Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 41

Văn bản gốc(Tây Tạng)

Trang 18 / 21 (50.000 ký tự/trang)
ུབ་པ་ཐོབ་པར་འགྱུར་བ་དེའི་ཕྱིར། རྣམ་པར་སྣང་མཛད་འོད་འདྲ་ཞིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ནི་སྔར་བཤད་པ་ཡིན་ཞིང་། འདི་ལ་དེ་དང་འདྲ་བའི་འོད་ཡོད་པས་ན་རྣམ་
པར་སྣང་མཛད་འོད་འདྲ་སྟེ། དཔལ་རྡོ་རྗེ་འཆང་སྐུ་མདོག་དཀར་པོའོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་རྒྱལ་པོ་ཆེའོ། །ཇི་སྐད་བཤད་པའི་ཆོས་ཀྱི་སྐུ་ལ་སོགས་པ་འཛིན་པ་དང་། སྐུ་རྡོ་རྗེ་ལ་སོགས་པ་འཛིན་པར་མཛད་པའི་ཕྱིར་སངས་རྒྱས་སྐུ་
གསུམ་རྡོ་རྗེ་འཛིན་ནོ། །ཏིང་ངེ་འཛིན་གང་ལ་ཇི་སྐད་བཤད་པའི་རྡོ་རྗེ་སེམས་དཔའ་བསྐྱེད་ཅིང་འབྱིན་པ་ཡོད་པ་དེ་ཉིད་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་དང་པོར་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་དཔལ་ཞེ་སྡང་རྡོ་རྗེའི་གདན་ལ་བྲི་བར་བྱའོ། །གསང་བ་བླངས་ནས་བཟའ་བར་

བྱ། །ཞེས་བྱ་བ་སྔ་མ་བཞིན་དུ་འཕགས་པ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་ཞིང་། ཇི་སྐད་བཤད་པའི་བུ་མོ་དང་ལྷན་ཅིག་རིག་པའི་བརྟུལ་ཞུགས་སྤྱད་པས་ཕྱི་རོལ་གྱི་སེམས་ཅན་གྱི་ཚོགས་མེད་པའི་གནས་སུ་རྟེན་དང་བཅས་པའི་བརྟེན་པའི་འཁོར་ལོའི་
དབུས་ན་གནས་པས་མི་སྣང་བའི་ཏིང་ངེ་འཛིན་མངོན་དུ་བྱ་བར་ལྷག་པར་མོས་པའི་སྒོ་ནས་གསང་བའི་མཆོད་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་འོད་ཟེར་འབར་བའི་པདྨ་ན་གནས་པ་ཁས་བླངས་ཏེ། རིག་མ་ལ་ཡང་རང་གི་ཁ་ནས་ཕྱུང་བ་སྦྱིན་པར་བྱའོ། །དེ་ནི་ཞེས་བྱ་བ་ལ་སོགས་
པས་ནི་འབྲས་བུ་གསུངས་སོ། །བཟའ་བ་ནི་འབྲས་ཀྱི་བཟའ་བ་ལ་སོགས་པའོ། །བཤང་བ་དང་། རྟ་དང་གླང་པོའི་ཤ་ལ་སོགས་པ་ནི་བཟའ་བ་མ་ཡིན་པའོ། །གཞུག་པར་བྱ་ཞེས་བྱ་བས་ནི། འདི་སྐད་དུ་བསྟན་པ་ཡིན་ཏེ། རིག་མའི་བརྟུལ་ཞུགས་སྤྱད་ཅིང་མི་སྣང་བ་བསྒྲུབ་པ་ལ་མཚན་
མ་ཐོབ་པས་སྣོད་དུ་རུང་བ་གཉིས་བསྒྲུབ་པའི་དཀྱིལ་འཁོར་འདྲིར་བཅུག་སྟེ། དེའི་དབུས་སུ་རང་གི་ལྷའི་རྣལ་འབྱོར་ལ་སྙོམས་པར་ཞུགས་པས་སྔ་མ་བཞིན་དུ་མངོན་པར་འདུས་བྱས་པའི་བཤད་མ་ཐག་པའི་བཟའ་བ་ལ་སོགས་པ་བཅུག་སྟེ། ཡི་གེ་གསུམ་མམ་རང་གི་སྔགས་བརྒྱ་རྩ་བརྒྱད་མངོན་
པར་བཟླས་ནས་ཟོས་ན་ཇི་སྐད་བཤད་པ་བཞིན་དུ་འགྲུབ་པར་འགྱུར་བས་དེའི་ཕྱིར། །ཟོས་ན་སངས་རྒྱས་ཀྱིས་མི་མཐོང་། །ཞེས་བྱ་བ་གསུངས་སོ། །བཤང་བ་ཆོ་ག་བཞིན་ཞེས་བྱ་བ་ལ་སོགས་པ་ལ། བཤང་བ་ཡང་བཤད་མ་ཐག་པའི་ཆོ་ག་ཁོ་ན་བཞིན་དུ་ཁམ་ཕོར་སོ་མ་བཏང་བའི་ཁ་སྦྱར་བར་
བཞག་སྟེ། མངོན་པར་བཟླས་ལ་བཟའ་བར་བྱའོ། །ཐུགས་རྗེས་དམར་བ་ཉིད་དང་ཡེ་ཤེས་ཀྱིས་སྣང་བར་མཛད་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཉིད་ཉི་མ་ཡིན་པས་ན་སངས་རྒྱས་ཉི་མ་སྟེ། དེ་རྣམས་ཀྱིས་ཀྱང་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་ཁྱིའི་ཤ་ལ་སོགས་པ་གང་ཡང་རུང་
བ་ཁམ་ཕོར་ཁ་སྦྱར་ན་གནས་པ་ཟོས་ན་ཡང་འབྲས་བུ་དེ་དང་འདྲ་བ་ཁོ་ནའོ། །བཤང་དང་ཞེས་བྱ་བ་ལ་སོགས་པས་ནི་འདས་མ་ཐག་པ་བཞིན་དུ་བྲི་བའི་དཀྱིལ་འཁོར་གྱི་དབུས་ན་གནས་པ་ལྷ་གང་ཡང་རུང་བའི་རྣལ་འབྱོར་གྱིས་རང་གི་རིགས་ཀྱི་བུ་མོ་དང་སྙོམས་པར་ཞུགས་པས་བདུད་རྩི་ལྔ་མ་ཤ་ཕྱེད་

བཤང་བ་ལ་སོགས་པ་གང་ཡང་རུང་བའི་རྫས་མ་ཤ་ཕྱེད་དང་ལྷན་ཅིག་སྦྱར་ཏེ། སྔ་མ་བཞིན་དུ་ལྕགས་གསུམ་གྱིས་དཀྲིས་ལ་པདྨར་བཞག་ལ། དེའི་ནང་ན་གནས་པའི་རང་གི་བདག་པོ་སྤྲོ་བ་དང་བསྡུ་བའི་རིམ་གྱིས་བསྒོམས་ན་དེ་ཁོ་ན་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཐུན་
མོང་ཉིད་ཡིན་པར་བསྟན་པའི་ཕྱིར། རྡོ་རྗེ་འཛིན་པ་གང་ཡང་རུང་། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སྟེང་དུ་རང་གི་ཡེ་ཤེས་ཀྱི་མཐུས་དཔག་ཚད་བྱེ་བ་སྙེད་ཀྱི་སྟོང་གསུམ་གྱི་བར་དུ་འགྲོ་བས་ན་རྡོ་རྗེ་འགྲོ་བའོ། །གཞན་ནི་བཤད་
ཟིན་ཏོ། །འདའ་བར་བྱ་བ་མ་ཡིན་པའི་མི་སྣང་བའི་ཆོ་ག་བསྟན་པའི་ཕྱིར། དམ་ཚིག་མི་སྣང་བའི་རྡོ་རྗེ་ཆེན་པོ་དེ་དཔལ་རྡོ་རྗེ་འཆང་ངོ་། །བཅོམ་ལྡན་འདས་ཀྱིས་དངོས་གྲུབ་སྣ་ཚོགས་བསྒྲུབ་པའི་ཚོགས་བསྟན་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་དོན་མཛད་པར་རྟོགས་ནས། རབ་ཏུ་
དགྱེས་ཤིང་སྤྱན་གདངས་པས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ངེས་པའི་སེམས་ཅན་རྣམས་ཀྱི་ཟློས་གར་བསྟན་པའི་ཕྱིར་དགའ་བ་ཕུལ་དུ་བྱུང་བ་ཉིད་ཀྱི་སེམས་འཁྲུལ་པའོ། །གཞན་ནི་བཤད་ཟིན་ཏོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་
པ་ལ། འདི་དག་རབ་ཏུ་ངོ་མཚར་ཞེས་བྱ་བ་ནི་རིགས་ལ་སོགས་པའི་བུ་མོ་དང་ཡང་དག་པར་སྦྱོར་བ་ལ་སོགས་པ་རྣམས་ཀྱི་དངོས་གྲུབ་བསྒྲུབ་པའི་དུས་འདིའོ། །ཐབས་དང་ཤེས་རབ་ཀྱིས་ཟག་པ་མེད་པའི་བདེ་བ་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་གསང་གནས་མི་འགྱུར་བའོ། །དེ་ཉིད་ཀྱི་
ཕྱིར་ངོ་བོ་ཉིད་ཀྱིས་དག་པའོ། །ལུས་དང་རྟོགས་པའི་ཆོས་དྲི་མ་མེད་པ་ཉིད་ཡིན་པའི་ཕྱིར་ཤིན་ཏུ་དྲི་མེད་ཆོས་སོ། །སངས་རྒྱས་ལ་སོགས་པ་རྣམས་ཀྱི་དབང་བསྐུར་གྱི་ངེས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་
ཟིན་ཏོ། །ཡོངས་སུ་དག་པའི་སྐུ་ཅན་ཉིད་ཡིན་པའི་ཕྱིར་དག་པའོ། །མི་ཕྱེད་པའི་ཐུགས་མངའ་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །ཕྱིན་ཅི་མ་ལོག་པའི་གསུང་སྒྲོགས་པས་ཆེ་བ་ཉིད་ཡིན་པའི་ཕྱིར་ཆོས་ཆེན་པོ་སྟེ། དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་བཅོམ་ལྡན་འདས་དེ་རྡོ་རྗེ་གསུང་

བཀའ་སྩལ་ཏོ། །སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། སེམས་དཔའ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། སངས་རྒྱས་ལ་སོགས་པ་སེམས་དཔའ་ཐམས་ཅད་འབྱུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང་། སེམས་
དཔའ་ཆེན་པོ་དེ་ཉིད་ལས། །སེམས་དཔའ་ཐམས་ཅད་ཀུན་དུ་འབྱུང་། །ཞེས་གསུངས་སོ། །དེའི་ཤེས་རབ་ཉིད་ནི་རྡོ་རྗེ་ཡིན་ཞིང་། ཀུན་དུ་བཟང་མོ་སྐུ་མདོག་དཀར་པོ་ལྷ་མོའི་གཟུགས་ཅན་ཡིན་ཏེ། དཔལ་བདེ་མཆོག་ཕྱི་མ་ལས་ཀྱང་། ཟླ་བ་ལྟ་བུར་དག་པའི་བློ། །རྡོ་རྗེ་ཞེས་ནི་
མངོན་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་དག་པར་སྦྱོར་བ་ནི། །སེམས་དཔའ་རྡོ་རྗེའི་སྦྱོར་བ་སྟེ། །དེ་མཉེས་པར་འགྱུར་རོ། །གང་དག་ཅེ་ན། གསུངས་པ། སངས་རྒྱས་རྡོ་རྗེ་འཛིན་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སོ། །ཇི་ལྟར་ཞེ་ན།
སྤྱི་བོ་ན་གནས་པས་བསྐུལ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱི་དབང་བསྐུར་བ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏེ། འདི་ཉིད་ལས། སྤྱི་བོ་ནས་ནི་བསྐུལ་བ་ཤིས། །ཞེས་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་རབ་དབྱེ་བས། །ཞེས་བྱ་བ་ལ། སངས་རྒྱས་
ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་བྱང་ཆུབ་ནི་ཐུགས་ཀ་ན་གནས་པའི་ཤེས་རབ་བོ། །དེའི་བར་དུ་དབྱེ་བ་ནི་སངས་རྒྱས་སྤྱན་ལ་སོགས་པའི་གཟུགས་ཡོངས་སུ་གྱུར་པ་དང་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བ་སྟེ་དེ་ཡིས་སོ། །རྡོ་རྗེ་སྟེ་
རྟོགས་པའི་ཡེ་ཤེས་དང་ཕྱག་མཚན་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་ཏེ། སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སོ། །དེ་རྣམས་ནི་རང་གི་རིགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བས་མཉེས་པར་འགྱུར་རོ། །རྡོ་རྗེ་ཅན་གྱི་གཟུགས་སོགས་
ཀྱིས། །ཞེས་བྱ་བ་ནི། དྲུག་པའི་དོན་ཅན་གྱི་གསུམ་པ་སྟེ། དེའི་ཕྱིར་སྤྱན་ལ་སོགས་པ་རྣམས་དང་ཁྲོ་བོ་རྣམས་ཀྱི་ནི་རང་གི་དེ་བཞིན་གཤེགས་པ་ཉིད་ཀྱིས་དབང་བསྐུར་བའོ། །བཤད་ཅེས་བྱ་བ་ནི་བསྟན་པའོ། །རིག་པའི་རྒྱལ་པོ་ཆོས་མཆོག་རྣམས། །ཞེས་བྱ་བ་ནི་གཙུག་ཏོར་ཆེན་པོ་

ལ་སོགས་པ་རལ་པའི་ཚོགས་བཅིངས་པའི་གཙུག་ཏོར་ཅན་གྱི་རིག་པའི་འཁོར་ལོས་སྒྱུར་བའི་གཙུག་ཏོར་བརྒྱད་དེ། དཀོན་མཆོག་དཔལ་གྱིས་དབང་བསྐུར་བའོ། །སྔར་ནི་སྤྱན་ལ་སོགས་པ་རྣམས་ཀྱིས་ཁྱད་པར་གྱི་དབང་བསྐུར་བ་བསྟན་ནས། ད་ནི་ལྷ་མོ་ཐམས་ཅད་ཀྱི་ཐུན་མོང་གི་དབང་
བསྐུར་བ། རིག་པའི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། རིག་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །རྒྱལ་མོ་ནི་སྤྱན་ལ་སོགས་པ་རིགས་ཀྱི་ལྷ་མོ་བཞིའོ། །དེ་རྣམས་ཀྱི་སྦྱོར་བ་ནི་རང་གི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་དང་ཡང་དག་པར་སྦྱོར་བ་སྟེ་དེ་རྣམས་
ལའོ། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་ཤེས་རབ་ཀྱི་ངོ་བོ་ཉིད་དང་། རིག་མ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར། དེའི་དབང་བསྐུར་བས་དེ་རྣམས་མཉེས་པར་འགྱུར་བའོ། །ཐམས་ཅད་ལས་བྱེད་སྔགས་རྣམས་ལ། །ཞེས་བྱ་བ་འཕགས་པ་བདུད་རྩི་འཁྱིལ་
པ་ལ་སོགས་པ་རྣམས་ལ་དོན་ཡོད་པར་གྲུབ་པས་དབང་བསྐུར་བར་བྱའོ། །ཞི་བ་ལ་སོགས་པའི་ལས་བསྒྲུབ་པའི་དུས་སུ་ཡང་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ལས་དང་རྗེས་སུ་མཐུན་པའི་སྐུ་མདོག་ཅན་གྱི་དོན་ཡོད་པར་གྲུབ་པས་དབང་བསྐུར་བར་བྱ་སྟེ། དོན་ཡོད་པའི་བཀས་ངེས་
པར་འགྲུབ་པར་འགྱུར་བའི་ཕྱིར་རོ། །འདི་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་འཕྲུལ་པ་ཡིན་པས། ལྷ་ཐམས་ཅད་ཀྱི་ཐུན་མོང་གི་རྡོ་རྗེའི་སེམས་དཔའི་དབང་བསྐུར་བ་ཡང་། སྔགས་རྣམས་ཐམས་ཅད་ཉིད་ལ་ནི། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །སྔགས་གང་དག་གིས་རྒྱུད་
གཞན་རྣམས་ལས་གྲགས་པའི་གནོད་སྦྱིན་མ་རྣམས་ཀྱི་རྒྱུད་དེ་གཟུགས་ལ་སོགས་པ་བཀོད་པ་དེ་རྣམས་ལ་དེ་སྐད་བྱས་ཏེ། སྔགས་ཀྱིས་བསྐྱེད་པའི་གནོད་སྦྱིན་མའི་གཟུགས་ཅན་རྣམས་ཀྱི་ཅོད་པན་གྱི་དབང་བསྐུར་བའི་དོན་དུ་བདག་པོ་ཉིད་ཡིན་པའི་ཕྱིར་འཕགས་པ་གཤིན་རྗེ་གཤེད་ཁོ་ན་
བསྒོམ་པར་བྱའོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ཡང་དག་པའི་སྦྱོར་བས་གནས་པའི་ལྷ་ཐམས་ཅད་ལའོ། །སྤྱི་བོ་ནས་ཤིས་བསྐུལ་བ་ཞེས་བྱ་བ་ནི། དེ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་དང་པདྨ་ཀུན་དུ་བསྐུལ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་

གྱིས་དབང་བསྐུར་བའོ། །ཤིས་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །དངོས་གྲུབ་ཀྱི་དོན་དུ་འདའ་བར་མི་བྱ་བའི་དམ་ཚིག་སྟོན་པར་མཛད་པས་ན་དམ་ཚིག་ཆེན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །བསམ་གཏན་འཁོར་ལོ་འདི་ཡིས་ནི། །
ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབང་བསྐུར་བས་སོ། །སྔགས་མཉེས་བྱེད་པའི་འཁོར་ལོ་དག །ཅེས་བྱ་བ་ནི་ལྷ་མཉེས་པའི་འཁོར་ལོའོ། །དེ་ཉིད་ནི། དམ་ཚིག་ཆེན་པོ་སྒྲུབ་བྱེད་པ། །ཞེས་བྱ་བས་བཤད་དོ། །དམ་ཚིག་ཆེན་པོ་ནི་གཟུགས་ཐམས་ཅད་སྟོན་པར་མཛད་
པའི་བདག་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་ཡིན་ཞིང་། དེ་སྒྲུབ་པར་བྱེད་པ་ནི་དམ་ཚིག་ཆེན་པོ་སྒྲུབ་བྱེད་པའོ། །སྒྲུབ་པ་པོ་རྣམས་ཀྱི་མངོན་པར་འདོད་པའི་དངོས་གྲུབ་མཆོག་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཕན་པའོ། །དབང་བསྐུར་བའི་སྒྲུབ་པ་འདི་ནི་སྐུ་ལ་སོགས་པ་བྱིན་གྱིས་
བརླབས་པའི་རྗེས་ཐོགས་ལ་རང་གི་སྐུའི་དངོས་གྲུབ་གྲུབ་པ་ཡོངས་སུ་ཤེས་པར་བྱེད་པའི་ཆེད་ཡིན་ནོ། །སྣོད་ལ་དབབ་པ་དང་དཀྱིལ་འཁོར་དུ་སློབ་མ་གཞུག་པའི་དོན་དུ་སྦྱོར་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་རྣམ་པར་ཕྱེ་ཟིན་ཏོ། །བསམ་གཏན་རྡོ་རྗེ་རབ་བྱ་བ། །
ཞེས་བྱ་བ་ནི་བཤད་མ་ཐག་པའི་གནས་སུ་ཕྲ་མོའི་རྣལ་འབྱོར་བསྒོམས་པས་སེམས་བརྟེན་པར་བྱས་ནས་སོ། །བཟླས་དང་སྔགས་ཀྱི་སྦྱོར་བས་ཞེས་བྱ་བ་ནི། འཆད་པར་འགྱུར་བའི་ཡི་གེ་ཧཱུཾ་ལ་སོགས་པས་བསྐུལ་བའི་སྦྱོར་བས་སོ། །དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པ་དེས་དཔལ་རྡོ་རྗེ་སེམས་
དཔའ་ལ་སོགས་པ་ཐམས་ཅད་སྔགས་དང་བསམ་གཏན་གྱིས་ཀུན་དུ་བསྐུལ་ན་ལས་རྣམས་སྣ་ཚོགས་བྱེད་པར་འགྱུར་བ་ཡིན་པས་དེའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་སོགས་ཀུན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་གི་ལས་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། ཕྱིན་ཅི་མ་ལོག་པའི་
དོན་སྟོན་པར་བྱེད་པའི་ངག་གི་བྱ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ། །ཞེས་བྱ་བ་ནི་ཡི་གེ་ཨ་ལས་བྱུང་བའི་པདྨ་རཱ་ག་ལྟར་དམར་བའོ། །གནས་གསུམ་དུ་ནི་རིགས་བརྟག་གོ། །ཞེས་བྱ་བ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། བདག་ཉིད་ཇི་སྐད་དུ་བསྟན་

པའི་འོད་དཔག་ཏུ་མེད་པར་རྣམ་པར་བསམས་ལ། རང་གི་མགོ་བོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་ཟླ་བ་ཁ་དོག་དམར་པོ་དང་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་ཨོཾ་དང་ཨཱཿདང་ཧཱུཾ་ཞེས་བྱ་བའི་ས་བོན་དམར་པོ་རྣམས་ཀྱིས་རིགས་གསུམ་ཐམས་ཅད་དམར་པོར་བསམས་ཏེ།
དེ་ཁོ་ན་བཞིན་དུ་འོད་དཔག་ཏུ་མེད་པ་རྣམ་པར་བསྒོམས་པའི་ཇི་སྐད་བཤད་པའི་སྣོད་དུ་རུང་བའི་མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་ཡི་གེ་བཾ་ལ་སོགས་པ་ལས་བྱུང་བའི་ཆུ་དང་རླུང་དང་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་ཧ་དང་ཨཱཿདང་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབ་
པའམ། དེ་རྣམས་ཀྱི་བསྐྱེད་པའི་རིགས་གསུམ་གྱིས་བྱིན་གྱིས་བརླབ་པ་བྱས་ལ། དེའི་རྐང་པའི་འོག་ཏུ་མེའི་དཀྱིལ་འཁོར་ལ་གནས་པའི་ཛྷཻཾ་འབར་བར་བྱེད་པར་བསམས་ཏེ་སྔ་མ་བཞིན་དུ་ཡེ་ཤེས་སེམས་དཔའ་བཅུག་ལ་ཡི་གེ་ཛྷཻཾ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྐང་པའི་མཐིལ་གྱི་
གསེབ་ནས་ཞུགས་པ་རྣམས་ཀྱིས་ཡི་གེ་གསུམ་མམ་རིགས་གསུམ་ཀུན་དུ་བསྐུལ་བ་དང་། དྲིལ་བུ་དཀྲོལ་ཞིང་ཧཱུཾ་ཧ་ཨཱཿཛྷཻཾ་ཞེས་བྱ་བའི་སྔགས་བརྗོད་ན། དེ་ལ་བཅོམ་ལྡན་འདས་ངེས་པར་འབབ་པར་འགྱུར་རོ། །དེ་ཉིད་ནི། དབབ་པའི་ཆོ་ག་ཐམས་ཅད་ནི། །བྱས་ན་གདོན་མི་ཟ་བར་
འགྲུབ། །ཅེས་བྱ་བས་གསུངས་སོ། །དེ་བཞིན་དུ་བདག་ཉིད་ཡི་གེ་ཧ་དང་ཡི་གེ་ཧཱུཾ་དག་གིས་གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་དམ་མི་བསྐྱོད་པ་པདྨ་རཱ་ག་ལྟར་དམར་བ་བསམས་ལ། ཐམས་ཅད་འདས་མ་ཐག་པ་བཞིན་དུ་བྱའོ། །བབས་པའི་ལྕེ་ལ་ཡི་གེ་ཨཱཿདམར་པོ་རྡོ་རྗེ་འབར་
བ་དམར་པོས་ཁྱབ་པ་བསམས་ལ། རྡོ་རྗེ་སྨྲོས་ཤིག་ཅེས་བརྗོད་པར་བྱ་སྟེ། དེ་ལྟར་ན་བཟང་ངན་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དབབ་པ་བརྟེན་པར་བྱ་སྟེ། ཨོཾ་སེམས་ཅན་དོན་ཀུན་མཛད་ལགས་ཏེ། །ཞེས་བྱ་བ་ལ་སོགས་པས་བརྗོད་ལ། ཡི་གེའི་
མུཿའི་མཐའ་ཅན་གྱིས་གནོད་དུ་རུང་བ་ལ་བབས་པའི་རྡོ་རྗེ་ཆོས་ལ་སོགས་པ་རྣམས་ཐལ་མོས་མེ་ཏོག་གྱེན་དུ་གཏོར་བའི་སྒོ་ནས་གཤེགས་སུ་གསོལ་ཏེ། སྣོད་དུ་རུང་བ་སྐུ་རྡོ་རྗེ་ལ་སོགས་པ་རྣམ་པར་དགོད་པའི་སྒོ་ནས་ཀུན་དུ་བསྲུང་བར་བྱའོ། །བསྐུལ་དང་ཞེས་བྱ་བ་ལ་སོགས་པ་ལ། འཕགས་

པ་བཞི་པོ་དག་ཅེས་བྱ་བ་ནི། །བསྐུལ་བ་ལ་སོགས་པ་བྱ་བའི་དོན་དུ་སྙིང་ག་དང་སྐོག་མ་དང་སྤྱི་བོ་རྣམས་སུ་དབང་ཆེན་དང་རླུང་དང་ཆུའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་གསུམ་མཆོག་ཆེན་པོའི་འཕགས་པའི་སའི་རང་བཞིན་ཅན་རྣམས་དང་། མེའི་དཀྱིལ་འཁོར་ལ་
གནས་པའི་ཡི་གེ་ཛྷཻཾ་ནི་བཞི་པ་སྟེ་འཕགས་པའི་ས་གཞིའོ། །རྡོ་རྗེ་གྲུབ་པ་དག་གིས་ཞེས་བྱ་བ་ནི་སེམས་བརྟན་པར་གྱུར་པས་སོ། །དེ་ལྟར་བྱས་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར་རྟག་པར་འགྲུབ་ཅེས་བྱ་བ་གསུངས་ཏེ། ཉམས་པ་མེད་པའི་བདེ་བ་ཆེན་པོའོ། །ཆོ་ག་ཐམས་ཅད་ཅེས་བྱ་བ་ནི་
སེམས་བརྟན་པར་བྱ་བ་དང་ལྷག་པར་གནས་པ་ལ་སོགས་པ་རྣམས་སོ། །རྣམ་པ་གཞན་དུ་སྟེ་སྣོད་དུ་རུང་བ་ལ་ལྷ་མ་བབས་ན། སྐྱེ་བོ་རྣམས་ཀྱིས་དཔྱས་པར་འགྱུར་བ་ཁོ་ནའོ། །ཛྷཻཾཿནི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཛྷཻཾ་གྱིས་རླུང་གི་དཀྱིལ་འཁོར་བསྐྱོད་པས་འགུལ་བ་སྟེ་གྱེན་དུ་
འཕགས་པ་དང་གསེར་ལྟ་བུའི་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པས་མནན་ན་རེངས་པ་དང་། ཆུའི་དཀྱིལ་འཁོར་ལ་གནས་པའི་ཁ་དོག་དམར་པོ་ཉིད་ཀྱི་གཡོ་བ་ལ་སོགས་པ་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །ནམ་མཁའི་ཁམས་ནི་སེམས་མེད་ཅིང་། །ཞེས་བྱ་བ་ལ་སོགས་
པས་ནི། སྦྱོར་བའི་མཐུ་ཕུལ་དུ་བྱུང་བ་བསྟན་ཏོ། །ཁྲུ་གང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྟེ་འོད་དཔག་ཏུ་མེད་པ་ལ་སོགས་པ་རིགས་གསུམ་གྱི་ཡེ་ཤེས་ཀྱིས་གསལ་ཞིང་འབར་བས་ན་རྡོ་རྗེ་རྒྱལ་པོ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཡིན་ཞིང་། དེས་ཁྱད་པར་དུ་སྔར་བཤད་པའི་
སྦྱོར་བ་རྣམས་ཀྱིས་བསྐུལ་བ་ནི། རྡོ་རྗེ་རྒྱལ་པོས་རབ་བསྐུལ་བའོ། །འཕར་བར་འགྱུར་ཞེས་བྱ་བ་ནི་གྱེན་དུ་འཕགས་པར་འགྱུར་བའོ། །སྔ་མ་བཞིན་དུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་འོད་དཔག་ཏུ་མེད་པ་ལ་སོགས་པའི་རྣལ་འབྱོར་ཉིད་ཀྱིས་གཤེགས་སུ་གསོལ་བ་ལ་ཐུག་པའི་
བར་ཐམས་ཅད་བྱའོ་ཞེས་བསྟན་ཏོ། །དེ་ལྟར་སྣོད་དུ་རུང་བ་ལ་དབབ་པའི་ཆོ་ག་བསྟན་ནས། ད་ནི་གདུག་པ་རྣམས་གཞོམ་པའི་ཕྱིར་འཕགས་པ་བདུད་རྩི་འཁྱིལ་པའི་རྟོག་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་ཞེས་བྱ་

བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་གནས་གསུམ་ཀུན་དུ་དག་པ་ཉིད་ཡིན་པའི་ཕྱིར་སྐུ་གསུམ་གནས་ནི་ཡོངས་དག་པའོ། །འདི་ནི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གསུངས་པའོ། །རྩེ་གཅིག་
མ་གྱུར་པ་ཡིས་ཀྱང་། །ཞེས་བྱ་བ་ནི་བྱ་བ་མང་པོ་ལ་ཞུགས་ཤིང་མཚན་མ་ཐོབ་པའི་རྣལ་འབྱོར་པ་ཡིས་ཀྱང་ངོ་། །བརྟུལ་ཞུགས་བརྟན་པས་ཞེས་བྱ་བ་ནི་དགྲ་བོ་ཆད་པས་བཅད་པ་ལ་ངེས་པའི་བློ་ཅན་རྣམས་ཀྱིས་བྱ་བའོ། །སྦྱོར་བ་གཞན་མིན་པས་ཞེས་བྱ་བ་ནི་འཕགས་པ་བདུད་
རྩི་འཁྱིལ་པའི་རྣལ་འབྱོར་པས་འཆད་པར་འགྱུར་བའི་སྔགས་དང་འཁྲུལ་འཁོར་དང་བཅས་པ་ཁོ་ནས་གདུག་པ་རྣམས་ལ་ཆད་པས་གཅད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །ཞེས་བྱ་བ་ནི་རོ་བསྲེགས་པའི་སོལ་བ་དང་། ཏོ་ཤ་དང་། ར་ཛི་ཀ་དང་།
ལན་ཚྭ་དང་། ཏིལ་མར་ཚ་བ་དང་། དུག་དང་། སྨྱོ་བྱེད་རྣམས་ཀྱིས་དགྲ་བོའི་གཟུགས་བརྙན་བྱས་ལ། རྫས་དེ་རྣམས་ཉིད་ཀྱིས་དུར་ཁྲོད་ཀྱི་གོས་ལ་སྔགས་དང་རྣམ་པར་སྤེལ་བའི་མིང་བྲིས་པ་སྙིང་གར་བཅུག་སྟེ། དགུག་པ་སྔོན་དུ་འགྲོ་བས་གཅེར་བུ་སྐྲ་གྲོལ་བ་རོ་བསྲེགས་པའི་
སོལ་བའི་ཆུས་བརླན་པའི་གོས་གྱོན་པ་འཕགས་པ་བདུད་རྩི་ཞེས་བྱ་བའི་ཁྲོ་བོའི་ང་རྒྱལ་དང་ལྡན་པས་གཡོན་བརྐྱང་བས་མནན་ལ། བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་བཟླས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་བའོ། །དུར་ཁྲོད་རོ་བསྲེགས་ཐལ་བ་ཡིས། །ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རྩུ་ལུ་
ཁ་བཅག་པ་ལས་བྱས་པའི་གཟུགས་བརྙན་བཤད་མ་ཐག་པ་བཞིན་དུ་མནན་ཏེ། མཚན་ཕྱེད་ཀྱི་དུས་སུ་བཟླས་ན་དེ་ཁོ་ན་བཞིན་དུ་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ། །ཞེས་བྱ་བ་ནི་བ་ལང་དང་རྟ་དང་ཁྱིའི་ཤ་རྣམས་ཀྱིས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བ་ཡི་གེ་
ར་ཡིས་མཚན་པའོ། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །ཅེས་བྱ་བ་འདིས་ནི་སངས་རྒྱས་ཀྱང་གདོན་མི་ཟ་བར་འཇིག་པར་འགྱུར་ན་དགྲ་བོ་ཙམ་ལྟ་སྨོས་ཀྱང་ཅི་དགོས་ཞེས་རྣལ་འབྱོར་པ་རྣམས་ལ་ཡིད་ཆེས་པ་སྐྱེད་པར་བྱེད་དོ། །འདི་སྐད་དུ་བསྟན་པ་ཡིན་ཏེ་དུར་ཁྲོད་ལ་སོགས་པར་ཏོ་ཤ་

དང་ལྡན་པའི་མེའི་དཀྱིལ་འཁོར་ལ་གནས་པའི་ཐབ་ཁུང་གྲུ་གསུམ་བྱས་ལ། དེ་རུ་རྫས་དེ་རྣམས་ཉིད་ལས་བྱས་པའི་གཟུགས་བརྙན་མངོན་སྤྱོད་ཀྱི་ཆོ་ག་བཞིན་དུ་སྦྱིན་སྲེག་བྱའོ། །རྡོ་རྗེ་ལས་བྱུང་འཇིག་ཅེས་བྱ་བ་ནི་མི་ཕྱེད་པའི་ཡེ་ཤེས་ལས་བྱུང་བའོ། །ཤ་ཆེན་གྱིས་
ཀྱང་འདས་མ་ཐག་པ་བཞིན་དུ་ཐམས་ཅད་བྱའོ། །འདི་ནི་ཞེས་བྱ་བ་ནི་འདི་ཁོ་ནའོ། །དྲག་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། དཀོན་མཆོག་དང་བླ་མ་ལ་གདུག་ཅིང་དྲག་ལ་མི་བཟད་པའི་སེམས་དང་ལྡན་པ་རྣམས་ཀྱིའོ། །མི་བཟད་པ་ནི་ཤིན་ཏུ་དྲག་པའོ། །ཆོས་མཆོག་ཅན་ཞེས་བྱ་བ་ལ་
ཆོས་མཆོག་སྟེ་མི་བསྐྱོད་པའི་སའི་མཚན་ཉིད་ཡིན་ཞིང་དེ་ལྟ་བུར་འདི་འགྱུར་བས་ན་ཆོས་མཆོག་ཅན་ཏེ་བསྒྲུབ་བྱ་དེའོ། །ཁྲོས་ནས་བསྲེག་ཅེས་བྱ་བ་ནི་དུར་ཁྲོད་ལ་སོགས་པར་བཤད་མ་ཐག་པའི་ཐབ་ཁུང་ཚེར་མའི་མེ་སྦར་བ་ལ་བཤང་གཅིའི་གཟུགས་བརྙན་དེ་ཁོ་ན་བཞིན་དུ་སྦྱིན་
སྲེག་བྱས་ནའོ། །ཆུ་བོའི་འགྲམ་གཉིས་ས་ཡིས་ཀྱང་། །ཞེས་བྱ་བ་ནི་རྒྱུན་དུ་འབབ་པའི་ཆུ་བོའི་འགྲམ་གཉིས་ཀྱི་ས་ལས་གཟུགས་བརྙན་བྱས་ཏེ། ཨུཏྟ་ན་མགོ་བྱང་དུ་བསྟན་ཏེ་བཞག་ནས་སོ། །དུག་ལས་བྱུང་བའི་ཚེར་མ་ཡིས། །ཞེས་བྱ་བ་ནི་སྦྲུལ་དང་སྡིག་པ་དང་ཆུ་སྲིན་
ཀུཾ་བྷི་ར་དང་རྭ་ཅན་དང་ཉ་ལ་སོགས་པའི་ཚེར་མ་དང་། བིལ་བའི་ཚེར་མ་དུག་ལ་བཙོས་པ་རྣམས་ཀྱིས་སོ། །བསྐུལ་བའི་ཚིག་དང་ཞེས་བྱ་བ་ནི་སརྦ་བིགྷྣཱན་བི་ནཱ་ཡ་ཀཱན་ཞེས་བྱ་བའི་ཚིག་གཉིས་བཞག་ལ་ཆེ་གེ་མོ་མཱ་ར་ཡ་ཞེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་ཁྲོ་བ་དང་
བཅས་པས་བརྗོད་ཅིང་ཏིལ་གྱི་གང་བུ་བཞིན་དུ་དགང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྐེ་ཚེ་ལ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་བརྙན་ལ་སོགས་པ་ཐམས་ཅད་སྐེ་ཚེ་ལ་སོགས་པ་གཞུག་པ་དང་། དུར་ཁྲོད་ཀྱི་གོས་ལ་སྔགས་དང་རྣམ་པར་སྤེལ་བའི་མིང་དེ་རྣམས་ཀྱིས་བྲིས་པ་གཞུག་
པར་བྱའོ་ཞེས་བསྟན་ཏོ། །སོལ་ཁུས་གཤེར་བའི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ལིངྒ་ཞེས་བྱ་བ་ནི་མིའི་རུས་པའི་ཕྱེ་མ་དང་དུག་དང་ཁྲག་རྣམས་ལས་བྱས་པའི་གཟུགས་བརྙན་ནོ། །གཞན་ནི་བཤད་ཟིན་ཏོ། །སྲིན་པོས་ཁྱེར་བར་གདོན་མི་ཟ། །ཞེས་བྱ་བ་ནི་ཆེ་གེ་མོ་རཀྴ་

སེར་གྲ་ཧ་ཡེད་ཅེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་ཁྲོ་བ་དང་བཅས་པས་བཟླས་ན་གདོན་མི་ཟ་བར་རྡོ་རྗེ་སེམས་དཔའ་དང་མཚུངས་པ་ཡང་ཁྱེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐེ་ཚེ་བཤང་གཅི་སྦྱར་བ་ཡིས། །ཞེས་བྱ་བ་ནི་བཤད་མ་ཐག་སྟེ་འོན་ཀྱང་སྐེ་ཚེ་གཙོ་བོར་
གྱུར་པའོ། །ཚ་བ་ཆེན་པོས་བཏབ་པར་འགྱུར། །ཞེས་བྱ་བ་ནི་ཆེན་མོ་ཞེས་བསྐུལ་བའི་དབང་གིས་སོ། །སྦྱོར་བ་གཞན་མིན་པས་བྱ་བ། །ཞེས་གང་བཤད་པ་དེའི་སྔགས་བསྟན་པའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་
ཚིག་ཆེན་པོའི་ཁྲོ་བོ་ནི་འཕགས་པ་བདུད་རྩི་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་སྒྲུབ་པར་བྱེད་པ་དང་། དེ་རྣམས་ཀྱིས་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེའི་སྙིང་པོ་ནི་སྔགས་སོ། །སྦྱིན་སྲེག་ཅེས་བྱ་བ་ནི་བཤད་མ་ཐག་པའོ། །ཡང་ན་བསམ་གཏན་
ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །གཞན་ནི་གོ་སླའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྡོ་རྗེ་འཆང་ཆེན་པོའོ། །ཁྲོ་བོ་ཆེ་ཞེས་བྱ་བ་ནི་འཕགས་པ་བདུད་རྩི་འཁྱིལ་པ་དབྱུང་བ་དང་གཞུག་པའི་སྒོ་ནས་ཡོངས་སུ་གྱུར་པའི་ཁྲོ་བོ་བདུད་རྩི་ཞེས་བྱ་བའི་གཟུགས་ཅན་ནོ། །
དེ་ཉིད་ཀྱི་ཕྱིར་རྣམ་པ་བགྲད་པ་འཇིགས་འཇིགས་ལྟ་སྟེ། རྣམ་པར་བགྲད་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །བསམས་ནས་ཞེས་བྱ་བ་ནི་ལག་ན་སྟ་རེ་དང་ཐོ་བ་ཐོགས་པའི་བསྒྲུབ་བྱའོ། །བསམ་གཏན་རབ་ཏུ་བྱ་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །སེམས་ཅན་དྲག་པོ་
ཆེན་པོ་གཞོམ་པའི་ཕྱིར་ཁྲོ་བ་འབྱུང་བའི་རྒྱུ་ནི་དྲག་པོ་ཆེན་པོའི་ཁྲོ་བོའི་དམ་ཚིག་གོ། །མཁའ་དབྱིངས་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་སོ། །སྐབས་འདིར་ཡོངས་སུ་གང་བ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་གང་བའོ། །གདུག་པ་དེ་
ཡིས་བསད་པར་ནི། །ཞེས་བྱ་བ་ནི་སྟ་རེ་དང་ཐོ་བ་ལག་ན་ཐོགས་པས་གཏུབས་ཤིང་བཅད་དེ་ཕྱེ་མར་བྱས་པར་བསམ་པའོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་བསམ་གཏན་ལ་སྦྱོར་བའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་འཆང་དང་མཚུངས་པ་ཡང་འཆི་བར་འགྱུར་རོ་ཞེས་བྱ་

བའི་དོན་ཏོ། །སངས་རྒྱས་གནོད་བྱེད་དགྲ་རྣམས་ནི། །སྔགས་མཁན་གྱིས་ནི་མདུན་བསམས་ན། །ཞེས་བྱ་བ་ལ། སངས་རྒྱས་ལ་སོགས་པ་རྣམས་བསད་པས་འགྱོད་པ་སྐྱེས་པ། སྐྲག་ཅིང་འཇིགས་པས་དཀྲུགས་པ་ཞེས་བྱ་བ་དམྱལ་བར་ལྟུང་བའི་
འཇིགས་པས་མྱོས་པར་གྱུར་པ། མགོན་མེད་ཅིང་སྐྱབས་མེད་པ། གཅེར་བུ་སྐྲ་བཤིག་པ། ལུས་ལ་ཏིལ་མར་བསྐུས་པ། སྔར་བཤད་པའི་རིམ་པ་བཞིན་སཾ་པོ་ཏ་དབྱེ་བ་བྱས་ཏེ། མེའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས་ལ། དེ་ལ་ཕན་པར་བྱ་བ་ཉིད་ཀྱི་ཕྱིར་ཁྲོ་
བོའི་ཚུལ་དུ་གྱུར་པའི་དཀྱིལ་འཁོར་པའི་ལྷའི་འཁོར་ལོའི་དབུས་ན་གནས་པའི་ཁྲོ་བོ་འཕགས་པ་བདུད་རྩི་ཞེས་བྱ་བའི་རྣལ་འབྱོར་དང་ལྡན་པས་གནོད་སྦྱིན་ལ་སོགས་པ་སྤྲོས་པ་རྣམས་ཀྱིས་ཀུན་དུ་སྡངས་པར་བྱས་ཏེ་ཟོས་པར་བསམ་ཞིང་། དེའི་རྣམ་པར་ཤེས་པ་ཡང་སྔ་མ་བཞིན་དུ་
མི་བསྐྱོད་པའི་གཟུགས་ཅན་གྱི་བྱང་ཆུབ་སེམས་དཔར་བསྐྱེད་ལ། མངོན་པར་དགའ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་གནས་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་གནས་ལ་ཡང་དག་པར་བཞག་སྟེ་དབང་བསྐུར་བར་བྱའོ། །སྦྲུལ་ནག་ཅེས་བྱ་བ་ལ་སོགས་པ་ལ་གཤིན་རྗེའི་གཟུགས་ཅན་གྱིས་འཆི་
བདག་གི་བདུད་ཀྱང་འཇིགས་པར་བྱེད་པས་ན་འཇིགས་པ་དག་ཀྱང་འཇིགས་བྱེད་པའོ། །དུག་གི་མཆོག་གི་དམ་ཚིག་ཅེས་བྱ་བ་ནི། ཡི་གེ་ནཾ་ལས་ཀླུ་རིགས་ལྡན་གྱི་གཟུགས་བུང་བ་ལྟར་སྔོ་བའོ། །ནམ་མཁའ་ན་གནས་པའི་ཡི་གེ་ཧྲི་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་
བཀུག་པའི་ཁམས་གསུམ་གྱི་དུག་གིས་གང་བར་བསམས་ལ། ཆེ་གེ་མོའི་དཔྲལ་བ་ནས་ཟོ་ཞིག་ཅེས་དེ་ལ་བཀའ་བསྒོ་སྟེ། དེས་དེ་ཟོས་པར་བསམ་ཞིང་དེའི་རྣམ་པར་ཤེས་པ་ཡང་འདས་མ་ཐག་པ་བཞིན་དུ་མི་བསྐྱོད་པར་བྱའོ། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཉམས་
ལ་སོགས་པ་བཀུག་སྟེ། དེ་ཁོ་ན་བཞིན་དུ་བསྒྲུབ་བྱའི་ལུས་ལ་གཞུག་པར་བྱའོ། །ཐོ་བ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་ཐོ་བ་འབར་བའོ། །གཞན་ནི་ཤེས་པར་ཟད་དོ། །གཤེགས་ཤིང་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་ན་སྟ་རེ་ལ་སོགས་པ་བསྣམས་པའི་རྡོ་རྗེ་ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་

རྣམ་པར་བསྒྱེལ་ཏེ་དུམ་བུར་གཏུབས་པར་བསམ་པར་བྱའོ། །བསྲུང་བ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་སྙིང་ག་ནས་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས་པ་ཕྱུང་སྟེ། དེས་དེའི་བསྲུང་བ་ཁ་སྦྱར་ལ་སོགས་པ་དང་ལྷ་རྣམས་བཀུག་
ལ་རང་གི་པར་ཤྭ་གཡོན་པར་བཞག་སྟེ། འཕགས་པ་བདུད་རྩི་འཁྱིལ་པའི་ཕུར་བུ་ཉིད་ཀྱིས་ཨོཾ་གྷ་གྷ་ཞེས་བྱ་བའི་སྔགས། སརྦ་དུཥྚཱཾ་སརྦ་པཱ་པཾ་ཞེས་བྱ་བའི་ཚིག་གཉིས་བཞག་ལ། འདིའི་སརྦ་རཀྵ་ཨ་ཏི་མནྟྲཱཾ་དཻ་བ་ཏཱཾ་ཤྩཀྩི་ལ་ཡེད། ཅེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པ་བརྗོད་
ཅིང་ཕུར་བུས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། གསོད་པ་ཐམས་ཅད་ལས་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཕྱིར་གསོད་པར་བྱེད་པའི་མཆོག་གོ། །བསྲུང་བ་ལ་སོགས་པའི་ཁ་སྦྱར་དབྱེ་བ་ནི་དམ་ཚིག་སྟེ་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །
རྡོ་རྗེ་ཕུང་པོས་ཞེས་བྱ་བ་ལ་སོགས་པ་ལ། མི་ཕྱེད་པའི་ཕུང་པོ་ལ་སོགས་པ་དང་ལྡན་པའི་སེམས་ཅན་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་ན་གནས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཁྲོ་ཞིང་གདུག་པ་གསོད་པ་ལ་གཅིག་ཏུ་བརྩོན་པར་བསམ་པར་བྱའོ། །
དེ་ལྟར་ན། མཉེས་པར་འགྱུར་ཏེ་གཞན་དུ་མིན། །ཞེས་བྱ་བ་ནི་ཇི་སྐད་བཤད་པ་དེ་ཁོ་ན་བཞིན་དུ་བསྒྲུབ་པ་ལ་བརྩོན་པའི་རྣལ་འབྱོར་པ་ལ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་མཉེས་པར་འགྱུར་གྱི། གཞན་དུ་ཕྱིན་ལོག་གི་བསམ་པས་བྱེད་པ་ལ་མ་ཡིན་པའོ། །སྟོན་པ་སངས་
རྒྱས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་རབ་ཏུ་རྟོགས་པས་ན་སངས་རྒྱས་སོ། །དེ་ཉིད་ངེས་པར་འབྱེད་པའི་ཤེས་རབ་ལྷ་མོའི་རྣམ་པར་གྱུར་པར་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་ཏོ། །དེ་ཉིད་དེ་བཞིན་གཤེགས་པ་ལ་སོགས་པ་འཆོས་པར་མཛད་པ་ཉིད་ཡིན་པའི་ཕྱིར་
སྟོན་པའོ། །རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པའོ། །འཁོར་ལོ་ཅན་ནི་རྣམ་པར་སྣང་མཛད་དེ། དེ་རྣམས་ཀྱི་རྣལ་འབྱོར་ལྷུར་ལེན་པའི་སྒྲུབ་པ་པོ་རྣམས་དེའི་མིང་ཅན་དུ་བསྟན་ཏོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། ལྷ་སྒོམ་པ་པོ་རྣམས་ཀྱང་གཟུང་བར་བྱའོ། །དེ་རྣམས་ཀྱང་སྡིག་པ་

བསགས་ཤིང་བསྲུང་བ་ལ་སོགས་པ་དང་ཕྲལ་ནས་བསམ་གཏན་གང་ཡང་རུང་བའི་སྦྱོར་བས་ངེས་པར་སྦྱར་ན་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ནི་བཤད་ཟིན་ཏོ། །སེམས་ཅན་ཁྲོ་བོ་ཆེན་པོ་གཞན་རྣམས་གཞོམ་པའི་ཕྱིར་འདའ་བར་བྱ་བ་མ་ཡིན་ཞིང་
མི་ཕྱེད་པའི་ཁྲོ་བོ་སྟོན་པར་མཛད་པའི་ཁྲོ་བོ་ཆེན་པོའི་དམ་ཚིག་རྡོ་རྗེ་ཁྲོ་བོའོ། །དེ་ནི་བདུད་རྩི་འཁྱིལ་པའི་རྟོག་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཀའ་སྩལ་པ་ཞེས་བྱ་བར་སྦྱར་རོ། །རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་རིམ་བཞིན་དུ་ཆོས་ཀྱི་དབྱིངས་
དང་མེ་ལོང་ལྟ་བུ་དང་སོ་སོར་རྟོག་པ་དང་མཉམ་པ་ཉིད་དང་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་བཅོམ་ལྡན་འདས་བསྟན་ཏེ། དེས་བཀའ་སྩལ་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་དག་པའོ། །དེ་གང་ཡིན་ཞེ་
ན། རྡོ་རྗེའི་ཐེག་པ་ཞེས་བྱ་བ་མི་ཕྱེད་པའི་ཐེག་པ་ཆེན་པོའོ། །དེ་ཉིད་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར། བླ་ན་མེད་པའོ། །མ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བའི་རྒྱུ་མེད་པ་ཉིད་ཡིན་པའི་ཕྱིར་མ་སྐྱེས་པའི་ཕུང་པོ་ལ་སོགས་པའི་མཚན་ཉིད་དང་། སྟོབས་དང་མི་འཇིགས་
པ་ལ་སོགས་པའི་རང་བཞིན་ཅན་གྱི་ཆོས་རྣམས་ལ་ཡང་ཀུན་རྫོབ་ཏུ་དྲག་པོའི་ལས་ཀྱི་བྱ་བའི་མཚན་ཉིད་སྐྱེ་བར་བསྟན་ཏོ། །གང་དག་གིས་ཤེ་ན། རྒྱལ་བ་རྣམས་ཀྱིས་ཞེས་བྱ་བ་མི་མཐུན་པའི་ཕྱོགས་མ་ལུས་པ་ལས་ངེས་པར་རྒྱལ་བའི་སངས་རྒྱས་རྣམས་ཀྱིས་སོ། །དེ་ནི་ལས་ཕྲན་
ཚེགས་ཀྱི་ཚོགས། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། བསམ་གཏན་དང་བཟླས་པ་ལ་ལྟོས་ནས་བྲི་བ་ལ་སོགས་པའི་བྱ་བ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་ལས་ཕྲན་ཚེགས་རྡོ་རྗེ་གསང་བའོ། །སྦྲུལ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྒྱུས་དང་རོ་བསྲེགས་པའི་སོལ་བ་དག་
ལ་ཡི་གེ་ཁཾ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ལ། དེ་དག་གི་སྦྲུལ་མི་སྡུག་ཅིང་འཇིགས་སུ་རུང་བ་ནག་པོ་འབར་བ་འཁྲུག་ཅིང་ཁྲོ་བ་ལྕེ་གཉིས་པ་མཆེ་བའི་ཕྲེང་བ་ཅན་ཀུན་དུ་བྲིས་ཏེ་དེའི་ཁར་ཡི་གེ་ཁཾ་མེའི་མདོག་ཅན་དུག་ཧ་ལ་ཧ་ལའི་བདག་ཉིད་ཅན་འབར་བ་རྣམ་པར་བསམས་ལ། དང་གར་ཡི་

གེ་ཧྲི། བསམས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་ཁམས་གསུམ་ན་ཡོད་པའི་དུག་རྣམས་བཀུག་ལ། སྦྲུལ་གྱི་ཁར་གཞུག་པར་བྱའོ། །དེ་ལྟར་བསྒོམས་ན་དེ་ངེས་པར་གནས་ནས་གཡོ་བར་འགྱུར་ཏེ། དེས་རེག་པས་སེམས་ཅན་གྱི་ཁམས་འཇིག་པར་འགྱུར་རོ། །
སྡིག་པ་ཞེས་བྱ་བ་ལ་སོགས་པ་ལ་སྦྱོར་ལས་བྱུང་བའི་མཚན་ཉིད་ཀྱིས་ཞེས་བྱ་བ་འདས་མ་ཐག་པ་བཞིན་དུ། ཡི་གེ་ཁཾ་མངོན་པར་བཟླས་ཤིང་། དེ་དང་རྗེས་སུ་མཐུན་པའི་ཁ་དོག་དང་ལྡན་པ་རྣམས་ཀྱིས་དུག་གི་སྡིག་པ་ལ་སོགས་པ་རྣམས་མངོན་པར་བྲིས་ལ། དེ་རྣམས་ཀྱི་ཁར་དེ་དེ་ཁོ་
ན་བཞིན་དུ་རྣམ་པར་བསམས་ཏེ། ཁམས་གསུམ་ན་ཡོད་པའི་དུག་བཀུག་ལ་གཞུག་པར་བྱའོ། །དེ་ལྟར་ན་སྡིག་པ་ལ་སོགས་པ་གང་ཡང་རུང་བ་དང་། རེག་པས་ཀྱང་སྐད་དེ་ཉིད་ལ་འཇིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། དུག་ཐམས་ཅད་
འཕོ་བའི་སྙིང་པོའོ་ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་སྐད་བཤད་པའི་རང་གི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་ལག་པ་གཡོན་པའི་མཐིལ་ལ་ཨོཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འོད་ཟེར་འཁྲུག་པའི་ལྟེ་བར་འོད་ཟེར་
དཀར་པོས་ཁྱབ་པའི་ཨོཾ་རྣམ་པར་བསམས་ལ། དེས་བྱབས་པས་ཇི་ལྟར་འདོད་པ་བཞིན་དུ་ནམ་མཁའི་དབྱིངས་ན་གནས་པའི་བརྟན་པ་དང་གཡོ་བའི་དུག་ཁམ་ཕོར་གྱི་བུ་རམ་བཞིན་དུ་དེ་ཉིད་ཀྱིས་འཕོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དུག་ཆེན་པོ་འདའ་བར་མི་བྱ་ཞིང་མི་ཕྱེད་པའི་དོན་སྟོན་
པར་མཛད་པས་ན། དུག་ཆེན་པོའི་རྡོ་རྗེའི་དམ་ཚིག་དེ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་དུག་གསོ་བ་གསུངས་ཏེ། བསྒྲུབ་བྱའི་སྙིང་གར་རྡོ་རྗེ་བསྐྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཆེན་པོའི་སྙིང་པོའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རྟེན་དང་
བཅས་པའི་བརྟེན་པའི་འཁོར་ལོའི་དབུས་ན་གནས་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་བསྒྲུབ་བྱའི་སྙིང་ག་ན་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ལས་རྣམ་པར་སྤྲོས་པའི་འོད་ཟེར་གྱི་སྤྲིན་ཟླ་བ་དཀར་པོ་ཞུ་བའི་རྣམ་པ་ཅན་རྣམས་ཀྱིས་དེའི་ལུས་མངོན་

པར་ཁྱབ་པར་བྱས་ནས་དེ་རྣམས་ཉིད་ཀྱིས་སྙིང་ག་དང་ལྐོག་མ་དང་དཔྲལ་བ་དང་མགོ་བོའི་གནས་རྣམས་སུ་ཀུན་དུ་བསྡུ་བར་ལན་གཉིས་ལན་གསུམ་དུ་རྣམ་པར་བསམས་ཏེ། ཡང་ཐམས་ཅད་སྙིང་གར་ཀུན་དུ་བསྡུས་ལ། སྐྱུག་ཅིང་ཁ་དོག་ནག་པོ་དབྱུང་བར་
བསམ་པར་བྱའོ། །གཞན་ནི་ཤེས་པར་ཟད་དོ། །འབྲས་ལ་སོགས་པ་ཉེ་བའི་དུག་གཞོམ་པའི་སྦྱོར་བ་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གང་གཞན་ཞེས་བྱ་བ་ནི་གཡན་པ་དང་ཤུ་བ་དང་རྐང་ཤུ་ལ་སོགས་པ་རྣམས་སོ། །བསམས་པ་ཙམ་གྱིས་མེད་པར་
འགྱུར། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། འདས་མ་ཐག་པ་བཞིན་དུ་རང་གི་དཀྱིལ་ན་གནས་པའི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་དང་ལྡན་པས། ལག་པ་གཡས་པར་ཡི་གེ་ཨ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཡི་གེ་ཨ་འོད་ཟེར་ལྔ་
འབར་བ་བསམས་ལ། དེས་བྱབ་ཅིང་ཁུ་ཚུར་བཅང་བའི་སྦྱོར་བས་ཁ་དོག་ནག་པོ་བསྡུས་ཏེ་ཡི་གེ་ཨ་ལ་གཞུག་པར་བྱའོ། །བསྐུལ་བ་ལ་ནི་དཀར་པོ་འདྲ། །ཞེས་བྱ་བ་ནི་ཡི་གེ་ཨ་བརྗོད་པའི་བསྐུལ་བས་དུག་མེད་པར་གྱུར་ཅིང་ཁ་དོག་དཀར་པོར་བསམ་པར་བྱའོ་ཞེས་བྱ་བའི་
དོན་ཏོ། །བསམ་གཏན་གནས་ནི་གསང་བ་འདི། །ཞེས་བྱ་བ་ནི་བཤད་མ་ཐག་པའོ། །བསྒོམ་པའི་ཡེ་ཤེས་ཀྱི་བསྐྱེད་པ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་སྤྲུལ་པའོ། །ཤིན་ཏུ་གསང་བ་ཉིད་ཡིན་པའི་ཕྱིར་གསང་ཆེན་ནོ། །ཕྱི་ནང་གི་ནད་རྣམས་གསོ་བ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་
སོགས་པས་གསུངས་ཏེ། མི་ཕྱེད་ཅིང་ཡིད་དུ་འོང་ལ་ཤེས་པ་དང་སྐྱོབ་པའི་དོན་ཅན་རབ་ཏུ་ཉམས་པ་མེད་པའི་སྐུ་ལ་སོགས་པའི་གོ་འཕང་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྙིང་པོའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་སོ། །ཡི་གེའི་ཚིག་ནི་གང་འདོད་པ། །ཞེས་བྱ་བ་ནི། ཛི་ན་ཛིཀ་
ཅེས་བྱ་བ་ལ་སོགས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་ནང་ནས་ཕྱིན་ཅི་མ་ལོག་པའི་ཡོན་ཏན་ཐོབ་པར་བྱེད་པའི་དད་པས་མཉེས་པར་བྱས་པ་གང་ཡིན་པ་དེ་ཁོ་ན་དང་འདྲ་བ་ཉིད་དུ་བདག་ཉིད་ཀྱི་གཟུགས་བསམ་པའོ། །ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས། །ཞེས་བྱ་བ་ལ་རང་

གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་དབུས་ན་ཟླ་བ་ལ་གནས་པའི་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་ལས་བྱུང་བའི་འོད་ཟེར་གྱིས་བསྐུལ་བས། ཁྱིའམ། སྤྲེའུའི་རྣམ་པའམ། ཡི་དྭགས་ཀྱི་གཟུགས་ཀྱི་རྣམ་པར་གཅེར་བུ་རང་གི་ལུས་དང་ངག་དང་སེམས་རྣམས་ལས་
བྱུང་བར་རྣམ་པར་བསམས་ལ། འཁོར་ལོའམ་ཞེས་བྱ་བ་ལ་སོགས་པས་རིགས་གསུམ་གྱི་ཕྱག་མཚན་འབར་བའི་ཕྲེང་བས་ཁྱབ་པ་གང་ཡང་རུང་བ་བསམས་ཏེ། རྡོ་རྗེའི་གོ་འཕང་གནས་ཞེས་བྱ་བ། དེའི་རྣལ་འབྱོར་དང་ལྡན་པས་དེས་ནི་ཞེས་བྱ་བ་རང་གི་ལག་ན་གནས་པའི་འཁོར་
ལོ་ལ་སོགས་པའི་ཕྱག་མཚན་འབར་བར་ཇི་སྐད་བཤད་པའི་ནད་རྣམས་ཀྱིས་ལུས་དང་ངག་དང་སེམས་ཕྱེ་མར་བརླག་སྟེ་ཐལ་བར་བྱས་པར་བསམ་པར་བྱའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགྱེས་པའི་སྤྱན་དང་ལྡན་པ་
རྣམས་ཀྱིས་དེའི་ལུས་ལ་བྱིན་གྱིས་རློབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །རང་ལུས་ངག་སེམས་ཞེས་བྱ་བ་ལ་སོགས་པས་ནི། འདི་སྐད་དུ་རྟེན་དང་བཅས་པའི་བརྟེན་པ་རྟག་པ་ལ་སོགས་པ་གང་ཡང་རུང་བ་རིགས་གསུམ་གྱི་གཟུགས་ཅན་ཁྲོ་བ་ཀུན་ནས་སྔོན་པོ་བསྐྱེད་པའི་རིམ་པ་ལས་བྱུང་བ་
འམ། རྫོགས་པར་བདག་ཉིད་རྣམ་པར་བསམས་ལ། དེ་ཁོ་ན་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཁྲོ་བོ་སྤྲོས་པའི་སྤྲིན་རྣམས་ཀྱིས་ཕྱོགས་བཅུ་ཀུན་དུ་ཁྱབ་པར་བྱས་ཏེ། དེ་རྣམས་ཀྱི་ནད་ཀྱིས་ལུས་དང་ངག་དང་སེམས་ཕྱེ་མར་བརླག་པར་བལྟ་བ་དང་། རང་གི་སྔགས་བརྗོད་པས་རང་
གི་ལག་ན་གནས་པའི་མཚོན་ཆ་འབར་བས་ཀྱང་ཐལ་བར་བྱས་པར་བསམ་ཞིང་ཐུན་བཞིར་ལན་བརྒྱ་རྩ་བརྒྱད་ཟློས་པས་གཞོམ་པར་བྱ་བ་དང་། ཡང་བདག་ཉིད་མདོག་དཀར་པོ་ཞི་བའི་ངང་ཅན་དུ་དམིགས་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྤྲོས་པའི་ཞི་བའི་ངང་ཅན་དཀར་པོ་ཕན་འདོགས་
པར་ཞུགས་པ་དེ་རྣམས་ཀྱིས་ཀྱང་སྔ་མ་བཞིན་དུ་བུམ་པའི་ཡེ་ཤེས་ཀྱི་ཆུ་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དང་ཞུ་བར་གྱུར་པའི་སྒོ་ནས་བདག་ཉིད་ཞུགས་པའི་དབང་བསྐུར་བ་བྱས་ན། ཞག་བདུན་གྱིས་ལས་ལས་བྱུང་བའི་ནད་ཐམས་ཅད་ཀྱང་ངེས་པར་རབ་ཏུ་ཞི་བར་འགྱུར་རོ་ཞེས་

བསྟན་པ་ཡིན་ནོ། །ཡང་ན་བདག་གི་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་ཚུལ་དེ་ཁོ་ན་བཞིན་དུ་དཀོན་མཆོག་དཔལ་ལ་སོགས་པ་རང་གི་ལྷ་གང་ཡང་རུང་བའི་རྣལ་འབྱོར་གྱིས་ཀྱང་གཞོམ་པར་བྱའོ་ཞེས་བསྟན་ཏོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ཤེས་པར་ཟད་དོ། །
བཟླས་པ་དང་བསམ་གཏན་ལ་དགའ་བ་རྣམས་ཀྱིས་དངོས་གྲུབ་ཀྱི་མཚན་མ་རྣམས་རྨི་ལམ་དུ་མཐོང་བར་འགྱུར་བས། དེའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨི་ལམ་གྱི་མཚན་མའི་ཡེ་ཤེས་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་བཀུག་པའི་སྒོ་ནས་སེམས་ཅན་གྱི་རྒྱུད་ཀུན་
དུ་སྣང་བར་མཛད་པའི་ཕྱིར་ཡེ་ཤེས་སྐྱེ་བ་འོད་པོ་ཆེའོ། །འདོད་དང་ཐར་པ་ཞེས་བྱ་བ་ལ། འདོད་ཆགས་དང་བྲལ་བ་རྣམས་རྗེས་སུ་ཆགས་པར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་ཡབ་དང་ཡུམ་ཡང་དག་པར་སྦྱོར་བའི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་ནི་འདོད་དང་ཐར་པ་སྟེ། བཅོམ་
ལྡན་འདས་ཀྱིས། ཆགས་བྲལ་ཤིན་ཏུ་ཆགས་བྱེད་ཕྱིར། །ང་ནི་གསང་ཆེན་རབ་དགའ་ཡིན། །འདོད་པ་མ་གཏོགས་བདེ་ཆེན་མེད། །ང་འདི་འདོད་པ་བདེ་བ་ང་། །ཡུམ་ནི་ཤེས་རབ་ཡང་དག་བཤད། །ཡབ་ནི་ཐབས་ལ་མཁས་པ་སྟེ། །དེ་ནི་ཉེ་བར་བསྟན་བྱས་ན། །འདོད་དང་ཐར་པ་
རབ་འགྲུབ་འགྱུར། །ཞེས་གང་གསུངས་པའོ། །དེ་ཉིད་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཆེའོ། །འདི་སྐད་ཅེས་བྱ་བ་ནི་འཆད་པར་འགྱུར་བའོ། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་
གཟུགས་ལ་སོགས་པ་མངོན་སུམ་དུ་གྱུར་པ་རྣམས་རྨི་ལམ་བཞིན་དུ་སྣང་བ་ཙམ་ཡིན་ཞིང་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་རྣམས་ལ་ཡང་འཁྲུལ་པའི་ཡེ་ཤེས་རབ་ཏུ་གསུངས་སོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། རྨི་ལམ་ཆེན་པོའི་དམ་
ཚིག་ཅེས་བྱ་བ་ནི། མངོན་པར་འདོད་པའི་འབྲས་བུ་སྐྱེད་པའི་རྒྱུའོ། །བྱང་ཆུབ་ཡེ་ཤེས་མཆོག་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུའོ། །སངས་རྒྱས་སྐྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར། །སངས་རྒྱས་འོད་ནི་བཟང་པོ་སྟེ། །བདག་ཉིད་ཀྱིས་དེ་ཐོབ་པར་རྨི་ལམ་དུ་

མཐོང་བར་འགྱུར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །དེའི་རྫོགས་ལོངས་སྤྱོད་པའི་སྐུ་ནི་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཆོས་མཉན་པའི་སྒོ་ནས་ལོངས་སྤྱད་པར་བྱ་སྟེ་དེར་ཡང་ངོ་། །སེམས་ཅན་ཆེན་པོ་ཁམས་གསུམ་པ། །ཞེས་བྱ་བ་རྒྱལ་ཆེན་རིགས་བཞི་ལ་སོགས་པ་
རྣམས་དང་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་པར་མཐོང་ཞེས་བྱ་བ་ནི། བདག་ཉིད་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་སོ། །ཡེ་ཤེས་ཆེན་པོའི་འོད་འདྲ་ཞེས་བྱ་བ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྤྲུལ་པའི་སྐུའོ། །རྡོ་རྗེ་སེམས་དཔའི་
གཟུགས་ཅན་དང་། །ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་འཆང་ལ་སོགས་པ་རང་གི་ལྷག་པའི་ལྷ་གང་ཡང་རུང་བ་འདས་མ་ཐག་པ་བཞིན་དུ་སྐུ་གསུམ་གྱི་བདག་ཉིད་ཅན་བསྟན་ཏོ། །གསང་བ་རྡོ་རྗེ་གྲགས་པ་ཆེར། །ཞེས་བྱ་བ་ནི་རང་གི་རིག་མ་དང་སྙོམས་པར་ཞུགས་པར་རོ། །བྱང་ཆུབ་
སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྨི་ལམ་དེ་ལྟ་བུ་ཡང་དག་པར་མཐོང་བས་ནི་མྱུར་བ་ཉིད་དུ་སྐུ་དང་གསུང་དང་ཐུགས་འགྲུབ་པར་འགྱུར་རོ། །རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཡང་གོ་སླའོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། །ཞེས་བྱ་བ་ལ་
སོགས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཐུག་པ་མེད་པ་ན་གནས་པའི་སངས་རྒྱས་ཀྱི་ཞིང་རྣམས་ན་བཞུགས་པའི་སངས་རྒྱས་ཀྱི་གཟུགས་རྣམས་མཐོང་བའོ། །སྩོལ་ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་ཉིད་ཐུགས་དགྱེས་པར་གྱུར་ནས་སྒྲུབ་པ་པོ་དེ་ལ་ཟབ་ཅིང་རྒྱ་ཆེ་བའི་དོན་
སྟོན་པའི་དམ་པའི་ཆོས་ཀྱི་མཛོད་དོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ལ། ལུས་ཞེས་བྱ་བ་ནི་བདག་གི་ལུས་ཏེ། རང་གི་ལྷག་པའི་ལྷ་དང་། འཕགས་པའི་གཟུགས་དང་། རང་དང་རྗེས་སུ་མཐུན་པའི་སེམས་ཅན་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་གསུང་རབ་རྣམ་པར་བཤད་པར་བྱེད་
པར་རོ། །བསམ་གཏན་རྡོ་རྗེ་ལ་གནས་པས་ཏེ་རང་གི་ལྷའི་གོ་འཕང་ལ་གནས་པས་སོ། །རྣལ་འབྱོར་དུས་སུ་མཐོང་བར་འགྱུར། །ཞེས་བྱ་བ་ནི་རྣལ་འབྱོར་གོམས་པར་བྱ་བ་ལ་ཞུགས་པའི་ཚེའོ། །ཀུན་དགའ་ར་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །བསམ་གཏན་དུས་སུ་

ཞེས་བྱ་བ་ནི་བསམ་གཏན་གྱི་ཚེའོ། །དེ་ཁོ་ན་བཞིན་དུ་ཅུང་ཟད་གཉིད་ལོག་པར་གྱུར་པ་ན། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པ་དང་། སངས་རྒྱས་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བ་དང་། རིག་པ་འཛིན་པ་ལ་
སོགས་པ་རྣམས་ཀྱིས་མཆོད་པ་བྱས་པར་མཐོང་བར་འགྱུར་རོ། །རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་སྒོམ་པའི་ཡེ་ཤེས་ལས་ངེས་པར་འབྱུང་བའོ། །སྣ་ཚོགས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཉོན་མོངས་པ་དང་ལས་དང་སྐྱེ་བ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དྲི་མ་མེད་
པའོ། །བླ་མེད་ཅེས་བྱ་བ་དེས་འདོད་པའི་ལྷའི་གོ་འཕང་མྱུར་བ་ཉིད་དུ་ངེས་པར་འགྲུབ་པར་འགྱུར་རོ། །གདོལ་པ་ཞེས་བྱ་བ་ལ་སོགས་པ་ལ། གདོལ་པའི་རིགས་ཀྱི་བུ་མོ་རྣམས་སམ། ཁྱི་དང་རྒོད་མ་ལ་སོགས་པ་བདུད་རྩི་ལྔ་ཐོགས་པ་རྣམས་དང་། བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་
ཅན་ཡང་དག་པར་བྱུང་བའི་ལས་ཀྱིས་མཆོག་ཏུ་དགའ་བ་ཉམས་སུ་མྱོང་བའི་རྨི་ལམ་མཐོང་བས་ནི་སེམས་ཀྱི་གནས་ཏེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྲུབ་ཅིང་ཡོངས་སུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་མཚན་མ་དེ་ལ་མངོན་པར་ཞེན་པ་བཟློག་པའི་ཕྱིར། དེ་
ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གི་སྙིང་པོ་ཞེས་བྱ་བ་ནི། འདའ་བར་བྱ་བ་མ་ཡིན་པའི་རྨི་ལམ་རྣམ་པར་དཔྱད་པའི་ངེས་པའི་ཤེས་པའོ། །རང་སེམས་ཞེས་བྱ་བ་ལ་སོགས་པ་ལ། དམིགས་པ་ཉིད་ཡིན་པས་ན་དམིགས་པ་སྟེ་ངེས་པར་རྟོགས་པ་ཉིད་ཡིན་
ཞིང་། འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་རྣམ་པར་རིག་པ་ཁོ་ནའོ་ཞེས་ཕྱི་རོལ་གྱི་དོན་གསལ་ནས། སེམས་ཀྱང་ཡུལ་ན་མི་གནས་པ། གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པའོ་ཞེས་བྱ་བ་ལ་སོགས་པར་རྣམ་པར་དཔྱད་དེ་ནམ་མཁའ་བཞིན་དུ་རང་བཞིན་མེད་པའོ་སྙམ་དུ་ངེས་
པའོ། །ཆོས་ཐམས་ཅད་དེ་རྨི་ལམ་དུ་ཉེ་བར་དམིགས་པའི་སངས་རྒྱས་ལ་སོགས་པའི་རྣམ་པ་དང་། ཁམས་གསུམ་པའི་རྣམ་པར་རྟོག་པའི་རང་བཞིན་རྣམས་རབ་ཏུ་གནས་ཞེས་བྱ་བ་ནི། ནམ་མཁའི་མཚན་ཉིད་ཅན་གྱི་སེམས་ལ་རྣམ་པར་གནས་པ་ཡིན་པས་དེའི་ཕྱིར། ནམ་མཁའི་

རྡོ་རྗེ་གནས་ཆོས་འདི། །ཞེས་བྱ་བ་གསུངས་སོ། །ཆོས་མེད་ཅེས་བྱ་བ་ནི་ཀུན་དུ་བརྟགས་པའི་དངོས་པོའི་རང་བཞིན་རྣམས་སོ། །ཆོས་ཉིད་མེད་པ་ཞེས་བྱ་བ་ནི་དེ་རྣམས་ཉིད་མ་གྲུབ་པའི་ཕྱིར་སྟོང་པ་ཉིད་ཀྱང་མེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དངོས་གྲུབ་ཀྱི་
མཚན་མའི་རྨི་ལམ་དང་དེ་བཟློག་པ་གསན་ནས་ངོ་མཚར་དང་རྨད་དུ་གྱུར་པ་འཐོབ་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་ཐེ་ཚོམ་གཅོད་པའི་རྡོ་རྗེ་འཆང་ཆེན་པོ་ལ་ཞུས་པ་ནི། བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པ་སྟེ། ངོ་བོ་མེད་པ་
ལ་ཞེས་བྱ་བ་ནི་གལ་ཏེ་དངོས་པོ་ཐམས་ཅད་ནམ་མཁའ་དང་མཚུངས་པ་ཡིན་ན། དེའི་ཚེ་ཁྱོད་ཀྱིས་རྨི་ལམ་གྱི་མཚན་མ་རིགས་ལྔ་སྒྲུབ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་རྣམ་པར་གཞག་པ་ཇི་ལྟར་མཛད། རྣམ་པར་གཞག་པ་ཡང་མཛད་དེ་དེའི་ཕྱིར་ཆོས་རྣམས་ནི་ངོ་བོ་ཉིད་མེད་པ་མ་ཡིན་ནོ་སྙམ་
དུ་བསམས་པའོ། །ཨེ་མའོ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་བྱ་བ་གསུངས་ཏེ། གཉི་ག་ཡང་མེད་པ་ཉིད་ཡིན་པའི་ཕྱིར་ནམ་མཁས་ནམ་མཁའ་བསྒོམ་པར་ནུས་པ་མ་ཡིན་ནོ། །དེ་ལྟར་ཕྱོགས་སྔ་མ་བྱས་ནས་བཅོམ་ལྡན་འདས་ཀྱིས་དེ་
བཞིན་གཤེགས་པ་རྣམས་ལ། ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫས་ཐམས་ཅད་མེད་པའི་རང་བཞིན་ཅན་གྱི་ནམ་མཁའི་དབྱིངས་ནི་ཆོས་གང་དང་ཡང་རྟག་ཏུ་མི་ལྡན་ཞིང་། ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་དེ་ལས་འབྱུང་བའི་ཕྱིར་ནམ་མཁའ་ནི་མི་ལྡན་པ་ཡང་
མ་ཡིན་ནོ། །ནམ་མཁའ་དེ་དག་ནི་ཆོས་ཐམས་ཅད་དུ་གཏོགས་ལ་ཐམས་ཅད་ཀྱི་རྗེས་སུ་ལྟའོ་སྙམ་དུ་ཡང་མི་སེམས་ཏེ། རྫས་སུ་མེད་པ་ཉིད་ཡིན་པས་ང་རྒྱལ་ལ་སོགས་པ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བས་ངེས་པར་བཟུང་ནས་དེ་བཞིན་གཤེགས་པ་རྣམས་ལ་གསུངས་
པ་རྨི་ལམ་ཞེས་བྱ་བ་ནི་རྨི་ལམ་གྱི་མཚན་མ་སྟོན་པར་བྱེད་པ་རྣམས་སོ། །རྨི་ལམ་གྱི་དམ་ཚིག་ལས་བྱུང་བ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་རྨི་ལམ་གྱི་རྒྱུད་ལས་ངེས་པར་བྱུང་བའི་སྐུ་རྡོ་རྗེ་ལ་སོགས་པ་འབྲས་བུའི་རང་བཞིན་རྣམས་ཏེ་དེ་རྣམས་ཀྱང་ནམ་མཁའ་བཞིན་དུ་རྗེས་སུ་རྟོགས་

པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྨི་ལམ་ལས་ཡང་དག་པར་བྱུང་བའི་དངོས་གྲུབ་རྣམས་ཀྱིས་གཟུང་བ་ལ་སོགས་པའི་དངོས་པོ་བསལ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིག་རྣམས་ཀྱིས་ནི་ཡང་དང་ཡང་དེ་བཞིན་གཤེགས་
པ་རྣམས་ལ་བོད་པའོ། །ནམ་མཁའ་ལ་ཞེས་བྱ་བ་ལ་སོགས་པ་ལ། གཟུང་བ་ལ་སོགས་པའི་རང་བཞིན་དང་བྲལ་བ་ཉིད་ཡིན་པའི་ཕྱིར་བརྟག་ཏུ་མེད་པའོ། །བལྟ་བར་བྱ་བ་མི་ནུས་པ་ཉིད་ཡིན་པའི་ཕྱིར། བལྟར་མི་སྣང་བ་སྟེ། ས་ཐམས་ཅད་ཀྱང་དེ་དང་འདྲ་བ་ཁོ་ནའོ། །ལུས་དང་
ངག་དང་སེམས་དང་ཆོས་ཐམས་ཅད་དང་རྡོ་རྗེའི་གནས་ཀྱི་དམ་ཚིག་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་ནི། བརྟན་པ་དང་གཡོ་བའི་ཁམས་གསུམ་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ནི་ངོ་བོ་ཉིད་གཅིག་པའོ། །འདི་ལྟ་སྟེ་སེམས་ཀྱི་ངོ་བོ་ཉིད་དོ་
ཞེས་བྱ་བ་ལ་སེམས་ནི་བཤད་ཟིན་པའི་མཚན་ཉིད་ཅན་ཏེ་དེའི་ངོ་བོ་ཉིད་དོ། །དེ་ཉིད་ནི་ལུས་དང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ལུས་ལ་སོགས་པའི་རང་བཞིན་དང་ནམ་མཁའི་རང་བཞིན་དེ་དག་ནི་གཉིས་སུ་མེད་དེ། སྐབས་འདིར་ནི་ཁམས་ཞེས་བྱ་བའི་སྒྲ་རང་བཞིན་ལ་འཇུག་
གོ། །སེམས་ཅན་ཐམས་ཅད་ནི་ནམ་མཁའི་ཁམས་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་གསལ་ལོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ལྟ་བུ་ལ་སོགས་པ་མི་ཕྱེད་པའི་ཡེ་ཤེས་འབྱུང་བའི་རྟེན་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་རྡོ་རྗེའི་གནས་བྱེད་པའོ། །བྱང་ཆུབ་ཀྱི་སེམས་དེ་ཡང་ཞེས་བྱ་བ་ལ། ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་ཡུལ་ལ་སོགས་པ་ལ་མི་གནས་སོ། །ཆོས་གང་ཁམས་གསུམ་ན་མི་གནས་པ་ཞེས་བྱ་བ་ལ། སེམས་ནི་འདོད་པའི་ཁམས་ཏེ། གཟུགས་ལ་
སོགས་པའི་ཡུལ་ལ་མངོན་པར་འདོད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །ལུས་ནི་གཟུགས་ཀྱི་ཁམས་ཏེ་བརྟན་པ་དང་གཡོ་བའི་རྣམ་པར་ཐམས་ཅད་དུ་སོ་སོར་སྣང་བའི་ཕྱིར་རོ། །ངག་ནི་གཟུགས་མེད་པའི་ཁམས་ཏེ་ངག་གི་ནམ་མཁའ་ནི་གཟུགས་མེད་པ་ཉིད་ཡིན་པའི་

ཕྱིར་རོ། །དེ་ལྟ་བུར་གྱུར་པའི་ཁམས་གསུམ་ན་མི་གནས་པ་ཉིད་ཡིན་པའི་ཕྱིར་སྐྱེ་བ་མེད་པ་ཡིན་ནོ། །རྨི་ལམ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པས་ནི་གཉིད་སད་པའི་གནས་སྐབས་ཀྱི་མིག་ལ་སོགས་པའི་སྤྱོད་ཡུལ་གང་དག་ཡིན་པ་དེ་
རྣམས་ཀྱང་རྨི་ལམ་བཞིན་དུ་སྣང་བ་ཙམ་ཡིན་ཞིང་ཡང་དག་པར་ན་རང་བཞིན་མེད་པའོ་སྙམ་དུ་ཁོང་དུ་ཆུད་པར་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྩོལ་ཏོ་ཞེས་བྱ་བར་སྦྱར་རོ། །དངོས་གྲུབ་ཀྱི་
མཚན་མ་རྨི་ལམ་རྣམས་དང་། དེ་རྣམ་པར་སྤྱད་པའི་ཆོས་ཉིད་ཐོས་ནས་ཤིན་ཏུ་དགྱེས་པའི་སྤྱན་གདངས་པར་གྱུར་པས་དཔལ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཞེས་བྱ་བ་ལ་སོགས་པ་ལ། རྗེས་སུ་འབྲང་ཞེས་བྱ་བ་ནི། གང་དག་ལ་ནམ་མཁའི་ཁམས་ཀྱི་རྗེས་སུ་
འབྲང་ཞིང་ཀུན་དུ་ཁྱབ་པའི་ངང་ཚུལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །རྗེས་སུ་འབྲང་བ་ནི་མངོན་པར་འཕེལ་བར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ངོ་མཚར་ཞེས་བྱ་བ་རྨད་དུ་བྱུང་བའོ། །དེ་ནས་ཞེས་བྱ་
བ་ལ་སོགས་པ་ནི་གོ་སླའོ། །སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དངོས་གྲུབ་མདོ་བཏུས་པ་ཞེས་བྱ་བ་ནི་མི་ཕྱེད་པའི་སྔགས་ཀྱི་ཚོགས་སོ། །གང་ལ་གནས་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། སྔགས་ཀྱི་དངོས་གྲུབ་ཐམས་ཅད་དེ། སྔགས་ཀྱི་རྡོ་རྗེ་ཐམས་ཅད་སྐུ་དང་གསུང་དང་ཐུགས་རྣམས་ལ་མི་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དྲི་བའོ། །ལན་ནི་ཁོང་ནས་དབྱུང་བར་བྱ་སྟེ། དོན་དམ་པར་འབྲས་བུ་ལ་སོགས་པ་རྣམས་དང་དངོས་གྲུབ་རྣམས་རང་བཞིན་མེད་པ་
ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི། ཀུན་རྫོབ་ཏུ་དངོས་གྲུབ་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་རང་གི་ལུས་དང་ངག་དང་སེམས་ལ་གནས་པར་ཞལ་གྱིས་བཞེས་ནས། སླར་དེ་གསལ་བའི་ཕྱིར་ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་

བཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་རྣམ་པར་ཕྱེ་བ་དེའི་ཕྱིར་ཡང་བཤད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ནི་སེམས་ཐམས་ཅད་དོ། །དེ་ཉིད་ནི་དམ་ཚིག་
སྟེ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་ལྷ་ཐམས་ཅད་འབྱུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རྒྱུའོ། །དེ་ཉིད་ཀྱི་ཕྱིར་སྙིང་པོ་མི་ཕྱེད་པ་འབྱུང་བ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་ཏིང་ངེ་འཛིན་གྱི་འབྲས་བུའི་རང་བཞིན་འབྱུང་བ་ཡིན་ཞིང་གང་ལས་དེ་ཀུན་དུ་བཤད་པ་དེའི་མིང་ཅན་གྱི་ལེའུ་
གསུངས་སོ། །ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།མཚན་མ་ཐོབ་པ་དང་ལྷ་དག་གིས་རྗེས་སུ་གནང་བ་རྣམས་ཀྱིས་རང་གི་དཀྱིལ་འཁོར་དུ་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་ཞིང་། སེམས་ཅན་རྣམས་ཀྱང་སྣོད་དུ་རུང་བར་བྱ་དགོས་པས། དེའི་ཕྱིར་དངོས་
གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ལེའུ་བཅུ་དྲུག་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བའི་སྒྲ་ནི་ལེའུ་བཅོ་ལྔ་པོ་འདུས་པ་ལ་ལྟོས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །སྐུ་དང་གསུང་དང་
ཐུགས་རྡོ་རྗེའི་ཚིག་རྣམས་ཀྱིས་ཞེས་བྱ་བ། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པ་ཐུན་མོང་གི་ཚིགས་སུ་བཅད་པའི་ཚིག་རྣམས་དང་། ཡང་སྐུའི་དཀྱིལ་འཁོར་གྱི་དོན་དུ་དེའི་དོན་སྟོན་པར་བྱེད་པའི་ཚིགས་སུ་བཅད་པ་གཉིས་པའི་ཚིག་རྣམས་དང་། གསུང་གི་
དཀྱིལ་འཁོར་གྱི་དོན་དུ། ཞི་བ་ཆོས་དོན་ཡང་དག་འབྱུང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཞན་གྱི་ཚིག་རྣམས་དང་། དེ་བཞིན་ཐུགས་རྡོ་རྗེ་བསྒྲུབ་པའི་དཀྱིལ་འཁོར་གྱི་དོན་དུ། སེམས་ཅན་ཀུན་གྱི་ཐུགས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཞན་
གྱི་ཚིག་རྣམས་ཀྱིས་གསོལ་བ་བཏབ་བོ། །ཅི་ཞིག་བྱས་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་ཆེན་ནི་ཡོངས་སུ་དག་པའི་རང་བཞིན་གྱི་བུད་མེད་ཀྱི་གཟུགས་རྣམས་ཏེ། སངས་རྒྱས་ཐམས་

ཅད་ལས། དོན་དང་རིན་ཆེན་ཚོགས་ཀུན་ལས། །རིན་ཆེན་གཅིག་ནི་མཆོག་ཡིན་ཏེ། །གང་གིས་གནས་ལ་རིན་ཐང་མེད། །བུད་མེད་རིན་ཆེན་མཆོག་དག་པའི། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཉིད་རྡོ་རྗེ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་མཆོག་ཏུ་དགའ་བའི་བདེ་བའི་
མཆོད་པ་རྒྱས་ཤིང་འཕེལ་བར་བྱེད་པས་ན། རྡོ་རྗེ་རིན་ཆེན་གྱི་མཆོད་པ་ཡིན་ཞིང་། དེ་ཚོགས་ཀྱིས་ཏེ་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དག་གིས་ཡང་དག་པར་མཆོད་ནས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་
ཐམས་ཅད་ཀྱི་སྟེ། རིགས་ཀྱི་ལྷ་ཐམས་ཅད་ཀྱི་རང་གི་བདག་པོ་དང་བཅས་པའི་སྐུའི་དཀྱིལ་འཁོར་ནི་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ། །དེ་ཉིད་བགེགས་ཀྱི་རི་དགས་ཐམས་ཅད་འཇོམས་པའི་ཕྱིར་སེང་གེའོ། །སངས་རྒྱས་ཉིད་ལ་སོགས་པའི་འབྲས་བུའི་རྒྱུ་ཉིད་ཡིན་པའི་ཕྱིར་
དམ་ཚིག་གོ། །རྟེན་དང་བརྟེན་པའི་དབྱིབས་ལ་སོགས་པའི་བཀོད་པའི་སྒོ་ནས་མཛེས་ཤིང་གསལ་བས་ན་རྒྱལ་པོའོ། །བཀོད་པ་ནི་སྐུའི་དཀྱིལ་འཁོར་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེའི་མིང་ཅན་དུ་བརྗོད་དོ། །རྡོ་རྗེ་སྐུའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །
དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་པར་རབ་ཏུ་རྣམ་པར་ཕྱེ་ནས་བཤད་པར་བྱའོ། །དེ་གང་ཞེ་ན། སྐུའི་དཀྱིལ་འཁོར་མཆོག་སྟེ། དངོས་གྲུབ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མཆོག་གོ། །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །ཞེས་བྱ་བ་ནི། འདི་ཡང་ལེའུ་དང་པོ་ལས་
གསུངས་པའི་ཡེ་ཤེས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དང་འདྲ་བ་སྟེ། དེའི་ཡོན་ཏན་དང་རྣམ་པར་སྨིན་པ་དང་། དབྱིབས་ལ་སོགས་པ་མཚུངས་པའི་ཕྱིར་རོ། །ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་སྒོ་ནས་མཆོག་ཡིན་པའི་ཕྱིར། དཀྱིལ་འཁོར་རྣམས་ནི་ཀུན་དུ་མཆོག་གོ། །ཁྲུ་ནི་
བཅུ་དྲུག་ཚད་དུ་ཞེས་བྱ་བ་ནི། ལོགས་རེ་རེ་ཞིང་ངམ་ལོགས་བཞི་ཆར་ལའོ། །གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བཤད་ཟིན་ཏོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི། འདི་ཉིད་མི་བསྐྱོད་པ་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཀྱི་ཡང་ཐུན་མོང་པའོ། །གང་གི་

དབུས་ན་སྐུ་རྡོ་རྗེའི་རབ་ཏུ་གནས་པ་དེ་ནི་སྐུ་རྡོ་རྗེ་རབ་ཏུ་གནས་པའི་དཀྱིལ་འཁོར་རོ། །འཁོར་ལོ་ཞེས་བྱ་བ་ནི་དེའི་ནང་དུ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་དང་ལྡན་པ་འཁོར་ལོའི་ཀ་བ་བརྒྱད་ཀྱིས་བརྒྱན་པ། འཁོར་ལོའི་ཕྲེང་བས་ཀུན་ནས་བསྐོར་བའི་ནང་
གི་དཀྱིལ་འཁོར་ཟླུམ་པོ། རྡོ་རྗེའི་ཆོ་གས་བྲི་བར་བྱ། །ཞེས་བྱ་བ་ནི་ལེའུ་བཞི་པ་ལས་ཐུགས་རྡོ་རྗེའི་དམ་ཚིག་གི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ་དེས་སོ། །འོན་ཀྱང་འདིར་ནི་སྐུ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་བཞིན་དུ་སྔོན་དུ་བྱ་བ་ཐམས་ཅད་རྫོགས་པར་བྱས་ཏེ། འཕགས་པ་
བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་པའི་སློབ་མ་དང་ལྷན་ཅིག་ཐིག་གདབ་པ་ལ་སོགས་པའི་ཆོ་གས་བྲི་བར་བྱའོ། །སྒྲུབ་པའི་དཀྱིལ་འཁོར་ནི་ཇི་སྐད་བཤད་པའི་ཚུལ་བཞིན་དུ་རྣམ་པར་སྣང་མཛད་དང་སངས་རྒྱས་ཕབ་པའི་སྣོད་དུ་རུང་བ་ཉིད་གཉིས་འདྲིར་གཞུག་གོ། །ཕྱག་རྒྱ་རྡོ་རྗེའི་
གནས་སུ་བྱ། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་རྣམ་པར་དགོད་པ་སྟེ། དེ་ཉིད་ནི་སྔགས་རྣམས་ཀྱི་གསང་བའི་མཆོག་གོ། །དེ་ཉིད་ནི། དབུས་སུ་རྣམ་པར་སྣང་མཛད་གནས། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །མཆོད་པ་སྔགས་ཤེས་པ་ཡིས་བྱ། །ཞེས་
བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ལེའུ་བཞི་པ་ལས་བཤད་པའི་ཚུལ་ཇི་ལྟ་བ་བཞིན་དུ་སྐུ་རྡོ་རྗེ་སྒྲུབ་པའི་དཀྱིལ་འཁོར་རམ། དམ་ཚིག་གི་དཀྱིལ་འཁོར་ཀུན་དུ་བྲིས་ལ། དེ་ཁོ་ན་བཞིན་དུ་ནམ་མཁའ་ན་བཞུགས་པ་རྣམས་དང་ལྷན་ཅིག་གཅིག་ཏུ་བྱ་ཞིང་། སྐུ་རིས་
སུ་བྱས་པ་ལ་སོགས་པ་སྒྲུབ་ཐབས་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་ཚོགས་སམ། དམ་ཚིག་གི་དཀྱིལ་འཁོར་ལས་བཤད་པའི་ཕྱག་མཚན་གྱི་ཕྱག་རྒྱའི་ཚོགས་གནས་ཇི་ལྟ་བ་རྣམས་སུ་རྣམ་པར་བཀོད་དེ། དེའི་དབུས་ཀྱི་གདན་ལ་འདུག་ཅིང་། རྡོ་རྗེ་ཆེན་པོའི་ང་རྒྱལ་དང་
ལྡན་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའི་རྗེས་ཐོགས་ལ། ཇི་སྐད་བཤད་པའི་བཙོ་བླག་མཁན་གྱི་བུ་མོ་དེ་ཁོ་ན་བཞིན་དུ། ཀུན་དུ་བཟང་མོར་རྣམ་པར་བསྒོམས་པ་རིགས་ལྔས་བྱིན་གྱིས་བརླབ་པ་བྱས་ལ། དེ་དང་ལྷན་ཅིག་ཤིན་ཏུ་རྣལ་འབྱོར་ལ་ཐུག་པའི་

དང་པོའི་སྦྱོར་བའི་ཏིང་ངེ་འཛིན་རྫོགས་པར་བྱས་ཏེ། དེའི་མཚོ་སྐྱེས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལས། ཛི་ན་ཛིཀ་ཅེས་བྱ་བའི་སྙིང་པོ་ལས་བྱུང་བའི་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པའི་སྐུ་རྡོ་རྗེ་ཕྱུང་ལ། དེ་གཏི་མུག་གི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་
འདུལ་བར་བྱེད་དུ་བཅུག་ལ། དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ནས་བདག་ཉིད་འཕགས་མ་སྤྱན་དང་ཡང་དག་པར་ལྡན་པའི་སྐུ་རྡོ་རྗེར་རྣམ་པར་བསམས་ལ། རང་རང་གི་ཕྱག་མཚན་ལས་བྱུང་བའི་ལྷའི་རྣལ་འབྱོར་འཁོར་ལོ་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བཛྲ་དྷྲྀཀ་
ཅེས་བྱ་བ་ལ་སོགས་པའི་སྙིང་པོ་རྣམས་ཀྱིས་ལྷའི་ཚོགས་ཕྱུང་སྟེ་གནས་ཇི་ལྟ་བ་རྣམས་སུ་བཅུག་ལ། དེ་བཞིན་དུ་ཡེ་ཤེས་འཁོར་ལོ་བཅུག་སྟེ། རྣལ་འབྱོར་ཆེན་པོ་ལ་བཀོད་ནས་ཤིན་ཏུ་རྣལ་འབྱོར་ལ་གནས་པ་ལ་དབང་བསྐུར་ཏེ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་
ཀྱིས་ཡང་དག་པར་མཆོད་ལ། བདུད་རྩི་ལྔས་དཀྱིལ་འཁོར་པ་རྣམས་མཆོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །ཇི་ལྟར་འདོད་བཞིན་བྱ་བ་སྤྱད། །ཅི་དགའ་བར་ནི་བསྒྲུབ་པ་ནི། །ཞེས་རྒྱུད་གཞན་ལས་རབ་ཏུ་གྲགས་པ་
གསལ་བའི་ཕྱིར། བཤང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངེས་པར་དབུལ་ཞེས་བྱ་བ་ནི་བདག་ཉིད་དང་དཀྱིལ་འཁོར་པ་རྣམས་ལ་དབུལ་བའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བཟའ་བ་འདི་ནི་སྨན་མཆོད་དང་། མཉམ་པ་ཉིད་འཐོབ་པར་བྱེད་པ་དང་། རྡོ་རྗེའི་སྐུ་སྒྲུབ་པར་
བྱེད་པ་དང་། ཐམས་ཅད་དུ་བསྒོམ་པར་བྱ་བ་ཉིད་ཡིན་ཏེ། འདི་ཉིད་ལས་ཀྱང་། བཤང་གཅི་ཟས་སུ་ཟ་བ་སྟེ། །དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐུའི་རྡོ་རྗེའི་ཞེས་བྱ་བ་ནི། སྐུའི་དཀྱིལ་འཁོར་གྱི་ལྷ་
རྣམས་ཀྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གསུང་རྡོ་རྗེ་ཐམས་ཅད་ནི་པདྨའི་རིགས་ཀྱི་དཀྱིལ་འཁོར་རོ། །དེའི་དམ་

ཚིག་ནི་རྒྱུ་སྟེ་འོད་དཔག་ཏུ་མེད་པའོ། །དེའི་སྤྲིན་ནི་དེས་སྤྲོས་པའི་ལྷའི་འཁོར་ལོ་སྟེ། སྤྲིན་བཞིན་དུ་ཆོས་ཀྱི་ཆར་རྣམས་ཀྱིས་འགྲོ་བ་མ་ལུས་པའི་དོན་བསྒྲུབ་པ་དང་། དཀྱིལ་འཁོར་ལ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་བཀོད་པ་སྟེ་གནས་ལ་སོགས་
པ་ཇི་ལྟ་བ་བཞིན་དུ་བཀོད་པའི་རང་བཞིན་ཡིན་ཞིང་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་སོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། གསུམ་འདུས་པ་ལས་གསུང་གི་དཀྱིལ་འཁོར་ཕྱུང་ངོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་འདས་
མ་ཐག་པ་བཞིན་ནོ། །གསུང་གི་དཀྱིལ་འཁོར་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །གཞན་ནི་བཤད་ཟིན་ཏོ། །ལྷ་ཐམས་ཅད་ཀྱི་དབང་དུ་བྱས་པའི་སྒོ་ནས་ཐུན་མོང་ཡིན་པའི་ཕྱིར། དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག་གོ། །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། །ཞེས་བྱ་བ་ནི་
ལོགས་རེ་རེ་ཞིང་ཁྲུ་ཉི་ཤུའམ་ལྔ་ཡོད་པར་རོ། །གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་སྒོམ་པ་ཐིག་གདབ་བོ། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་དང་གོས་དཀར་མོ་ཕབ་པ་དང་ལྡན་པའི་སྣོད་དུ་རུང་བ་གཉིས་ཀྱིས་བཟུང་བའི་ཇི་སྐད་བཤད་པའི་སྲད་བུས་
ཐིག་འདེབས་སུ་བཅུག་སྟེ་འདྲིར་གཞུག་པའོ། །ཉིད་ཀྱི་སྐུའི་དཀྱིལ་འཁོར་གནས་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་སྐུ་ཡི་ཡོན་ཏན་སྐྱེད། །ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དང་། སངས་རྒྱས་སྤྱན་ཕབ་པ་དང་ལྡན་པའི་སྣོད་དུ་རུང་བ་གཉིས་ཀྱིས་བྲིས་པ་ནི་དེའི་གོ་
འཕང་འཐོབ་པར་བྱེད་པ་ཡིན་པའོ། །རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས། །ཞེས་བྱ་བ་ནི་ཇི་སྐད་བཤད་པའི་འོད་དཔག་ཏུ་མེད་པའོ། །དེ་ཉིད་རིག་པ་གོས་དཀར་མོའི་བདག་པོ་ཡིན་པས་ན་རིག་པའི་བདག་པོའོ། །དེ་དབབ་པར་བྱ་ཞེས་བྱ་བ་ནི་དཀར་མོའི་ཞེས་བྱ་བ་དང་ལྡན་པའི་དཀྱིལ་འཁོར་བྲི་བའི་
ཕྱིར་ཇི་སྐད་བཤད་པའི་སྣོད་དུ་རུང་བ་གཉིས་པའོ། །དེ་དབུས་འཁོར་ལོ་ཆེན་པོ་ནི། །ཞེས་བྱ་བ་ནི་འདས་མ་ཐག་པ་ལྟ་བུའི་ནང་གི་དཀྱིལ་འཁོར་ཏེ། འོན་ཀྱང་པདྨའི་ཀ་བ་བརྒྱད་ཀྱིས་བརྒྱན་ཞིང་པདྨའི་ཕྲེང་བས་ཀུན་ནས་བསྐོར་བའོ། །ཕྱག་རྒྱ་ཐམས་ཅད་ཅེས་བྱ་བ་ནི་སྒྲུབ་ཐབས་

ལས་བཤད་པའི་མཚན་ཉིད་ཅན་དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའོ། །ཆོ་ག་བཞིན་དུ་བྲི་བར་བྱ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཡི་དབུས་སུ་གཞག་པར་བྱ། །ཞེས་བྱ་བ་ནི་སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་སའི་ཆ་ལ་སྣ་ཚོགས་པདྨའི་
སྟེང་དུ་པདྨ་དམར་པོ་ལ་བཞུགས་པའི་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཆེན་པོ་དང་། དེ་ཁོ་ན་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་རྣམས་ལ་ནི་ཕྱག་མཚན་གྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་གནས་རྣམས་སུ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་སངས་རྒྱས་སྤྱན་བཞིན་
དུ་གོས་དཀར་མོར་རྣམ་པར་བསྒོམས་པའི་གར་མཁན་གྱི་བུ་མོའི་གཟུགས་ལོ་ཉི་ཤུ་ལོན་པའོ། །རྡོ་རྗེའི་གནས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བཤད་ཟིན་ཏོ། །ཡོངས་སུ་གསལ་བར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གསལ་བར་རོ། །ཆོ་ག་བཞིན་ཞེས་བྱ་བ་ལ་སོགས་པ་ནི་
འདི་སྐད་དུ་བསྟན་པ་ཡིན་ཏེ། ཐུགས་རྡོ་རྗེའི་སྒྲུབ་པ་དང་དམ་ཚིག་གི་དཀྱིལ་འཁོར་དག་ལས་གང་ཡང་རུང་བའི་ཆོ་ག་བཞིན་དུ་གསུང་གི་དཀྱིལ་འཁོར་མངོན་པར་བྲིས་ལ་དེ་ཁོ་ན་བཞིན་དུ་ལྷ་རྣམ་པར་དགོད་པ་སྔོན་དུ་འགྲོ་བ་ཅན་གྱིས་དེའི་དབུས་ཀྱི་གདན་ལ་གནས་པ་རྡོ་རྗེ་འཆང་ཆེན་
པོའི་རྣལ་འབྱོར་དང་ལྡན་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའི་རྗེས་ཐོགས་ལ། ཇི་སྐད་བཤད་པའི་གར་མཁན་གྱི་བུ་མོ་དེ་ཁོ་ན་བཞིན་དུ་ཀུན་དུ་བཟང་མོར་བྱིན་གྱིས་བརླབས་ནས། དེ་དང་ལྷན་ཅིག་ཤིན་ཏུ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་ཐུག་པའི་དང་པོའི་སྦྱོར་བའི་ཏིང་
ངེ་འཛིན་རྫོགས་པར་བྱས་ཏེ། དེའི་པདྨ་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་ལས། ཨཱ་རོ་ལྀཀ་ཅེས་བྱ་བའི་སྙིང་པོ་ལས་བྱུང་བ་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པའི་གསུང་རྡོ་རྗེའི་སྐུ་ཕྱུང་ལ། དེ་འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་འདུལ་
དུ་བཅུག་སྟེ། དེ་ཀུན་ནས་རང་གི་ལུས་ལ་བཅུག་སྟེ། བདག་ཉིད་གོས་དཀར་མོ་དང་ལྡན་པའི་གསུང་རྡོ་རྗེར་རྣམ་པར་བསམས་ལ། དཀྱིལ་འཁོར་གྱི་འཁོར་ལོ་ཀུན་དུ་བསྒྲུབས་ཏེ། ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་རྣམས་ཀྱིས་ལྷའི་འཁོར་ལོ་ཕྱུང་ལ་གནས་ཇི་ལྟ་བ་

བཞིན་དུ་གནས་པ་རྣམས་ལ་བཅུག་སྟེ། དེ་ཁོ་ན་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་རྗེས་སུ་བཅུག་ལ། རྣལ་འབྱོར་ཆེན་པོ་ལ་གནས་པར་བྱས་ནས། ཤིན་ཏུ་རྣལ་འབྱོར་ལ་གནས་པ་ལ་དབང་བསྐུར་ཏེ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀུན་དུ་
མཆོད་ལ། ཇི་སྐད་བཤད་པའི་བདུད་རྩི་ལྔས་དཀྱིལ་འཁོར་པ་མཆོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལྷ་ཐམས་ཅད་ཀྱི་ཐུན་མོང་གི་སྒྲུབ་པ་དང་། དམ་ཚིག་གི་དཀྱིལ་འཁོར་
དག་གི་ངེས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་སྤྲིན་རྡོ་རྗེ་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ཚོགས་ནི་དཀྱིལ་འཁོར་དུ་ཡང་དག་པར་དགོད་པ་ལ་སོགས་པའི་བྱ་བའི་རང་བཞིན་ཏེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་
ཅེས་བྱ་བ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ནི་རྣམ་པར་བཤད་ཟིན་ཏོ། །རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའོ། །གཟུགས་ནི་དབུས་སུ་ལེགས་བྲིས་པ། ཞེས་བྱ་བ་ནི། ཐུགས་དང་སྐུ་དང་གསུང་གི་དཀྱིལ་འཁོར་
ཇི་སྐད་བཤད་པའི་ཚད་ལ་སོགས་པའི་མཚན་ཉིད་ཅན་རྣམས་ལས་གང་ཡང་རུང་བའི་དབུས་བདག་པོའི་གནས་སུ། གཟུགས་ཀུན་དུ་བྲིས་པའི་དཀྱིལ་འཁོར་དེ་ནི་དེ་དང་འབྲེལ་པར་འགྱུར་རོ། །དེ་ལ་གང་གི་ཚེ། ཐུགས་ཀྱི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་འགོད་པར་བྱེད་པ་དེའི་ཚེ།
དབུགས་ཀྱི་སའི་ཆ་དཀར་པོ་དང་། སྐུ་རྡོ་རྗེའི་གནས་སུ་སའི་ཆ་སྔོན་པོ་ལ་མི་བསྐྱོད་པ་དགོད་པར་བྱའོ། །དེ་བཞིན་དུ་དབུས་ཀྱི་སའི་ཆ་སེར་པོ་དང་། དམར་པོ་དང་། ལྗང་གུ་ལ་གོ་རིམས་བཞིན་དུ། དཀོན་མཆོག་དཔལ་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་རྣམས་
བཀོད་དེ། དེ་དང་དེའི་དབུས་སུ་དེ་ཁོ་ན་བཞིན་དུ་མི་བསྐྱོད་པ་དགོད་པར་བྱའོ། །མཱ་མ་ཀཱི་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་དགོད་པའི་དུས་སུ་ནི། དབུས་ཀྱི་སའི་ཆ་སྔོན་པོ་དང་རང་གི་གནས་སུ་དེ་དང་མཚུངས་པ་ཉིད་ཀྱི་གཟུགས་གཉིས་པ་དགོད་པར་བྱའོ། །འཕགས་པ་འཇམ་

དཔལ་ལ་སོགས་པ་ཕྱི་རོལ་གྱི་དཀྱིལ་འཁོར་པ་རྣམས་སམ། རྒྱུད་གཞན་དང་གཞན་ལས་གསུངས་པའི་ལྷ་རྣམས་ནི་དབུས་སུ་འདས་མ་ཐག་པ་བཞིན་དུ་དགོད་པར་བྱ་བའོ། །མི་བསྐྱོད་པ་ནི་མཱ་མ་ཀཱིའི་བདག་པོ་ཡིན་པའི་ཕྱིར་རང་ལ་འདུས་སོ། །དེ་བཞིན་དུ་སྐུའི་དཀྱིལ་འཁོར་ལ་ཐུགས་
རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་འགོད་པའི་དུས་སུ་ནི་དབུས་ཀྱི་ཆ་ཁ་དོག་ནི། སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་ཡིན་ཞིང་ཐུགས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སུ་ནི་སའི་ཆ་དཀར་པོ་ལ་བཞུགས་པའི་རྣམ་པར་སྣང་མཛད་དགོད་པར་བྱའོ། །
དེ་བཞིན་དུ་སྤྱན་ལ་སོགས་པ་འགོད་པ་ན་དབུས་ཀྱི་སའི་ཆ་དཀར་པོ་དང་སྐུ་རྡོ་རྗེ་འདུ་བར་ཤེས་པར་བྱའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་ཡང་འདས་མ་ཐག་པ་བཞིན་དུ་རང་དང་རྗེས་སུ་མཐུན་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་
གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་ཇི་སྐད་བཤད་པའི་དཀྱིལ་འཁོར་གསུམ་བསྒྲུབ་པའོ། །གཞན་ནི་བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཐམས་ཅད་ཀྱི་འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་
འབྲེལ་པ་རྣམས་ཏེ། ཏིང་ངེ་འཛིན་གང་ལ་དེ་རྣམས་འབྱུང་བ་རྡོ་རྗེ་སྟེ་སྐྱེ་བ་མི་ཕྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་ཞིང་དེ་ལ་སྙོམས་པར་ཞུགས་ནས་སོ། །འདི་ཞེས་བྱ་བའི་མཚན་ཉིད་ནི་བཤད་ཟིན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་
དཀྱིལ་འཁོར་ནི། རྡོ་རྗེའི་དཀྱིལ་འཁོར་ཏེ། དེ་ཐིག་གདབ་པའི་ཕྱིར་སྣོད་དུ་རུང་བ་གཉིས་སྐྱེད་པའི་ས་བོན་ཤེས་པ་དང་སྐྱོབ་པའི་རང་བཞིན་ཅན་འདོད་པའི་འབྲས་བུ་ཐོབ་པར་བྱེད་པ་རྣམས་ཉིད་ནི་སྔགས་ཀྱི་སྙིང་པོའི་ཐིག་གི་ཡི་གེ་རྣམས་སོ། །དེ་ལ་ཐུགས་རྡོ་རྗེ་བསྒྲུབ་པའི་དཀྱིལ་
འཁོར་བྲི་བའི་ཕྱི་རོལ་དུ་བཅུ་གཉིས་ལོན་པའི་ཁྱེའུ་དང་བུ་མོ་དང་ཡི་གེ་ཧཱུཾ་གིས་མི་བསྐྱོད་པ་དང་མཱ་མ་ཀཱིར་བསྐྱེད་པར་བྱའོ། །དེ་བཞིན་དུ་ཡི་གེ་ཨོཾ་གྱིས་རྣམ་པར་སྣང་མཛད་དང་སྤྱན་དང་། དེ་བཞིན་དུ་ཡི་གེ་ཨཱཿཡིས་འོད་དཔག་ཏུ་མེད་པ་དང་གོས་དཀར་མོར་བསྐྱེད་ལ། དེ་དག་

དཀྱིལ་འཁོར་ཏེ་ཇི་སྐད་བཤད་པའི་སྲད་བུས་ཐིག་འདེབས་སུ་བཅུག་ལ་འདྲིར་གཞུག་སྟེ། རང་ཉིད་ཀྱིས་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར། སྔགས་ཀྱི་སེམས་དཔས་མི་བྱ་སྟེ། །ཞེས་བྱ་བ་གསུངས་ཏེ། གང་ལ་སྔགས་ཀྱིས་བྱིན་གྱིས་
བརླབས་པའི་སེམས་དཔའ་སྟེ། སེམས་ཡོད་པ་དེ་ནི་སྔགས་ཀྱི་སེམས་དཔའ་སྟེ། ཕྲ་མོའི་རྣལ་འབྱོར་ལ་སོགས་པ་བསྒོམ་པ་ལ་སོགས་པའི་སྒོ་ནས་མཐུ་ཐོབ་པ་དེས་སོ། །རང་གིས་བྱས་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར། བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་བྱ་བ་གསུངས་
སོ། །སྒྲུབ་པའི་དཀྱིལ་འཁོར་ལ་རང་ཉིད་ཀྱིས་ཐིག་གདབ་པ་ལ་སོགས་པ་བཀག་པ་ཡིན་གྱི། དམ་ཚིག་གི་དཀྱིལ་འཁོར་ལ་ནི་མ་ཡིན་ཏེ། ཐིག་གདབ་པ་ཡི་ཆོ་ག་འདི། །བདག་ཉིད་གང་ཚེ་སྤྱོད་པ་ན། །ཞེས་འཆད་པར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ཞེས་བྱ་བ་ནི་གང་
གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ནའོ། །དམ་ཚིག་ཚུལ་ཤེས་པས་ཏེ་སྒྲུབ་པ་པོས་སོ། །སྔགས་ཀྱི་ལྷ་རྣམས་ཕབ་ནས་སུ། །ཞེས་བྱ་བ་ནི། བཤད་མ་ཐག་པའི་ཡི་གེ་ཧཱུཾ་ལ་སོགས་པས་བསྐྱེད་པ་རང་གི་རིག་མ་དང་ལྡན་པའི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཅན་གཉིས་པོ་རྣམས་ལ་
སྔ་མ་བཞིན་དུ་ཡེ་ཤེས་ཀྱི་ལྷ་གཉིས་དབབ་པར་བྱའོ། །བྱིན་གྱིས་བརླབ་པའི་གནས་བསྒོམས་ལ། །ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་ཐུག་པར་བྱས་ལ། རིམ་པ་ཡང་སྔ་མ་བཞིན་དུ་མངོན་པར་འདུས་
བྱའོ། །དཀྱིལ་འཁོར་རྣམས་ནི་རྣམ་པར་བརྟག །ཅེས་བྱ་བ་ནི། ཐུགས་རྡོ་རྗེ་ལ་སོགས་པའི་སྒྲུབ་པའི་དཀྱིལ་འཁོར་རྣམས་བརྟག་པའོ། །དབབ་པར་བྱ་བའི་ལྷ་ཉིད་ནི། །རྒྱལ་ཆེན་རྣམ་པར་སྣང་མཛད་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུའི་དཀྱིལ་འཁོར་ཏ