Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 38

Văn bản gốc(Tây Tạng)

Trang 5 / 16 (50.000 ký tự/trang)
ོ་ནས་སྤྱིར་བོས་པའི་ཚིག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བརྗོད་པའི་དོན་ཏོ། །ཡོན་ཏན་གནས་ཞེས་བྱ་བ་ནི་ཁྱེད་ཀྱིས་ཞུས་ནས་ངེད་ཀྱིས་བཤད་པའི་རྒྱུད་དམ། རྒྱུད་ཀྱི་དོན་འདི་ནི་འཇིག་རྟེན་དང་འཇིག་
རྟེན་ལས་འདས་པ་དང་། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྒྱུད་ལ་མངའ་བའི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་ནོ་ཞེས་ཀྱང་བསྟན་ལ། ཆེ་བའི་ཡོན་ཏན་དེ་དག་དང་ལྡན་པའི་རྒྱུད་འདི་འབྱུང་བའི་གནས་ནི་ཁྱེད་ཞུ་བ་པོ་དང་། ངེད་སྟོན་པ་པོ་
གཉིས་ཀ་ཡིན་པས་ཞུས་པའི་ཆེད་དུ་བཤད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཞིང་གནང་བ་བྱིན་པ་དེ་མ་ཐག་ཏུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་དག་ཐམས་ཅད་སེམས་
རབ་ཏུ་དགའ་བ་སྐྱེས་ནས་དེའི་རྟགས་སྔོན་ལེགས་པར་སྦྱངས་ཤིང་སྤྱད་པ་ལས་གྲུབ་པའི་འབྲས་བུ་སྤྱན་པདྨའི་འདབ་མ་རངས་པ་ལྟ་བུ་ཟམ་ཟིམ་ཙམ་དུ་ཕྱེ་བ་མ་ཡིན་གྱི། ལེགས་པར་གདངས་ཏེ་མིག་མི་འཛུམས་པར་འབད་ནས་ཞལ་དུ་བལྟ་བ་ནི་སྤྱན་རྒྱས་པ་ཞེས་བྱ་སྟེ། དེ་ལྟར་བལྟས་
ནས་ཡང་དང་ཡང་དུ་ཞེས་བྱ་བ་ནི་བསྣན་པའི་དོན་ཏེ། ལན་གསུམ་དུ་ཕྱག་འཚལ་བ་ཡིན་ལ་སྔ་མ་ལས་མི་འདྲ་བའི་མཚན་ཉིད་དུ་སྟོན་པ་སྟེ། ལུས་ཀྱིས་ཕྱག་འཚལ་བའི་དུས་ན་ངག་དང་སེམས་ཀྱི་སྒོ་ནས་ཀྱང་ཕྱག་འཚལ་བར་བསྟན་པ་ཡིན་ཏེ། ལུས་གུས་པ་དང་། ངག་སྲི་ཞུ་དང་།
སེམས་དད་པ་བསྐྱེད་པ་ཡིན་ནོ། །གསུམ་དུ་ན་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཟབ་མོའི་སྒོ་ནས་མི་གཉིས་པའི་འདུད་པ་བསྐྱེད་པར་བསྟན་པ་ཡིན་ཏེ། དེ་ལྟར་ཕྱག་འཚལ་ནས་ཐེ་ཚོམ་ཟ་བའི་དོན་རྣམས་རིམ་པར་ཞུས་ལ། དེ་ནས་གསང་བ་ཇི་ལྟར་ལགས། །ཞེས་བྱ་བ་ལ་སོགས་

པ་ནས། དཀྱིལ་འཁོར་ཀུན་གྱི་རྣལ་འབྱོར་པས། །བཀའ་ནི་ཇི་ལྟར་སྩལ་བར་བགྱི། །ཞེས་བྱ་བའི་བར་དུ་ཞུས་ཚིག་ལྔ་བཅུ་རྩ་དྲུག་འབྱུང་སྟེ། དེ་ལ་ཞེས་བྱ་བ་ནི་སྔར་གོང་དུ་རྩ་བའི་རྒྱུད་ལེའུ་ཕྱེད་དང་བཅོ་བརྒྱད་གསུངས་པ་དེ་ལ་ཞེས་བསྙགས་པའི་ཚིག་སྟེ།
གསང་བ་ཞེས་བྱ་ཇི་ལྟར་ལགས། །ཞེས་བྱ་བ་ནི། སྒྱུ་འཕྲུལ་ལས་ནི། རང་བཞིན་དང་། གབ་པ་དང་། སྦས་པ་དང་། མི་བསྟན་པའི་གསང་བ་ཞེས་འབྱུང་། གསང་བའི་གཞུང་གཞན་ལས་ནི་རང་བཞིན་གྱིས་གསང་བ་དང་། རྒྱུད་མ་འདྲེས་པས་གསང་བ་དང་། ལུང་མེད་པས་གསང་
བ་དང་། སྣོད་མ་ཡིན་པས་གསང་བ་ཞེས་འབྱུང་། སྦྱོར་བའི་རྒྱུད་ལས་ནི་ལཱ་སྱ་ལ་སོགས་པའི་ལྷ་མོ་བཞི་ལ་གསང་བ་ཞེས་བཤད། གདན་བཞི་པ་ལས་ནི་ཐབས་དང་ཤེས་རབ་ལ་གསང་བ་ཞེས་བཤད་པ་མཆིས་ན། རྒྱུད་འདིའི་སྐབས་སུ་ནི་གང་ལ་བགྱི་ཞེས་ཞུས་པ་ནི་དང་པོའོ། །འདུས་
པ་ཡང་ཚིག་འདུས་པ་དང་། དོན་འདུས་པ་དང་། རང་བཞིན་འདུས་པ་ཞེས་བཤད་པ་མཆིས་ན་འདིའི་གནས་སྐབས་སུ་ཇི་ལྟར་ན་ནི་འདུས་ཞེས་བགྱི་བ་ལགས་ཞེས་ཞུས་པ་ནི་གཉིས་པའོ། །གསང་སྔགས་ཐམས་ཅད་ཀྱི་རྒྱུད་དཀྲུགས། །ལུང་གཅུས། མན་ངག་སྦས་ཞེས་གསུངས་ན་འདིའི་
སྐབས་སུ་དཀྱུས་ཇི་ལྟ་བ་བཞིན་དུ་དྲང་ཐད་དུ་རིམ་པར་སྟོན་པ་ལགས་སམ། རྒྱུད་ཀྱི་མཚན་ཉིད་དཀྲུགས་ཏེ་འདུག་པའི་དོན་གྱི་འབྲེལ་བ་མན་ངག་གིས་རིམ་པར་སྦྲེལ་ནས་སྟོན་པ་ལགས་ཞེས་ཞུས་པ་ནི་གསུམ་པའོ། །ཞི་གནས་དང་། ལྷག་མཐོང་དང་། མཚན་མ་དང་མཚན་མ་མེད་པ་དང་། ཐབས་
དང་ཤེས་རབ་བམ། ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པ་ལས་སྦྱོར་བ་ཞེས་མཆི་བ་མཆིས་ན་རྒྱུད་འདིའི་བཞེད་ཀྱིས་སྦྱོར་བ་ཞེས་བགྱི་བའི་དོན་ཇི་ལྟར་ལགས་ཞེས་ཞུས་པ་ནི་བཞི་པའོ། །རྒྱུད་ཅེས་བགྱི་བ་ཁ་ཅིག་ལས་ནི་དཀྲུགས་པའི་མཚན་ཉིད་ཅན་ལས་རྒྱུད་ཅེས་བགྱི་བར་བཤད།
ཁ་ཅིག་ལས་ནི་རྒྱུད་མ་ཆད་པ་ལས་རྒྱུད་ཅེས་བཤད། ཁ་ཅིག་ལས་ནི་བརྒྱུད་པའི་ཕྱིར་ན་རྒྱུད་ཅེས་བཤད་པ་མཆིས་ན། འདིའི་སྐབས་སུ་རྒྱུད་ཅེས་བྱ་བའི་དོན་དང་། མཚན་ཉིད་ཇི་ལྟ་བུ་ལགས་ཞེས་པ་ནི་ལྔ་པའོ། །དེ་ཁོ་ན་ཉིད་ཀྱང་སྦྱོར་བའི་རྒྱུད་སཾ་གྲ་ཧ་ལས་ནི། སུམ་ཅུ་རྩ་བདུན་

དང་། བཅུ་དྲུག་དང་། བཞི་དང་། གསུམ་དང་། གཉིས་ཁོ་ནར་བཤད། གསང་བ་སྙིང་པོ་ལས་ནི་གསུམ་དུ་འབྱུང་། །སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་ནི་བཅུར་བཤད། ཟླ་གསང་ལས་ནི་བདག་དང་ལྷ་དང་སྔགས་དང་ཕྱག་རྒྱ་ཞེས་བཤད་ན། རྒྱུད་འདི་ལས་དེ་ཁོ་ན་ཉིད་རྣམ་པ་དུ་
ཡོད་པར་གསུངས་ཞེས་ཞུས་པ་ནི་དྲུག་པའོ། །གསང་བ་ཞེས་བྱ་བ་ཡང་སྦྱོར་བའི་རྒྱུད་ལས་དམ་ཚིག་ལས་གསང་བར་བཤད། ཐེག་པ་འདིའི་ལུགས་ཀྱིས་ནི་ཐབས་དང་ཤེས་རབ་ཞལ་སྦྱོར་བ་དང་རྡོ་རྗེ་པདྨ་ལས་གཞག་པ་ལ་ཡང་གསང་བ་ཞེས་བཤད། ཐེག་པ་སྤྱིའི་ལུགས་ལས་ནི་
སྐུ་གསུང་ཐུགས་ལའང་སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་བཤད་ན་དེ་འདི་ལས་གསང་བ་རྣམ་པ་དུ་ཡོད་པར་བཞེད། གང་ཁོ་ན་ལ་གསང་བ་ཞེས་ཞུས་པ་ནི་བདུན་པའོ། །སྦྱོར་བའི་རྒྱུད་ལས་ནི་རབ་ཏུ་གསང་བ་ཞེས་མཆོད་པ་བཞི་དང་བཅུ་དྲུག་ལ་མཆི་བ་མཆིས། ཐེག་པ་འདིའི་
གཞུང་ལས་ཡང་གསང་བ་ཆེན་པོ་ཞེས་བཤད། རྒྱུད་འདི་གསང་བ་དང་། གསང་ཆེན་དང་། དམ་པ་གསུམ་དུ་གླེང་བའི་འབྲས་བུ་འདུས་པའི་ཆོས་ཡིན་ཞེས་གསུངས་ན། འདི་ལས་གསང་བ་དུ་སྟོན་ཞེས་བྱ་བ་ནི་བརྒྱད་པའོ། །གསང་བ་ཞེས་བཤད་པའི་སྒྲ་ཡང་མང་དུ་
གསུངས་ན། གསང་ཆེན་ཞེས་བཤད་པ་གསང་བ་དང་ཁྱད་པར་མཆིས་སམ་མ་མཆིས་ཇི་ལྟར་ལགས་ཞེས་ཞུས་པ་ནི་བཤད་པའོ། །དམ་པ་ཞེས་བགྱི་བ་ནི་མཆོག་ལ་བགྱི་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉི་ག་ལ་མཆི་ན་འདིའི་གནས་སྐབས་སུ་གང་ལ་འཚལ་
བ་བགྱི་ཞེས་ཞུས་པ་ནི་དགུ་པའོ། །བྱང་ཆུབ་སེམས་ཀྱང་དོན་དམ་པ་དང་། ཀུན་རྫོབ་དང་། གསང་བའི་ས་བོན་གསུམ་ལ་ཁྱད་པར་མཆིས་སམ་མ་མཆིས། དམ་ཚིག་རྡོ་རྗེའམ། བྱམས་པ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ཞེས་མཆི་ན་གང་ལ་བགྱི། འདིའི་དོན་
ཇི་ལྟར་ལགས་ཞེས་ཞུས་པ་ནི་བཅུ་པའོ། །རིག་པའི་སྐྱེས་བུ་ཞེས་བགྱི་བ་ནི་ཡེ་ཤེས་ལས་འཁྲུངས་ཤིང་འབྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་ཕོ་མོ་ཀུན་ལ་ཡང་བགྱི་ན་འདིའི་ལེའུ་དང་པོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་ཀྱང་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུའི་གཟུགས་ཞེས་གསུངས་ན། འདི་དག་གཅིག་གམ་སོ་སོ་དོན་ཇི་ལྟ་བུ་ལ་ཤེས་པར་བགྱི་ཞེས་ཞུས་པ་ནི་བཅུ་གཅིག་པའོ། །ལེའུ་དང་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཤད་པ་
ལས་གསང་བའི་དཀྱིལ་འཁོར་ནས་ཕྱིའི་དཀྱིལ་འཁོར་དུ་སྤྱན་འདྲེན་པའི་སྐབས་སུ་སྔགས་བཛྲ་དྷྲྀཀ་ཅེས་བརྗོད་པའི་དོན་ཇི་ལྟ་བུ་ལགས་ཞེས་ཞུས་པ་ནི་བཅུ་གཉིས་པའོ། །དེ་བཞིན་དུ་ཛི་ན་ཛིཀ་གིས་རྣམ་པར་སྣང་མཛད་གདོན་པ་ནི་བཅུ་གསུམ་པའོ། །རཏྣ་དྷྲྀཀ་གིས་རིན་ཆེན་འབྱུང་ལྡན་
སྤྱན་དྲང་བ་ནི་བཅུ་བཞི་པའོ། །ཨཱ་རོ་ལྀཀ་གིས་སྣང་བ་མཐའ་ཡས་སྤྱན་དྲང་བ་ནི་བཅོ་ལྔ་པའོ། །པྲཛྙཱ་དྷྲྀཀ་གིས་དོན་ཡོད་གྲུབ་པ་སྤྱན་དྲང་བ་ནི་བཅུ་དྲུག་པའོ། །སྔགས་འདི་རྣམས་མ་བརྗོད་པར་སྤྱན་དྲང་བ་དང་། བརྗོད་ནས་སྤྱན་དྲང་བ་ལ་ཁྱད་པར་དང་བྱེ་བྲག་མཆིས་སམ་མ་མཆིས། སྤྱན་
དྲང་བ་དང་བཟླས་པ་གཉི་གའི་སྔགས་དང་སྙིང་པོ་ལགས་སམ་མ་ལགས་ཞེས་ཞུས་པ་ནི་བཅུ་དྲུག་པའོ། །བྱ་བའི་རྒྱུད་ལས་ནི། མགྲིན་པ་དང་། སྙིང་ག་དང་། རྐེད་པ་ནས་འབྱུང་བ་ལ་རིགས་ཞེས་མཆི། སྦྱོར་བའི་རྒྱུད་ལས་ནི་གང་དེ་བཞིན་གཤེགས་པའི་སྙིང་པོ་ལས་འབྱུང་བ་ནི་དེ་བཞིན་
གཤེགས་པའི་རིགས་སོ་ཞེས་བྱ་བ་ལ་སོགས་པར་བཤད་ན། ཐེག་པ་འདིའི་གཞུང་གིས་ནི་རིགས་ལྔའི་ཞེས་བཤད་ན་རྒྱུད་འདིའི་གནས་སྐབས་སུ་རིགས་ནི་རྣམ་པ་དུར་བཞེད། རིགས་ཀྱི་ངོ་བོ་ནི་དངོས་སུ་ཇི་ལྟ་བུ་ལ་བགྱི་ཞེས་ཞུས་པ་ནི་བཅུ་བདུན་པའོ། །མཚན་ཉིད་ཀྱི་ཐེག་པའམ། ཆོས་
སྤྱིའི་ལུགས་ཀྱིས་ནི་གཏི་མུག་ཅེས་བགྱི་བ་ནི་འདོད་པའི་ཁམས་ན་སྤྱོད་པའི་རྒྱུ་དང་འབྲས་བུ་དང་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་ཤིང་མི་ཤེས་པ་ལ་བགྱི་ན་འདིའི་སྐབས་སུ་གཏི་མུག་ཅེས་བགྱི་བ་ཇི་ལྟར་ལགས་ཞེས་ཞུས་པ་ནི་བཅོ་བརྒྱད་པའོ། །ཞེ་སྡང་ཞེས་བགྱི་བ་ནི་མནར་སེམས་ཀྱི་དངོས་
པོ་དགུ་དང་ལྡན་པས་ཕ་རོལ་ལ་སེམས་ཐོགས་པ་ལ་བགྱི་ན་འདིའི་གནས་སྐབས་སུ་ཇི་ལྟ་བུ་ལ་བགྱི་བ་ལགས་ཞེས་ཞུས་པ་ནི་བཅུ་དགུ་པའོ། །ང་རྒྱལ་ཞེས་བགྱི་བ་འཇིག་ཚོགས་ལ་བདག་དང་བདག་གིར་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་ང་རྒྱལ་བདུན་གྱི་ངོ་བོར་གནས་ཏེ། ཆུང་ངུ་

བས་བདག་ཆེ་ལ་ཆེ་བ་དང་བདག་མཚུངས་པའོ་སྙམ་པ་ལ་སོགས་པ་ལ་བགྱི་ན། འདིའི་སྐབས་སུ་ཇི་ལྟ་བུ་ལ་བགྱི་བ་ལགས་ཞེས་ཞུས་པ་ནི་ཉི་ཤུ་པའོ། །འདོད་ཆགས་ཞེས་བགྱི་བ་འདོད་པ་དང་འདུན་པ་བསྐྱེད་པ་ཁམས་གསུམ་གྱི་ལུས་དང་ལོངས་སྤྱོད་ལ་ཆགས་པ་ལ་བགྱི་ན། འདིའི་
སྐབས་སུ་ཇི་ལྟ་བུ་ལ་བགྱི་བ་ལགས་ཞེས་ཞུས་པ་ནི་ཉི་ཤུ་གཅིག་པའོ། །ཕྲག་དོག་ཅེས་བགྱི་བ་གཞན་གྱི་ཕུན་སུམ་ཚོགས་པ་དག་བདག་ལ་ཡོད་ལ། གཞན་ལ་མེད་པའམ་ཡང་ན་མཉམ་པར་གྱུར་ན་སྙམ་ནས་སེམས་འཁྲུགས་པ་ལ་བགྱི་ན། འདིའི་སྐབས་སུ་ཇི་ལྟ་བུ་ལ་བགྱི་བ་ལགས་
ཞེས་ཞུས་པ་ནི་ཉི་ཤུ་གཉིས་པའོ། །རྡོ་རྗེའི་སྔགས་ནི་ཇི་ལྟར་ལགས་ཞེས་པ་ནི་སྐུ་གསུང་ཐུགས་རྡོ་རྗེ་དང་། དེ་བསྐྱེད་པའི་སྔགས་ནི་ཇི་ལྟ་བུ་ལགས་ཞེས་པའམ། །གཉིས་སུ་ན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ལྟ་བུ་ལས་སྐྱེས་པའི་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་བསྐྱེད་པ་དང་བཟླས་པའི་སྔགས་
ནི་ཇི་ལྟ་བུ་ལགས་ཞེས་ཞུས་པ་ནི་ཉི་ཤུ་གསུམ་པའོ། །གཞུང་གཞན་ལས་ནི་འགྱོད་པ་མེད་པ་ལ་དགའ་བ་ཞེས་མཆི། འདི་ལས་ནི་ཞེ་སྡང་དགའ་མ་ཞེས་བྱ་བ་ལ་སོགས་པར་ཡང་གསུངས་ན། འདིའི་སྐབས་སུ་དགའ་མ་ཞེས་བྱ་བའི་དོན་ཇི་ལྟ་བུ་ལགས་ཞེས་ཞུས་པ་ནི་ཉི་ཤུ་བཞི་པའོ། །རྒྱུད་
ཡོངས་ཀྱི་མཚན་ཉིད་ཀྱིས་ནི་གླེང་གཞི་ལ་ཕུན་སུམ་ཚོགས་པ་ཞེས་མཆི། དེ་བཞིན་དུ་རིགས་དང་དཔལ་དང་འབྱོར་པ་ལ་སོགས་པ་ཀུན་ལ་ཡང་ཕུན་སུམ་ཚོགས་པ་ཞེས་བྱ་བའི་སྒྲར་འཇུག །འདིར་ལེའུ་དང་པོ་ལས་ཀྱང་དེ་བཞིན་གཤེགས་པའི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ཞེས་
གསུངས་ན། འདིའི་སྐབས་སུ་ཕུན་སུམ་ཚོགས་པ་ཞེས་བགྱི་བ་ཇི་ལྟར་བཤད་ཅེས་ཞུས་པ་ནི་ཉི་ཤུ་ལྔ་པའོ། །འདི་ལ་ཁྲོ་བ་ཆེན་པོ་བཅུ་འབྱུང་བ་ལ་ལེའུ་དང་པོར་ཁྲོ་བོ་བཞི་སྨོས་པའི་མཚན་གཤིན་རྗེ་མཐར་ཕྱིན་ཞེས་པའི་དོན། ཅིའི་ཕྱིར་གཤིན་རྗེ་མཐར་ཕྱིན་ཞེས་བྱ་བ་ལགས་ཞེས་ཞུས་པ་ནི་ཉི་
ཤུ་དྲུག་པའོ། །ཤེས་རབ་མཐར་ཕྱིན་ཞེས་བྱ་བ་དོན་ཇི་ལྟ་བུ་ལགས་ཞེས་ཞུས་པ་ནི་ཉི་ཤུ་བདུན་པའོ། །རྟ་མགྲིན་ལ་པདྨ་མཐར་ཕྱིན་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས་ཞེས་ཞུས་པ་ནི་ཉི་ཤུ་བརྒྱད་པའོ། །བདུད་རྩི་འཁྱིལ་པ་ལ་བགེགས་མཐར་ཕྱིན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས་

ཞེས་ཞུས་པ་ནི་ཉི་ཤུ་དགུ་པའོ། །ཕྱོགས་བཅུ་དུས་བཞིའི་མགོན་པོ་ཀུན་གྱིས་སམ། དཀྱིལ་འཁོར་འདིའི་མགོན་པོ་རྣམས་ཀྱིས་དུས་དང་གནས་སྐབས་ཀུན་དུ་འགྲོ་བ་རྣམས་ཀྱི་དོན་སྤྱོད་པའི་ཚུལ་དང་རྣམ་པ་ཇི་ལྟར་སྤྱོད་པ་ལགས་ཞེས་ཞུས་པ་ནི་སུམ་ཅུ་པའོ། །
སྔགས་སྤྱོད་པའམ་སྔགས་ཀྱི་སྤྱོད་པ་དུར་ཁྲོད་ཀྱི་རྒྱན་ཆ་ཐོགས་ནས་དྲག་ཤུལ་གྱི་སྤྱོད་པས་སྒྲུབ་ཅེས་མཆི་ན་སྒོ་གསུམ་སྦྱོར་བ་ཇི་ལྟར་བགྱིས་ལ་སྤྱད་པར་བགྱི་ཞེས་ཞུས་པ་ནི་སུམ་ཅུ་གཅིག་པའོ། །བཟླས་བརྗོད་བགྱི་བའི་ཐབས་ཀྱང་རྡོ་རྗེ་བཟླས་པ་འབའ་ཞིག་ཏུ་བྱ་ཞེས་ཀྱང་མཆི། རིགས་བཞིའི་བཟླས་
བརྗོད་པ་ལ་སོགས་པར་ཡང་གསུང་ན་ཐབས་ཇི་ལྟར་འཚལ་བར་བགྱི་ཞེས་ཞུས་པ་ནི་སོ་གཉིས་པའོ་ཞེས་བྱ་བའི་སྒྲས་ཕྱག་རྒྱ་ལ་རྒྱས་འདེབས་པ་ཞེས་མཆི་བ་མཆིས་ན། འདིའི་སྐབས་སུ་རྒྱས་འདེབས་ཞེས་བགྱི་བའི་དོན་ཇི་ལྟར་འཚལ་བར་བགྱི་ཞེས་ཞུས་པ་ནི་སོ་གསུམ་པའོ། །གཞུང་གཞན་
ལས་ཆོས་ཀྱི་དབྱིངས་དང་དེ་བཞིན་གཤེགས་པ་ཉིད་ལ་ཆོས་ཀྱི་འབྱུང་གནས་ཞེས་མཆི། ནམ་མཁའ་དང་། གཞལ་ཡས་ཁང་དང་། གསང་བའི་མཁའ་དབྱིངས་ལ་ཡང་ཆོས་ཀྱི་འབྱུང་གནས་ཞེས་མཆི་ན། འདིའི་སྐབས་གང་ལ་བགྱི་བ་ལགས་ཞེས་ཞུས་པ་ནི་སོ་བཞི་པའོ། །མཚན་ཉིད་ཀྱི་ཐེག་
པ་ལས་ནི་སྡོམ་པ་ཞེས་མཆི་ལ། སྔགས་ཀྱི་ཐེག་པ་ལས་ནི་དམ་ཚིག་ཅེས་བཤད་ན། འདིའི་སྐབས་སུ་སྡོམ་པ་ཞེས་བཤད་པའི་དོན་ཇི་ལྟ་བུ་ལགས་ཞེས་ཞུས་པ་ནི་སོ་ལྔ་པའོ། །དུག་གསུམ་མ་སྤངས་པས་ནི་བདག་གཞན་ལ་གནོད་ཅིང་ངན་སོང་དུ་ལྟུང་བའི་རྒྱུ་ལགས་ན། གསང་སྔགས་ཀྱི་གཞུང་
གིས་དུག་གསུམ་སྤྱད་པས་འགྲུབ་པ་དང་། སེམས་ཅན་གྱི་དོན་དུ་འགྱུར་ཞེས་མཆི་ན། འདིའི་སྐབས་སུ་དོན་ཇི་ལྟར་འཚལ་བར་བགྱི་ཞེས་ཞུས་པ་ནི་སོ་དྲུག་པའོ། །དཀྱིལ་འཁོར་གཞུང་གཞན་ལས་ཆོས་ཀྱི་སྐུ་ཡང་མཆི། གཟུགས་ཀྱི་སྐུ་དང་། རྡུལ་ཚོན་དུ་བྲིས་པ་དང་། རྣལ་འབྱོར་པས་
བསྒོམ་པ་ལ་ཡང་མཆི། ཟླ་གསང་ལས་ནི། བདག་ཉིད་དེ་ཉིད་མཉམ་གཞག་དང་། །དེ་བཞིན་ལྷ་ཡི་དེ་ཉིད་དང་། །སྔགས་དང་ཕྱག་རྒྱའི་དེ་ཉིད་ནི། །དེ་ཡིས་དཀྱིལ་འཁོར་མཆོག་ཏུ་འགྱུར། །ཞེས་གསུངས། །སྦྱོར་བ་ལས་ནི། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་

པར་རྟོགས་པར་འགྱུར། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་གསུངས་ན་འདིའི་སྐབས་སུ་དཀྱིལ་འཁོར་ཞེས་བགྱི་བའི་དོན་ཇི་ལྟར་ལགས་ཞེས་ཞུས་པ་ནི་སོ་བདུན་པའོ། །ཕྱག་རྒྱ་ཡང་འཇིག་རྟེན་པའི་རྒྱལ་པོ་ལ་སོགས་པ་ལའང་
མཆིས། །སྔགས་ཀྱི་རྒྱུད་ལས་ཀྱང་ཕྱག་རྒྱ་ལུས་ལ་དགོད་པ་དང་། དཀྱིལ་འཁོར་ལ་དགོད་པ་དང་། ཡུམ་ལ་དགོད་པ་དང་། གཞན་གྱི་ལུས་ལ་བཀོད་ནས་སྲུང་བ་ལ་སོགས་པའི་ཐབས་མང་པོར་འབྱུང་བ་མཆིས་ན་འདིའི་སྐབས་སུ་གང་ལ་བགྱི། ཇི་ལྟར་དགོད་ཅེས་ཞུས་པ་ནི་སོ་
བརྒྱད་པའོ། །མེ་ཏོག་ཀྱང་གཞུང་ཁ་ཅིག་ལས་ནི་ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པ་དང་། རི་ལས་སྐྱེས་པ་དང་། ཨུཏྤལ་དང་། པདྨ་དང་། ཀུ་མུ་ད་ལ་སོགས་པ། མིང་དང་གཟུགས་དང་དྲི་དང་ཁ་དོག་ལ་སོགས་པ་དག་ལ་མཆི། ཁ་ཅིག་ཏུ་ཁྲག་ལ་ཡང་མེ་ཏོག་
ཅེས་མཆི། ཁ་ཅིག་ལས་ནི་ཕྱག་རྒྱ་ལ་ཡང་མེ་ཏོག་ཅེས་མཆི་ན། འདིའི་སྐབས་སུ་དོན་ཇི་ལྟ་བུ་ལ་འཚལ་བར་བགྱི་ཞེས་ཞུས་པ་ནི་སོ་དགུ་པའོ། །མཆོད་རྟེན་ཡང་། མདོ་སྡེ་ལས་ནི་སངས་རྒྱས་མང་པོ་ལྷན་ཅིག་ཏུ་ཚོགས་པའི་གནས་ལ་ཡང་མཆི། སྐུ་གསུང་ཐུགས་ཀྱི་
གཟུགས་བརྙན་ལ་ཡང་མཆི། དགེ་བ་བཅུ་ནས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྒྱུ་དང་འབྲས་བུ་དང་ལམ་གྱིས་བརྒྱན་པའི་ངོ་བོ་ཆོས་ཀྱི་སྐུའི་གཟུགས་བརྙན། གདན་དང་། ཁྲི་དང་། འཕང་དང་། བུམ་རྟེན་དང་། བུམ་པ་དང་། ཁ་ཁྱེར་དང་། འཁོར་ལོ་
དང་། གདུགས་དང་། ཏོག་གིས་བརྒྱན་པ་ལ་ཡང་མཆི། གདན་བཞི་པ་ལས་ནི་སྒྲོགས་པ་དྲུག་གི་མཆོད་རྟེན་ཞེས་བྱ་བ། ཟུར་བཅུ་གཉིས་བང་རིམ་བཞི་འཁོར་ལོ་བཅུ་བདུན་ཡོད་པ། ཁམས་གསུམ་གྱི་གཟུགས་བརྙན་ལ་མཆོད་གནས་ཐམས་ཅད་བཞུགས་པར་ཡང་
རྟག་པར་འབྱུང་ན། འདིའི་སྐབས་སུ་དོན་ཇི་ལྟ་བུ་ལ་ཤེས་པར་བགྱི་ཞེས་ཞུས་པ་ནི་བཞི་བཅུ་པའོ། །གསང་བའི་སྙིང་པོ་ལས་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཞེས་གཞལ་ཡས་ཁང་གི་གཞི་ལ་བཤད། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཡང་མཆི།

འཇམ་དཔལ་ལས་ནི་ཤེས་རབ་འཁོར་ལོ་ཞེས་མཆི་སྟེ་གཞལ་ཡས་ཁང་ལ་ཡང་བགྱི། གནས་སྐབས་ཁ་ཅིག་ཏུ་ལྷའི་ཐུགས་ཀར་སྒོམ་པ་ལ་བགྱི་བ་ལ་འབྱུང་། གཞུང་ཁ་ཅིག་ལས་ནི། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བཤད། །དེ་ཉིད་དམ་ཚིག་ཡིན་
པར་བཤད། །ཅེས་ཀྱང་འབྱུང་། འཁོར་བའི་འཁོར་ལོ་དང་། ཉོན་མོངས་པའི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བཤད་ན་འདིའི་སྐབས་སུ་དོན་ཇི་ལྟ་བུ་ལ་ཤེས་པར་བགྱི་ཞེས་ཞུས་པ་ནི་བཞི་བཅུ་གཅིག་པའོ། །ཏིང་ངེ་འཛིན་གྱིས་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་
དྲང་བ་ལ་སོགས་པའི་སྔགས་ཀྱང་རྣམ་པ་མང་པོར་ཕྱེ་ནས་བསྟན་པ་མཆིས་ན། འདིའི་སྐབས་སུ་སྤྱན་དྲང་བ་ལ་སོགས་པ་སྔགས་ཀྱི་ཐབས་ཇི་ལྟར་ལགས་ཞེས་ཞུས་པ་ནི་བཞི་བཅུ་གཉིས་པའོ། །དབྱིངས་ནས་བསྐུལ་བ་དང་། གནས་ནས་བསྐུལ་བ་དང་། གདུལ་བྱའི་དོན་ལ་ཐུགས་དམ་བསྐུལ་
བའི་བྱེ་བྲག་མང་དུ་མཆིས་ན། འདིའི་སྐབས་སུ་མགོན་པོ་བསྐུལ་བ་ཇི་ལྟར་ལགས་པར་འཚལ་བར་བགྱི། །ཞེས་ཞུས་པ་ནི་བཞི་བཅུ་གསུམ་པའོ། །སྤྲུལ་པ་བཏང་བ་དང་། ཕྱག་བརྙན་ཕོ་ཉ་བཏང་བ་དང་། སྤྲུལ་པ་དང་། བཟླས་བརྗོད་ཀྱི་འཕྲོ་འདུ་བཏང་བའི་སྒྲ་ཡང་མང་དུ་མཆིས་ན། འདིའི་
སྐབས་སུ་གཏོང་བ་ཞེས་བགྱི་བའི་དོན་ཇི་ལྟར་ལགས་ཞེས་ཞུས་པ་ནི་བཞི་བཅུ་བཞི་པའོ། །དེ་ལྟར་བསྟན་པ་དེ་རྣམས་ལ་བརྡ་ཚིག་གམ་དྲང་ཐད་དུ་ཐ་སྙད་ཇི་སྐད་བཏགས་ནས་འབོད་ཅེས་ཞུས་པ་ནི་བཞི་བཅུ་ལྔ་པའོ། །སྤྱན་དྲང་བའམ། བསྐུལ་བ་ལ་སོགས་པ་བསྟན་པ་འདི་དག་གི་དོན་
ནི་ཇི་ལྟར་ལགས་ཞེས་ཞུས་པ་ནི་བཞི་བཅུ་དྲུག་པའོ། །སྦྱོར་བའི་རྒྱུད་སཾ་གྲ་ཧ་ལས་ནི། དབང་རྣམ་པ་བཞི་འབྱུང་། གསང་བའི་སྙིང་པོ་ལས་ནི་ལྔ་ཞེས་འབྱུང་། མཉམ་སྦྱོར་ལས་ནི་རིགས་དྲུག་གི་དབུ་རྒྱན་ལ་སོགས་པ་འབྱུང་ན། འདིའི་སྐབས་སུ་དབང་ནི་ཇི་ལྟར་ལགས་ཞེས་ཞུས་པ་
ནི་བཞི་བཅུ་བདུན་པའོ། །རྒྱུད་སོ་སོ་ལ་བརྟུལ་ཞུགས་ཀྱི་བྱེ་བྲག་རྣམ་པ་མང་པོ་དག་འབྱུང་ན། འདིའི་སྐབས་སུ་རིག་པའི་བརྟུལ་ཞུགས་ཇི་ལྟར་ལགས་ཞེས་ཞུས་པ་ནི་བཞི་བཅུ་བརྒྱད་པའོ། །རྒྱུད་སོ་སོ་ལས་ཁ་ཟས་བསྟན་པའི་ཐབས་མང་པོར་གསུངས་པ་ཡང་མཆིས་ན།

གསང་བའི་རྒྱུད་ཐེག་པ་ལས་བཟའ་བ་དང་བསྲུང་བའི་དམ་ཚིག་བདུད་རྩི་ལྔ་དང་དབང་པོ་ལྔ་ལ་སྤྱད་པར་བྱ་ཞེས་བཤད་ན། འདིའི་སྐབས་སུ་བདུད་རྩི་རྣམ་ལྔ་ཇི་ལྟར་བཟའ་ཞེས་ཞུས་པ་ནི་བཞི་བཅུ་དགུ་པའོ། །བདུད་རྩི་ལྔའི་རྐྱེན་དུ་གྱུར་པ་དབང་པོ་ལྔ་ཡང་ཇི་ལྟར་བཟའ་ཞེས་ཞུས་པ་ནི་
ལྔ་བཅུ་པའོ། །རྒྱུད་གཞན་ལས་ཐུན་མོང་ནི་དངོས་གྲུབ་བརྒྱད་ལ་སོགས་པ་འབྱུང་ན། འདིའི་སྐབས་སུ་དངོས་གྲུབ་ཐུན་མོང་ཇི་ལྟར་ལགས་ཞེས་ཞུས་པ་ནི་ལྔ་བཅུ་གཅིག་པའོ། །ཐུན་མོང་ལས་དཔགས་པའི་མཆོག་གི་དངོས་གྲུབ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ལ་བགྱི་
བར་ནི་གསལ་ན། འདིའི་སྐབས་སུ་མཆོག་གི་དངོས་གྲུབ་ཇི་ལྟར་ལགས་ཞེས་ཞུས་པ་ནི་ལྔ་བཅུ་གཉིས་པའོ། །དངོས་གྲུབ་རྣམ་གཉིས་ཇི་ལྟར་ལགས་ཞེས་ཞུས་པ་དེ་ལ་སྒྲུབ་པའི་ཐབས་རྣམ་པ་དུ་མཆིས་ཞེས་ཞུས་པ་ནི་ལྔ་བཅུ་གསུམ་པའོ། །ཐབས་དུ་མཆིས་ཞེས་ཞུས་པ་ནི་དེའི་
སྒོ་ནས་སྒྲུབ་པའི་དངོས་པོ་ནི་ཐབས་ཀྱི་དངོས་པོ་སྟེ། དེ་ཇི་ལྟར་ལགས་ཞེས་ཞུས་པ་ནི་ལྔ་བཅུ་བཞི་པའོ། །དེ་ལྟར་ཞུ་བ་ལྔ་བཅུ་རྩ་བཞིའི་དོན་གོང་དུ་ཞུས་པ་དང་། འོག་ནས་འབྱུང་བ་འདི་དག་གི་དོན་ཇི་ལྟར་ལགས་པ་དཀྱིལ་འཁོར་རྣམ་པ་གསུམ་གྱིས་བསྡུས་པ་མ་ལུས་པ་ཀུན་གྱི་
བདག་པོ་དང་། གཙོ་བོར་གྱུར་པ་རང་བཞིན་གྱི་རྣལ་འབྱོར་ཆེན་པོ་དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་དང་གདུལ་བྱ་གཞན་ལ་བཀའ་ཇི་ལྟར་སྩལ་བར་མཛད་ཅེས་པ་དང་། དེ་བཞིན་དུ་མ་འོངས་པའི་དུས་ན་འབྱུང་བའི་དཀྱིལ་འཁོར་ཀུན་གྱི་
བདག་པོའམ་གཙོ་བོ་རྣལ་འབྱོར་པ་དེས་རང་གི་སློབ་མ་ལ་བཀའ་ཇི་ལྟར་སྩལ་བར་བགྱི་ཞེས་ཞུས་པ་ནི་ལྔ་བཅུ་ལྔ་པའོ། །དེ་བཞིན་དུ་ཞི་བ་ལ་སོགས་པའི་ལས་ཆ་ཕྲ་བ་སྣ་ཚོགས་པ་རྣམས་ཇི་ལྟར་བགྱི་ཞེས་ཞུས་པ་ནི་ལྔ་བཅུ་རྩ་དྲུག་པ་སྟེ་ཐ་མའོ།། །།དེ་ནས་དེ་བཞིན་
གཤེགས་པ་དེ་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཚིག་དེའི་དོན་དེ་རྣམས་ཞུས་པའི་དེ་མ་ཐག་ཏུ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་

ཞུས་པའི་ཚིག་ལྔ་བཅུ་རྩ་དྲུག་པོ་དག་ཉེ་བར་གསན་ཞེས་བྱ་བ་ནི། ཐུགས་གཞན་ལ་མི་དགོངས་པར་ཞུ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་དགོངས་ནས། ཞུས་པའི་ཚིག་རྣམས་ཀྱི་སྒྲ་སྙན་གྱིས་མྱུར་བར་གསན་ནས་གསལ་བར་ཐོས་ཏེ། དོན་ཐུགས་ལ་
མངའ་བར་གསུང་བའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་ལ་དམིགས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་རྣམ་པ་ལྔ་དང་ལྡན་ཞིང་ཆོས་ཐམས་ཅད་ཀྱི་བདག་ཉིད། སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་ངོ་བོར་བཞུགས་པའི་རྡོ་རྗེ་འཛིན་ཆེན་པོ་ལ་བྱ་མོད་ཀྱི། འོན་ཀྱང་སྐབས་འདིར་ཞུ་བ་
པོའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སྤྱོད་ཡུལ་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་པའི་སྐུར་སྣང་བར་མཛད་པས་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་ཏེ་སྐད་ཅིག་ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་ཆེན་པོའི་ཐུགས་ཡེ་ཤེས་ཀྱི་རྒྱུད་ལ་མངའ་བའི་ཚིག་གི་དོན་དེ་དག་དེ་ལ་དམིགས་པའི་
བྱིན་རླབས་ཀྱིས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལ་སོ་སོར་གསལ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་ལ་དམིགས་ཏེ་ཞེས་བྱ་བ་དང་། གསལ་བར་བྱ་བའི་དོན་དེ་ཉིད་བྱང་ཆུབ་སེམས་དཔའ་དེ་དག་ལ་བཤད་ན། ད་ལྟར་དམ་པའི་ཆོས་བཙུན་པར་བྱ་བ་དང་།
མ་འོངས་པའི་དུས་ན་སྔགས་དོན་དུ་གཉེར་བའི་རྣལ་འབྱོར་པ་རང་གི་སློབ་དཔོན་སྔགས་ཀྱི་དོན་ལ་མཁས་པ་ལ་འདུད་ཅིང་ནན་ཏན་བསྐྱེད་པར་བྱ་བའི་ཕྱིར་ཞུ་བ་བསྒྲུབ་པའི་ཕྱིར་ཡང་ཅང་མི་གསུང་བ་དང་། དོན་གྱི་གསུང་བདེན་པ་མཚོན་པ་རྡོ་རྗེ་ལྟར་འདུས་མ་བྱས་པ་ཟབ་པའི་སྒོ་ནས་བརྗོད་པ་མེད་པའི་
ཚུལ་དུ་ཆོས་བསྟན་པས་ཞུ་བ་པོའི་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་དགའ་ཞིང་ཡེ་ཤེས་གསལ་བའི་རྣམ་པར་ཐར་པ་བསྐྱེད་པར་བྱ་བའི་ཕྱིར་སྐད་ཅིག་ཅི་ཡང་མི་གསུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་དག་ཐམས་ཅད་དེ་
བཞིན་གཤེགས་པ་རྣམས་ཀྱིས་དོན་དེ་ལྟ་བུ་ལ་དགོངས་ནས་ཅང་མི་གསུང་བར་གནང་བ་མཛད་པར་རིག་སྟེ་རབ་ཏུ་དགའ་ནས། ཆེ་བའི་ཡོན་ཏན་ཐམས་ཅད་མ་ལུས་པར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་བདེ་བར་གཤེགས་པའི་གཙོ་བོ་ལྔ་པོའི་ཐུགས་

རྗེའི་བདག་ཉིད་དེ་དག་ཅང་མི་གསུང་བར་བཞུགས་པ་ལ་ཡང་ནས་ཡང་དུ་བསྐུལ་བར་གྱུར་ཏོ། །དེ་ལ་ཅང་མི་གསུང་བ་དེ་ཡང་གོང་དུ་བསྟན་པ་ལྟ་བུའི་དོན་གྱི་ཕྱིར། རྒྱུད་གཞན་ལས་ཆོས་གང་འཆད་པར་བཞེད་པ་དེའི་ཏིང་ངེ་འཛིན་ལ་དང་པོ་སྙོམས་པར་ཞུགས་ནས་གདོད་ཆོས་འཆད་
པར་མཛད་པ་དེའི་ཚེ་འཁོར་རྣམས་ཀྱིས་ཞུ་ཞིང་བསྐུལ་ནས་འཆད་པ་ཡིན་པས་འདིར་ཡང་ཅང་མི་གསུང་བར་འགྱུར་བ་དེ་ལ་བསྐུལ་དགོས་པར་བསྟན་ཏེ། ཡང་ནས་ཡང་དུ་ཞེས་བྱ་བ་ནི་དོན་གྱི་གསུང་ལ་བཞུགས་པ་དེ་ཚིག་གི་གསུང་གི་སྒྲ་བསྒྲག་པར་ཞུ་བ་དང་། ཞུ་དོན་ལྔ་བཅུ་རྩ་
དྲུག་པ་རྣམས་རིམ་པར་བཤད་པར་ཞུ་བ་གསོལ་བའི་ཕྱིར་ལན་གྲངས་དུ་མར་བསྐུལ་བའོ། །དེ་ལྟར་བསྐུལ་མ་ཐག་ཏུ་དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་དེ་རྣམས་ལ་གདམས་ངག་འདི་
སྐད་ཅེས་བཀའ་སྩལ་ཏོ། །གང་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །བཞག་ནས་བྱང་ཆུབ་སེམས་དབང་པོ། །རྒྱ་ཆེན་པོ་ནི་རབ་ཏུ་ཉོན། །ཞེས་གསུངས་ཏེ། ཞུ་བ་པོའི་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཀྱིས་ཡང་དག་པའི་ཀུན་རྫོབ་དང་། དོན་
དམ་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་དེ་བཞིན་གཤེགས་པ་ལ་མངའ་བའི་ཡང་དག་པའི་ཀུན་རྫོབ་དང་། དོན་དམ་པའི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་ལ་མཉམ་ཞིང་དབྱེར་མེད་པར་བཞག་ནས་གུས་པར་རྣ་བ་ལྷོགས་ལ་ཉོན་ཅིག་དང་། ཁྱེད་རྣམས་ཀྱིས་ཞུས་པའི་
ཚིག་དང་དོན་རྒྱ་ཆེན་པོ་འདི་དག་བསྟན་པར་བྱ་ཡིས་ཞེས་གསུངས་པའོ། །འདིར་སེམས་མཉམ་པར་གཞག་པས་ཆོག་མོད། ལུས་དང་ངག་མཉམ་པར་གཞག་ཅི་དགོས་ཤེ་ན། ཆོས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་འདུས་པར་བསྟན་པ་སྟེ། དེའི་དོན་སྒོ་གསུམ་
མཉམ་པ་ཉིད་དུ་བཞག་པས་རྟོགས་པར་བྱ་བའི་ཕྱིར་རོ། །འོ་ན་བྱང་ཆུབ་སེམས་དཔའི་སྒོ་གསུམ་དེ་བཞིན་གཤེགས་པའི་སྒོ་གསུམ་ལ་མཉམ་པར་གཞག་ཅི་དགོས་ཤེ་ན། འཁོར་བ་དང་མྱ་ངན་ལས་འདས་པའམ་སེམས་ཅན་དང་སངས་རྒྱས་སོ་སོ་མ་ཡིན་ཐ་མི་དད་ན་བྱང་ཆུབ་

སེམས་དཔའ་དང་དེ་བཞིན་གཤེགས་པ་མཉམ་ཞིང་དབྱེར་མེད་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ་སོ་སོ་མ་ཡིན་ཐ་མི་དད་པར་བསྟན་པའོ། །དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་ཆོས་ཞུ་བ་དང་ཉན་ཅི་དགོས་ཤེ་ན། དོན་དམ་པར་དེ་
ལྟར་ཡིན་ཡང་ཀུན་རྫོབ་ཏུ་ཤེས་རབ་དང་ཡེ་ཤེས་ལ་ཁྱད་པར་ཆེ་བས་རྟོགས་ཚབ་ཆེ་ཆུང་ལ་ཁྱད་པར་ཡོད་པར་བསྟན་པ་དང་། དོན་དམ་པར་ཤེས་རབ་དང་ཡེ་ཤེས་ལ་ཁྱད་པར་མེད་དུ་ཟིན་ཀྱང་མ་འོངས་པའི་དུས་ན་འགྲོ་བ་གཞན་ལ་གྲགས་ཤིང་དེ་དག་གིས་ཤེས་པའི་རྒྱུད་མ་བྱང་བ་
སྦྱང་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འཇུག་པའི་སྒོ་མི་མཐུན་པ་དག་གི་རྒྱུད་སྦྱང་བར་བྱ་བའི་གཏན་ཚིགས་ཀྱང་སྔར་བསྟན་པ་བཞིན་ཏེ། དེའི་ཕྱིར་ན་འདི་ལྟར་བསྟན་པ་ལ་འགལ་བ་མེད་དོ། །མདོར་ན་མཉམ་པ་ཉིད་རྟོགས་པ་མངོན་དུ་གྱུར་པའི་ངང་ལ་གནས་པས་
མཉམ་པ་ཉིད་ཇི་ལྟ་བའི་དོན་བསྟན་ནས་མ་རྟོགས་པའི་གདུལ་བྱ་རྣམས་མཉམ་པ་ཉིད་ལ་དགོད་པའི་ཐབས་སུ་བསྟན་པ་སྟེ། མཉམ་པ་ཉིད་དུ་བསྟན་པའི་དོན་ཡང་རྡོ་རྗེའི་ཐེག་པ་འདི་ཉིད་དོ། །འདིར་བྱང་ཆུབ་སེམས་དབང་པོ་ཞེས་སྨོས་པའང་དཔེར་ན། ལྷ་དང་མི་ལ་
སོགས་པ་སྐྱེ་དགུའི་གཙོ་བོ་རྣམས་ལ་དབང་པོ་ཞེས་ཟེར་བ་དང་འདྲ་བར། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སྨོས་པ་འདི་དག་ཀྱང་། བྱང་ཆུབ་སེམས་དཔའ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་རྣམས་ཀྱི་གཙོ་བོར་གྱུར་པ་ཡིན་པས་འདི་སྐད་ཅེས་སྨོས་སོ། །
རྒྱ་ཆེན་པོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་འདུས་པའི་དོན་སྟོན་པ་ནི་རྒྱུད་འདི་ཡིན་པས་སམ། གཉིས་སུ་ནི་ཤིན་ཏུ་ཟབ་པའི་དོན་སྟོན་པས་ཚིག་རྒྱ་ཆེན་པོའོ། །གསུམ་དུ་ནི་དོན་རྣམ་པ་བདུན་དང་ལྡན་པས་རྒྱ་ཆེ་བ་སྟེ། སེམས་ཅན་ཐམས་
ཅད་ལ་ཕན་པར་འདོད་པའི་ཕྱིར་ཞུས་པས་བསམ་པ་རྒྱ་ཆེ་བ་དང་། མི་རྟོག་པའི་སེམས་ཀྱིས་མི་དམིགས་པའི་དོན་ཞུས་པས་ཚོགས་རྒྱ་ཆེ་བ་དང་། ཆོས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་འདུས་པའི་དོན་ཞུས་པས་རྟོགས་པ་རྒྱ་ཆེ་བ་དང་། མི་གནས་པའི་མྱ་ངན་

ལས་འདས་པ་ཐོབ་པའི་དོན་དུ་ཞུས་པས་རང་བཞིན་རྒྱ་ཆེ་བ་དང་། ཚེ་གཅིག་གིས་སངས་རྒྱས་པའི་ཐབས་ཞུས་པས་དུས་མྱུར་བ་རྒྱ་ཆེ་བ་དང་། ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་མི་གཡོ་བར་འགྲུབ་པའི་ཐབས་ཞུས་པས་འཇུག་པ་རྒྱ་ཆེ་བ་དང་། རིགས་ལྔ་ཡེ་
ཤེས་ལྔའི་བདག་ཉིད་ཀྱི་སྐུ་གསུང་ཐུགས་འགྲུབ་པ་ཞུས་པས་འབྲས་བུ་རྒྱ་ཆེ་བ་དང་ལྡན་པ་སྟེ། དེ་ལྟ་བུའི་དོན་ཉོན་ཅིག་ཅེས་བཀའ་སྩལ་པའོ། །དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་
ཀུན་གྱི་རྗེས་སུ་བཟུང་བའི་ཚིག་ཅེས་བྱ་བ། དེ་ལྟར་བཀའི་གནང་བ་བྱིན་པའི་རྗེས་སུ་ཐུགས་རྗེས་བཟུང་ཞིང་ཕན་འདོགས་པར་མཛད་པའི་ཚིག་གི་གདམས་ངག་དེ་སྐད་བཀའ་སྩལ་པ་སྟེ། དེ་ལ་དགའ་ནས་བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བདེ་བར་གཤེགས་པ་ལེགས་སོ་
ལེགས་སོ་ཞེས་གསོལ་ཏེ་ཞེས་བྱ་བ་ནི། ལེགས་སོ་དང་པོ་ནི། ཆོས་བཤད་པར་གནང་བ་བྱིན་ཅིང་ཉན་པའི་ཚུལ་དང་། རིམ་པ་བསྟན་པ་ལེགས་སོ་ཞེས་པའོ། །ལེགས་སོ་གཉིས་པ་ནི་ཇི་སྐད་ཞུས་པ་དེའི་དོན་བཤད་པར་མཛད་པ་ལེགས་སོ་ཞེས་པའོ། །ལེགས་སོ་ཞེས་པ་
གསུམ་པ་ནི། །འདིའི་བཤད་པས་བདག་ཅག་ལ་ཕན་ཞིང་དགའ་བར་མ་ཟད། མ་འོངས་པའི་འགྲོ་བ་སྔགས་ཀྱིས་ངེས་པར་འབྱུང་བའི་སྐལ་བ་ཡོད་པ་རྣམས་ལ་ཡང་ཕན་ཞིང་དགའ་བ་སྐྱེ་བའི་དོན་དུ་འགྱུར་བས་ལེགས་སོ་ཞེས་གསོལ་བའོ། །ཏེ་ཞེས་བྱ་བ་ནི་ལྷག་མ་ཅན་གྱི་
ཚིག་སྟེ། དེ་སྐད་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། རང་རང་གི་སྐུ་གསུང་ཐུགས་རྡོ་རྗེ་ལ་དམིགས་ནས་ཞེས་བྱ་བ་དེ་ལ་དམིགས་པའི་བྱིན་རླབས་ཀྱིས་དེས་མཁྱེན་པའི་རྒྱུད་ལ་མངའ་
བར་རང་རང་གིས་རྟོགས་པར་འདོད་པ་དང་། མཉམ་པ་ཉིད་ཀྱི་དོན་ལ་དམིགས་སུ་བལྟ་བའི་ཕྱིར་དང་། ཞུ་བ་དང་བཀའ་སྩལ་པའི་དོན་ཡང་སྐུ་གསུང་ཐུགས་སུ་འདུས་ལ། དེ་ཡང་ཡང་དག་པའི་ཀུན་རྫོབ་ཏུ་སོ་སོར་སྣང་ཡང་དོན་དམ་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་དབྱེར་མེད་པ་

སྟེ། སོ་སོ་མ་ཡིན་ཐ་མི་དད་པར་རྟོག་པ་མངོན་དུ་གྱུར་ནས། རྡོ་རྗེ་འཛིན་ཆེན་པོའི་སྐུ་གསུང་ཐུགས་དང་བྱང་ཆུབ་སེམས་དཔའ་རང་རང་གི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་བདག་ཉིད་དུ་ཡང་དག་པར་རིག་པའི་མངོན་དུ་བྱས་པའོ། །ཅང་མི་གསུང་བར་
གྱུར་ཏོ་ཞེས་བྱ་བ་ནི། ཆོས་ཉན་པར་འདོད་པའི་ཕྱིར་གཡེང་བ་མེད་ཅིང་བག་དང་ལྡན་པར་བྱས་ནས་གནས་པའི་དོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཅེས་བྱ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཅང་མི་གསུང་བའི་དེ་མ་ཐག་ཏུ་དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་རྣམ་
པར་སྣང་མཛད་ལ་སོགས་པ་དེ་དག་ཐམས་ཅད་རང་རང་གི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལས། དག་པ་འཇིག་རྟེན་པའི་ཡེ་ཤེས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་དེ་དག་ཡང་དག་པར་ཞུ་བ་ཡིན་པའི་སློབ་མར་དགོངས་པ་དང་། ད་ལྟར་དང་མ་འོངས་པའི་གདུལ་བྱ་
གཞན་ཡང་ཕན་ཐོགས་པར་འགྱུར་དུ་འོང་ངོ་སྙམ་པའི་ཐུགས་རྗེ་ཆེན་པོར་བསྐྱེད་པ་མངོན་དུ་གྲུབ་པར་མཛད་པ་ལ་ནི་བྱིན་གྱིས་བརླབས་ནས་ཞེས་བྱ་སྟེ། ཆོས་སྟོན་པར་ངེས་པ་ལས་མི་འདའ་བའོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཐམས་ཅད་ལ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ།གསུང་གཅིག་ཏུ་བྱ་བ་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དགོངས་པ་དང་། གསུང་གི་སྒྲ་དབྱངས་དང་ཚིག་མཐུན་པར་གཅིག་ཁོ་ན་བཞིན་དུ་ཞུས་ལན་ལྔ་བཅུ་རྩ་དྲུག་པོ་དེ་དག་ཇི་སྐད་ཞུས་པ་དེའི་ལན་ངེས་པར་ལུང་བསྟན་པ་མཛད་པའོ། །དེ་ལྟར་
ཡིན་མོད་ཀྱི་འོན་ཀྱང་ཐེག་པ་འདིས་འདུལ་བ་རྣམས་ཀྱིས་ནི་རྒྱུད་འདི་ཇི་ལྟ་བ་བཞིན་དུ་ཐོས་ཤིང་གོ་ལ། ཐེག་པ་གཞན་གྱིས་འདུལ་བ་རྣམས་ལ་ནི་གང་ལ་མོས་པ་དེ་བཞིན་དུ་ཐོས་ཤིང་རྟོགས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་། ཆོ་འཕྲུལ་
དང་། རྣམ་པར་ཐར་པ་ནི་མཐའ་ཡས་པ་སྟེ། དཔག་ཅིང་གཞལ་བ་ལས་འདས་པའི་ཕྱིར་རོ། །ད་ནི་ཞུས་ལན་ལྔ་བཅུ་རྩ་དྲུག་པོ་དེ་དག་རིམ་པར་བཤད་དེ། དང་པོ། །གསང་བ་ཞེས་བགྱི་ཇི་ལྟར་ལགས། །ཞེས་ཞུས་པའི་ལན་ནི། གསང་བ་ཞེས་བསྟན་པ་ནི། སྐུ་གསུང་

ཐུགས་ནི་རྣམ་པ་གསུམ། ཞེས་གསུངས་ཏེ་ཐེག་པ་དང་རྒྱུད་གཞན་ལས་གསང་བའི་སྒྲ་མང་པོར་བསྟན་པ་ཡོད་ན་ཡང་འོ་སྐོལ་ཅག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་བཀའ་སྩལ་པའི་རྒྱུད་འདིའི་བཞེད་ཀྱིས་ནི་དེ་དག་ལ་མི་བྱའི། གང་ལ་ཞེ་ན།
སྤྱིའི་དབང་དུ་བྱས་ནས་རྒྱས་པར་བཤད་ན་ཐུན་མོང་གི་གསང་བ་བཞི་དང་། ཟབ་མོའི་གསང་བ་གསུམ་ལ་བྱའོ། །དེ་ལ་ཐུན་མོང་གི་གསང་བ་བཞི་ནི། རྒྱུ་དང་འབྲས་བུ་གསང་བ་དང་ལྟ་བ་དང་སྤྱོད་པ་གསང་བའོ། །རྒྱུ་དང་འབྲས་བུ་གསང་བ་ནི། །རྒྱུ་མི་གཙང་བར་ལྟ་བ་ནི་ཕ་མའི་ཁུ་ཁྲག་
ལས་སངས་རྒྱས་པ་དང་བྱང་ཆུབ་སེམས་དཔའི་སྐུ་ཕྱག་རྒྱར་བསྐྱེད་པ་དང་། རྒྱུ་དུག་གསུམ་དང་། དུག་ལྔ་ལས་འབྲས་བུ་སྐུ་གསུམ་དང་རིགས་ལྔར་འགྲུབ་པ་དང་། ཟག་པ་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཟག་པ་མེད་པས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་འགྲུབ་པ་
དང་། རྡོ་སོལ་དང་ལིག་བུ་མིག་ལ་སོགས་པའི་རྫས་ལས་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམ་པ་གཉིས་འགྲུབ་པ་དང་། གྲུབ་པར་བྱེད་པའི་ཐབས་སུ་གྱུར་པའོ། །ལྟ་བ་དང་སྤྱོད་པ་གསང་བ་ནི། ཕོ་མོ་ཐབས་དང་ཤེས་རབ་ཏུ་བསྒོམས་ནས་དེའི་འབྱུང་བ་ལྷག་པ་བྱང་ཆུབ་སེམས་ཀྱི་
རང་བཞིན་དུ་རྟོགས་པར་བྱས་པ་དང་། ལུས་ལས་བྱུང་བའི་དྲི་མ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་པ་དང་། ལྕགས་ཀྱུ་རྣམ་པ་ལྔ་ཡུམ་ལྔར་བྱིན་གྱིས་བརླབས་ནས། དེ་དག་ཡེ་ཤེས་བདུད་རྩིའི་ངོ་བོར་ཞུ་བ་བདག་གིས་རོལ་ཅིང་གཞན་ལ་མཆོད་ན། རྡོ་རྗེ་སེམས་དཔའི་སྐུ་
ཚེ་དང་ནད་མེད་བདེ་མཆོག་དར་ལ་བབ་པ་དང་། འདོད་པ་བཞིན་དུ་འགྲོ་བ་དང་འོང་བ་ལ་སོགས་པ་འགྲུབ་པའོ། །ཟབ་མོའི་གསང་བ་གསུམ་ནི། སྐུ་གསུང་ཐུགས་རྡོ་རྗེ་གསང་བ་གསུམ་ལ་བྱ་སྟེ། དེ་ཡང་ཕྱིའི་དབང་དུ་བྱ་སྟེ་དེ་ཡང་བཤད་ན། ཆོས་ཐམས་ཅད་སྣ་ཚོགས་པའི་རྣམ་པར་
སྣང་བ་ནི་སྐུ། དེ་ཉིད་མཚན་མའི་རྣམ་པས་དབེན་པ་ནི་གསུང་། མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པ་ནི་ཐུགས། དེ་ལྟར་ཡིན་པའི་དོན་མ་གསང་བཞིན་དུ་གཞན་གྱིས་རིག་པའི་སྤྱོད་ཡུལ་དུ་མི་འགྱུར་བ་ནི་གསང་བ། ཆོས་ཐམས་ཅད་དེར་འདུས་པས་ན་འདུས་པའོ། །ནང་གི་དབང་

དུ་བྱ་སྟེ་བཤད་ན། ལུས་ཀྱི་བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱར་སྣང་བ་ནི་སྐུའི་གསང་བ། ངག་གི་སྨྲ་བརྗོད་ཐམས་ཅད་སྔགས་སུ་གྱུར་པ་ནི་གསུང་གི་གསང་བ། སེམས་ཀྱི་དྲན་རྟོག་ཐམས་ཅད་ཏིང་ངེ་འཛིན་དུ་མཁྱེན་པ་ནི་ཐུགས་ཀྱི་གསང་བའོ། །
དེ་བཞིན་གཤེགས་པའི་མཛད་སྤྱོད་ཐམས་ཅད་དེར་འདུས་པ་དེའི་དོན་རྒྱུད་འདིར་འདུས་པར་བསྟན་པའོ། །གསང་བའི་དབང་དུ་བཤད་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཡབ་ཡུམ་ཕྱག་རྒྱ་རྣམ་པ་བཞི་དང་ལྡན་པ་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པ།
ཉན་ཐོས་ཆགས་པ་སྤངས་པ་དང་། འཇིག་རྟེན་པ་ཆགས་པ་རང་དགར་སྤྱོད་པ་གཉི་གའི་དོན་བྱེད་ནུས་ཀྱང་དེ་དག་གི་སྤྱོད་ཡུལ་དུ་མི་འགྱུར་བ་ནི་སྐུའི་གསང་བ། དེའི་དུས་ན་ཡབ་ཡུམ་སོ་སོའི་སྦྱོར་བའི་བརྡ་དང་གསང་བའི་སེ་གོལ་གྱིས་བདེ་བའི་སྒྲ་དང་། ལྷག་པའི་བྱང་ཆུབ་
སེམས་ཀྱི་འོད་ཟེར་ལས་གསུང་ཡིག་འབྲུའི་སྔགས་ཀྱི་འཕྲོ་འདུ་འབྱུང་བ་ནི་གསུང་གི་གསང་བ། དེ་ལྟར་རོལ་པ་མཛད་པ་ལས་ཡབ་ཀྱི་ལྷག་པ་བྱང་ཆུབ་ཀྱི་སེམས་ས་བོན་ཟླ་བ་ལྟ་བུར་འཁྱིལ་པ་དང་། ཡུམ་གྱི་གསང་བའི་བྱང་ཆུབ་ཀྱི་སེམས་མཚལ་དང་བ་བཅག་པའི་ཁུ་བ་
ལྟ་བུར་འབར་བ་གཉིས་འདྲེས་པ་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་ཞིང་གསང་བའི་དཀྱིལ་འཁོར་བསྐྱེད་ལ། མ་རེག་པ་ཉེར་ཐོགས་སུ་གནས་པ་ནི་ཐུགས་ཀྱི་གསང་བའོ། །འབྲིང་དུ་ཕྱེ་ནས་རྒྱུད་ཀྱི་དོན་ལ་སྦྱར་ནས་བཤད་ན། ཆོས་ཀྱི་སྐུ་མཚན་མ་མེད་པའི་ངང་ལ་བཞུགས་ན་
ཡང་། གཟུགས་ཀྱི་སྐུ་མཚན་མ་ཐ་དད་པའི་རྣམ་པར་སྣང་བས་འགྲོ་བ་གང་ལ་མོས་པའི་སྐུར་སྟོན་པ་དང་། གསང་བའི་ཐེག་པས་འདུལ་བ་རྣམས་ལ་ཡུམ་གྱི་བྷ་ག་ལ་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པ་ནི་སྐུའི་གསང་བ། གསུང་བརྗོད་པ་མེད་པའི་ངང་ལས་མི་གཡོ་
བཞིན་སྒྲ་ཐ་དད་པས་ཐེག་པ་སོ་སོ་གང་གིས་འདུལ་བའི་ཆོས་སྟོན་པ་དང་། གསང་བ་ངེས་པར་འབྱུང་བའི་གདུལ་བྱ་ལ་རྒྱུད་འདིའི་དོན་འཆད་པར་མཛད་པ་ནི་གསུང་གི་གསང་བ། ཐུགས་རྣམས་པར་མི་རྟོག་པའི་ངང་ལས་མི་གཡོ་ཡང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་སྙོམས་པར་

འཇུག་ཅིང་། ཆོ་འཕྲུལ་དང་། རྣམ་པར་འཕྲུལ་པ་ཐ་དད་པར་སྟོན་པ་དང་། འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་རྒྱུད་འདིའི་ལྷ་དང་དཀྱིལ་འཁོར་འཐོན་པར་མཛད་པ་ནི་ཐུགས་ཀྱི་གསང་བའོ། །དེར་ནི་ཡང་དག་པའི་ཀུན་
རྫོབ་ཏུ་སྣང་བ་དང་། དོན་དམ་པའི་སྐུ་གསུང་ཐུགས་གཉི་ག་འདུས་པས་ནི་འདུས་པའོ། །འོ་ན་གོང་དུ་ཐུན་མོང་དང་ཟབ་མོའི་དབང་དུ་བྱས་ནས་བཤད་པའི་གསང་བའི་སྒྲ་དེ་དག་ཕྱིར་ཇི་ལྟར་འདུས་ཤེ་ན། དེ་ལྟར་བསྟན་པའི་དོན་ཕྱག་རྒྱ་རྣམ་པ་བཞིར་འདུས་ཏེ། ཇི་ལྟར་ཞེ་ན། སྐུའི་
གསང་བ་ཐམས་ཅད་ནི་སྐུ་ཕྱག་རྒྱ་ཆེན་པོར་འདུས་སོ། །ཅིའི་ཕྱིར་ཞེ་ན། སྐུའི་སྤྱོད་པ་ཐ་དད་པར་སྣང་བ་དེ་དག་ཐམས་ཅད་དེའི་ཁྱད་པར་ལས་བྱུང་བའི་ཕྱིར་འདུས་ཀྱང་དེ་ཉིད་དུ་འདུས་སོ། །གསུང་གི་གསང་བ་ཐམས་ཅད་ནི་ཆོས་ཀྱི་ཕྱག་རྒྱར་འདུས་ཏེ་ཅིའི་ཕྱིར་ཞེ་ན། དོན་གྱི་གསུང་
ཟབ་པ་དང་། ཚིག་གི་གསུང་རྒྱ་ཆེ་བར་གཉི་ག་གསུང་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཡིན་པའི་ཕྱིར་རོ། །ཐུགས་ཀྱི་གསང་བ་ཐམས་ཅད་ནི་དམ་ཚིག་གི་ཕྱག་རྒྱར་འདུས་ཏེ། ཅིའི་ཕྱིར་ཞེ་ན། དམ་ཚིག་གི་ཕྱག་རྒྱ་ཉིད་ཏིང་ངེ་འཛིན་གྱི་བྱེ་བྲག་མཚོན་པ་དང་། ཏིང་ངེ་འཛིན་གྱི་རྟགས་ཀྱང་
དམ་ཚིག་གི་ཕྱག་རྒྱར་སྣང་བའི་ཕྱིར་རོ། །ལྟ་སྤྱོད་གཉིས་ཀྱི་གསང་བ་ཐམས་ཅད་ནི་ལས་ཀྱི་ཕྱག་རྒྱར་འདུས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྲིན་ལས་ལ་དམིགས་ནས་ནི་ལྟ་བ་འབྱུང་ལ། ལྟ་བ་ལ་དམིགས་ནས་ནི་སྤྱོད་པ་ལ་འཇུག་སྟེ། དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་ནི་
ལྟ་སྤྱོད་ཟུང་དུ་འབྲེལ་ཅིང་ཡ་ཆར་མ་གྱུར་པའི་ཕྱིར་རོ། །ལ་ལ་ན་རེ། སྐུའི་གསང་བ་ཐམས་ཅད་ནི་ཐུགས་ཡེ་ཤེས་ལས་སྐྱེ་བས་དམ་ཚིག་གི་ཕྱག་རྒྱར་འདུས་ལ། གསུང་གི་གསང་བ་ཐམས་ཅད་ནི་སྐུ་ལ་བརྟེན་ཏེ་འབྱུང་བས་ཕྱག་རྒྱ་ཆེན་པོར་འདུས་པའོ། །ཐུགས་ཀྱི་གསང་བ་
ཐམས་ཅད་ནི་ཕྲིན་ལས་ཀྱི་དབང་གིས་སྐྱོ་བས་ལས་ཀྱི་ཕྱག་རྒྱར་འདུས་སོ་ཞེས་ཟེར་རོ། །འོ་ན་ཐུན་མོང་གི་གསང་བ་བཞི་སྐུ་གསུང་ཐུགས་སུ་ཇི་ལྟར་བསྡུ་ཞེ་ན། ལྷག་པ་བྱང་ཆུབ་སེམས་རྣམ་པ་གཉིས་ནི་ཐུགས་སུ་བསྡུ། དུག་གསུམ་དང་དུག་ལྔ་ཡང་སེམས་ལས་བྱུང་བ་ཡིན་

པས་ཐུགས་སུ་བསྡུ། ཕུང་པོ་ལྔ་དང་། རྡོ་སོལ་ལ་སོགས་པ་སྒྲུབ་རྫས་སུ་བརྗོད་པ་རྣམས་སྐུར་བསྡུ། བརྗོད་པའི་སྒྲ་ནི་གསུང་དུ་བསྡུ། གཟུགས་སྒྲ་དབྱེར་མེད་པའམ། གཟུགས་མེད་པ་ནི་ཐུགས་སུ་བསྡུ། ཟག་པ་དང་བཅས་པའི་ཕུང་པོ་དང་
ཁམས་དང་སྐྱེ་མཆེད། ཟག་པ་མེད་པ་དཀྱིལ་འཁོར་དུ་བསྒོམ་པའི་བསྡུ་ཐབས་ཀྱང་ཚུལ་དེ་བཞིན་དུ་རིག་པར་བྱའོ་ཞེས་ཟེར་རོ། །ཚིག་ཉུང་ཞིང་དོན་གསལ་བ་ལ་དགའ་བ་རྣམས་ཀྱི་དོན་དུ་ཐེག་པའི་སྤྱི་ལུགས་ལ་དགོངས་ནས་མདོར་བསྡུས་ཏེ་བཤད་ན། ཕྱིའི་ཚུལ་དུ་ན་སྐུའི་
གསང་བ་ནི་མཚན་དང་དཔེ་བྱད། གསུང་གི་གསང་བ་ནི་དབྱངས་ཐ་དད་པ། ཐུགས་ཀྱི་གསང་བ་ནི་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཐ་དད་པ་སྟེ། དེ་དག་འགྲོ་བ་ཐ་དད་པའི་དོན་དུ་སྟོན་པ་ཡིན་དུ་ཟིན་ཀྱང་གདུལ་བྱ་ལས་མ་དག་པ་རྣམས་ཀྱིས་མཐོང་ཞིང་ཐོས་ཀྱང་དེ་དག་གིས་དོན་གོ་བར་མི་ནུས་
པའི་ཕྱིར། རང་བཞིན་གྱིས་གསང་བ་ཞེས་བྱའོ། །འདུས་པ་ཞེས་བྱ་བ་ནི་སྣང་བ་ནི་ཐམས་ཅད་སྐུར་འདུས་སྒྲར་གྲག་པ་ཐམས་ཅད་གསུང་དུ་འདུས། སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་སུ་འདུས་ཏེ། རྒྱུད་དབུ་ཞབས་ཀྱི་སྤྱིའི་དོན་ཡང་དེ་བཞིན་དུ་རིག་པར་བྱའོ། །ནང་གི་ཚུལ་དུ་གསང་
བ་ནི་འཇིག་རྟེན་ན་སྣང་བའི་ཕོ་མོར་གྲགས་པའི་ལུས་ངག་ཡིད་གསུམ་དང་མི་བསྐྱོད་པ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་དབྱེར་མེད་པ་ལ་བྱའོ། །འདུས་པ་ནི་དེ་ཡང་ས་བོན་ཟླ་བ་ལྟ་བུའི་ངང་དུ་འདུས་པ་ལ་བྱའོ། །གསང་བའི་ཚུལ་ནི། གསང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་
གསུང་ཐུགས་རྡོ་རྗེའི་སྙིང་པོ་སྟེ་ས་བོན་ཟླ་བ་ལྟ་བུ་ལ་བྱ། འདུས་པ་ནི། དེ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་འདུས་པའོ། །འོ་ན་རྣལ་འབྱོར་པའི་སྐབས་སུ་ཇི་ལྟར་སྦྱར་ཞེ་ན། དེ་ཡང་གོང་མ་དང་མཐུན།ལུས་ངག་ཡིད་གསུམ་སྐུ་
གསུང་ཐུགས་སུ་སྦྱར་བ་དང་། ཡབ་ཡུམ་བྱང་ཆུབ་སེམས་དཀར་དམར་འདྲེས་པ་ལ་བྱ་སྟེ། ཚུལ་གོང་མ་བཞིན་དུ་སྦྱར་བ་ལ་བྱའོ། །སྤྱིར་མ་ཧཱ་ཡོ་གའི་ལུགས་ཀྱི་གསང་བ་ནི། ཡབ་ཡུམ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ་ནི་བྱང་ཆུབ་སེམས་

དཀར་དམར་རྣམ་གཉིས་གསང་བའི་མཁའ་ལ་འདྲེས་པའི་ངང་དུ་ལྷ་ཐམས་ཅད་འདུས་པའོ། །གཞན་དག་ན་རེ། གསང་བ་ནི་ཡུམ་གྱི་བྷ་ག་འདུས་པ་ནི་ལྷ་ཐམས་ཅད་དེར་འདུས་པའོ་ཞེས་ཟེར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནི་དེ་ལྟར་མཁྱེན་ཅིང་རིག་པས་ཁམས་
གསུམ་དང་འཁོར་བ་ལས་རྣམ་པར་གྲོལ་བ། སེམས་ཅན་རྣམས་ཀྱིས་ནི་དེ་ལྟར་མ་རྟོགས་པས་ཁམས་གསུམ་དུ་འཁོར་བར་འཁྱམས་པ་ཡིན་ནོ། །དེ་ལྟར་གསང་བ་དང་འདུས་པ་གཉི་གའི་དོན་བཤད་ཟིན་མོད་ཀྱི། འོན་ཀྱང་ཞུས་ཚིག་གི་གྲངས་བགྲང་བ་དང་། འབྲུ་གཉེར་
གྱི་དོན་ལ་གསལ་བར་བྱ་བའི་ཕྱིར་འདུས་པ་ཞེས་བྱ་བ་ཞུས་ཚིག་གཉིས་པ་ལ་ཡང་བཤད་པར་བྱ་སྟེ། སངས་རྒྱས་ཀུན་གྱིས་བསྟན་པ་ནི། །འདུས་པ་ཞེས་བྱ་འདུ་བར་གསུངས། །ཞེས་བྱ་བ་ནི་སྟོན་པའི་དབང་དུ་བཤད་པ་དང་བསྟན་པའི་དབང་དུ་བྱས་ནས་བཤད་དེ། དེ་
ལ་སྟོན་པའི་དབང་དུ་བྱས་ནས་བཤད་པ་ནི། སངས་རྒྱས་དང་སེམས་ཅན་གྱི་རྒྱུད་དུ་གྲུབ་པའམ། རྩ་བ་སེམས་དང་སེམས་སྣང་བས་བསྡུས་པའི་ཆོས་ཐམས་ཅད་ནི་སྐུ་གསུང་ཐུགས་རྣམ་པ་གསུམ་དུ་འདུས་ལ། སྐུ་གསུང་ཐུགས་རྣམ་པ་གསུམ་ཡང་སྟོན་པ་བྱང་ཆུབ་སེམས་
རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་དབྱེར་མེད་པའི་རང་བཞིན་དུ་འདུས་སོ། །སྐུ་གསུང་ཐུགས་དེ་ཡང་བྱང་ཆུབ་སེམས་དཀར་དམར་གཉིས་སུ་འདུས་པའམ། བྱང་ཆུབ་སེམས་དཀར་དམར་ཡང་སྐུ་གསུང་ཐུགས་རྣམ་པ་གསུམ་དུ་འདུས་ཏེ། གཅིག་གི་ངོ་བོར་གཅིག་གྱུར་
པས་ཐམས་ཅད་ཀྱང་འདུས་ལ་གཞན་གྱིས་དེ་ལྟར་མི་རྟོགས་པས་ན། འདུས་པ་ཉིད་ལ་ཡང་གསང་བའི་དོན་ཚང་ལ། གསང་བའི་དོན་ཡང་འདུས་པའི་རང་བཞིན་ཚང་བས་གཅིག་གི་ངོ་བོར་གཅིག་གནས་པའོ། །དེ་ལྟར་བཤད་པ་དེ་ཡང་གང་ཟག་འགའ་ཡིས་རང་བཟོའམ། སངས་
རྒྱས་གཅིག་ཙམ་གྱིས་རང་འདོད་དུ་གསུངས་པ་མ་ཡིན། དུས་གསུམ་དུ་གཤེགས་ཤིང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཞལ་གྱི་སྒོ་ནས་ཚིག་ཏུ་བརྗོད་ཅིང་བསྟན་པ་ཡིན་ལ། དེ་ལྟར་བསྟན་པ་དེ་ནི་འདུས་པ་ཞེས་བྱ་བའི་སྒྲར་བརྗོད་པ་ཡང་དེ་ཉིད་དེ། དེར་ཆོས་

ཐམས་ཅད་མ་འདུས་པ་མེད་པས་འདུ་བར་གསུངས་ཞེས་བྱའོ། །བསྟན་པའི་དབང་དུ་བྱས་ཏེ་བཤད་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཀུན་གྱིས་བསྟན་པ་རྒྱུ་དང་འབྲས་བུའི་ཐེག་པས་བསྡུས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་དོན་སྟོན་ཅིང་
འདུས་བྱས་དང་འདུས་མ་བྱས་དང་། ཟག་པ་དང་ཟག་པ་མེད་པས་བསྡུས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་འགྲེལ་པ་ཐམས་ཅད་ནི་རྒྱུད་གསང་བ་འདུས་པ་འདིའི་ནང་དུ་འདུས་ལ། འདིའི་དོན་ནི་དེ་དག་ཏུ་མ་འདུས་ཏེ། ཅིའི་ཕྱིར་ཞེ་ན། མ་དག་པར་སྣང་བའི་འཁོར་བའི་ཆོས་ཐམས་ཅད་
ཀྱང་མ་རྟོགས་པའི་དབང་གིས་ལུས་ངག་ཡིད་གསུམ་དྲི་མ་ཅན་དུ་གནས་ལ། དེ་རྣམ་པར་དག་ཅིང་རྟོག་པ་མཐར་ཕྱིན་པའི་དུས་ན་དྲི་མ་དང་བྲལ་བ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་གྱུར་པ་ཡིན་ཏེ། དེ་ལྟར་རྟོག་པ་མཐར་ཕྱིན་པས་ཡོན་ཏན་ཕུན་སུམ་
ཚོགས་པ་བརྙེས་པའི་མཚན་ཉིད་བསྟན་པའི་སྐུ་གསུང་ཐུགས་རྣམ་པ་གསུམ་གྱི་དཀྱིལ་འཁོར་དང་། དེར་དབང་བསྐུར་བ་དང་། དེ་སྒོམ་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་སྒོ་ནས་སེམས་སྦྱང་བ་དང་། བསྒྲུབ་པར་བྱ་བའི་ཐབས་ཀྱི་རྣམ་པ་མང་པོ་དང་། ཐུན་མོང་དང་མཆོག་གི་
དངོས་གྲུབ་ཀྱི་མཚན་ཉིད་དང་། དེ་གྲུབ་པའི་ཡོན་ཏན་ལ་སོགས་པ་རྒྱ་ཆེར་རྒྱུད་འདི་ལས་ཞིབ་ཏུ་སྟོན་ལ། གཞན་ལས་ནི་ཕྱོགས་འགའ་ཙམ་སྟོན་པར་ཟད་ཀྱི། འདི་བཞིན་དུ་རྒྱས་པར་སྟོན་པ་མ་ཡིན་པས་ན་སངས་རྒྱས་མ་ལུས་པ་ཀུན་གྱི་སྟོན་པའི་ཆོས་ཐམས་ཅད་ནི་གསང་བ་འདུས་
པའི་རྒྱུད་འདིར་འདུས་པས་ན་འདུས་པ་ཞེས་བྱ་ལ། འདུ་བར་གསུངས་ཞེས་བྱ་བ་ནི་ཆུ་བོ་དང་ཆུ་བྲན་ཐམས་ཅད་རྒྱ་མཚོ་ཆེན་པོར་འདུ་ཞིང་འུབ་པ་དང་འདྲ་བར་འདིར་མ་འདུས་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ཡང་རེས་འདུ་རེས་མི་འདུ་བ་ཡང་མ་ཡིན། སྔོན་ཡང་འདུས་ད་ལྟར་ཡང་འདུས་ཕྱིས་ཀྱང་
འདུས་པར་འགྱུར། དུས་གསུམ་མམ་དུས་བཞི་མཉམ་པ་ཉིད་དུ་དེ་བཞིན་རིག་པར་བྱ་སྟེ། དེ་ཡང་འཇིག་རྟེན་པ་དང་འཇིག་རྟེན་པའི་གཙོ་བོ་དབང་པོ་ཆེ་ཞིག་གམ་མང་པོ་འདུས་པའི་མཐུས་ནན་བཅིངས་སུ་བསྡུས་པ་མ་ཡིན། རང་གི་རང་བཞིན་ཆོས་ཉིད་ཀྱི་རིགས་པས་དེ་ལྟར་གྱུར་པ་

ཡིན་ནོ་བར་བསྟན་པས་ན། འདུས་པ་ཞེས་བྱ་འདུ་བར་གསུངས། །ཞེས་བྱ་སྟེ། འདུས་པ་ཞེས་བྱ་བའི་དོན་ཡང་འདུ་བའམ་འུབ་པར་གསུངས་སོ། །ཅིའི་ཕྱིར་ན། གཞན་གྱི་དོན་ནི་འདུས་པ་ལ་རྒྱུད་འདིའི་དོན་ནི་གཞན་དུ་མ་འདུས་ཏེ། དེ་དག་གི་གཏན་ཚིགས་ཀྱང་རྩ་བའི་རྒྱུད་
བཤད་པའི་སླད་དུ་ཞིབ་ཅིང་རྒྱས་པར་བཀྲལ་ཟིན་མོད་ཀྱི་འོན་ཀྱང་རྩ་བའི་རྒྱུད་ཐོས་ཤིང་རྣམ་པར་བཤད་པ་ཆེན་པོ་དག་གིས་བསྡུས་པའི་གླེགས་བམ་མཐོང་བའི་སྐལ་བ་མེད་པ་རྣམས་ཀྱིས་རྒྱུད་ཕྱི་མ་འདི་ཐོས་པ་དང་། འདིའི་རྣམ་པར་དགྲོལ་ཞིང་བཤད་པའི་ཡི་གེ་འདི་ཐོས་པར་གྱུར་པ་
རྣམས་ལ་ཕན་པར་བྱ་བའི་བསམ་པ་ཉེ་བར་གཞག་པ་དང་། སྔར་རྩ་བའི་རྒྱུད་དུ་རྒྱས་པར་བཀྲོལ་བ་དག་ལ་ཚིག་དོན་མི་གསལ་བ་དག་རྟོགས་སླ་བར་བྱ་བའི་ཕྱིར།སྐབས་འདིར་ཡང་ཅུང་ཟད་བཀྲོལ་ཞིང་དབྱེ་བ་བྱས་པ་ཡིན་ནོ། །ད་ནི་ཞུས་ཚིག་གསུམ་པ། རྒྱུད་ཀྱི་འབྲེལ་བ་
ཇི་ལྟར་ལགས། །ཞེས་བྱ་བའི་ལན་ནི། ལྔ་པ་དགུ་པ་ཉིད་དང་ཡང་། །བཅུ་བདུན་པ་དང་བཅུ་གསུམ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྒྲུབ་པ་ཆེན་པོར་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དག་སྟེ། འདི་དག་གི་དོན་ཡང་། ཁ་ཅིག་
གིས་ལྷའི་གྲངས་ཡིན་པར་བཤད་པ་ཡང་ཡོད་ན། །དེ་ནི་རྩ་བའི་རྒྱུད་ཀྱི་དོན་དང་། །རྒྱུད་ཕྱི་མ་འདིར་སྦྱར་ནས་ཐེ་ཚོམ་ཟ་བས་བསལ་མ་ཤེས། དྲང་ཐད་དུ་བརྟགས་ནས་ནན་སྦྱོར་བྱས་ཏེ་བཤད་པར་ཟད་དོ། །དེ་ལ་འདིར་ལྔ་པ་ཞེས་བྱ་བ་ནི་ལེའུ་ལྔ་པ་ལ་བྱ་སྟེ། དེ་ལས་ནི་ཐེག་པ་
གཞན་ལས་ནམ་ཡང་མི་འགྲུབ་ཅིང་བསྟན་པའི་སྣོད་དུ་མི་རུང་བར་བཤད་པའི་རིགས་ངན་སྨེ་ཤ་ཅན་ལ་སོགས་པའི་སེམས་ཅན་གསོད་པ་འབའ་ཞིག་གི་ལས་ལ་བརྩོན་པ་དང་། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་སྤྱོད་པའི་ཤན་པ་དང་། སྨད་འཚོང་མ་ལ་སོགས་པ་
རྣམས་ཀྱང་རྒྱུད་འདིའི་ལུགས་བཞིན་དུ་བསྒྲུབས་ན་ཆོས་བདག་མེད་པའི་དོན་རྟོགས་ནས་འགྲུབ་པར་འགྱུར་བ་དང་། དུག་གསུམ་དངོས་སུ་སྤྱད་ཅིང་མ་སྤངས་པར་གྲོལ་ཞིང་ཐར་བར་འགྱུར་གྱི། སློབ་དཔོན་སྨོད་པར་བྱེད་པའི་གང་ཟག་གིས་འགྲུབ་པར་མི་འགྱུར་རོ་ཞེས་སྟོན་

ཏོ། །དགུ་པ་ཞེས་པ་ནི་ལེའུ་དགུ་པ་སྟེ། དེ་ལས་ནི་དོན་དམ་པ་རྟོགས་པའི་དམ་ཚིག་དང་། དེ་རྟོགས་པ་ལས་བྱུང་བའི་རིགས་ལྔའི་དམ་ཚིག་དང་། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཐེ་ཚོམ་སྐྱེས་པ་བསལ་ནས་ངོ་མཚར་དུ་གྱུར་པ་རྣམས་སྟོན་ཏེ།
ལེའུ་དེ་གཉིས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། ལེའུ་ལྔ་པ་ལས་གསུངས་པའི་གདུལ་བྱ་མཚན་ཉིད་དེ་ལྟ་བུ་དང་ལྡན་པ་ཡིན་དུ་ཟིན་ཀྱང་དེ་དག་གིས་ཆོས་མཉམ་པ་ཉིད་དུ་སྟོན་པ་འདིའི་དོན་ལ་ཡིད་ཆེས་པའི་སེམས་སྐྱེས་ནས། སེམས་དེའི་ངོ་བོར་གནས་པ་ལས་གཞན་དུ་མི་འདའ་བ་ནི་
ལེའུ་དགུ་པ་ལས་དོན་དམ་པར་རྟོགས་པའི་དམ་ཚིག་ལ་གནས་པ་དེ་ཡིན་ལ། དེ་ཡང་དང་ཡང་དུ་གོམས་པ་ཉིད་ལེའུ་ལྔ་པ་ལས་ཆོས་བདག་མེད་པའི་དོན་རྟོགས་ནས་འགྲུབ་པར་འགྱུར་ཞེས་བྱ་བའི་མཚན་ཉིད་ཀྱང་དེ་ཡིན། དོན་དམ་པའི་དམ་ཚིག་ལས་བྱུང་བའི་རིགས་ལྔའི་དམ་
ཚིག་བསྲུངས་ན་དུག་གསུམ་དང་དུག་ལྔ་ཉིད་སྐུ་གསུང་ཐུགས་རྡོ་རྗེ་དང་། རིགས་ལྔ་ཡེ་ཤེས་ལྔའི་ངང་དུ་རྣམ་པར་དག་པས་དུག་གསུམ་མ་སྤངས་པར་དངོས་སུ་སྤྱད་པས་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་ན་དེ་གཉིས་འབྲེལ་ཏོ། །དེ་བས་ན་ཐེག་པ་འདིའི་བཞེད་ཀྱིས་དངོས་གྲུབ་
ཐམས་ཅད་ནི་གསང་བའི་རྡོ་རྗེ་སློབ་དཔོན་ལ་རག་ལས་པས། རྡོ་རྗེ་སློབ་དཔོན་དེ་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བས་ཐུགས་དང་འགལ་བར་བྱས་ན་འགྲུབ་པར་མི་འགྱུར་ཞིང་། ངན་སོང་དུ་འགྲོ་བར་གསུངས་ཀྱི་རིགས་ངན་ལ་སོགས་པ་དེ་དག་སྔར་མི་དགེ་བ་སྤྱད་དུ་ཟིན་ཀྱང་། ཆོས་
འདིའི་གཞུང་ལས་དད་པ་གཏིང་ནས་གཡོས་ནས་འཇུག་ན་འགྲུབ་པར་ངེས་པར་གསུངས་ཏེ། དེ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་འདི་ཐབས་རྒྱ་ཆེ་ལ་སྒོ་ཡངས་པར་བསྟན་པ་ཡིན་ནོ། །ལེའུ་དེ་གཉིས་དང་། བཅུ་བདུན་པ་དང་བཅུ་གསུམ་པ་ཞེས་བྱ་བ་འདིར་འབྲེལ་ཏེ།
ཅིའི་ཕྱིར་ཞེ་ན། ལེའུ་བཅུ་བདུན་པ་ལས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། ཚངས་པ་དང་། མ་ཧཱ་དེ་བ་དང་། བརྒྱ་བྱིན་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་ལ་སོགས་པའི་

དམ་ཚིག་དང་། དེ་བཞིན་གཤེགས་པའི་སྤྱོད་པ་ལུས་སེམས་ཀྱི་སྡོམ་པ་དང་། སྒྲུབ་པ་ཐམས་ཅད་ཀྱི་སྡོམ་པ་ལ་སོགས་པ་དང་། རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་བཤད་ནས། དེ་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གནས་པར་བསྟན་པ་དང་། ཁ་ཟས་བྱིན་གྱིས་བརླབ་པ་
དང་། སྐུ་གསུང་ཐུགས་རྡོ་རྗེའི་མཆོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་གསང་བ་དང་། བསྙེན་སྒྲུབ་རྣམ་པ་བཞི་བྱེད་པའི་དུས་སུ་ཉམ་ཆུང་ན་གཟི་བྱིན་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། སློབ་མ་དབང་བསྐུར་བ་དང་། ཨ་ཛ་
ན་དང་ཁྲག་དྲང་བ་ལ་སོགས་པ་འབྱུང་སྟེ། ལེའུ་ལྔ་པར་གསུངས་པའི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པས། ལེའུ་དགུ་པ་ལས་གསུངས་པའི་རིགས་ལྔའི་དམ་ཚིག་བསྲུང་ཞིང་དེ་ཁོ་ན་ཉིད་ཀྱི་དམ་ཚིག་ལ་གནས་པ་རྟོག་པའི་ཐེ་ཚོམ་བཅད་ནས་དུག་གསུམ་མ་སྤངས་པར་
སྤྱད་པས་འགྲུབ་པར་ལྟ་བ་དེའི་ནང་དུ། ལེའུ་བཅུ་བདུན་པའི་ཉན་ཐོས་དང་རང་རྒྱལ་བའི་དམ་ཚིག་ལ་སོགས་པ་དང་། བསྙེན་པའི་ཡན་ལག་བཞིའི་སྡོམ་པ་ལ་སོགས་པའང་འདུས་ལ། དམ་ཚིག་དང་སྡོམ་པ་ཐམས་ཅད་ཀྱང་རིགས་ལྔའི་དམ་ཚིག་གི་ཡན་ལག་ཏུ་གྱུར་
པ་ཡིན་པས་རྩ་བ་དང་། ཡན་ལག་གི་དམ་ཚིག་དང་ལྡན་པས་ཁ་ཟས་བྱིན་གྱིས་བརླབ་ཅིང་བདག་གིས་བཟའ་བ་དང་། གཞན་ལ་མཆོད་པ་དང་། ཏིང་ངེ་འཛིན་བསྒོམ་ཞིང་སློབ་མ་དབང་བསྐུར་བ་དང་། ལས་དང་གྲུབ་པ་གང་འདོད་པ་བརྩམ་པ་དང་། དེའི་དུས་ན་ཉམ་ཆུང་ན་
གཟི་བྱིན་བསྐྱེད་དགོས་པས་ན། དེའི་ཕྱིར་དགུ་པ་དང་བཅུ་བདུན་པར་འབྲེལ་ཏོ། །བཅུ་བདུན་པ་དེ་དང་ལེའུ་བཅུ་གསུམ་པ་དེར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་གསུམ་པ་ལས་སྐུ་གསུང་ཐུགས་ཀྱི་བཟླས་པ་དང་། རིགས་ལྔའི་བཟླས་པ་དང་། ཁྲོ་བོའི་བཟླས་པ་དང་། དེ་
བཞིན་དུ་རིགས་གསུམ་དང་། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་གི་བཟླས་པ་དང་། མ་ནིང་གི་བཟླས་པ་དང་། དེའི་དུས་ཀྱི་གཟུངས་དང་། རིགས་ལྔའི་དཀྱིལ་འཁོར་གྱི་བྱེ་བྲག་དང་། ལས་རྣམ་བཞི་དང་། དེའི་ལྷ་དང་། དྲག་པོའི་ལས་ཀྱི་དམིགས་པ་དང་།

བདག་གཞན་བསྲུང་བ་དང་། ཆུའི་རྫུ་འཕྲུལ་དང་། རྒྱ་མཚོ་རྐང་པས་གནོན་པ་དང་། ཕ་རོལ་རྒོལ་བའི་དཔུང་ཐམས་ཅད་གནོན་པ་དང་། དགྲ་རྨོངས་པར་བྱ་བ་དང་། གྲོང་ཁྱེར་གྱི་ནད་བསལ་བ་དང་། འགྲོ་བ་འདུལ་ཐབས་ཀྱི་ཏིང་ངེ་འཛིན་དང་། སྲུང་བའི་འཁོར་
ལོ་དང་། ཁྲོ་བོ་བཅུའི་ཆ་ལུགས་རྣམས་སྟོན་ཏེ། ལེའུ་བཅུ་བདུན་པའི་སྡོམ་པ་དང་། དམ་ཚིག་ལ་གནས་པའི་ཏིང་ངེ་འཛིན་བསྒོམ་ཞིང་སློབ་མ་དབང་བསྐུར་བ་དང་། ལས་དང་སྒྲུབ་པ་གང་འདོད་པ་བརྩམ་པ་དང་བཟའ་བ་དེ་ཡང་ལེའུ་བཅུ་གསུམ་པ་ནས་འབྱུང་བའི་བཟླས་བརྗོད་བྱ་བའི་
ཐབས་དང་། གཟུངས་དང་རིགས་ལྔའི་དཀྱིལ་འཁོར་གྱི་བྱེ་བྲག་དང་། ལས་བཞིའི་ཐབ་དང་། ལྷ་དང་དྲག་པོའི་ལས་ཀྱི་དམིགས་པ་ལ་སོགས་པ་ཤེས་པར་བྱ་བ་ལ་བརྟེན་ན་གང་འདོད་པ་སྒྲུབ་པའི་བྱེ་བྲག་ཐམས་ཅད་ཀྱང་འགྲུབ་ལ། དེ་དག་སྒྲུབ་པའི་ཐབས་ཀྱང་དེ་
ཉིད་ལས་གསལ་བར་སྟོན་ལ། རིགས་སོ་སོའི་དམ་ཚིག་དང་། བཟླས་བརྗོད་ཀྱི་ཐབས་དང་། ཏིང་ངེ་འཛིན་དང་། དོན་དེ་ལྟ་བུ་དང་ལྡན་ན་དུག་གསུམ་མ་སྤངས་པ་སྐུ་གསུང་ཐུགས་དང་། དུག་ལྔའམ་མཚམས་མེད་པ་ལྔ་ལས་སྤྱད་པ་རིགས་དང་མི་དགེ་བ་
བཅུ་སྤྱད་པས་དེ་ཉིད་གནས་སུ་དག་པ་ཁྲོ་བོ་བཅུར་འགྲུབ་པར་འགྱུར་བར་བསྟན་པ་ཡིན་པས་ན་དེའི་ཕྱིར་ན་དེ་ལྟར་འབྲེལ་ཏོ། །དེ་ལྟར་ལེའུ་ལྔ་པ་དང་དགུ་པར་འབྲེལ། དགུ་པ་དང་བཅུ་བདུན་པར་འབྲེལ། བཅུ་བདུན་པ་དང་བཅུ་གསུམ་པའི་དོན་དུ་འབྲེལ་པ་ཡིན་ཏེ། དེ་ནི་སྟོན་
པ་བྱང་ཆུབ་སེམས་རྡོ་རྗེས་འོ་སྐོལ་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྒྲུབ་པ་ཆེན་པོ་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་པའི་དོན་ཏེ། དེ་ལ་སྒྲུབ་པ་ཞེས་བྱ་བ་ནི་འབྲས་བུ་གང་དང་གང་སྒྲུབ་པ་དེའི་རྒྱུའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་དུ། བཞི་པ་དང་ནི་
བཅུ་དྲུག་དང་། །བརྒྱད་པ་དེ་བཞིན་བཅུ་གཉིས་དང་། །བརྟུལ་ཞུགས་སྡོམ་པ་སྒྲུབ་པ་ནི། །སློབ་དཔོན་སྤྱི་ཡི་ལས་ཡིན་ནོ། །ཞེས་སྨོས་ཏེ་དེ་ལ་ལེའུ་བཅུ་གསུམ་པ་དང་བཞི་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། ལེའུ་བཞི་པ་ལས་ནི་ཐུགས་ཀྱི་དཀྱིལ་འཁོར་བཤད་པར་གསོལ་བ་བཏབ་

ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱི་ཚད་དང་། ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་དང་། དབྱིབས་སུ་ལྡན་པར་ཐིག་བཏབ་ནས་ལྷ་དགོད་པ་དང་། དེར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་མཆོད་པ་དང་། སློབ་མ་དབང་བསྐུར་བ་འབྱུང་སྟེ། ལེའུ་ལྔ་པའི་མཚན་ཉིད་དང་ལྡན་
པའི་སྒྲུབ་པའོ། །ལེའུ་དགུའི་རིགས་ལྔའི་དམ་ཚིག་དང་། ལེའུ་བཅུ་བདུན་པ་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་དང་། དམ་ཚིག་གི་ཡན་ལག་དང་། སྒྲུབ་པ་ཐམས་ཅད་ཀྱི་སྡོམ་པ་ཚང་བར་བསྲུང་བ་དེས་ལས་བཞི་བརྩམ་པ་དང་། དངོས་གྲུབ་ཆེ་ཕྲ་ཐམས་
ཅད་སྒྲུབ་ན་ལེའུ་བཅུ་བདུན་པ་ལས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྡོ་རྗེ་སློབ་དཔོན་ལ་གནས་ཞེས་འབྱུང་བ་དང་། སློབ་དཔོན་གྱི་ཡོན་ཏན་ཡང་དེ་ཉིད་ལས་འབྱུང་བས། དེ་ལྟ་བུའི་མཚན་ཉིད་ཅན་གྱིས་དཀྱིལ་འཁོར་བྲི་བ་དང་མཆོད་པ་དང་དབང་བསྐུར་བ་བྱས་ལ། གདོད་གང་
འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་དགོས་པས་ན་དེའི་ཕྱིར་ན་དེ་ལྟར་འབྲེལ་ཏོ། །ལེའུ་བཞི་པ་དེ་དང་བཅུ་དྲུག་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་དྲུག་པ་ལས་གསུང་གི་དཀྱིལ་འཁོར་བྲི་ཞིང་ལྷ་དགོད་པ་དང་། ཐིག་དང་ཚོན་རྩི་བྱིན་གྱིས་བརླ་བ་པ་དང་། མཆོད་པའི་དུས་
དང་། རྨད་དུ་བྱུང་བའི་གཏོར་མ་བཤམ་པའི་ཐབས་དང་། སྦྱིན་སྲེག་བྱ་བ་དང་། ལྷའི་བྱིན་རླབས་དབབ་ཅིང་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་དང་། དབང་བསྐུར་བའི་བུམ་པ་དང་། དབང་བསྐུར་བའི་ཐབས་ཀྱི་ཆོ་ག་དང་། དམ་ཚིག་རྣམ་པ་བཞི་དཔོག་པ་དང་།
གསང་བའི་དབང་བསྐུར་བ་དང་། གཟུངས་དང་བདུད་རྩི་རྣམ་པ་ལྔ་སྒྲུབ་ཅིང་བྱིན་གྱིས་བརླབ་པ་དང་། སྒྲུབ་པ་ལ་འཇུག་པའི་དུས་སུ་བཀྲེས་སྐོམ་གྱི་གདུང་བ་བསལ་བ་དང་། མངག་གཞུག་སྒྲུབ་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དབང་དུ་བྱ་བ་དང་།
ལྷ་མོ་སྐུལ་བྱེད་མ་དང་། ཛམྦྷ་ལ་དང་། གནོད་སྦྱིན་མོ་སྒྲུབ་པ་དང་། རིག་པའི་བརྟུལ་ཞུགས་སྤྱད་པའི་ཡུམ་དང་། ཁ་ཟས་དང་། སྡོམ་པ་དང་། ཡུམ་བྱིན་གྱིས་བརླབ་པ་ལ་སོགས་པ་བསྟན་ཏེ། ལེའུ་བཞི་པ་ལྟར་དཀྱིལ་འཁོར་བྲི་བ་དང་། དབང་བསྐུར་བ་དང་།

མཆོད་པར་བྱ་བར་བསྟན་པ་ལ་ཡང་། ཐིག་ཚོན་བྱིན་གྱིས་བརླབ་ཅིང་ལྷ་དགོད་པའི་ཐབས་ཤེས་པ་དང་། མཆོད་པ་བྱ་བའི་དུས་ཤེས་པས་རྨད་དུ་བྱུང་བའི་གཏོར་མ་དང་། སྦྱིན་སྲེག་གིས་ལྷ་ཚིམ་པར་མཆོད་ལ། གདོད་སློབ་མ་དཀྱིལ་འཁོར་དུ་བཅུག་ལ་
ལྷའི་བྱིན་རླབས་ཕབ་སྟེ། སྡོམ་པ་ཕོག་ནས་བུམ་པ་ལ་སོགས་པའི་དབང་བསྐུར་བ་དང་། གསང་བའི་དབང་བསྐུར་བའི་གཟུངས་དང་། རིག་པའི་བརྟུལ་ཞུགས་སྤྱད་པ་དང་། ཁ་ཟས་བདུད་རྩི་ལྔ་བསྟེན་ཅིང་ལོངས་སྤྱོད་པ་དང་། དེ་ལྟ་བུའི་སྔགས་ཀྱི་བརྟུལ་ཞུགས་ཀྱིས་མངག་
གཞུག་དང་། སྐུལ་བྱེད་མ་དང་། ཛམྦྷ་ལ་དང་། གནོད་སྦྱིན་མོ་ལ་སོགས་པ་སྒྲུབ་ཅིང་གང་དགོས་པར་བྱ་བ་དང་། དེ་ལྟར་བསྒྲུབ་པའི་དུས་སུ་བཀྲེས་སྐོམ་གྱི་གནོད་པས་མི་ཚུགས་པར་བྱས་ལ་བསྒྲུབས་ན་འགྲུབ་པས་དེ་དག་སྟོན་པས་ན། དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །ལེའུ་བཅུ་དྲུག་
པ་དེ་དང་བརྒྱད་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། ལེའུ་བརྒྱད་པ་ལས་ཚོགས་ཀྱི་གནས་སུ་ཚོགས་ཀྱི་མཆོད་པ་བཤམ་པའི་ཁྱད་པར་དང་། ཏིང་ངེ་འཛིན་དང་། མཆོད་པའི་གཟུངས་ཀྱི་བྱེ་བྲག་རྣམས་ཀྱིས་བྱིན་གྱིས་བརླབ་པ་འབྱུང་བ་སྟེ། ལེའུ་བཅུ་དྲུག་པའི་བརྟུལ་ཞུགས་ལ་གནས་
པའི་རྣལ་འབྱོར་པས་དཀྱིལ་འཁོར་དུ་སློབ་མ་འཇུག་ཅིང་དབང་བསྐུར་བ་དང་། མངག་གཞུག་ལ་སོགས་པ་བསྒྲུབས་ལ་གང་དགོས་པའི་བྱ་བ་བརྩམ་པ་དེ་ཡང་དང་པོར་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཚོགས་ཀྱི་མཆོད་པས་ལྷ་རྣམས་མཉེས་པར་བྱས་ལ་གདོད་བརྩམས་ནས་
གང་འདོད་པའི་དེ་ཇི་ལྟར་བསྒྲུབ་པ་བཞིན་དུ་འགྲུབ་པར་འགྱུར་བས་དེའི་ཕྱིར་ན་དེ་ལྟར་འབྲེལ་ཏོ། །ལེའུ་བརྒྱད་པ་དེ་བཞིན་དུ་བཅུ་གཉིས་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་གཉིས་པ་ལས་དངོས་གྲུབ་སྒྲུབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་དང་། གང་དུ་སྒྲུབ་པའི་གནས་
དང་། །འཕགས་པ་འཇམ་དཔལ་སྒྲུབ་པ་དང་། འཇམ་དཔལ་རིལ་བུས་སྒྲུབ་པ་དང་། རིགས་ལྔ་སོ་སོའི་རིག་འཛིན་རིལ་བུས་སྒྲུབ་པ་དང་། རིགས་ལྔ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་ལས་རིག་འཛིན་སྒྲུབ་པའི་ཐབས་དང་། ཐམས་ཅད་དགུག་པའི་ཐབས་ཀྱི་སྦྱོར་བ་དང་། ལྕགས་

ཀྱུ་རྣམ་པ་ལྔ་ལས་སྒྲུབ་པའི་ཁྱད་པར་དང་། དམ་རྫས་བླང་བའི་ཐབས་ཀྱི་ཏིང་ངེ་འཛིན་དང་། བསྙེན་སྒྲུབ་ཡན་ལག་བཞི་དང་། དེ་སྒྲུབ་པའི་གནས་དང་། དེའི་བརྟུལ་ཞུགས་སྤྱད་པ་དང་། སྡོམ་པའི་ཡུལ་དང་། དངོས་གྲུབ་མི་སྟེར་ན་ཆད་པའི་སྐྱེ་གནས་རྣམས་སྟོན་ཏེ། སློབ་དཔོན་
ཚད་དང་ལྡན་པ་དང་། སློབ་མའི་མཚན་ཉིད་བསྟན་པའི་རྣལ་འབྱོར་པས་རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པས་བཟའི་དམ་ཚིག་དང་། བཀྲེས་སྐོམ་བསལ་བའི་ཏིང་ངེ་འཛིན་དུ་ལྡན་པས་དཀྱིལ་འཁོར་དུ་སློབ་མ་འཇུག་ཅིང་དབང་བསྐུར་
ཏེ། ཕོ་ཉ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱ་བའི་དོན་དུ་ཚོགས་ཀྱི་མཆོད་པས་ལྷ་མཉེས་པར་བྱ་བའི་དོན་དུ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་བསྒོམས་ནས་སྒྲུབ་དགོས་ལ། བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་བསྒོམ་པའི་རྣལ་འབྱོར་པས་རིལ་བུ་དང་ཕྱག་མཚན་ལ་
སོགས་པ་ལ་བརྟེན་ནས་བསྒྲུབས་ན་རིག་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །དེ་ལྟ་བུའི་སྔགས་ཀྱི་བརྟུལ་ཞུགས་དང་། སྡོམ་པ་དང་། སྒྲུབ་པ་ཆེ་ཕྲ་བསྟན་པ་དེ་ནི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བྲི་ཞིང་དེར་
སློབ་མ་དབང་བསྐུར་བ་དང་། སྒྲུབ་པ་ཆེ་ཕྲ་ཐམས་ཅད་ཤོམ་པར་འདོད་པའི་སློབ་མ་རྣམས་ཀྱི་སྤྱིའི་ཐུན་མོང་གི་ཕྲིན་ལས་སུ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན། དྲུག་པ་དང་ནི་གཉིས་པ་དང་། །བཅོ་ལྔ་དང་ནི་བཅུ་བཞི་དང་། །དྲག་ཤུལ་རྗེས་སུ་མཉེས་པ་ཡིས། །ཉེ་བར་སྒྲུབ་པའང་
སྡོམ་པའོ། །ཞེས་སྨོས་ཏེ་བཅུ་གཉིས་པ་དང་དྲུག་པ་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། ལེའུ་དྲུག་པ་ལས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་དང་། དེ་ལྟར་བྱིན་གྱིས་བརླབ་པའི་དུས་སུ་ལྷུན་གྱིས་གྲུབ་པའི་གནས་ནས་སྤྱན་དྲངས་ལ་མཆོད་པས་མཉེས་པར་བྱ་བ་དང་།
རྣམ་པར་མི་རྟོག་པའི་ངང་ལ་ཞི་གནས་དང་ལྷག་མཐོང་ཆ་མཉམ་པར་བྱས་ནས་ཕྱག་རྒྱ་ཆེན་པོ་ཐབས་དང་ཤེས་རབ་ཏུ་སྒོམ་པའི་ཐབས་དང་། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་སྟོན་ཏེ། བཅུ་བཞི་པ་ལས་འཇམ་དཔལ་དང་། རིལ་བུ་དང་། རིག་འཛིན་སྒྲུབ་པ་

དང་། བསྙེན་སྒྲུབ་རྣམ་པ་བཞི་འབྱུང་བ་དེ་ཡང་རྣམ་པར་མི་རྟོག་པས་བསྒོམས་པའི་ངང་ལས་ཕྱག་རྒྱ་ཆེན་པོ་ཡབ་ཡུམ་དུ་བསྐྱེད་ལ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་སྦྱང་བ་བྱས་ནས་བསྒོམས་ན་
སེམས་ཀྱི་གཟའ་གཏད་བསལ་ཞིང་ཡན་ལག་བཞི་ཚང་བར་འགྱུར་བ་དང་། གང་འདོད་པ་དེ་བསྒྲུབས་ན་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །དྲུག་པ་དང་གཉིས་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། གཉིས་པ་ལས་ནི་ལུས་ངག་ཡིད་གསུམ་གཅིག་གི་ངོ་བོར་
གཅིག་བསྐྱེད་པ་དང་། རིགས་ལྔ་སོ་སོའི་བྱང་ཆུབ་སེམས་འབྱུང་སྟེ། ལེའུ་དྲུག་པ་ལས་འབྱུང་བ་བཞིན་སྒོམ་ཞིང་འགྲུབ་པ་དེ་ཡང་དང་པོར་ཆོས་བདག་མེད་པ་སྟོང་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་ངོ་བོར་བསྒོམས་ལ། དེའི་ངང་ལས་ཕྱག་རྒྱ་ཆེན་པོར་བསྐྱེད་ནས་སྐུ་གསུང་
ཐུགས་རྡོ་རྗེ་རྣམ་པ་གསུམ་དབྱེར་མེད་པར་བསྒོམས་ན་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །གཉིས་པ་དང་ལེའུ་བཅོ་ལྔ་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅོ་ལྔ་པ་ལས་གཟུངས་ཀྱི་མཚན་ཉིད་བཤད་ཅིང་སྦྱོར་བའི་ཐབས་དང་། གཤིན་རྗེ་གཤེད་ཀྱི་སྦྱོར་བས་
བུ་མོ་དགུག་པ་དང་། ལས་རྣམ་བཞི་བརྩམ་པ་དང་། དྲག་པོའི་ལས་ཀྱི་བྱེ་བྲག་རྣམ་པ་དུ་མ་བསྟན་པས་སྡང་བ་ཅན་གཞན་ཚར་བཅད་ཅིང་བརླག་པ་དང་། མི་སྣང་བ་བཅུ་གཅིག་སྒྲུབ་པའི་ཐབས་དང་། ཡན་ལག་བཞིའི་བསྒོམ་པའི་གསང་སྔགས་མཉེས་པར་བྱ་བ་དང་། རླུང་
དང་ཁ་ཆར་བཅད་པ་དང་། ཆོས་ཐམས་ཅད་རྨི་ལམ་འདྲ་ཞིང་ལུས་དང་ངག་སེམས་བདག་མེད་པར་བསྟན་པར་འབྱུང་སྟེ། ལེའུ་གཉིས་པ་ལས་ལུས་ངག་ཡིད་གསུམ་གཅིག་གི་ངོ་བོར་གཅིག་བསྐྱེད་ཅིང་དབྱེར་མེད་པར་བསྒོམ་པ་དང་། སྟོང་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་ངང་དུ་
བློ་སྦྱངས་པ་དེས་བདག་ཉིད་གང་ལྟར་མོས་པའི་སྐུར་བསྐྱེད་ཅིང་། ཡུམ་དམ་ཚིག་གི་ཕྱག་རྒྱ་དང་ལྡན་པས་འཕགས་པ་མཆོད་ཅིང་འགྲོ་བའི་དོན་བྱ་བའི་ཕྱིར་ལས་རྣམ་བཞི་བརྩམ་པ་དང་། ཞི་བས་མི་འདུལ་བའི་སྡང་བ་ཅན་རྣམས་དྲག་པོའི་ཕྲིན་ལས་ཀྱི་རྣམ་པར་ཐར་

པའི་སྒོ་མང་པོས་ཚར་བཅད་པ་དང་། འགྲོ་བ་དབང་བསྐུར་བ་དང་། དཀྱིལ་འཁོར་དུ་འཇུག་པའི་ཆེད་དུ་རྡུལ་ཚོན་འདྲི་ན་བར་དུ་གཅོད་པའི་ཁ་ཆར་དང་རླུང་བསལ་བ་དང་། མི་སྣང་བའི་དངོས་གྲུབ་སྒྲུབ་པ་ལ་བདག་གཞན་གྱི་དོན་སྤྱད་པ་དང་། དེ་ལྟར་བྱ་བ་ཡང་བསྙེན་སྒྲུབ་
ཡན་ལག་བཞིའི་སྔགས་ཀྱིས་ལྷ་མཉེས་པར་བྱས་ནས། བརྩམ་པ་དང་། ཆོས་བདག་མེད་པ་རྨི་ལམ་ལྟ་བུར་རྟོགས་པར་བྱས་ནས། དྲག་པོ་དང་བརླང་བར་སྣང་བའི་ལས་བྱས་ཀྱང་སྒྲིབ་པའི་བག་ཆགས་སུ་མི་འགྱུར་ཞིང་ཇི་ལྟར་བཤམས་པའི་ལས་ཐམས་ཅད་ཡེ་ཤེས་ཀྱི་
ཚོགས་སུ་གྱུར་པས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །བཅོ་ལྔ་པ་དང་ལེའུ་བཅུ་བཞི་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་བཞི་པ་ལས་རིགས་ཀྱི་ཡུམ་དང་། ཁྲོ་བའི་སྔགས་དང་། དགུག་པའི་ཁྱད་པར་གྱི་རྣམ་པ་བརྒྱད་དགུག་པའི་ཐབས་དང་། དྲག་པོའི་ལས་ཐམས་ཅད་ཀྱི་
དམིགས་དང་། བརྟུལ་ཞུགས་དང་། གནས་དང་། གདུལ་བྱ་བསྐྲད་པ་དང་། སྐམ་པ་དང་། ཕུར་བུ་སྤྱི་དང་ཁྱད་པར་གྱི་རྒྱུ་དང་། ལྷ་དང་བྱིན་གྱིས་བརླབ་པའི་སྔགས་འབྱུང་སྟེ། བཅོ་ལྔ་པ་ལས། ལས་བཞི་དང་དྲག་པོའི་ལས་ཀྱི་བྱེ་བྲག་མང་པོ་འབྱུང་བ་དེ་ཡང་བརྟུལ་ཞུགས་
དང་ལྡན་པའི་སྔགས་པས། ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་སྔགས་བཟླས་ཏེ། ལས་ཀྱི་དམིགས་ཤེས་པར་བྱས་ནས་ལས་དང་མཐུན་པའི་གནས་སུ་འདུག་སྟེ། དགུག་པའི་ལས་ཀྱིས་དགུག་པ་དང་། ཕུར་བུས་བཏབ་ལ་བཅད་པ་དང་། བསྐྲད་པ་དང་། སྐམ་པ་དང་། གང་
ལྟར་འདོད་པ་བཞིན་དུ་བྱས་ན་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །དེ་ལྟར་ལེའུ་བཞི་པ་ནས་བཅུ་པའི་བར་དུ་འབྲེལ་ཚིག་མན་ངག་གིས་བསྣོར་མཚམས་ཀྱི་འཕེན་སྡུད་སྦྱར་བ་དེ་ནི་དྲག་ཤུལ་གྱི་ཕྲིན་ལས་སྒྲུབ་ཐབས་ཀྱི་རྗེས་སུ་བསྟན་པའི་སྒྲིབ་པའི་བག་ཆགས་སུ་མི་
འགྱུར་ཞིང་། དཀྱིལ་འཁོར་གྱི་ལྷའམ། ཁྲོ་བོ་ཁྲོ་མོ་མཉེས་པའི་སྒོ་ནས་བདེ་བ་ལས་བརྒྱུད་ཅིང་གོ་འཕང་ཆེན་པོ་ལ་སྦྱོར་བའི་ཐབས་སུ་གསུངས་པས་ཉེ་བར་སྒྲུབ་པ་སྡོམ་པའོ་ཞེས་བྱ་སྟེ། གོང་དུ་བསྟན་པའི་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་དང་། སྔ་ན་ལྷུན་གྱིས་

གྲུབ་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འོད་ཟེར་གྱི་ཀྱོ་བས་སྤྱན་དྲངས་ནས་མཆོད་པ་དང་། གཟུངས་ཀྱི་བྱེ་བྲག་དང་། སྦྱོར་བ་དང་། ལས་བཞི་དང་། དྲག་པོ་ལ་སོགས་པ་དེ་དག་ཉེ་བར་སྒྲུབ་པའི་སྡོམ་པའོ་ཞེས་བསྟན་པ་ཡིན་ཏེ། ལྷག་པར་དབང་པོ་བྱིན་གྱིས་བརླབ་
པ་འབའ་ཞིག་པ་ནི་མི་གཟུང་བའོ། །བདུན་པ་གཅིག་པ་གསུམ་པ་དང་། །བཅུ་པ་བཅུ་གཅིག་ལྔ་པ་སྟེ། །དངོས་གྲུབ་ཞིང་གི་མཚན་མ་ནི། །བསྙེན་པ་སྒྲུབ་པའི་སྡོམ་པའོ། །ཞེས་བྱ་བ་བཅུ་བཞི་པ་དང་ལེའུ་བདུན་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བདུན་པ་ལས་སྒྲུབ་པ་
པོས་བསྲུང་བར་བྱ་བའི་ཕྱིར་གསང་སྔགས་ཀྱི་སྡོམ་པ་འབྱུང་སྟེ། སྒོ་གསུམ་སྡོམ་པ་དང་། དཀའ་ཐུབ་བྱས་པའི་སྤྱོད་པས་མི་འགྲུབ་ཀྱི། ཚོགས་ཀྱི་དཀྱིལ་འཁོར་དུ་འདོད་པའི་ཡོན་ཏན་ལྔ་བྱིན་གྱིས་བརླབས་ཤིང་བསྟེན་པ་དང་། རྗེས་སུ་དྲན་པ་བཅུ་དྲུག་སྒོམ་པའི་ཐབས་
དང་། དེ་ལྟར་བསྒོམས་ནས་མཆོད་པའི་ཡོན་ཏན་བསྟན་ཏེ། ལེའུ་བཅུ་བཞི་པར་ལས་དགུག་པ་དང་། ལས་བཞི་དང་། དྲག་པོའི་ལས་དང་། ཕུར་བུས་གདབ་པའི་གཏན་ཚིགས་འབྱུང་བ་དེ་ཡང་འདོད་པའི་ཡོན་ཏན་བསྟེན་པའི་རྣལ་འབྱོར་པས་འདོད་པ་ལྔའི་མཆོད་པ་དང་།
རྗེས་སུ་དྲན་པ་བཅུ་དྲུག་བསྒོམས་པའི་འོད་ཟེར་སྤྲོས་པས་ལྷ་རྣམས་མཉེས་པར་བྱས་ནས། གདོད་ལས་གང་འདོད་པ་བརྩམས་ན་འགྲུབ་པས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །བདུན་པ་དང་གཅིག་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། གཅིག་པ་ཞེས་བྱ་བ་ནི་གཞིའི་ལེའུ་དང་པོ་སྟེ། དེ་
ལས་གསང་བ་འདུས་པའི་ལྷ་གཙོ་བོ་དང་འཁོར་དུ་བཅས་པར་བསྐྱེད་ཅིང་གདོན་པ་འབྱུང་བས། ལེའུ་བདུན་པའི་མཆོད་པ་དེ་ཡང་ལེའུ་དང་པོར་བསྟན་པ་བཞིན་དུ་བསྐྱེད་ནས་དཀྱིལ་འཁོར་གྱི་ལྷ་དང་། དེའི་རིགས་སུ་གཏོགས་པ་རྣམས་ལ་གཟོད་དབུལ་བར་རིགས་པས་ན། དེའི་
ཕྱིར་དེ་ལྟར་འབྲེལ་ཏོ། །གཅིག་པ་དང་ལེའུ་གསུམ་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། གསུམ་པ་ལས་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པ་དང་། ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པའི་སྔགས་དང་། སྐུའི་དཀྱིལ་འཁོར་སྒོམ་ཞིང་སྐུ་མདོག་དང་། ཕྱག་

མཚན་དང་། ཕྲ་མོའི་ཏིང་ངེ་འཛིན་སྒོམ་ཞིང་། འཕྲོ་འདུ་བྱ་བ་ལ་སོགས་པ་འབྱུང་སྟེ། གཅིག་པ་ལས་བསྐྱེད་པའི་ཐབས་འབྱུང་བ་དེ་ཡང་དང་པོར་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་དངོས་པོའི་མཚན་མ་སྦྱངས་ནས། ལེའུ་དང་པོ་ལས་གསུངས་པ་ལྟར་གདོད་
ལྷའི་སྐུར་བསྐྱེད་ལ་སོ་སོའི་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྒོམ་པ་དང་། ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་བརྟན་པར་བྱ་དགོས་པས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །གསུམ་པ་དང་བཅུ་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་པ་ལས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་
ཕྱག་རྒྱ་ཆེན་པོར་བསྐྱེད་པ་མཚོན་པའི་ཚིག་དང་། དེ་བཞིན་གཤེགས་པ་ལྔའི་སྙིང་པོ་ཡི་གེ་དཔའ་བོ་འབྲུ་ལྔ་དང་། དེ་ཡང་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་པ་དང་། ཧཱུཾ་གིས་ལྷ་བསྐྱེད་པའི་ཐབས་དང་། དཀྱིལ་འཁོར་དང་ལྷ་སྤྱན་དྲང་ཞིང་དངོས་གྲུབ་གསོལ་བ་ལ་སོགས་པ་འབྱུང་
སྟེ། ལེའུ་གསུམ་པ་ལས་ལྷའི་དཀྱིལ་འཁོར་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྟན་པ། ལེའུ་དང་པོས་ཚུལ་བཞིན་བསྐྱེད་པར་བསྟན་པ་དེ་ཡང་། རིགས་ལྔའི་སྙིང་པོ་དང་དཔའ་བོ་འབྲུ་ལྔས་མཚོན་ཏེ། སོ་སོའི་སྙིང་པོ་འབྲུ་རེ་བ་ལས་བསྐྱེད་ལ། བསྐྱེད་པ་དེ་ཡང་སྔ་
མ་ལྷུན་གྱིས་གྲུབ་པ་སྤྱན་དྲངས་ལ་མཆོད་ཅིང་བསྟིམས་ན་བྱིན་རླབས་དང་ལྡན་པ་དང་། ཕྲ་མོའི་ཏིང་ངེ་འཛིན་བསྒོམ་ཞིང་འཕྲོ་འདུ་བྱ་བ་ཡང་དཔའ་བོ་འབྲུ་ལྔ་ལ་སོགས་པའི་ལྷ་སོ་སོའི་སྙིང་པོ་འབྲུ་གཅིག་པ་བསྒོམས་ལ་བྱ་དགོས་པར་བསྟན་པས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །བཅུ་
པ་དང་ལེའུ་བཅུ་གཅིག་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་གཅིག་པ་ལས་ཡི་གེ་བྷྲཱུཾ་གྱིས་གཞལ་ཡས་ཁང་བསྐྱེད་པ་དང་། ཡི་གེ་འབྲུ་ལྔས་རིགས་ལྔ་སོ་སོའི་སྐུར་སྒོམ་ཐབས་དང་། ཡི་གེ་འབྲུ་གསུམ་གྱིས་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པའི་ཐབས་དང་།
མངོན་པར་ཤེས་པ་ལྔ་སྒོམ་པའི་ཐབས་ལ་སོགས་པ་འབྱུང་སྟེ། བཅུ་པ་ལྟར་ཡི་གེ་བྷྲཱུཾ་ལས་བསྐྱེད་པ་དེ་ཡང་གཞལ་ཡས་ཁང་གི་ནང་དུ་བཞུགས་ཤིང་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་བྱིན་གྱིས་བརླབ་པ་དང་། ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པས་འགྲོ་བའི་དོན་བྱ་

བའི་ཕྱིར་མངོན་པར་ཤེས་པ་ལྔ་ཡང་སྒྲུབ་དགོས་པས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །རྒོལ་བ་འོ་ན་འདིར་བཅུ་གཅིག་པ་དང་ལྔ་པ་ཞེས་སྨོས་ལ། བཅུ་གཅིག་པའི་དོན་ནི་དེ་ལྟར་བསྟན་པ་ཡིན་ན། ལྔ་པ་དང་པོར་བསྟན་ཟིན་ཡང་ཐ་མར་བསྣན་ཏེ་བསྟན་པ་
ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ནི་ལེའུ་ལྔ་པ་དང་པོར་བསྟན་པ་ནས། ཐ་མ་བཅུ་གཅིག་པ་བསྟན་པའི་བར་དུ་གསང་བ་འདུས་པའི་དོན་ཐམས་ཅད་རྫོགས་ཤིང་ཚང་བ་ཡིན་ལ། དེ་ལྟར་ངེས་པའི་གཏན་ཚིགས་སུ་ལེའུ་ལྔ་པ་སྨོས་པ་ཡིན་ཏེ། དེ་ལྟར་བསྟན་པ་དེ་རྣམས་ལས་བརྗོད་
པར་བྱ་བ་གུད་ན་མེད་དོ་ཞེས་པའི་ཐ་ཚིག་ཡིན་ལ། གཉིས་སུ་ན་ལེའུ་བཅུ་པ་སྨོས་པས་མཇུག་བསྡུས་པའི་ལས་དང་ཏིང་ངེ་འཛིན་གྱི་སྒྲུབ་པའི་ཐབས་དེ་ལྟ་བུའི་དོན་ལ་ཐ་དད་པ་ཙམ་སྐྱེས་པའམ། ནུས་ཚད་དུ་སྤྱོད་ཅིང་ཉམས་སུ་ལེན་པར་འདོད་པའི་བསམ་པ་བཟང་པོ་དང་ལྡན་ན་སྔར་མི་
དགེ་བའི་ལས་ཇི་ལྟ་བུ་སྤྱད་ཀྱང་དེས་འཇུག་པའི་སྒོ་མི་འགག་ཅིང་གང་འདོད་པའི་ལས་དང་དངོས་གྲུབ་དག་ཀྱང་ཇི་ལྟར་བསྒྲུབས་པ་དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེ་བསྟན་ཏེ། གསང་སྔགས་ནི་ཤིན་ཏུ་མཐུ་ཆེ་བས་འདིའི་དོན་ལ་མོས་པ་སྐྱེས་ན་འཇུག་པའམ། ཞུགས་ནས་
ཚུལ་བཞིན་དུ་སྤྱོད་པར་གྱུར་ན། སྔར་སྡིག་པ་ཚན་པོ་ཆེ་སྤྱད་པ་ཡང་ཟིལ་གྱིས་གནོན་ལ། བསྒྲུབས་པའི་འབྲས་བུ་ཡང་ཆུད་མི་ཟ་བར་མྱུར་དུ་འཐོབ་བོ། །སྔར་དད་པ་སྐྱེས་ཤིང་ཞུགས་པའམ། ཚུལ་བཞིན་བསྒྲུབས་པའི་འཕྲོ་ལས་རྐྱེན་གཞན་གྱི་དབང་གིས་སེམས་འགྱུར་ཏེ་
སྤངས་ན་ཡང་ཐེག་པ་གཞན་ལ་ཞུགས་པའི་དགེ་བ་སྤྱད་པ་ཁོ་ན་མེད་དེ། སྐྱེ་བ་དེ་བརྗེས་མ་ཐག་ཏུ་ངན་སོང་གསུམ་དུ་སྐྱེ་བའོ། །དེ་བས་ན་ལེའུ་ལྔ་པ་དང་པོར་བྱས་ནས་དགུ་པ་ནས་བཟུང་སྟེ་བཅུ་གཅིག་པའི་བར་དུ་བསྟན་པ་བཞིན་བསྒྲུབས་ནས། ལྔ་པ་ལས་བསྟན་པའི་རིགས་ངན་སྨེ་ཤ་ཅན་
དང་སྨད་འཚོང་མ་དང་། མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་སྤྱོད་པ་དང་། དུག་གསུམ་སྤྱོད་པ་ལ་སོགས་པས་ཀྱང་འགྲུབ་པར་ངེས་ན། གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ་འགྲུབ་ངེས་ཞེས་རྣམ་པར་དཔྱད་པའི་ཚིག་ཏུ་རིག་པར་བྱའོ། །དེ་ལྟར་དེ་དག་འགྲུབ་པ་ཡང་སྔགས་

རང་བཞིན་གྱིས་མཐུ་དང་བྱིན་རླབས་ཆེ་བའི་ཡོན་ཏན་ལ་ཡིད་ཆེས་ནས། སྔར་སྤྱད་པའི་སྡིག་པ་ལས་འགྱོད་པ་དྲག་པོ་སྐྱེས་པ་དང་། ཕྱག་རྒྱ་མཚན་མར་གསལ་བ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དུ་ལྡན་པའི་ལས་དང་བྱ་བས་བདག་གི་རྒྱུད་སྦྱངས་ཤིང་གཞན་ལ་ཕན་གདགས་པ་
དང་། མཉམ་པ་ཉིད་དུ་རྟོགས་པའི་སྟ་བས་དགེ་སྡིག་དང་རྒྱུ་འབྲས་རང་བཞིན་མི་དམིགས་པར་བརྟགས་པས་མཉམ་པ་ཉིད་ཀྱི་རླུང་ལ་རིག་པ་འབྱུང་བས། སྐུ་ཡང་ཡེ་ཤེས་ཀྱ