས་གསུངས་པ་དེ་བཞིན་དུ་འདོད་པའི་རྒྱལ་པོའི་སྦྱོར་བས་དེའི་སྔགས་སུ་ཤེས་པར་བྱའོ། །རྐང་པས་འགུགས་པ་ནི་པདྨའི་སྣོད་ལ་པདྨ་འདབ་མ་བརྒྱད་པ་དེའི་ལྟེ་བ་ལ་རྡོ་རྗེ་ལྕགས་ཀྱུ་བྲིས་ལ། རྡོ་རྗེ་ལྕགས་ཀྱུའི་སྟེང་དུ་དུག་དང་སྲིན་ལག་གི་ཁྲག་དང་གི་ཝང་ལ་སོགས་པ་འདོད་ པའི་རྒྱལ་པོའི་སྔགས་དང་སྤེལ་བའི་བསྒྲུབ་པར་བྱ་བའི་མིང་བྲིས་ལ། པདྨའི་འདབ་མ་རྣམས་ལ་དེ་དག་ཉིད་ཀྱིས་སྒྲོལ་མའི་སྔགས་བྲིས་ཤིང་འདབ་མའི་དབུས་དག་ལ་མྱོས་པར་བྱེད་པའི་ཁུ་བ་དང་། གི་ཝང་དག་གིས་བསྒྲུབ་པར་བྱ་བའི་མིང་བྲི་བར་བྱའོ། །འདབ་མའི་རྩེ་མོ་དག་ལ་གཤིན་ རྗེ་གཤེད་ཀྱི་སྔགས་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་མཛུབ་མོའི་ཁྲག་དང་དུག་དག་གིས་བྲི་བར་བྱའོ། །དེ་བཞིན་དུ་པདྨའི་སྣོད་གཉིས་པ་ལ་ཡང་བྲིས་ལ། དུར་ཁྲོད་ཀྱི་རས་ལ་ཡང་འཁོར་ལོ་འདི་ཉིད་བྲིས་ནས་རྫ་མཁན་གྱི་ལག་པ་ལས་ལྟུང་བའི་འཇིམ་པ་ལས་བྱས་པའི་གཟུགས་ བརྙན་གྱི་སྙིང་གར་བཅུག་ནས་གཟུགས་བརྙན་དེ་ལ་བཀུག་ལ་ནང་དུ་བཅུག་ནས་ཐོད་པ་གཉིས་ཁ་སྦྱར་དུ་བྱས་ཏེ། སེང་ལྡེང་གི་མེར་བསྲེགས་པ་སྔགས་རེ་རེ་ཞིང་བརྒྱ་རྩ་བརྒྱད་བཟླས་ན་མཚན་མོ་བདུན་གྱིས་ངེས་པར་འགུགས་པར་འགྱུར་རོ། །ཡེ་ཤེས་ནི་སེམས་ཀྱི་ཡིད་བཞིན་གྱི་ནོར་ བུ་ལ་སོ་སོར་རྟོག་པའོ། །དེའི་ཕྲེང་བ་ནི་རྒྱུན་དང་ལྡན་པར་འཇུག་པ་སྟེ། འཛིན་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ཆུ་སྟེ་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་རླན་པར་བྱེད་པའི་ཕྱིར་རོ། །དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་དེ་ཡང་ཡིན་ལ་ཁྲོ་བོ་ཉིད་ཡིན་པའི་ཕྱིར་ རྡོ་རྗེ་ཡང་ཡིན་པ་དེ་ལྟར་ན། ཡེ་ཤེས་ཀྱི་ཕྲེང་བའི་ཆུའི་རྡོ་རྗེ་སྟེ། ཁྲོ་བོ་མི་གཡོ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །མི་གཡོ་བ་ཡང་དེ་ཡིན་ལ་རྡོ་རྗེ་གཏུམ་པོ་ཡང་དེ་ཡིན་པས་ནའོ། །དེའི་དམ་ཚིག་ནི་སྔགས་སོ། །རྡོ་རྗེ་སྐུ་ནི་རྡོ་རྗེ་ འཆང་བ་སྟེ། གསང་བ་འདུས་པ་ཡིན་པའི་ཕྱིར་རོ། །ཁ་སྦྱར་ལུས་སུ་ཞེས་བྱ་བ་ནི་ཆུང་མ་དང་བཅས་པར་རོ། །འགུགས་པར་འགྱུར་ཞེས་བྱ་བ་ནི་འགུགས་པར་བྱེད་པར་འགྱུར་རོ། །འདིར་སྦྱོར་བ་ནི་སྐྱེས་པའི་ཐོད་པ་ལ་རྐང་པ་གཡས་པའི་མཛུབ་མོའི་ཁྲག་དང་ལན་ཚྭ་དང་ཡུངས་ཀར་དང་། ཚ་བ་གསུམ་གྱིས་ལྷ་ཆེན་པོ་ལ་སོགས་པ་གཟུགས་བརྙན་ཆུང་མ་དང་བཅས་པ་བྲིས་ལ། རྡོ་རྗེ་མི་གཡོ་བའི་སྦྱོར་བས་དེའི་སྔགས་ཟློས་ཤིང་ཇི་ལྟར་གཤིན་རྗེ་གཤེད་ཀྱི་སྦྱོར་བས་དེའི་སྔགས་ཟློས་པས་སྐྱེས་པ་དགུག་པ་གསུངས་པ་དེ་བཞིན་དུ་དགུག་པར་བྱའོ། །དམ་ཚིག་ནི་བྱ་བ་ནན་ཏན་ སྒྲུབ་པའི་ཡེ་ཤེས་སོ། །དེའི་རྣམ་པར་འཕྲུལ་པ་ནི་དེ་ལས་འོད་ཟེར་ནག་པོའི་གཟི་བརྗིད་འབར་བ་ཡིན་པ་དེའི་རང་བཞིན་ཅན་གྱི་རྡོ་རྗེ་སྟེ། གནོད་མཛེས་ཀྱི་མཆོག་ཁྲོ་བོའི་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་འཛིན་ཐམས་ཅད་ཀྱི་ དམ་ཚིག་ནི་བསྡུས་པ་སྟེ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་དེ་ཡིན་ལ་ཁྲོ་བོ་ཆེན་པོ་གནོད་མཛེས་ཀྱང་ཡིན་པས་སོ། །དེའི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །བུ་མོ་ཐམས་ཅད་ནི་ཞེས་བྱ་བ་ནི་རྡོ་རྗེའི་བུ་མོའོ། །ཐམས་ཅད་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་སྟེ། དེའི་སྤྱན་ལ་ སོགས་པའི་ལྷ་མོ་རྣམས་ཞེས་བྱ་བའི་དོན་ཏོ། །སྐྲ་བཤིག་གོས་དང་བྲལ་གྱུར་ན། །ཞེས་བྱ་བ་ནི་འདོད་ཆགས་ཆེན་པོ་དང་ལྡན་པའི་ཕྱིར་རོ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཡིས། །རྡོ་རྗེའི་བུ་མོ་འགུགས་པའི་མཆོག །ཅེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ཞེ་ན། རྡོ་རྗེ་སེམས་དཔའི་ཞབས་ ཀྱིས་མནན་ཏེ། ཉི་མ་ལ་གནས་པའི་རྡོ་རྗེ་ལྕགས་ཀྱུ་ནི་རྡོ་རྗེ་སེམས་དཔའོ། །དེ་དང་ལྡན་པའི་རྐང་པ་ནི་རྡོ་རྗེ་སེམས་དཔའི་ཞབས་ཏེ། དེས་གནོན་པའི་མནན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཀུན་ནི་དཔལ་གནོད་མཛེས་ཏེ། བདག་པོ་དེ་འདི་ལ་ཡོད་པས་ན་དེ་ སྐད་ཅེས་བྱའོ། །དོན་ནི་དཔལ་གནོད་མཛེས་ཀྱི་སྦྱོར་བས་ཤིན་ཏུ་བསྔགས་པའི་བུད་མེད་ཀྱི་ཐོད་པ་ལ་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་སྤྱན་ལ་སོགས་པའི་བུ་མོ་གང་ཡང་རུང་བ་བྲིས་ལ། ཉི་མ་ལ་གནས་པའི་རྡོ་རྗེ་ལྕགས་ཀྱུས་མཚན་པའི་གཡོན་པའི་རྐང་མཐིལ་གཡོན་བརྐྱང་པས་ དེའི་པདྨ་ལ་མནན་ལ་ལག་པ་གཡས་པའི་ལྕགས་ཀྱུས་དེའི་སྙིང་ག་ཕུག་སྟེ་ལག་པ་གཡོན་པའི་ཞགས་པས་མགུལ་པ་བཅིངས་ནས་བསྐུལ་བའི་ཚིག་དང་ལྡན་པས་སྔགས་བཟླས་ན་འགུགས་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །འདིར་སྤེལ་བ་ནི་ཧཱུྃ་ཨ་ན་ཡ་ལོ་ཙ་ནེ་ཧེ་བྷ་ག་ཝཱན་ཞེས་བྱ་བའམ། ཡང་ན་བིདྱ་རཱ་ཛ་ཧཱུཾ་ལོ་ཙ་ནཾ་ཨཱ་ཀཪྵ་ཡ་ཛཿཞེས་བྱའོ། །དམ་ཚིག་སེམས་དཔའི་རང་གི་ངོ་བོ་སྐུ་རྡོ་རྗེ་ལ་སོགས་པའི་ཚུལ་འདྲ་བ་གང་ཡིན་པ་དེ་ནི་དམ་ཚིག་ཆེན་པོའོ། །དེའི་དེ་ཁོ་ན་ཉིད་འབྱུང་བ་ནི་གསང་བ་གསུམ་ཚུལ་འདྲ་བར་འབྱུང་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་ བྱའོ། །དམ་ཚིག་ཆེན་པོ་ནི་སྔ་མ་དང་འདྲའོ། །གཞུང་ལ་ལ་ལས་ནི་གསང་བའི་སྒྲ་ཡང་གསུངས་ཏེ། དེར་ནི་ཚུལ་འདྲ་བ་ཉིད་ཀྱི་ཕྱིར་འདི་ལ་གསང་བ་ཆེན་པོ་མངའ་བས་ན་གསང་བ་ཆེན་པོའོ། །དེ་ཡང་ཡིན་ལ་དམ་ཚིག་ཆེན་པོ་ཡང་ཡིན་པས་ཞེས་བྱ་བར་སྦྱར་བར་བྱའོ། །དེའི་རྡོ་རྗེ་གསུམ་ གྱི་གསང་བའོ། །དེའི་གསུང་ནི་སྟོན་པའོ། །དེ་ཉིད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ནི་དགུག་པའི་སྙིང་པོའོ། །ཚིག་ནི་སྟོན་པ་སྟེ། འཆད་པར་འགྱུར་བའི་ཚིགས་སུ་བཅད་པ་རྣམས་སོ། །སངས་རྒྱས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་སྦྱོར་བ་བྱས་ནས་སོ། །དེའི་སྐུ་གསུམ་ལ་སྟེ། ཐུགས་ཀ་ དང་ལྐོག་མ་དང་སྤྱི་བོ་རྣམས་སུའོ། །རྡོ་རྗེ་སེམས་དཔའ་སྟེ་ཐུགས་རྡོ་རྗེ་རྣམ་པར་བསྒོམ་པའོ། །ཞགས་པ་རྡོ་རྗེ་ཀྱོ་བ་འཛིན། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དེ་ཉིད་རྣམ་པར་སྤྲོས་པས་སོ། །སངས་རྒྱས་ནི་རྡོ་རྗེ་འཆང་སྟེ་དེ་དགུག་པའོ། །སངས་རྒྱས་སྐུ་གསུམ་ནི་རྣམ་པར་སྣང་མཛད་དང་འོད་ དཔག་ཏུ་མེད་པའོ། །དེ་དག་གི་སྦྱོར་བས་ཀྱང་རྡོ་རྗེ་སེམས་དཔའ་འགུགས་པར་བྱེད་དོ། །ཇི་ལྟ་ཞེ་ན། འཁོར་ལོ་ཆེན་པོའི་སྦྱོར་བ་ཡིས་ཏེ། འཁོར་ལོ་ཆེན་པོ་ནི་གཟུགས་ཚུལ་འདྲ་བའི་གསང་བ་གསུམ་མོ། །དེའི་སྦྱོར་བ་ནི་འོད་དཔག་ཏུ་མེད་པ་སྟེ། སྐུ་གསུམ་ ལ་པདྨ་ཆེན་པོའི་ལྕགས་ཀྱུ་བསྒོམ་པ་དང་། རྣམ་པར་སྣང་མཛད་ཀྱི་སྐུ་གསུམ་ལ་ཡང་འཁོར་ལོའི་ལྕགས་ཀྱུ་བསྒོམ་པའོ། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །ཞེས་བྱ་བ་ནི་འདི་རྣམས་ཀྱི་ཐུགས་ཀ་དང་། ལྐོག་མ་དང་སྤྱི་བོར་ཚུལ་འདྲ་བའི་སེམས་དཔའ་བསྒོམས་པས་སོ། ། འཁོར་ལོ་པདྨ་རྡོ་རྗེ་ཆེ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་། འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པའི་སྦྱོར་བ་དེ་དག་ཉིད་ཀྱིས་སོ། །ཇི་ལྟ་ཞེ་ན། རྡོ་རྗེ་ཀྱོ་བ་ཞེས་བྱ་བ་སྟེ། རང་རང་གི་མཚན་མས་མཚན་པའི་ལྕགས་ཀྱུ་ནི་རྡོ་རྗེ་ཀྱོ་བའོ། །དེའི་ཁྱད་པར་ནི་གོ་རིམས་བཞིན་དུ་འཁོར་ལོའི་ ལྕགས་ཀྱུ་ཉིད་དང་། པདྨའི་ལྕགས་ཀྱུ་ཉིད་དང་། རྡོ་རྗེའི་ལྕགས་ཀྱུ་ཉིད་བསྒོམས་པས་ཞེས་བྱ་བའི་དོན་ཏེ། སྔགས་རྣམས་ཐམས་ཅད་ནི་སྔགས་ཀྱི་ལྷ་ཐམས་ཅད་དོ། །བུ་མོ་སྣ་ཚོགས་དགུག་པ་ནི་ཐམས་ཅད་རྡོ་རྗེའི་རང་བཞིན་ཞེས་བྱ་བ་གསུངས་ཏེ། སྐུ་ལ་སོགས་པས་བྱིན་གྱིས་བརླབས་ པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རང་སྔགས་སྐྱེས་བུ་ཞེས་བྱ་བ་ནི་རང་གི་ལྷ་ཉིད་དོ། །མཆོག་རྣམས་ཀྱི་ཞེས་བྱ་བ་ནི་རྒྱལ་པོའི་བུ་མོ་ལ་སོགས་པའོ། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དགུག་པར་བྱ་བའི་རླུང་གི་དཀྱིལ་འཁོར་ ལ་བསྐྱོན་པའོ། །སྙིང་གར་རྡོ་རྗེ་ཀྱོ་བ་སྦྱོར། །ཞེས་བྱ་བ་ནི་རང་གི་ལྷའི་ལག་ན་གནས་པའི་རྡོ་རྗེ་ལྕགས་ཀྱུ་སྤྲོས་པས་སྙིང་གར་ཕུག་པའོ། །འདི་ནི་ཉེ་བར་མཚོན་པ་ཅུང་ཟད་དེ། ཞགས་པས་ཀྱང་མགུལ་པ་བཅིངས་ནས་བསྐུལ་བའི་ཚིག་དང་ལྡན་པའི་རང་གི་སྔགས་བཟླས་ན་ངེས་པར་འགུགས་ པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་ནི་འཁོར་ལོའི་ལྕགས་ཀྱུ་སྟེ། དེའི་གཟུགས་ཆེན་ནི་ལུས་ཆེན་པོའོ། །དེ་ཉིད་ཀྱང་ཟླ་བའི་དཀྱིལ་འཁོར་དག་ཏུ་བྱས་ནས་སོ། །ཤ་ཙི་ཞེས་བྱ་བ་ནི་བརྒྱ་བྱིན་གྱི་ཆུང་མའོ། །དེ་ན་གནས་པ་ནས་ཞེས་བྱ་བ་ནི་འོག་ཏུ་མྱུར་བར་འོང་དུ་ཟིན་ཀྱང་ཟླ་བའི་དཀྱིལ་ འཁོར་དེ་ལ་བརྟེན་པར་འགྱུར་བའོ། །རྡོ་རྗེ་མི་འཆི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བས་སྙིང་ག་ཕུག་ཅིང་མགུལ་པ་བཅིང་བ་ཡིས་སོ། །རྡོ་རྗེ་ཀྱོ་བ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྕགས་ཀྱུའི་གཟུགས་ཆེན་པོའོ། །འབར་བའི་རྡོ་རྗེ་འདྲ་བའི་འོད་གང་ཡིན་པ་དེ་ཉིད་ནམ་ མཁའི་བུ་མོ་གནས་ལ། ཉི་མའི་དཀྱིལ་འཁོར་བསྒོམ་ན་ནི། དེ་ལ་གནས་པའི་ནམ་མཁའི་བུ་མོ་སྟེ། ལྷའམ་མིའམ་ཅི་ལ་སོགས་པའི་བུ་མོ་དེ་བཞིན་དུ་བུ་མོ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བས་སྙིང་ག་ཕུག་ཅིང་མགུལ་པ་བཅིངས་ནས་རང་གི་སྔགས་བཟླས་ན་ངེས་པར་འགུགས་པར་འགྱུར་རོ། ། ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་ཤ་ཙི་ནི་སྤྱན་ཡིན་ལ་རྡོ་རྗེའི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་ཡིན་ཞིང་ནམ་མཁའི་དཀྱིལ་འཁོར་ནི་མཱ་མ་ཀཱིའོ་ཞེས་འདོད་དོ། །རང་གི་ཁྲོ་བོ་ཞེས་བྱ་བ་ནི་རང་གི་ལྷ་ཉིད་ཀྱི་ཡེ་ཤེས་ཀྱི་ཐུགས་ཀའི་ས་བོན་ལས་ངེས་པར་བྱུང་བའི་ཁྲོ་བོ་ནག་པོ་སྒེག་པའོ། ། རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ནི་མི་བསྐྱོད་པའི་ཅོད་པན་ཅན་ནོ། །རྡོ་རྗེ་ས་འོག་གནས་པ་དག །ཅེས་བྱ་བ་ནི་རྡོ་རྗེ་ས་འོག་ཅེས་གྲགས་པའོ། །ཤཱུ་ལ་རྡོ་རྗེ་ཀྱོ་བས་གནས། །ཞེས་བྱ་བ་ནི། རྩེ་གསུམ་དང་། ལྕགས་ཀྱུ་ལ་སོགས་པའི་མཚན་མ་དང་ལྡན་པ་སྟེ། ལྕགས་ཀྱུ་དང་རལ་གྲི་དང་ཞགས་ པ་དང་རྩེ་གསུམ་བསྣམས་པ་ཞེས་བྱ་བའི་དོན་ཏོ། །ལྷ་མིན་བུ་མོ་དགུག་པ་དང་། །ཞེས་བྱ་བ་ནི་དེས་དེ་བཞིན་དུ་སྙིང་ག་ཕུག་ཅིང་མགུལ་པ་བཅིངས་ནས་འདེགས་པར་བྱེད་པའི་རླུང་གི་དཀྱིལ་འཁོར་ལ་གནས་པའི་ལྷ་མ་ཡིན་གྱི་བུ་མོ་འགུགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །བཙག་གམ་ ཞེས་བྱ་བ་ལ་སོགས་པ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་གི་ཝང་ལ་སོགས་པས་ཀྱང་ངོ་། །རྡོ་རྗེའི་ཀྱོ་བའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་མི་གཡོ་བ་ལ་སོགས་པ་བསྡུས་པའི་དཀྱིལ་འཁོར་གྱི་དབུས་སུ་མི་གཡོ་བའི་སྦྱོར་བས་འདུག་ལ་བཙག་དང་ཡི་གེ་ཧཱུཾ་གིས་རྡོ་རྗེ་ལྕགས་ཀྱུའི་ལྟར་བྱས་ནས་སོ། ། ཁར་ཞེས་བྱ་བ་ནི་རང་གི་ཁའམ་རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་པའི་པདྨའོ། །བཅུག་པ་ནི་གཞུག་པ་དང་གཡོགས་ནས་སོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེ་ལྕགས་ཀྱུས་བཀུག་ལ་བཅུག་སྟེ། སྤྲོ་བ་དང་བསྡུ་བས་ཇི་སྲིད་ཟླ་བ་བཏང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱ་སྟེ། དེ་ནས་ འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བསྲུང་བར་བྱ་སྟེ། བླངས་ལ་གྲུབ་པ་དེས་མིང་རྣམས་བྲིས་ནས་ནི་ལྷ་རྣམས་འོང་བར་འགྱུར་རོ། །འཇིགས་ཤིང་སྐྲག་པ་ནི་འཇིགས་ཤིང་འདར་ནས་སོ། །གཞན་དག་ནི་མིང་བྲིས་ནས་རྐང་པ་གཡོན་པས་མནན་ལ། བསྐུལ་ ཚིག་དང་ལྡན་པའི་རང་གི་སྔགས་བཟླས་ན་འོང་བར་འགྱུར་རོ་ཞེས་འདོད་དོ། །རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་འཇམ་པའི་རྡོ་རྗེ་བསྒོམས་ལ་རང་གི་སྙིང་གའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུ་ཡོངས་སུ་གྱུར་པའི་གཤིན་རྗེ་གཤེད་ཕྱག་ན་ལྕགས་ཀྱུ་བསྣམས་ པ་བསྒོམ་པ་དང་། མངོན་པར་འདོད་པའི་གནོད་སྦྱིན་མོ་དེ་ཡིད་དང་མཐུན་པའི་གནས་སུ་སོང་ལ་བསམ་པར་བྱའོ། །དེ་ཡང་གཤིན་རྗེ་གཤེད་ལས་སྤྲོས་པ་འཇིག་པའི་དུས་ཀྱི་མེ་འབར་བར་གྱུར་པ་ཕྱོགས་བཅུར་འགྲོ་བ་བཀག་ཅིང་འོན་ཀྱང་བདག་ཉིད་ལས་འོད་ཟེར་སྤྲོས་པ་བདུད་རྩི་ལྟར་བསིལ་བར་ གྱུར་པས། འདིའི་ལམ་སྤྲུལ་པ་མངོན་པར་ཕྱོགས་པ་སྦྱིན་པ་དང་། དེ་ནས་སྐྱབས་སུ་སོང་བའི་དོན་དུ་སྤྱི་བོར་གནས་པའི་གཤིན་རྗེ་གཤེད་ཀྱི་ཞབས་ཀྱིས་དྲངས་པར་གྱུར་པར་བསམ་ཞིང་བསྐུལ་བའི་ཚིག་དང་ལྡན་པའི་གཤིན་རྗེ་གཤེད་ཀྱི་སྔགས་བཟླས་ན་ངེས་པར་འོང་བར་འགྱུར་རོ། །འོངས་ པ་དང་དྲི་དང་ཆུ་བསྲེས་པ་དང་མཆོད་ཡོན་བྱིན་ན་རྒྱུད་གཞན་ལས་ཇི་སྐད་གསུངས་པའི་མའམ་སྲིང་མོ་འམ་སྒྱུག་མོ་འམ་ཆུང་མའམ་གྲོགས་མོར་སྒྲུབ་པར་འགྱུར་རོ། །གཞན་དག་ན་རེ་གནོད་སྦྱིན་མོ་བསྒྲུབ་བྱ་ཞེས་བྱ་བ་ལ་སྒྲུབ་པ་ནི་བཀུག་ལ་ཉེ་བར་ལོངས་སྤྱོད་པ་ཙམ་ཞིག་ཡིན་ནོ་ཞེས་ཟེར་རོ། ། ཆོ་ག་ཉམས་པ་བཟློག་པའི་དོན་དུ་ཚིགས་སུ་བཅད་པས་བག་ཡོད་པ་དང་། ཚིགས་སུ་བཅད་པས་ཐབས་ཆེན་པོ་ཉིད་དུ་གསུངས་པ་ནི་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ་ཀུན་གྱི་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱིའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཤིན་ཏུ་ཡང་ངོ་། །ཕྱག་རྒྱ་དང་སྔགས་ཀྱི་ཁྱད་པར་ནི་ གང་དང་ཡང་མ་འདྲེས་པར་ཏེ་རང་རང་གི་སྔགས་དང་ཕྱག་རྒྱ་དག་གིས་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པ་གཉིས་ཏེ་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱེད་པའི་ལུས་ཀྱི་མཚན་མ་ལ་སོགས་པའི་ཕྱག་རྒྱ་དང་། རང་གི་རིགས་ཀྱི་མཚན་མས་མཚན་པའི་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱའོ། །ཐབས་ནི་ ལས་སོ། །གཞན་དུ་བྱས་ན་ཞེས་བྱ་བ་ནི་དེ་ལྟར་མ་བྱས་ཏེ་གལ་ཏེ་འདྲེས་པར་བྱས་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་འཇིག་པར་འགྱུར་བ་ནི་འཇིག་པ་སྟེ་དངོས་གྲུབ་ལས་ཉམས་པའོ། །ལན་འགའ་ནི་སྲོག་ཉམས་པ་ཡང་ཡོད་དོ། །བསྐུལ་བར་བྱ་ཞེས་བྱ་བ་ནི་ཆོ་ག་ཉམས་ཀྱང་དངོས་གྲུབ་ ཀྱི་ཕྱིར་རྩོམ་པ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའི་སྙིང་པོའམ་མཆོག་དང་པོའི་སྙིང་པོས་སད་པར་བྱའོ། །གང་གི་ཕྱིར་སྔགས་རྣམས་ཐམས་ཅད་ཀྱི་རྒྱལ་པོ་མཆོག་ཏུ་རྟག་པ་ཡིན་པ་དེའི་ཕྱིར་དེའི་བཀས་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཀུན་དུ་ནི་སྣ་ཚོགས་པ་སྟེ་བྱ་བ་ནན་ཏན་སྒྲུབ་ པའི་ཡེ་ཤེས་སོ། །དེའི་རྣམ་པར་འཕྲུལ་པ་ནི་གཟི་བརྗིད་ནག་པོ་འབར་བའོ། །དེའི་རང་བཞིན་ཅན་གྱི་ཡེ་ཤེས་ཏེ་རལ་པ་གཅིག་མ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་རྡོ་རྗེའོ། །དམ་ཚིག་ཆེན་པོའི་རྒྱལ་པོ་ནི་དོན་ཡོད་པར་གྲུབ་པའོ། ། དེའི་རྡོ་རྗེ་མཆོག་ནི་བཙུན་མོ་དྲག་མོའོ། །རྡོ་རྗེ་ཐོར་ཚུགས་གཅིག་མ་ཞེས་བྱ་བ་ནི་མདུང་ཅན་མའོ། །དེའི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །སངས་རྒྱས་བྱང་ཆུབ་ནི་རྡོ་རྗེ་འཆང་བའོ། །བཀུག་ནས་ཉེ་བར་སྤྱད་པར་བྱ། །ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་དང་སྐུ་མདོག་དང་དབྱིབས་དང་ཆ་ལུགས་ འདྲ་བ་ཀླུ་རྣམས་ཀྱིས་བརྒྱན་པ་རྩ་བའི་ཕྱག་གཉིས་ཀྱིས་རང་སྣང་བའི་ཐབས་ལ་འཁྱུད་པ། ལྷག་མས་ལྕགས་ཀྱུ་དང་། རལ་གྲི་དང་། ཞགས་པ་དང་། ཐོད་པ་བསྣམས་པའི་མདུང་ཅན་མར་བདག་ཉིད་རྣམ་པར་བསྒོམས་ལ་སྲིན་ལག་གི་ཁྲག་ནཱ་ག་གེ་སར་དང་སྦྱོར་བས་བུད་མེད་ཀྱི་ཐོད་པ་ལ་རླུང་ གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོ་བྲིས་ལ་དེའི་སྙིང་གར་སྔགས་དང་སྤེལ་བའི་མིང་བྲིས་ནས་བཀུག་སྟེ། རལ་གྲི་ལྕགས་ཀྱུས་མཚན་པ་རྐང་པ་གཡོན་བརྐྱང་བས་མནན་ལ་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་བཟླས་པས་བཀུག་ལ་ཉེ་བར་ལོངས་སྤྱད་པར་བྱའོ། །ནམ་མཁའ་ དང་འདྲ་བར་དམ་ཚིག་ཆོས་རྣམས་ལ་ཡང་དག་པར་ལྟ་བ་ནི་ནམ་མཁའི་དམ་ཚིག་སྟེ། སོ་སོར་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་འབྱུང་བ་ནི་དམིགས་པ་སྟེ། དེ་ཡང་ཁྲོ་གཉེར་ཅན་མའོ། །དེ་ཉིད་ནི་རྡོ་རྗེའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཆོས་ཆེན་པོ་ནི་འོད་ དཔག་ཏུ་མེད་པའོ། །དེའི་དམ་ཚིག་ནི་ཤེས་རབ་ཀྱང་དེ་ཡིན་ལ། ཁྲོ་གཉེར་མ་ཡང་ཡིན་ཏེ་དེ་ཉིད་ནི་རྡོ་རྗེའོ། །དེའི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །ཡེ་ཤེས་ཀྱི་རྒྱལ་པོ་ནི་རྡོ་རྗེ་འཆང་ངོ་། །དགུག་ཅེས་བྱ་བ་ནི་ཉེ་བར་སྤྱད་བྱ་ཞེས་བྱ་བ་དང་སྦྱར་བར་བྱའོ། །ཇི་ལྟར་ དགུག་པར་བྱ་ཞེ་ན། དམ་ཚིག་ལ་སོགས་པ་ཡིན་ཏེ། དམ་ཚིག་ནི་ཁྲོ་གཉེར་མའི་ཏིང་ངེ་འཛིན་ཡིན་ཏེ་གོས་དཀར་མོ་དང་འདྲའོ། །འདི་ནི་སྐུ་མདོག་དཀར་པོ་མདངས་དམར་པོ་ཅན་ནོ། །དགུག་པ་ལ་ཡང་ལྕགས་ཀྱུ་དང་རལ་གྲི་དང་ཞགས་པ་དང་པདྨ་བསྣམས་པའོ། །སོགས་པ་སྨོས་པས་ནི་བུད་ མེད་ཀྱི་ཐོད་པ་ལ་སྲིན་ལག་གི་ཁྲག་ཉིད་ཀྱིས་ཀླུའི་བུ་མོ་དང་འདྲ་བར་རིག་པ་འཛིན་པའི་བུ་མོ་བྲི་བ་ལ་སོགས་པ་བསྡུའོ། །སྔགས་ཀྱི་རིག་པ་ཞེས་བྱ་བ་ནི་བསྐུལ་བ་དང་ལྡན་པའི་བཟླས་པ་དེས་སོ། །དགུག་པའི་སྦྱོར་བ་ཐམས་ཅད་ལ་ཡང་འབར་བའི་ལྟ་བའི་སྙིང་པོ་དང་བཅས་པ་སྦྱོར་བར་བྱ་སྟེ། དེ་སྐད་དུ་དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། རྡོ་རྗེ་ལྟ་བས་ཆགས་པ་ནི། །དགའ་བས་མིག་ནི་རབ་ཏུ་བགྲད། །དེ་ཡིས་བུད་མེད་བལྟས་པས་ནི། །རྟག་ཏུ་དབང་དུ་འགྱུར་བ་ཡིན། །རབ་ཏུ་མྱུར་བར་མིག་བསྐུལ་ཞིང་། །མིག་གི་རྫི་མས་འགུགས་བྱེད་པ། །ལྟ་བའི་གཟི་ཅན་ཡིན་པར་བཤད། ། འགྲོ་བ་ཐམས་ཅད་འགུགས་བྱེད་པའོ། །ཁྲོ་བའི་གཉེར་མ་རབ་བསྡུས་པ། །ཁྲོ་བོའི་མིག་ནི་བཙུམས་པའོ། །ཁྲོ་བོའི་ལྟ་བ་བྱས་ན་ནི། །ཁམས་གསུམ་ཡང་ནི་འཇིག་པར་བྱེད། །རི་རབ་རི་ཡི་བྲག་འདྲ་བ། །བརྟན་པར་འཛུམས་པ་མེད་པའི་མིག །བྱམས་པའི་ལྟ་བ་ཡིན་པར་བཤད། ། ནད་དང་གདོན་དང་དུག་སེལ་དང་། །ཞེས་གསུངས་པ་ལྟ་བུའོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི། བཛྲ་དྲྀཥྚི་མཊ། དིཔྟ་དྲིཥྚི་ཨཾ་ཀུ་ཤ་ཛཿ། ཀྲོ་དྷ་དྲྀཥྚི་ཧི་མེ་དྲྀཥྚི་ཏྲཊ་ཅེས་གསུངས་སོ། །དེ་ནས་ཅི་སངས་རྒྱས་ལ་སོགས་པ་དགུག་པ་ཡང་བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར་རམ་ཞེ་ན། འགྲུབ་པོ་ ཞེས་བསྟན་པའི་ཕྱིར་འགོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་འགོག་པའི་རྡོ་རྗེ་བཟླས་པ་ཞེས་བྱ་བ་ནི་འགོག་པའི་བཟླས་པ་དང་རྡོ་རྗེའི་བཟླས་པའོ། །ཡོངས་སུ་རྫོགས་པ་མཛེས་མཆོག་གིས་རིང་པོར་མི་ཐོགས་པར་འགུགས་པར་འགྱུར་རོ། །ཀུན་ནས་ཞེས་བྱ་བ་ནི་ཕྱོགས་བཅུ་ནས་སོ། །ཅི་འགུགས་ ཤེ་ན། ཡེ་ཤེས་རྡོ་རྗེ་གསུམ་ལས་བྱུང་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་ལས་ཡོངས་སུ་གྲུབ་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བའི་དོན་ཏོ། །ཀྱང་གི་དོན་དུ་ཡང་རྟོགས་པར་བྱ་སྟེ། དེ་རྣམས་ཀྱང་འགུགས་པར་བྱེད་ན་ལྷ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་རང་གི་ལྷའི་རྣལ་འབྱོར་ལ་གནས་ལ་རང་གི་སྙིང་གའི་ཉི་མའམ། རང་གི་སྙིང་གའི་ཟླ་བ་ལ་རང་གི་སྔགས་ཀྱི་ཡི་གེའི་ཕྲེང་བ་བཀོད་ལ་དེ་ཉིད་ལ་རང་གི་སེམས་གཉིས་སུ་མེད་པའི་སྦྱོར་བས་བརྟན་པར་བྱས་ནས་བཟླས་པ་གང་ཡིན་པ་དེ་ནི་འགོག་པའི་བཟླས་པ་སྟེ། དེ་ཡང་གང་གི་ཚེ་བཟླས་པ་བྱེད་པའི་ངེས་ པར་བསྡུས་པའི་སེམས་དེ་ཡུན་རིང་དུ་གོམས་པར་བྱས་པ་ལས་སེམས་དེ་ཉིད་བརྟན་པ་ཞིག་ནས་བྱ་བ་རྫོགས་པར་འགྱུར་བ་དེའི་ཚེ་འགྲུབ་པར་འགྱུར་ཏེ། དེ་ཙམ་དུ་སྣང་བའི་ཕྱིར་དང་སྦྲང་བུ་དང་ཤ་སྦྲང་ལ་སོགས་པས་གཙེས་པར་གྱུར་ཀྱང་ཚོར་བ་མེད་པའི་ཕྱིར་དང་། རྔ་དང་རྔ་བོ་ཆེ་ལ་སོགས་པའི་སྒྲ་རྣམས་ ཉེ་ན་ཡང་ཐོས་པར་མི་འགྱུར་བའི་ཕྱིར་རོ། །རྡོ་རྗེ་ནི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སོ། །དེ་རྣམས་ཀྱི་བཟླས་པ་ནི་རྡོ་རྗེ་བཟླས་པ་སྟེ། དེ་ཡང་ལེའུ་བཅུ་གསུམ་པ་ལས་གསུངས་པ་ཡིན་ནོ། །དེ་ནི་གང་གི་ཚེ་བཟླ་བར་བྱ་བའི་སྔགས་བཞི་པོ་དག་གིས་རྡོ་རྗེ་རྣམས་སེམས་ཙམ་ཉིད་ལས་བྱུང་བ་ དང་། བདག་མེད་པ་ཉིད་དང་བདག་དང་མཉམ་པ་ཉིད་དང་དེ་ཐམས་ཅད་མི་དམིགས་པ་སྟེ། སྔགས་བཞི་པོ་བཟླས་པས་ལྷག་པར་མཐོང་བ་སྟེ། ཤིན་ཏུ་ཡུན་རིང་དུ་བཟླས་པ་ལས་ཞི་གནས་དང་ལྷག་མཐོང་རྫོགས་པར་གྱུར་པ་ན། དོན་བཞི་པོ་དག་ཀྱང་མངོན་སུམ་དང་འདྲ་བར་སྣང་བར་འགྱུར་བ་དེའི་ཚེ་ གྲུབ་པ་ཡིན་ནོ། །མཛེས་མཆོག་གིས་ཞེས་བྱ་བ་ནི་འདིས་ནི་རྫོགས་པའི་མཚན་མ་སྟོན་ཏེ། ཞི་གནས་གྲུབ་པ་ན་བཟླས་པ་པོའི་གློ་བུར་དུ་བ་སྤུ་ལྡང་ཞིང་མཆི་མ་འབྱུང་བ་དང་། ལུས་དང་སེམས་ཡང་བ་ལ་སོགས་པའི་རྒྱུས་དགའ་བ་ཆེན་པོ་སྐྱེ་བར་འགྱུར་རོ། །དེ་བས་ན་ཡོངས་སུ་རྫོགས་པའི་བཟླས་ པ་ནི་མཛེས་པའི་མཆོག་ཏུ་གྱུར་ཏེ། མཆོག་ཏུ་ཡིད་དགའ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །གྲངས་ཀྱི་ཁྱད་པར་གྱིས་ཀྱང་གྲུབ་པ་ནི། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབེན་པའི་གནས་ནི་ཆེན་པོ་རུ་ཏེ། རི་བོ་དང་ནགས་ཚལ་ལ་སོགས་པའི་གནས་སུ་འདུག་ལ། ཁྲོ་བོ་དེ་དང་དེའི་ སྦྱོར་བས་རང་གི་སྙིང་གའི་ཉི་མ་ལ་གནས་པའི་བཟླས་པར་བྱ་བ་ལ་སེམས་ཀྱིས་དམིགས་ནས་ཁྲོ་བོ་བཅུ་པོ་རེ་རེའི་སྔགས་ལ་འབུམ་དུ་བཟླས་པ་བྱས་ན་ཡང་ལས་རྣམས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་དཔག་ཏུ་མེད་པའི་བཟླས་པས་ ནི་སྡིག་པ་ཟད་ཅིང་མཚན་མ་ཐོབ་པར་གྱུར་པ་དང་། དེའི་འོག་ཏུ་རང་གི་ཁྲོ་བོ་ཉིད་ཀྱི་བཟླས་བརྗོད་འབུམ་ཕྲག་གཅིག་བྱས་ན་འགྲུབ་པར་འགྱུར་ཏེ། ལུས་ཅན་སྡིག་དང་བྲལ་བ་ལ། །གྲངས་ཀྱི་ངེས་པ་གསུངས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ལས་ཀྱི་དམ་ཚིག་གིས་ ཀྱང་འགྲུབ་པ་ནི་རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་ནས་སྤོ་བ་ནི་བསྐྲད་པ་སྟེ། དེ་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །འདི་ཡིས་ཞེས་བྱ་བ་ནི་སྔར་བཤད་པའི་ལས་རྣམས་ཀྱིས་ཏེ། ཇི་སྐད་དུ། སྙིང་རྗེའི་སེམས་ནི་དག་པ་ཡིས། །བསད་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་ གསུངས་པ་ལྟ་བུའོ། །བསྒོམས་པའི་དམ་ཚིག་གིས་ཀྱང་འགྲུབ་པ་ནི་ཡང་གསུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ནམ་མཁའི་ངོས་ལ་བསྒོམས་པ་རྣམས་ཀྱིའོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་རང་གི་ཁྲོ་བོའི་སྦྱོར་བས་འདུག་ལ། དེའི་ལག་ན་ གནས་པའི་རྡོ་རྗེ་འབར་བ་འཕངས་པ་ལ་སོགས་པས་ཕྱེ་མར་བྱས་པ་ཉིད་ཀྱིས་སོ། །གདུག་སེམས་ལྡན་པའི་དགྲ་རྣམས་ལ། །ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པ་བྱེད་པའམ། དེ་ལ་གནོད་པར་བྱེད་པར་འདོད་པ་དང་ལྡན་པ་རྣམས་ལའོ། །ཁྲོ་བོའི་སྔགས་ལ་ གསུངས་པའི་གསད་པ་དང་། བསྐྲད་པ་ལ་སོགས་པའི་ཆོ་ག་ཁ་བསྐང་བའི་ཕྱིར་ཁྲག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲག་ལ་སོགས་པ་གཤེར་བར་བྱས་པའི་གོས་ཞེས་བྱ་བར་ཤེས་པར་བྱའོ། །བགོས་ནས་ཞེས་བྱ་བ་ནི་གོས་དེའོ། །ལིངྒ་ནི་གཟུགས་བརྙན་ནོ། །ཁྲོ་བོའི་རྒྱལ་པོ་ ནི་དབྱིག་སྔོན་ནམ་དེ་ལས་གཞན་པ་དག་སྟེ། ཁྲོ་བོ་ཐམས་ཅད་ནི་མངོན་སྤྱོད་ལ་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །བརྒྱ་རྩ་བརྒྱད་ཅེས་བྱ་བ་ནི་བརྒྱ་ལས་རྩ་བརྒྱད་ལྷག་པའི་བཟླས་པའོ། །ངེས་པར་འཇིག་ཅེས་བྱ་བ་ནི་འཆི་བའོ། །ཁྲོ་བོའི་མཆོག་གི་བཅིངས་པ་ཡིས། །ཞེས་བྱ་བ་ནི། ཁྲོས་ནས་གོས་ཀྱི་ མདུད་པ་དམ་དུ་བཅིངས་པའོ། །ཁྲོ་བས་འཁྲུགས་བཞིན་དུ་ཞེས་བྱ་བ་ནི་གོས་དེ་ཉིད་ལས་ཁྲོ་བོའི་རིགས་སྤྲོས་པའི་ཕྱིར་རོ། །འཇིགས་པའི་ཚུལ་ནི་ཁྲོ་བོ་ལས་བྱུང་བའི་ལུས་ཀྱི་རྣམ་པར་འགྱུར་བའི་ཚུལ་དུའོ། །གཙིགས་པ་ནི་གཡེར་ཞིང་འགྱུར་བ་སྟེ། ལས་ལ་བསྒྱིངས་པ་ཡ