Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 38

Văn bản gốc(Tây Tạng)

Trang 3 / 16 (50.000 ký tự/trang)
ར་འདོད་པ་རྣམས་ལ་བདུད་རྩི་བུམ་པ་ཐོགས་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བའི་ཚེ་རིག་པ་འདིས་བསྐུལ་ནས་ལས་སྒྲུབ་པར་བྱེད་དོ། །འདི་ནི་གསུངས་མ་ཐག་ཏུ་ཡང་། །འབྱོར་པ་ཀུན་ལ་དགྱེས་པ་རྣམས། །ཞེས་བྱ་བ་ནི་སངས་རྒྱས་
སྤྱན་གྱི་རང་གི་རིག་པ་ཕྱུང་བས། འབྱོར་པ་ལ་དགྱེས་པའི་ལྷ་མོ་དགའ་བར་གྱུར་ནས་གཙོ་བོ་རྗེས་སུ་དྲན་པར་མཛད་ནས་ཞེས་སོ། །རྣམ་གཅིག་ཏུ་རང་བཞིན་གྱིས་གྲུབ་པའི་རིག་སྔགས་བསྟན་པས་སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་ཏེ་གཙོ་བོ་རྗེས་སུ་དྲན་པར་མཛད་དོ། །འདི་བཞིན་
དུ་འོག་མ་ཀུན་ལ་ཡང་སྦྱར་བར་བྱའོ། །སངས་རྒྱས་ཀུན་གྱི་འབྱུང་བ་ཞེས་བྱ་བ་ནི་ཞི་བ་བསྐུལ་བ་སྟེ་གོང་དུ་བསྟན་པ་བཞིན་ནོ། །ཨོཾ་ཤང་ཀ་རེ་ལ་སོགས་པ་ནི་སྟོབས་དང་གཟི་བརྗིད་བསྐྱེད་པ་དང་བསྲུང་བའི་ལས་ལ་སྦྱར་བའོ། །ཨོཾ་ཀ་ཊེ་བི་ཀ་ཊེ་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་རྒྱས་
པའི་ལས་ལ་སྦྱར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཞེས་བྱ་བ་ལ་སོགས་པ་ནི་དབང་གི་ལས་ལ་སྦྱར་རོ། །དྲག་པོའི་ལས་ལ་ནི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ལ་སོགས་པ་འདི་དག་གི་ཏིང་ངེ་འཛིན་དང་སྔགས་ཀྱིས་བྱ་བ་ཡིན་ཏེ། འདིའི་རིམ་པ་ནི་དང་པོར་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་བཀའི་འཁོར་ལོ་
བསྒོམ་སྟེ། དེའི་བདག་པོ་ལས་ཆོས་ཀྱི་འབྱུང་གནས་སུ་གྱུར་པའི་ནང་དུ་བྷྲཱུཾ་ཡིག་འཁོར་ལོ་དང་བཅས་པ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལས། ཀཾ་ཐོད་འབར་བའི་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་ཨཱ་ལི་ཀཱ་ལི་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་བསྐྱེད་ནས་དེ་ཆགས་པ་ཆེན་པོ་ཧོས་ཞུ་
བར་བྱས་ཏེ། དེ་ལས་ལྷ་མོ་བཞིའི་དབྱངས་ཀྱིས་བསྐུལ་བ་ལས། ཇི་ལྟ་བུའི་ཆོ་གའི་ཚུལ་གྱིས་ཁྲོ་བོ་གཤིན་རྗེ་གཤེད་པོ་ལ་སོགས་པ་གང་ཡང་རུང་བར་བསྐྱེད་དེ། རྡོ་རྗེའི་སྐྱེ་མཆེད་དག་པར་བྱ་བ་ལ་སོགས་པ་བསྙེན་སྒྲུབ་ཀྱི་བྱེ་བྲག་རྫོགས་པར་བྱས་ནས་ཏིང་ངེ་འཛིན་གསུམ་ཚང་བར་

བསྒོམ་སྟེ། ཕྲ་མོ་སྦྱོར་བའི་མཐར་ལས་འདི་དག་བརྩམ་པར་བྱའོ་ཞེས་བླ་མའི་མན་ངག་གོ། །ཁྲོ་བོ་འདི་དག་གི་ཡུམ་ནི་མཱ་མ་ཀཱིས་བྱ་བར་རིགས་སོ། །དེ་ལ་དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་ནི་ཞེས་བྱ་བ་ནི་སྐུའི་བདག་ཉིད་རྣམ་པར་དག་པ་སྟེ། དེ་དབྱུང་བར་དགོངས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་
དེ་སྐད་ཅེས་བྱའོ། །གཞན་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རྡོ་རྗེ་གཤིན་རྗེ་གཤེད་པོ་འདི་ཕྱུང་ངོ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་དབྱེར་མེད་པའི་ཕྱིར་རོ། །འདིར་དགུག་པའི་སྐབས་སུ་དགུག་པའི་སྔགས་དང་སྤེལ་ཏེ་ཐོད་པ་བཟང་པོའི་ནང་དུ་བྲིས་ནས་གཤིན་རྗེ་གཤེད་ཀྱི་སྦྱོར་བས་མནན་
ཏེ། གསང་སྔགས་བཟླས་བརྗོད་བྱས་ན་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་ལ་སོགས་པ་གང་དགུག་པར་འདོད་པ་དེ་དགུག་པར་འགྱུར་རོ། །མཱ་མ་ཀཱི་འམ་སྤྱན་ཡང་རུང་། །ཞེས་བྱ་བ་ནི་ཁྲོ་བོའི་གཟུངས་མ་སྟེ་གོང་དུ་བསྟན་པ་ཉིད་དོ། །བདུད་རྩི་འཁྱིལ་བའི་གསང་སྔགས་གསུངས་པ། དམ་ཚིག་
འོད་ཟེར་སྟུག་པོ་མཆོག །ཅེས་བྱ་བ་ནི་ལས་ཀྱི་བདག་ཉིད་དེ་གཞན་ལ་ནི་སྔ་མ་བཞིན་ནོ། །འདིར་ནི་བགེགས་བསྐྲད་པའི་སྔ་མའི་ཚུལ་ཏེ། དགྲ་བསྐྲད་པ་ལ་ནི། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ་ཞེས་པས་བསལ་ལ་བསྒྲུབ་བྱའི་མིང་བསྐུལ་བ་དང་བཅས་པ་གཞུག་པར་བྱའོ། །གཞན་གྱིས་
མི་ཐུབ་པའི་སྔགས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་སངས་རྒྱས་ཀྱི་འོད་ཟེར་རྡོ་རྗེ་ཞེས་བྱ་བའི་ཐུགས་ཀྱི་བདག་ཉིད་དོ། །སྲིན་པོ་མ་རུངས་གཏུམ་པོ་དང་། །ཞེས་བྱ་བ་ལ་སོགས་པ་ནི་སྲིན་པོ་ལས་འཇིགས་པའི་སེམས་ཅན་རྣམས་ལ་ཁྲོ་བོ་འདིའི་སྦྱོར་བས་གཞིག་པའོ། །རྟ་
མགྲིན་གྱི་གསང་སྔགས་ཀྱིས་དུག་གཞོམ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་འདིའི་སྦྱོར་བ་ནི་རྟ་མགྲིན་གྱི་ཏིང་ངེ་འཛིན་གྱིས་ཡི་གེ་ཧྲཱིཿའབར་བའི་འོད་ཟེར་གྱིས་འོག་ནས་འབྱུང་བའི་དུག་དབྱུང་བ་ལྟ་བུའི་སྦྱོར་བ་བྱ་བ་ཡིན་ནོ། །བེ་ཅོན་སྔོན་པོའི་སྔགས་གསུངས་པ། །དེ་ནས་
ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་དཔལ་འབྱུང་བ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་བདག་ཉིད་དོ། །འདི་གསད་པའི་ལས་ལ་སྦྱར་རོ། །སྟོབས་པོ་ཆེའི་སྔགས་གསུངས་པ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། །དེ་ལ་ཀུན་དུ་སྤྲིན་གྱི་དཔལ། །ཞེས་བྱ་བ་ནི་སྟོབས་དང་གཟི་བརྗིད་ཀྱི་བདག་

ཉིད་དོ། །འདིའི་ཏིང་ངེ་འཛིན་གྱིས་ནི་དབབ་པའི་ལས་བྱ་བ་ཡིན་ནོ། །འདོད་པའི་རྒྱལ་པོ་སྔགས་གསུངས་པ། དེ་ནས་ཀུན་དུ་སྒྲོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དགུག་པའི་བདག་ཉིད་པས་ཁྱབ་པའི་ཕྱིར་སྒྲོགས་པའོ། །ད་ནི་མི་གཡོ་བའི་
སྔགས་བསྟན་པའི་ཕྱིར་བཅོམ་ལྡན་འདས་དྲི་མ་མེད་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱི་བདག་ཉིད་པས་དེ་སྐད་ཅེས་བྱའོ། །འདི་ཡང་དགུག་པའི་བདག་ཉིད་དོ། །གནོད་མཛེས་ཀྱི་གསང་སྔགས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་རྣམ་
པར་འཕྲུལ་པ་ཞེས་བྱ་བ་ནི་ཁྲོ་བོའི་ལས་ཀྱི་བདག་ཉིད་དོ། །དེ་ལྟར་ཁྲོ་བོ་བཅུའི་སྔགས་བསྟན་ནས་དགུག་པའི་ཁྱད་པར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། སངས་རྒྱས་རྡོ་རྗེ་སྐུ་གསུམ་ལ། །རྡོ་རྗེ་སེམས་དཔའ་རྣམ་པར་
བསྒོམ། །ཞགས་པ་རྡོ་རྗེ་ཀྱོ་བ་འཛིན། །སངས་རྒྱས་དགུག་པ་དམ་པའོ། །ཞེས་བྱ་བ་ནི་སངས་རྒྱས་རྣམ་པར་སྣང་མཛད་དགུག་པ་སྟེ། བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམས་པའི་སྐུ་གསུང་ཐུགས་ཀྱི་གནས་སུ་རང་གི་ལྷ་གསུམ་བསྒོམས་ནས། །དེའི་ཐུགས་ཀ་ནས་ལྷ་མོ་ཞགས་པ་དང་
ཀྱོ་བ་འཛིན་པ་སྤྲོས་ཏེ་སངས་རྒྱས་དགུག་པར་བྱའོ། །རྡོ་རྗེ་སེམས་དཔའ་དགུག་པ་གསུངས་པ། སངས་རྒྱས་སྐུ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་རང་གི་སྐུ་གསུང་ཐུགས་ཀྱི་གནས་ནས་འཁོར་ལོའི་ཀྱོ་བ་འཛིན་པའི་ལྷ་མོ་སྤྲོས་ཏེ། རྡོ་རྗེ་
སེམས་དཔའ་དགུག་པར་བྱའོ། །སྔགས་ཐམས་ཅད་དགུག་པ་གསུངས་པ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་བསྒོམས་ཏེ་སྔ་མ་བཞིན་དུ་ཐུགས་ཀ་ནས་འཁོར་ལོ་པདྨོ་རྡོ་རྗེ་ཀྱོ་བས་ལྷ་ཐམས་ཅད་དགུག་པར་བྱའོ། །
བུ་མོ་དགུག་པ་གསུངས་པ། །ཐམས་ཅད་རྡོ་རྗེ་ངོས་བཞི་ལ། །ཞེས་བྱ་བ་ལ་སོགས་པ་སྟེ་རང་གི་ལྷའི་སྔགས་ཀྱིས་བསྐྱེད་པའི་སྐྱེས་བུ་དཀྱིལ་འཁོར་ཆེན་པོའི་ངོ་བོ་བསྒོམས་ནས། བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ་རང་གི་སྙིང་ག་ནས་རྡོ་རྗེ་ཀྱོ་བའི་སྦྱོར་བས་དགུག་

པར་བསམས་ན་འགྲུབ་པར་འགྱུར་རོ། །ཤ་ཙི་ཀ་དགུག་པར་གསུངས་པ། ཟླ་བའི་དཀྱིལ་འཁོར་དག་པ་ནི། །ཞེས་བྱ་བ་ལ་སོགས་པ་སྟེ་ཟླ་བའི་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བསྒོམས་ཏེ། །གཞན་ཡང་རླུང་གི་དཀྱིལ་འཁོར་ལ་ལྷ་མོ་ཤ་ཙི་ཀ་བཞག་ནས་རྡོ་རྗེ་མི་འཆི་བའི་སྔགས་
ཀྱི་སྦྱོར་བས་ལན་ལྔ་བཅུ་བརྗོད་ན་དགུག་པར་འགྱུར་བ་གདོན་མི་ཟའོ། །ནམ་མཁའི་བུ་མོ་དགུག་པ་གསུངས་པ། རྡོ་རྗེ་ཀྱོ་བ་གཟུགས་པོ་ཆེ། །ཞེས་པ་ལ་སོགས་པ་སྟེ་འདི་ནི་བདག་རྡོ་རྗེའི་ཏིང་ངེ་འཛིན་དུ་གནས་པའི་ཐུགས་ཀ་ནས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བའི་ཀྱོ་བ་ཤིན་ཏུ་འབར་བ་སྤྲོས་ཏེ་ནམ་
མཁའི་བུ་མོ་དགུག་པར་བྱའོ། །ལྷ་མ་ཡིན་གྱི་བུ་མོ་དགུག་པ་གསུངས་པ། རང་གི་ཁྲོ་བོ་རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། རང་གི་རིགས་ཀྱི་ཁྲོ་བོའམ། རྡོ་རྗེ་ས་འོག་གི་ཏིང་ངེ་འཛིན་དུ་ཞུགས་ཏེ། ཐུགས་ཀ་ནས་རྡོ་རྗེ་དཔལ་རྩེའི་ཀྱོ་བས་ལྷ་མ་ཡིན་གྱི་བུ་མོ་དགུག་པར་བྱའོ། །ད་ནི་
དགུག་པ་རྣམས་ཀྱི་ཆོ་ག་བསྟན་པའི་ཕྱིར། བཙག་གམ་རྡོ་རྒྱུས་དག་ཀྱང་རུང་། །ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་སྦྱོར་བ་ནི་བདག་ཉིད་ཁྲོ་བོའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བཙག་གམ་རྡོ་རྒྱུས་དག་ཟླ་བ་གཟས་ཟིན་པའི་ཚེ། རང་གི་ཁའམ་ཡང་ན་བྷ་གར་བཅུག་སྟེ་སྒྲུབ་པ་བྱས་ལ། དེ་
ནས་ནང་པར་ཕྱུང་ལ་བཞག་སྟེ། ནམ་འགུགས་པར་འདོད་པ་ན་རྫས་དེ་ལ་ལིང་ག་བྱས་ཏེ་མིང་བྲི་བའི་སྣག་ཚ་ཡང་བྱས་ལ་ལིང་གའི་སྟེང་དུ་མིང་བཞག་ན་ཚངས་པ་དང་དྲག་པོའང་འོང་བར་འགྱུར་རོ། །སྦྱོར་བ་འདི་ནི་དགུག་པའི་ལིང་ག་མཐའ་དག་ལ་སྦྱར་བར་བྱའོ། །ད་ནི་གཤིན་རྗེ་གཤེད་
ཀྱིས་གནོད་སྦྱིན་གྱི་བུ་མོ་དགུག་ཅིང་སྤྱད་པ་བསྟན་ཏེ། དེ་ལ་བདག་ཉིད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཇམ་དཔལ་བསྒོམས་ཏེ། དེ་ལས་སྤྲུལ་པ་ཁྲོ་བོ་གཤིན་རྗེ་གཤེད་བསྐལ་པའི་མེ་ལྟར་འབར་བ་ཕྱག་ན་རྡོ་རྗེ་ཀྱོ་བ་བསྣམས་པ་སྤྲོས་ཏེ་གནོད་སྦྱིན་གྱི་བུ་མོ་བཀུག་ནས་ཉེ་བར་སྤྱད་
པར་བྱའོ། །ཁ་ཅིག་ན་རེ་གཤེད་པོར་བསྒོམས་པའི་ཐུགས་ཀ་ནས་ཀྱོ་བ་སྤྲོས་ཏེ་དགུག་ཅེའོ། །ཀུན་གྱི་ཕྱག་རྒྱ་ཁྱད་པར་དང་། །ཞེས་བྱ་བ་ལ་སོགས་པས་ནི་ཆོ་ག་དང་ལྡན་ན་གོང་གི་ཐབས་ཀྱིས་ཀྱང་ཁུགས་པར་བསྟན་ཏེ། དེ་ལ་ཀུན་གྱི་ཕྱག་རྒྱའི་ཁྱད་པར་ཞེས་པ་ནི་ཐམས་ཅད་ཀྱི་ཕྱག་རྒྱ་

གང་ཡང་རུང་བའོ། །སྔགས་ཀྱི་ཁྱད་པར་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི་སྔགས་མ་ལུས་པ་མཐའ་དག་གིས་ཏེ། ཀུན་ཀྱང་དགུག་པའི་ཐབས་སུ་མི་འགྱུར་བ་མེད་པར་གསུངས་སོ། །གཞན་དུ་བྱས་ན་འཇིག་པར་འགྱུར། །ཞེས་བྱ་བ་ནི་ཏིང་ངེ་འཛིན་མ་ཐོབ་པ་ལ་སོགས་
པས་མི་འགྲུབ་པའོ། །ཁ་ཅིག་ན་རེ་དགུག་པ་ཙམ་ལས་གཞན་དུ་ཕུར་བུ་གདབ་པ་ལ་སོགས་པ་བྱས་ན་འཆི་བར་འགྱུར་བའོ་ཞེས་ཟེར་རོ། །ལས་དེ་དག་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའ་འབའ་ཞིག་གི་ཏིང་ངེ་འཛིན་བསྐུལ་ན་འགྲུབ་པར་འགྱུར་ཏེ། གང་གི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་དེ་
ཉིད་ནི་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྟོན་པ་གདོད་མ་ཐ་མ་མེད་པའི་རྒྱལ་པོ་རྟག་པ་ཆེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །དེ་ཉིད་སྔགས་རྣམས་ཐམས་ཅད་ཀྱི། །སྟོན་པ་རབ་ཏུ་རྟག་པའོ། །ཞེས་གསུངས་པ་
ཡིན་ནོ། །ད་ནི་ཨེ་ཀ་ཛ་ཊཱིའི་སྦྱོར་བས་ཀླུའི་བུ་མོ་དགུག་པའི་ཐབས་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདིའི་སྦྱོར་བ་ནི་ཨེ་ཀ་ཛ་ཊཱིའི་ཏིང་ངེ་འཛིན་ལ་གནས་ཏེ། ཨོཾ་ཤུ་ལི་ནི་སྭཱ་ཧཱ་ཞེས་པ་དང་། ཆེ་གེ་མོ་ཞིག་ཛཿ །ཞེས་བྱ་བས་ཀླུ་ལ་སོགས་པའི་བུ་
མོ་དགུག་པར་བྱེད་དོ། །ལྷ་མོ་ཁྲོ་གཉེར་ཅན་གྱིས་རིག་སྔགས་འཆང་གི་བུ་མོ་དགུག་པ་བསྟན་པ། དེ་ནས་བཅོམ་ལྡན་འདས་ནམ་མཁའི་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་སྦྱོར་བ་ཡང་ཁྲོ་གཉེར་མའི་ཏིང་ངེ་འཛིན་ལ་གནས་ཏེ་གསང་སྔགས་བསྐུལ་བ་དང་བཅས་པ་བཟླས་ཤིང་སྤྲུལ་པས་
དགུག་པར་བསྒོམས་ན་འགྲུབ་པར་འགྱུར་རོ། །དེ་ལ་སོགས་པ་ལས་གང་བྱེད་ཀྱང་སྔོན་དུ་བསྙེན་པ་བྱས་ཏེ་དམ་བཅས་པ་རྫོགས་ནས་དེ་ནས་ལས་ལ་སྦྱོར་བ་ན་འབུམ་ཕྲག་གཅིག་ཏུ་སྐྱོན་མེད་པར་བཟླས་ཏེ་དེ་ནས་ལས་ལ་སྦྱར་རོ་ཞེས་བསྟན་པའི་ཕྱིར། ཡང་ན་ཁྲོ་བོ་ཐམས་ཅད་ནི། །
སྔགས་པས་འབུམ་དུ་བཟླས་བྱས་ན། །ལས་རྣམས་ཐམས་ཅད་བྱེད་པར་བཤད། །ཅེས་གསུངས་པ་ཡིན་ནོ། །ད་ནི་དྲག་པོའི་ལས་ཀྱི་དམིགས་པ་བསྟན་པའི་ཕྱིར། རྡོ་རྗེ་སློབ་དཔོན་སྨོད་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་འདི་རྣམས་ལ་དྲག་པོའི་ལས་བྱས་ན་

བྱང་ཆུབ་ཉིད་དམ་དངོས་གྲུབ་རབ་འབྲིང་ལ་སོགས་པ་འཐོབ་པར་འགྱུར་རོ་ཞེས་པའི་དོན་ཏེ། ལས་དེ་དག་བྱེད་པའི་ཚེ་དམིགས་པ་འདི་ལྟ་བུ་དང་ལྡན་པར་བྱས་ཏེ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་མཉམ་པ་ཉིད་དུ་གྱུར་པར་བསྒོམས་ན་དགྲ་རྣམས་ལ་
གདོན་མི་ཟའོ། །ཁ་ཅིག་ན་རེ་ཚིག་འདི་དག་ནི་འགྲུབ་པར་ངེས་པའི་གཏན་ཚིགས་ཡིན་ནོ་ཞེས་ཟེར་རོ། །ད་ནི་དྲག་པོའི་བརྟུལ་ཞུགས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། ཁྲག་དང་ཆུ་ཡིས་གཤེར་བའམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟུལ་ཞུགས་ལྔ་པོ་འདི་དག་ནི་ཁྲོ་བོ་གང་ཡང་རུང་སྟེ།
འདི་ལྟ་བུའི་སྦྱོར་བ་དང་ལྡན་པས་ལས་བརྩམ་པར་བྱའོ། །དྲག་པོའི་ལས་ཀྱི་གནས་ནི་མ་མོའི་གནས་སམ་དུར་ཁྲོད་དམ་ཞེས་བྱ་བ་ལ་སོགས་པ་སྟེ་གནས་འདི་དག་ནི་འབྱུང་པོའི་དྲག་པོའི་གནས་ཡིན་པའི་ཕྱིར་མངོན་སྤྱོད་ལ་བཀྲ་ཤིས་སོ། །ད་ནི་ལས་སུ་བརྩམ་པ་དེ་དག་ལས་ཕུར་པའི་ལས་ཀྱིས་
གསད་པ་ལ་སོགས་པ་བྱ་བའི་ཕྱིར་མིའི་རུས་པ་ལས་བྱས་པ་ལ་སོགས་པ་བསྟན་ཏེ། དེ་ལ་འདིའི་སྦྱོར་བ་ནི་མིའི་རུས་པའི་ཕུར་བུ་ལ་འོག་ནས་འབྱུང་བ་ལྟ་བུར་བྱིན་གྱིས་བརླབས་ཏེ། ཇི་སྐད་སྨོས་པ་བཞིན་དུ་བཏབ་ན་སངས་རྒྱས་ཀྱང་འཆི་ན་གཞན་དག་ལྟ་ཅི་སྨོས་ཞེས་པའི་ཚིག་གོ། །ཁ་ཅིག་ན་རེ། ཤེས་
དང་མི་ཤེས་རྣམ་སྤངས་པ། །ཞེས་བྱ་བ་ནི་སྒྲུབ་པ་པོའི་བྱེ་བྲག་ཡིན་ཏེ། མི་ཤེས་པ་ནི་གོང་དུ་བསྟན་པའི་རིག་འཛིན་བསྒྲུབ་པ་ལ་སོགས་པ་ཡིན་ལ། ཤེས་པ་ནི་མཚན་མ་མེད་པའི་རྣལ་འབྱོར་ཤེས་པ་ཡིན་ཏེ། འདི་གཉིས་ཀས་ཀྱང་ཕུར་བུ་འདིའི་སྒོ་ནས་འགྲུབ་པར་འགྱུར་རོ་ཞེས་ཟེར་རོ། །དགྲ་གསད་
པའི་སྦྱོར་བ་གསུངས་པ། ཡང་ན་ཐོད་པ་གང་བ་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་སྦྱོར་བ་ནི་ཐོད་པ་མ་ཉམས་པ་ལ་ཁྲོ་བོ་གང་ཡང་རུང་བའི་སྔགས་སམ་རྡོ་རྗེ་ཐོར་ཚུགས་གཅིག་པའི་སྔགས་བསྐུལ་བ་དང་བཅས་པ་བྲིས་ཏེ། རྡོ་རྗེ་ཐོར་ཚུགས་ཀྱིས་དེའི་སྟེང་ནས་མནན་པར་བསྒོམས་ཏེ།
དགྲའི་སྒོའམ་གྲོང་དུ་སྦས་ན་སྐྲོད་པར་འགྱུར་རོ། །སྦྱོར་བ་གཞན་གསུངས་པ། ཏཱ་ལའི་ལོ་མའམ་གཞན་ལའང་རུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་སྦྱོར་བ་ནི་ཁྲོ་བོའི་གསང་སྔགས་བསྐུལ་ཚིག་དང་བཅས་པ་བྲིས་ནས་ཁྲོ་བོའི་ཏིང་ངེ་འཛིན་གྱིས་བསྐུལ་ན་འགྲུབ་པར་འགྱུར་རོ། །ད་

ནི་ཕུར་བུ་གདབ་པའི་གསང་སྔགས་དང་རྒྱུ་དང་ཏིང་ངེ་འཛིན་དང་། བྱིན་གྱིས་བརླབས་པའི་ཚུལ་རྣམས་སྟོན་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྐུ་གསུང་ཐུགས་གནོན་པ་ཞེས་བྱ་བ་ནི་མཐུ་མེད་པར་བྱེད་པའོ། །རྣམ་གཅིག་ཏུ་རྡོ་རྗེ་ཕུར་བུས་གཟིར་བ་ཡིན་
ནོ། །ཨོཾ་གྷཿགྷཿཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་ནི་ཕུར་བུ་གདབ་པའི་སྔགས་ཡིན་ཏེ། འདིར་སརྦ་དུཥྚཱཾ་ཞེས་པའི་བར་དུ་བསྒྲུབ་བྱའི་མིང་གཞུག་པར་བྱའོ། །མི་ཡི་རུས་པའི་ཕུར་བུ་འམ། །ཞེས་བྱ་བ་ལ་སོགས་པས་ནི་དྲག་པོའི་ཕུར་བུའི་རྒྱུ་བསྟན་ཏོ། །དེ་ལྟ་བུའི་ཕུར་བུ་དེ་དག་གདབ་པའི་
ཏིང་ངེ་འཛིན་བསྟན་པའི་ཕྱིར། འོད་འཕྲོ་འཁྲུག་ཅིང་མདངས་བཟང་བའི། །རྡོ་རྗེ་སེམས་དཔར་མཉམ་གཞག་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནམ་རྣམ་པར་སྣང་མཛད་དམ་འོད་དཔག་མེད་དམ་གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཡང་རུང་སྟེ། འདི་དག་
གི་ཏིང་ངེ་འཛིན་དང་ལྡན་པས་ཕུར་བུ་བདུད་རྩི་འཁྱིལ་བའི་རང་བཞིན་དུ་བསྒོམས་ཏེ། སྙིང་ག་དང་ལྟེ་བ་དང་གསང་གནས་དང་དཔྲལ་བ་དང་དབང་པོ་སྒོ་ལྔ་དང་ཡན་ལག་ལྔའི་གནས་དཔུང་པ་གཉིས་དང་པུས་མོ་དང་ལོང་བུའི་ནང་རོལ་གཉིས་ལ་ཕུར་བུས་གདབ་པར་བྱའོ། །གང་དུའང་དམ་ཚིག་དེ་
ཉིད་བྱ། །ཞེས་པ་ནི་གོང་དུ་བསྟན་པའི་དྲག་པོའི་ལས་དང་། ཕུར་བུ་བྱ་བ་བསྟན་པ་རྣམས་ལ་ཕུར་བུའི་དམ་ཚིག་འདི་ཉིད་ཀྱིས་སྦྱོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་འདི་དག་ཕུར་བུ་ཉིད་བསྒོམ་པ་ཡིན་ཏེ། འདི་དག་ལྟ་བུར་བསམས་པའི་ཕུར་
བུས་གདབ་པར་བྱའོ་ཞེས་ཟེར་རོ། །ད་ནི་ཕུར་བུ་བྱིན་གྱིས་བརླབ་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྐུའི་དམ་ཚིག་ཚམ་རྔམ་གྱིས་གནོན་པར་བྱ་བ་ནི་ཁྲོ་བོའི་གཟི་བརྗིད་ཀྱི་ཚམ་རྔམ་ཡོན་ཏན་ཐམས་ཅད་ཟིལ་གྱིས་གནོན་པར་
བྱེད་པའོ། །འདིའི་སྦྱོར་བ་ནི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དུ་གནས་ཏེ། ཐབས་དང་ཤེས་རབ་ཀྱི་ལག་པ་གཉིས་ཀྱིས་ཇི་ལྟ་བུའི་ཕྱག་རྒྱས་བཅས་ཏེ། ཕུར་བུ་བསྒྲིལ་ཞིང་ཨོཾ་ཙྪིནྡ་ཙྪིནྡ་ཞེས་པའི་གསང་སྔགས་བརྗོད་པས་ཐབས་དང་ཤེས་རབ་ཀྱི་འོད་ཟེར་ལས་བྱུང་བའི་ཡེ་ཤེས་ཀྱི་ཕུར་བུ་སྐུ་རྡོ་རྗེའི་

རང་བཞིན་དུ་བྱིན་གྱིས་བརླབས་ཏེ་སངས་རྒྱས་དག་ལ་བཏབ་ན་ཡང་དམ་ཚིག་དབང་གིས་བཞེངས་ཏེ་དོན་མཛད་པ་ལ་སྦྱོར་བར་འགྱུར་ལ་འཇིག་རྟེན་པ་ལ་བཏབ་ན་འཆི་བར་འགྱུར་རོ། །ཁ་ཅིག་ན་རེ་སྡང་བ་ཞེས་བྱ་བའི་དགྲ་ནི་སྐྲག་སྟེ་འབྲོས་པ་ཡིན་ལ་ཡང་ན་འཆི་བར་འགྱུར་རོ། །འདི་ནི་སྐུ་རྡོ་རྗེར་བྱིན་
གྱིས་བརླབ་པའོ། །ད་ནི་གསུངས་རྡོ་རྗེར་བྱིན་གྱིས་བརླབ་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་སྦྱོར་བ་ཡང་རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་དུ་གནས་ཏེ། ཇི་ལྟ་བའི་ཕྱག་རྒྱས་ཕུར་བུ་བསྒྲིལ་ཞིང་གསང་སྔགས་བརྗོད་པས་གསུང་རྡོ་རྗེར་
བྱིན་གྱིས་བརླབ་པ་སྟེ། ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་ལ་དེ་བཞིན་གཤེགས་པ་རྣམས་དགྱེས་པར་གྱུར་ནས་རྡོ་རྗེ་ཕུར་བུའི་དོན་ལ་མཉེས་པར་གྱུར་ནས་བསྟོད་པའི་ཕྱིར། ཨེ་མའོ་གསང་བའི་གནས་ཀྱི་མཆོག །ཅེས་བྱ་བ་ལ་
སོགས་པས་བསྟོད་པ་ཡིན་ནོ་ཞེས་ཀྱང་ཁ་ཅིག་འཆད་དོ། །ཡང་ན་འདིའི་འགྲེལ་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ཀྱི་བཀའ་ཡིན་པར་མངོན་ཏེ། མཇུག་སྡུད་པའི་ཚིག་གམ་འོན་ཏེ་སྔོན་དུ་བཀའ་སྩལ་ཏོ་ཞེས་པ་ཡང་མང་པོའི་ཚིག་མེད་པའི་ཕྱིར་རོ། །མདོར་ན་ཕུར་བུ་བྱང་ཆུབ་ཀྱི་སེམས་ཀྱི་
དོན་ལ་ངོ་མཚར་བའི་དོན་གྱིས་བསྟན་པ་ཡིན་ཏེ། དེ་ལ། ཨེ་མའོ་གསང་བའི་གནས་ཀྱི་མཆོག །ཅེས་བྱ་བ་ནི་ཕུར་བུ་བྱང་ཆུབ་ཀྱི་སེམས་ནི་གསང་བའི་གནས་སུ་གྱུར་པ་ཀུན་གྱི་ནང་ན་དམ་པར་གྱུར་པའོ། །ཨེ་མའོ་སྙིང་པོ་ཀུན་བསྡུས་པ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཀུན་གྱི་སྙིང་པོ་
ཐམས་ཅད་བསྡུས་པའི་དོན་ཏོ། །ཨེ་མའོ་ཆོས་ཀྱི་གནས་ཞི་བ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སྤྲོས་པ་དང་བྲལ་བའི་དོན་ཏོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་མཚན་མ་ཐམས་ཅད་འཇོམས་པའི་ཕྱིར། །ཨེ་མའོ་རྡོ་རྗེ་རྣམ་པར་འཇོམས། །ཞེས་བྱ་བ་ཡིན་ནོ་དེའི་ཕུར་བུ་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཡང་གནོན་པར་བྱེད་པ། སྐུ་གསུང་ཐུགས་ཀྱི་གྲུབ་པ་ཐམས་ཅད་སྦྱིན་པར་མཛད་པ་འདི་ནི་སྔགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའོ་ཞེས་པའི་ཐ་ཚིག་གོ། །རྣམ་པ་གཅིག་ཏུ་ན་ཨེ་མའོ་གསང་བའི་གནས་ཞེས་བྱ་བ་ནི་ཕུར་བུ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྟེ། འདིའི་དོན་ནི་ཐབས་དང་ཤེས་

རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་ངོ་བོར་སྟོན་ཏེ། དེ་ལ་སྙིང་པོ་ཀུན་བསྡུས་པ་ནི་ཐབས་ཀྱི་བདག་ཉིད་དེ་རང་རིག་པའི་ཡེ་ཤེས་སོ། །ཆོས་ཀྱི་གནས་ཞི་བ་ནི་ཤེས་རབ་ཀྱི་བདག་ཉིད་དེ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་དོ། །རྡོ་རྗེ་རྣམ་པར་འཇོམས་པ་ནི་གཉིས་སུ་མེད་
པའི་བྱང་ཆུབ་ཀྱི་སེམས་ཏེ་དོན་མ་ནོར་བར་རྟོགས་པའི་རིག་པ་འབྱུང་བའོ། །འདི་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་ཕུར་བུ་འདི་ནི་སྔགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའོ་ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་བཞི་པའོ།། །།ད་ནི་གཟུངས་ཀྱི་མཚན་ཉིད་དང་། ལས་དང་སྒྲུབ་པ་ཕྲ་མོ་
དང་རྨིས་ལྟས་ཀྱི་མཚན་མ་ལ་སོགས་པ་སྟོན་པས། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གཟུངས་ཀྱི་རིགས་བསྟན་པའི་ཕྱིར། སྨེ་ཤ་ཅན་ནི་མཐུ་ཆེན་གྱི། །བུ་མོ་ལོ་གྲངས་བཅུ་གཉིས་པ། །ཞེས་བྱ་བ་ལ་སོགས་གསུངས་ཏེ། དེ་ལ་སྨེ་ཤ་ཅན་ནི་
རིགས་ཀྱི་ཡུམ་དུ་འདོད་དེ་སྔོན་དུ་བརྗོད་པའི་མ་དང་སྲིང་མོ་བུ་མོ་ཞེས་བསྟན་པ་ལས་འདིར་མར་ཤེས་པར་བྱའོ། །དེ་ལྟ་བུའི་གཟུངས་མ་འདི་བྱིན་གྱིས་བརླབ་པར་བྱ་སྟེ། མཉམ་པའི་མཎྜལ་བདུད་རྩི་འཁྱིལ་པས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔས་སྐྱང་ནུལ་བྱས་ཏེ། དེར་བཞག་ལ་ཆོ་ག་ཚུལ་
བཞིན་བྱས་ཏེ་གཉིས་སུ་མེད་པའི་སྦྱོར་བ་བསྟན་པའི་ཕྱིར། རྡོ་རྗེ་འཁྱིལ་པ་བསྒོམས་པ་ཡིས། །ཞེས་བྱ་བ་ནས། ཕང་པར་བཞག་ནས་རྣམ་པར་བསྒོམ། །ཞེས་གསུངས་པ་ཡིན་ནོ། །བྱིན་གྱིས་བརླབ་པ་ཡང་། དཀྱིལ་འཁོར་ལྔ་ཡི་འཁོར་ལོ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་
དུ་བརྗོད་པ་བཞིན་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་བསྒོམས་པས་ཅིར་འགྱུར་ཞེ་ན། སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་སངས་རྒྱས་འོད་འདྲར་འགྱུར། །ཞེས་བྱ་བ་ཉིད་དུ་སྦྱར་རོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །གཙོ་བླག་མཁན་ནི་མཐུ་
ཆེན་གྱི། བུ་མོ་ཨུཏྤལ་མཐིང་གའི་མདོག །ཅེས་བྱ་བ་ནི་སྲིང་མོ་སྟེ། །འདི་ལ་ཤེས་རབ་ཀྱི་དབང་ཐོབ་པའི་ཡུམ་སྟེ། དེའི་འབྲས་བུ་ནི་རྡོ་རྗེ་འཛིན་ཆེན་པོ་ཡིས་ཡོན་ཏན་ཡང་། རྡོ་རྗེ་སེམས་དཔའི་འོད་འདྲར་འགྱུར། །ཞེས་གསུངས་སོ། །རྒྱལ་པོ་ཆོས་རྣམས་ཀུན་དང་མཚུངས། །ཞེས་

བྱ་བ་ལ་སོགས་པ་ནི་དེའི་ཡོན་ཏན་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་མི་དམིགས་པའི་ངོ་བོ་སྟེ་འདོད་པ་དང་ཐར་པ་ཡང་རྒྱས་པར་བྱེད་དོ། །ཁ་ཅིག་ནི་རྡོ་རྗེ་ཆོས་ཀྱི་ཡོན་ཏན་དུ་འདོད་དོ། །རྡོ་རྗེ་ཆོས་ནི་རབ་བསྒོམས་པས། །གར་མཁན་བུ་མོ་རབ་མཛེས་ཤིང་། །བཞིན་བཟངས་མིག་གི་དཀྱུས་རིང་བ། །
ཞེས་བྱ་བ་ནི་བུ་མོ་ཡིན་ཏེ་ཡུམ་འདི་ལས་ནི་གཞན་དག་ལ་དབང་བསྐུར་བའི་ཡུམ་བྱེད་པས་ཡོན་ཏན་ཡང་། འདི་ནི་རྡོ་རྗེ་ཆོས་ཀྱི་བདག །ས་བཅུ་ལ་ནི་གནས་པར་འགྱུར། །ཞེས་གསུངས་པ་ཡིན་ནོ་ཞེའོ། །མདོར་ན་རྡོ་རྗེ་འཛིན་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་པའི་ཡུམ་གསུམ་དང་། རྣལ་འབྱོར་པ་
བདག་ཉིད་དབང་ནོད་ཅིང་གཞན་ལ་བསྐུར་བའི་ཡུམ་གསུམ་དང་། མ་དང་སྲིང་མོ་བུ་མོ་གསུམ་དང་སྐུ་གསུང་ཐུགས་ཀྱི་ཡུམ་གསུམ་བདག་ཉིད་གཅིག་ཏུ་སྦྱར་བར་བྱའོ། །གཞན་ཡང་རིགས་རྣམ་པ་བཞི་གང་རྙེད་པ་ལས་ཀྱང་གཟུང་བ་བསྟན་པའི་ཕྱིར། བྲམ་ཟེ་རྒྱལ་རིགས་རྗེའུ་རིག་དང་། །ཞེས་
བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྡོ་རྗེ་ཆོས་ཀྱིས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་འདི་དག་ཆོས་ཀྱི་རིགས་སུ་བསྟན་པ་ཡིན་ཏེ། འོན་ཀྱང་འདི་རུ་ནི་རིགས་ཐམས་ཅད་འདུས་པར་ཤེས་པར་བྱའོ། །གཟུངས་དེ་དག་སྒྲུབ་པ་བརྩམ་པའི་དུས་ནི། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་དུ་བརྩམ་
པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་གིས་འགྲུབ་པར་འགྱུར། །ཞེས་པ་གསུངས་ཏེ། འདིའི་ཚུལ་ནི་ཉི་མ་ནུབ་ནས་སྒྲུབ་པ་ལ་ཞུགས་ཏེ་ནམ་ཕྱེད་མན་ཆད་ན་རྟགས་ཆེན་པོ་འབྱུང་བར་འགྱུར་ཏེ། དེ་ནས་སྐྱ་རེངས་འཆར་བའི་དུས་སུ་དངོས་གྲུབ་བླང་བར་བྱའོ་ཞེས་བྱ་བའི་དོན་
ཏོ། །འདི་ནི་བསྙེན་པས་རྟགས་འབྱིན་པའི་རྣལ་འབྱོར་པས་དངོས་གྲུབ་ལེན་པའི་དུས་བཤད་པ་ཡིན་ནོ། །འདིར་བླ་མའི་མན་ངག་ནི་གོང་དུ་བསྟན་པའི་གཟུངས་དེ་ལྟ་བུ་ལ་བརྟེན་ནས་ཡེ་ཤེས་ཆེན་པོ་དངོས་གྲུབ་བརྟག་པ་ཡིན་ཏེ། དེ་ལ་རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །ཉི་མ་ནི་གསང་བའི་
པདྨ་སྟེ། དེ་ལ་འདས་དེ་སྦྱོར་བ་ནི་རྡོ་རྗེ་ཉི་མ་ནུབ་པ་ཞེས་བྱའོ། །སྒྲུབ་པ་ཀུན་དུ་བརྩམ་པར་བྱ། །ཞེས་བྱ་བ་ནི་སྒུལ་བསྐྱོད་ཀྱི་ཕྱག་རྒྱས་བྱང་ཆུབ་ཀྱི་སེམས་བདེ་བའི་གནས་ནས་ཧཱུཾ་ཕཊ་ཅེས་བསྐུལ་བའོ། །སྐྱ་རེངས་འཆར་བའི་དུས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་གནས་

ནས་བབ་པའོ། །བསྒོམ་པ་མཆོག་ཅེས་བྱ་བ་ནི། །སེམས་ནོར་བུའི་ནང་ན་གནས་པ་ན་བདེ་བ་ཆེན་པོ་ཡེ་ཤེས་བརྟག་པའོ། །འགྲུབ་པར་འགྱུར་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་ལོན་པར་གྱུར་པའོ། །དེ་གང་གི་ཏིང་ངེ་འཛིན་གྱིས་འགྲུབ་པར་འགྱུར་ཞེ་ན།
རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །སྤོས་དང་མེ་ཏོག་རྣམས་ཀྱིས་བརྒྱན། །རྡོ་རྗེ་སེམས་དཔའ་མཆོག་བསྒོམས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །ཞེས་པ་ནི་བདག་ཡབ་ཡུམ་སྦྱོར་བའོ། །སྦྱོར་བ་ཐམས་ཅད་
བརྩམ་པར་བྱ་བ་ནི་དེའི་ཏིང་ངེ་འཛིན་ཏེ་ཆོས་ཐམས་ཅད་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཏུ་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །དེ་དག་ནི་ཐབས་དང་ཤེས་རབ་ཀྱི་སྒོ་ནས་སྒྲུབ་པ་ཡིན་ཏེ་དེ་ཡང་རིགས་སོ་སོའི་གཟུངས་བསྟན་པའི་ཞར་ལ་བཤད་པ་ཡིན་ནོ་ཞེའོ། །རྡོ་རྗེ་ཅན་གྱིས་གྲུབ་འདོད་ན། །བཤང་
གཅི་དམ་ཚིག་བཟའ་བར་བྱ། །ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་རྣམ་པ་ལྔ་བཟའ་བ་བསྟན་ཏེ། དེ་དག་ཀྱང་ཐབས་དང་ཤེས་རབ་དང་འབྲེལ་བའི་བདུད་རྩི་རབ་ཏུ་འགྲུབ་པ་བསྟན་པའི་ཕྱིར། བཤང་གཅིའི་དམ་ཚིག་ལ་སོགས་པས། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །སངས་རྒྱས་བྱང་ཆུབ་
གནས་ཞི་བ། །དེ་ཉིད་བླ་ན་མེད་པ་འགྲུབ། །ཅེས་གསུངས་པ་ཡིན་ནོ། །ད་ནི་དྲག་པོའི་ལས་ལ་སོགས་པ་བསྟན་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལས་འདི་དག་བྱེད་པའི་ཚེ་ཁྲོ་བོ་གང་ཡང་རུང་བས་གཙོ་བོ་བྱས་པའམ་ཞེ་སྡང་རྡོ་རྗེས་བྱས་ཀྱང་རུང་སྟེ། ཁྲོ་བོ་བཅུའི་དཀྱིལ་འཁོར་
བསྒོམས་ནས་འོག་ནས་འབྱུང་བའི་ལས་རྣམས་ལ་སྦྱར་རོ་ཞེས་ཤེས་པར་བྱའོ། །དེ་ལ་འདིར་གཤིན་རྗེ་གཤེད་ཀྱིས་བུ་མོ་དགུག་པ་བསྟན་ཏེ། གཤིན་རྗེ་གཤེད་ཀྱི་སྦྱོར་བ་དང་ལྡན་པས་ཐབ་ཁུང་གྲུ་གསུམ་བྱས་ཏེ་ཚེར་མའི་ཤིང་ལ་མེ་སྦར་ནས་དུག་དང་མིའི་ཁྲག་དང་ལན་ཚྭ་དང་སྐེ་ཚེ་ལ་སོགས་པ་གདུག་པའི་
རྫས་རྣམས་ལ་སེམས་ཁྲོས་པ་དང་བཅས་པས་ཉི་མ་གུང་ངམ་ནམ་ཕྱེད་ན་བསྲེག་པར་བྱ་སྟེ། ཨོཾ་ཧྲཱིཿཥྚཱིཿབི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲཱུཾ་ནི་ཤ་ཡ་སྟམྦྷ་ཡ་ཧཱུཾ་ཧཱུཾ་བུ་མོ་ཆེ་གེ་མོ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་བསྲེག་ཅིང་ཉི་མ་གསུམ་དུ་ལས་འདི་བྱས་ན། བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་བུ་མོ་འབྱུང་བར་

འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅུ་བཞི་འམ་ཡང་ན་ཚེས་བརྒྱད་ལ། །ཞེས་བྱ་བ་ལ་སོགས་པས་ནི་དགུག་པའི་རྫས་བསྟན་པ་ཡིན་ཏེ་སྔོན་དུ་བསྟན་པ་ལྟར་བཅུ་བཞིའམ་ཚེས་བརྒྱད་ལ་དུར་ཁྲོད་ཀྱི་སོལ་བ་བླངས་ལ་ཆོ་ག་བཞིན་དུ་བྱས་ཏེ་ཟླ་བ་གཟས་ཟིན་པའི་ཚེ་ཁར་བཅུག་སྟེ་གསང་སྔགས་བཟླས་
པ་བྱས་ནས། དེ་ནས་གདུལ་བྱའི་མིང་ལ་སོགས་པ་བྲིས་ན་གདུལ་བྱ་འདུལ་བར་འགྱུར་བར་གདོན་མི་ཟའོ། །གསང་སྔགས་ཤེས་པས་བསྒོམས་ནས་ནི། །གང་ཡང་རུང་བའི་རི་མོ་བྲི། །ཞེས་བྱ་བ་ནི་སྔོན་དུ་བསྟན་པ་བཞིན་ནོ། །ཐོ་བ་ཞི་བ་ལ་བསྒོམས་ནས། །ཞེས་བྱ་བ་ནི་བདག་ཁྲོ་
བོའི་ཏིང་ངེ་འཛིན་དུ་གནས་པ་ལས་སྤྲུལ་པ་ཐོ་བ་ཐོགས་པ་མང་པོ་བྱུང་སྟེ། གང་ལ་བྱ་བའི་གཟུགས་བརྙན་ལ་བརྡེག་པར་བསྒོམས་ན་འདི་ཡིས་འདུལ་བར་འགྱུར་བས། སྦྱོར་བ་དག་གིས་ངེས་པར་ལྟུང་། །ཞེས་སོ། །སྦྱོར་བ་གཞན་གསུངས་པ། །ཧཱུཾ་ནི་རབ་ཏུ་འབར་དང་བཅས། །ཞེས་པ་སྟེ་འདིའི་སྦྱོར་བ་
ནི་ཁྲོ་བོའི་སྦྱོར་བས་སྤྲུལ་པའི་ཕོ་ཉ་རྣམས་ཀྱི་ལག་ན་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་ཐོགས་པས་བསྒྲུབ་བྱ་གཞིག་པར་བསམས་ན་འགྲུབ་བོ། །གཞན་ཡང་། རྡོ་རྒྱུས་སོལ་བ་ལ་སོགས་པས། །སྐྱེས་པའམ་བུད་མེད་ཀྱི་གཟུགས་བྲིས་ལ། །ཞེས་བྱ་བས་ལིང་ག་བྱས་ཏེ། བདག་གི་སྤྲུལ་པ་
ལག་ན་སྟ་རེ་ཐོགས་པ་རྣམས་ཀྱིས་ལིང་ག་ལ་བསྟིམས་པའི་བསྒྲུབ་བྱའི་མིད་པ་བཅད་པར་བསྒོམས་ན་གང་ཡང་རུང་སྟེ་སྣད་པའམ་འཆི་བར་འགྱུར་རོ། །ལས་ཀྱི་རྡོ་རྗེ་རབ་འབར་བ། །ཞེས་བྱ་བ་ལ་སོགས་པ་ནི་མནན་པའི་ལས་ཡིན་ཏེ། འདི་ནི་འོག་གི་རླུང་དང་ཆར་པ་བཅད་པ་ལ་སྦྱར་བར་བྱའོ། །
འདིའི་སྦྱོར་བ་ནི་བདུད་རྩི་འཁྱིལ་བའི་ཏིང་ངེ་འཛིན་དུ་བཞུགས་ནས་རླུང་ངམ་ཆར་པ་ཡང་རུང་སྟེ་གང་ཡང་རུང་བའི་མདུན་དུ་བསམས་ཏེ། དེའི་སྟེང་དུ་ལས་ཀྱི་རྡོ་རྗེ་རྒྱ་གྲམ་གྱིས་མནན་པའི་དབུས་ན་རྡོ་རྗེ་འགྲེང་བུས་མཚན་པ་བསམས་ནས་གདུག་པའི་དགྲ་ཨ་མྲྀ་ཏ་ཀུཎྜ་ལི་དྲན་པར་བྱས་ན་
སངས་རྒྱས་ཀྱི་སྤྲུལ་པའང་འཇིག་ན་གཞན་ལྟ་ཅི་སྨོས། ད་ནི་གོང་དུ་སྨོས་པའི་གཟུགས་དང་གཉིས་སུ་མེད་པའི་སྦྱོར་བའི་མཚན་ཉིད་དང་། བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་བྱིན་གྱིས་བརླབས་པའི་ཡི་གེ་རྣམས་སྟོན་པས་དེ་ལ་སྔགས་འདི་ནི་ཐམས་ཅད་ཀྱི་གསང་བའི་སྙིང་པོའོ། །ཕཊ་ཅེས་བྱ་བ་ལ་

སོགས་པ་གསུངས་ཏེ། འདིའི་སྦྱོར་བ་ནི་བདག་གཙོ་བོ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་དེ། མཁའ་གསང་རྣམ་པ་གཉིས་བྱིན་གྱིས་བརླབ་པའི་ཚེ་རྡོ་རྗེའི་སྦུ་གུའི་ནང་ན་བྱང་ཆུབ་ཀྱི་སེམས་སྤྲོ་བའི་ཕཊ་ནག་པོ་ཡོད་པའོ། །ཡེ་ཤེས་སེམས་དཔའ་སྦྱོར་བ་
ཡིས། །དབུས་སུ་གཟུགས་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་བདག་ཉིད་ཡེ་ཤེས་སེམས་དཔའ་དང་ལྡན་པའི་གཙོ་བོར་བསྐྱེད་པའོ། །སྔགས་ཤེས་པས་ནི་གནས་བཞི་རུ། །བུད་མེད་རྟག་ཏུ་གཞག་པར་བྱ། །ཞེས་བྱ་བ་ནི་མཚམས་ཀྱི་ལྷ་མོ་བཤེས་གཉེན་མ་བཞི་རྟག་ཏུ་གནས་པ་ཉིད་དོ། །
རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །མཚན་རྣམས་ཐམས་ཅད་ཀྱིས་ནི་མཚན། །ཞེས་བྱ་བ་ནི་ལྷ་མོའི་ཡོན་ཏན་ནོ། །པདྨོ་རབ་ཏུ་རྒྱས་བྱས་ནས། །སྔགས་ཀྱི་རྣམ་པར་བསྒོམ་པར་བྱ། །ཧཱུཾ་ཞེས་བྱ་བ་ནི་ཧཱུཾ་གིས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ་པར་བྱའོ། །རང་ལུས་ངག་སེམས་རྡོ་རྗེ་ལ། །ཕབ་ན་བྱང་
ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བབ་པའི་ཡོན་ཏན་ནོ། །ཁ་ཅིག་ན་རེ་བདག་ཡེ་ཤེས་སྦྱོར་བ་དང་ལྡན་པའི་མཚན་ཐམས་ཅད་ཡོངས་སུ་རྫོགས་པའི་བུད་མེད་བཞི་རྒྱན་གྱིས་བརྒྱན་ཏེ་ཡུམ་བཞིར་བྱིན་གྱིས་བརླབས་ནས་ཕྱོགས་བཞིར་བཞག་སྟེ་གཉིས་སུ་མེད་པའི་སྦྱོར་བས་
པདྨོ་རྒྱས་པར་བྱས་ནས། ཧཱུཾ་ཞེས་བྱང་ཆུབ་ཀྱི་སེམས་དབབ་ཅིང་ཕཊ་ཅེས་པས་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱའོ་ཞེའོ། །བཞིན་བཟངས་ཕན་པར་འདོད་པ་ཡིས། །བུད་མེད་རྙེད་ནས་ཆོ་ག་བཞིན། །དབེན་པར་མཆོད་པ་བརྩམ་པར་བྱ། །ཞེས་བྱ་བ་ནི་གོང་དུ་བསྟན་པའི་གསང་བའི་སྦྱོར་བ་དེ་ཚུལ་
འདི་ལྟ་བུར་བྱས་ཏེ། གསང་བ་བྱང་ཆུབ་ཀྱི་སེམས་སངས་རྒྱས་འདུས་པའི་བདག་ཉིད་དམ་རང་གི་རིགས་ཀྱི་སྦྱོར་བས་འཐུངས་ཏེ་རྣམ་པར་མི་རྟོག་པར་བྱས་ན་ཇི་སྐད་བསྟན་པ་བཞིན་དུ་འགྱུར་རོ། །བཤང་བའམ་ཡང་ན་འབྲས་ཆན་ནམ། །ཤ་དག་ཀྱང་ནི་གཞུག་པར་བྱ། །ཞེས་བྱ་བ་ལ་
སོགས་པས་ནི་བདུད་རྩི་རི་ལུ་སྒྲུབ་པའི་ཆོ་ག་ལྷག་མ་བསྟན་ཏེ། འདིའི་སྦྱོར་བ་ནི་བཤང་བ་དང་འབྲས་ཆན་བྱང་ཆུབ་ཀྱི་སེམས་དང་ཤ་རྣམ་པ་ལྔ་དག་ལས་རང་གི་རིགས་ཀྱི་ཤ་གཅིག་དང་། དེ་རྣམས་བསྲེས་ཏེ་རི་ལུ་བྱ་ཡང་ན་བཤང་བ་ནི་བདུད་རྩི་རྣམ་པ་ལྔ་སྟེ། དེ་དག་དང་འབྲས་ཆན་ཉིད་

དང་། རིགས་ཀྱི་ཤ་གང་ཡང་རུང་བ་ཞིག་དང་བདུན་དུ་སྦྱར་ཏེ་རི་ལུ་བྱས་ལ་དེ་བྷ་གར་བཞག་སྟེ་བསྒོམས་ནས་མཚན་མ་ཐོབ་པར་སྦྱར་བ་བྱས་ཏེ་བྱང་ཆུབ་ཀྱི་སེམས་དང་བཅས་ཏེ་ཟོས་ན་སངས་རྒྱས་ཀྱིས་ཀྱང་མི་མཐོང་བར་འགྱུར་རོ། །གཞན་གསུངས་པ། གསང་བ་ཆོ་ག་བཞིན་བླངས་ལ། །ཁམ་
ཕོར་སྦྱར་མར་གཞག་པར་བྱ། །ཞེས་བྱ་བ་གསུངས་པ་སྟེ། འདིའི་སྦྱོར་བ་ནི་བཤང་བ་དང་མར་ཁུ་སྦྱར་ཏེ་བནྡྷའི་འཛག་ཕོར་ཅིག་ཏུ་བླུགས་ལ། འོག་ཏུ་བནྡྷ་བཟང་པོ་ཞིག་བཟེད་དེ། དེ་ལ་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ཟོས་ན་མི་སྣང་བར་འགྱུར་རོ། །དེ་བཞིན་དུ་མི་སྣང་བའི་ཐབས་
འདི་དག་ཀུན་ཀྱང་འདི་ལྟ་བུའི་སྦྱོར་བས་བྱིན་གྱིས་བརླབས་ཏེ་མཚན་མ་ཐོབ་པ་དང་ཟོས་ན་མི་སྣང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཁ་ཅིག་འདོད་པ་ནི་བཤང་བ་ཞེས་འབྱུང་བ་དང་། བདུད་རྩི་རྣམ་པ་ལྔ་ཚང་བ་ཡིན་ཏེ། འདི་དང་ཤ་རྣམ་པ་ལྔར་རེ་རེ་སྦྱར་ཏེ་རི་ལུ་བྱའོ་ཞེས་འདོད་དོ། །ག་
བུར་ཙནྡན་སྦྱར་བ་ཡི། །རི་ལུ་ལྕགས་གསུམ་གྱིས་དཀྲིས་པ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་དང་པདྨ་རཀྟ་སྦྱར་བའོ། །རྣམ་གཅིག་ཏུ་ཙནྡན་ནི་བཤང་བ་ཡིན་ཏེ་དེ་ལ་རི་ལུ་བྱའོ། །ཁ་ཅིག་ནི་ག་ཕུར་ཙནྡན་ཉིད་དུ་འདོད་དོ། །གི་ཝང་ཨ་ག་རུ་སྦྱར་བའི། །རི་ལུ་ལྕགས་གསུམ་གྱིས་
དཀྲིས་པ། །ཞེས་བྱ་བ་ནི་བཤང་བ་དང་དྲི་ཆུར་སྦྱར་བའོ། །ག་པུར་གུར་གུམ་སྦྱར་བ་ཡིས། །ཞེས་བྱ་བ་ནི་བཤང་བ་དང་ཁུ་བར་སྦྱར་བའོ། །ཁ་ཅིག་ནི་འདི་དག་དངོས་བཞིན་དུ་འདོད་དེ་ཇི་ལྟར་ཇི་ལྟར་ཡང་འགལ་བ་མ་ཡིན་ནོ། །དེ་ལྟ་བུའི་སྒྲུབ་པ་དེ་དག་ཀྱང་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་ནམ་རང་
གི་རིགས་ཀྱི་ལྷའི་ཏིང་ངེ་འཛིན་གྱིས་བྱ་བར་བསྟན་པའི་ཕྱིར། རྡོ་རྗེ་འཛིན་པ་འམ་གང་ཡང་རུང་། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ན། དེ་ནི་དཔལ་དང་ལྡན་པ་ཡི། །སངས་རྒྱས་འོད་དང་འདྲ་བར་འགྱུར། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཡོན་ཏན་ནི། །འདོད་ཁམས་པ་ཡི་བུ་མོ་ནི། །ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ་ལྷའི་བུ་མོ་དག་ལ་འདོད་པ་སྤྱོད་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དོན་དེ་ལ་མཉེས་པར་གྱུར་ནས་ངོ་མཚར་གྱི་ཚིག་གསུངས་པ་ནི། ཨེ་མའོ་རབ་ཏུ་ངོ་མཚར་ཆེ། །ཞེས་བྱ་བ་ལ་སོགས་པ་སྟེ། མི་གཙང་བའི་རྫས་རྣམས་ཀྱང་

དངོས་གྲུབ་ཀྱི་རྒྱུར་གྱུར་པ་ངོ་བོ་ཉིད་ཀྱིས་དག་པར་གསུངས་པ་ངོ་མཚར་རོ་ཞེས་སོ། །ད་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རང་གི་རིགས་ཀྱི་ཕྱག་རྒྱས་རྒྱས་གདབ་པ་བསྟན་པའི་ཕྱིར། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། སངས་རྒྱས་རྡོ་རྗེ་ཅན་
རྣམས་ཀུན། །རྡོ་རྗེའི་སྦྱོར་བས་མཉེས་པར་འགྱུར། །ཞེས་བྱ་བ་ནི་རིགས་ལྔ་སངས་རྒྱས་ལ་རྡོ་རྗེ་འཛིན་པའི་དབུ་རྒྱན་བྱས་ན་དེ་དག་མཉེས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྡོ་རྗེ་རབ་དབྱེ་བས། །རྡོ་རྗེ་འཛིན་རྣམས་མཉེས་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་རིགས་ལྔའི་
དབྱེ་བ་ཞིག་གིས་དབུ་རྒྱན་བྱས་པ་སྟེ། དེ་ལ་རྡོ་རྗེ་འཛིན་པ་ནི་རྒྱུ་ཡིན་ལ་རིགས་ལྔ་ནི་དེ་ཞུ་བ་ལས་བསྐྱེད་པའི་ཕྱིར་འབྲས་བུ་ཡིན་ཏེ། དེ་དག་ཕན་ཚུན་གདབ་པ་ནི་འདི་སྐད་དུ། རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །ཅེས་གསུངས་པ་ཡིན་ནོ། །རྡོ་རྗེ་ཅན་
གྱི་གཟུགས་ལ་སོགས། །གཙུག་ཏོར་མཉེས་པར་བྱེད་པ་ཡིན། །ཞེས་བྱ་བ་ནི་རིགས་ལྔའི་དབྱེ་བ་དེ་ནི་རྡོ་རྗེ་འཛིན་མཉེས་པར་བྱེད་པར་མ་ཟད་ཀྱི་རྡོ་རྗེ་ཅན་གྱི་གཟུགས་ལ་སོགས་པ་སྟེ། ལྷ་མོ་ཐམས་ཅད་ཀྱི་གཙུག་ཏོར་དུ་ཡང་མཚན་ཞིང་མཉེས་པར་བྱེད་པ་ཡིན་ནོ་ཞེས་པའོ། །ཁྲོ་བོ་རྣམས་ལས་དེ་
མཆོག་སྟེ། །ཞེས་པ་ནི་ཁྲོ་བོ་བཅུ་པོ་བསྒོམས་པ་རྣམས་ལས་རིགས་ལྔ་པོ་དེས་དབུ་བརྒྱན་ཞིང་མཚན་པ་ནི་མཆོག་ཡིན་ཏེ། ཇི་སྐད་དུ། བསམ་མེད་གཞན་གྱི་དངོས་གྲུབ་ནི། །བསྐལ་པ་བྱེ་བར་ཡོངས་མི་འགྱུར། །ཞེས་པའི་ཕྱིར་རོ། །དེས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རྒྱས་གདབ་པའི་
མཚན་ཉིད་བསྟན་ཏོ། །ད་ནི་ལས་ཕྲན་ཚེགས་ཀྱི་རྒྱས་བཏབ་པའི་མཚན་ཉིད་བསྟན་ཏེ། རིག་པའི་རྒྱལ་པོ་ཆོས་མཆོག་རྣམས། དཀོན་མཆོག་དཔལ་ནི་རྣམ་པར་བསྒོམ། །ཞེས་བྱ་བ་ནི་རིག་འཛིན་སྒྲུབ་པ་དག་ལ་དཀོན་མཆོག་དཔལ་གྱིས་བྱའོ། །རིག་པའི་རྒྱལ་མོ་སྦྱོར་བ་ལ། །ཚེ་དཔག་
མེད་པར་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་ལྷ་མོ་བསྒྲུབ་པ་དག་ལ་ཚེ་དཔག་མེད་ཀྱིས་བྱའོ། །ཐམས་ཅད་ལས་བྱེད་སྔགས་རྣམས་ལ། །གདོན་མི་ཟ་བའི་བཀའ་བསྒོའོ། །ཞེས་བྱ་བ་ནི་བྲན་རྣམས་ལ་གདོན་མི་ཟ་བས་སོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། །རྡོ་རྗེ་སེམས་དཔའ་རྣམ་པར་

བསྒོམ། །ཞེས་བྱ་བ་ནི་གང་དུ་རྒྱས་བཏབ་པ་གསལ་བར་སྨོས་པའི་ལྷ་རྣམས་ལ་རྡོ་རྗེ་སེམས་དཔས་མཚན་པར་བྱའོ། །གནོད་སྦྱིན་མ་ཡི་སྔགས་རྒྱུད་ལ། །གཤིན་རྗེ་གཤེད་ནི་བརྟག་པར་བྱ། །ཞེས་བྱ་བ་ནི་གནོད་སྦྱིན་མ་སྒྲུབ་པའི་དུས་ལ་སོགས་པར་རོ། །དེ་ལྟར་ན། སྔགས་རྣམས་ཐམས་
ཅད་ཉིད་ལ་ནི། །སྤྱི་བོ་ནས་ནི་བསྐུལ་བ་ཤིག །ཅེས་གསུངས་པ་སྟེ་ཀུན་ཀྱང་རྒྱས་བཏབ་ཅིང་མཚོན་ན་མི་འདའ་བའི་ཕྱིར་དེ་ཉིད་ཀྱིས་ན། བསམ་གཏན་འཁོར་ལོ་འདི་ཡིས་ནི། །སྔགས་མཉེས་པ་དང་དཀྱིལ་འཁོར་དག །བསྒྲུབ་པ་ལ་ནི་དེ་གསུངས་ཏེ། །དམ་ཚིག་ཆེན་པོ་སྟོན་པའོ། །ཞེས་
གསུངས་སོ། །ད་ནི་དབབ་པའི་ལས་བསྟན་ཏེ། དེ་ཡང་དཀྱིལ་འཁོར་བྲི་བ་ལ་སོགས་པ་བྱེད་དུ་གཞུག་པར་བྱ་བའི་ཕྱིར། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། རི་རྩེ་ཉམས་ནི་དགའ་བ་དང་། །ཞེས་བྱ་བས་གནས་བསྟན་ཏོ། །སྔགས་ཟློས་
པ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བསྐུལ་བའི་ཐབས་བསྟན་ཏེ། འོག་ནས་འབྱུང་བའི་ཧཱུཾ་ཧ་ཨཱཿཛྷཻཿཞེས་བྱ་བའི་སྔགས་ཀྱིས་བསྐུལ་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཐམས་ཅད་ལས་ལ་སྦྱོར་བར་འགྱུར་རོ། །རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ། །པདྨ་རཱ་གའི་འོད་འདྲ་བ། །ཞེས་བྱ་བ་ལ་
སོགས་པས་ནི་དབབ་སྣོད་བྱིན་གྱིས་བརླབ་པ་བསྟན་ཏེ། འདི་ལྟར་འོག་ནས་འབྱུང་བའི་དབབ་སྣོད་རྡོ་རྗེ་ཆོས་སུ་བསྒོམས་ཏེ། དེའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་གསུམ་བཀོད་དེ་དབབ་པ་བྱས་ན་གདོན་མི་ཟ་བར་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །དབབ་པར་བྱ་བ་གང་ཞིག་
ཅེ་ན། །ས་བླའི་རིགས་ཆེན་བསྐུལ་བ་དང་། །འཕགས་པ་བཞི་པོ་དག་ཀྱང་ནི། །ཞེས་སྨོས་ཏེ་ས་བླའི་ལྷའི་བུ་ཁྱད་པར་དུ་འཕགས་པ་མངོན་ཤེས་དང་རྫུ་འཕྲུལ་དང་ལྡན་པ་དག་གམ་རིགས་བཞིའི་འཕགས་པ་དག་ཀྱང་རུང་སྟེ་འདི་དག་དབབ་པར་བྱའོ། །དབབ་སྣོད་གང་ལ་བྱ་ཞེ་ན། བུ་མོ་ལོ་
གྲངས་བཅུ་གཉིས་མའམ། ལོ་གྲངས་བཅུ་གཉིས་ལོན་པའི་ཁྱེའུ་ཞེས་བྱ་བ་གསུངས་ཏེ། །འདི་དག་ལ་ཁྲུས་ལ་སོགས་པའི་ཆོ་གས་ལེགས་པར་དབབ་པར་བྱའོ་ཞེས་བྱ་བའི་དོན་ཏེ། །རྣམ་པ་གཞན་དུ་བྱས་ན་ནི། །ཁམས་གསུམ་སྐྱེ་བོས་དཔྱས་པར་འགྱུར། །ཞེས་བྱ་བ་ནི་ལས་འདི་དག་ལེགས་

པར་མ་བྱས་ན་སྐྱེ་བོས་དཔྱས་པར་འགྱུར་བའོ། །ཁ་ཅིག་ན་རེ་ལས་གང་བྱེད་ཀྱང་པྲ་ཕབ་ནས་མ་བྱས་ན་ལས་མི་འགྲུབ་པ་དང་དཔྱས་པར་འགྱུར་རོ་ཞེས་སོ། །གང་གིས་བསྐུལ་ཞེ་ན། ཧཱུཾ་ཧ་ཨཱཿཛྷཻཿཞེས་གསུངས་ཏེ། འདིས་ནི་ནམ་མཁའ་ཕེབས་པར་འགྱུར་ན་གཞན་ལྟ་ཅི་སྨོས་
ཞེས་བྱ་བའི་དོན་ཏེ། །སྙིང་པོ་དེ་དག་གང་དང་གང་གི་ཡིན་ཞེ་ན། ཧཱུཾ་ནི་རྡོ་རྗེ་སེམས་དཔའི་བདག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐུ་གསུང་ཐུགས་བསྐུལ་བའི་བདག་ཉིད་དུ་བཤད་དོ། །དེ་ལྟར་དུ་བསྐུལ་བས་ཕེབས་པ་དང་འགུལ་བ་དང་འཕར་བར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལ་
དབབ་པ་ལ་སོགས་པའི་ལས་ཕྲན་ཚེགས་འདི་དག་ལས་ལ་སྦྱར་བ་ཙམ་གྱིས་འགྲུབ་པ་དང་དབང་བསྐུར་མ་ཐག་ཏུ་སློབ་མ་ལ་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ནི་བླ་མ་ཡེ་ཤེས་འགའ་ལ་དབང་ཐོབ་པས་སྦྱར་བ་ཡིན་པར་སྦྱར་རོ། །དེ་ལ་འདིའི་སྦྱོར་བ་ནི་དབབ་སྣོད་རྡོ་རྗེ་ཆོས་སུ་བསྒོམས་པའི་ལུས་
ལ་སྐུ་གསུང་ཐུགས་ཀྱི་བཀོད་དེ། དེ་ལ་སྙིང་གར་ཧཱུཾ་རླུང་གི་ངོ་བོ་ཉིད་བསྒོམ་མོ། །མགྲིན་པར་ཨཱཿཆུའི་ངོ་བོ་ཉིད་བསྒོམ། སྤྱི་བོར་ཧ་སའི་ངོ་བོ་ཉིད་བསྒོམ། རྐང་མཐིལ་ཛྷཻཿམའི་ངོ་བོ་བསྒོམས་ནས། གསང་སྔགས་དེ་ཉིད་ཀྱིས་བསྐུལ་ནས་དབབ་སྣོད་གཡོ་བ་དང་འཕར་བར་འགྱུར་
ཏེ། དེ་ནས་དེ་བཞིན་བཟུང་སྟེ་དཀྱིལ་འཁོར་བྲི་བ་ལ་སོགས་པའི་ལས་བཅོལ་བ་དང་དགོངས་པ་དྲི་བ་ལ་སོགས་པ་བྱས་ཏེ། དེ་ནས་མཉེས་པར་བྱ་བ་དང་བཟོད་པར་གསོལ་བ་བྱས་ནས་དེ་ནས་ཕྲ་གསང་བའི་ཆོ་ག་བྱས་ནས་དབབ་སྣོད་ལ་དབང་བསྐུར་ཏེ་གཞག་གོ། །ད་ནི་གདུག་པ་གཞིག་
པའི་ལས་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལ། །རྩེ་གཅིག་མ་གྱུར་པ་ཡིས་ཀྱང་། །བརྟུལ་ཞུགས་བརྟན་པས་འདི་དག་བྱས། །ལས་རྣམས་གཞན་དུ་མི་བྱ་བ། །གདུག་པ་ཐམས་ཅད་གཞིག་པའོ། །ཞེས་བྱ་བ་ནི་རྩེ་
གཅིག་པའི་ཏིང་ངེ་འཛིན་མེད་པ་རྣམས་ཀྱིས་ཀྱང་བརྟུལ་ཞུགས་ལ་བརྟེན་པའི་ཕྱི་རོལ་རྫས་ཀྱི་སྦྱོར་བའི་སྒོ་ནས་གདུག་པ་གཞིག་པ་འདི་དག་ནི་བྱ་ལ་བྱ་བ་མ་ཡིན་པ་ནི། །བསམ་གཏན་གྱི་སྒོ་ནས་གདུག་པ་གཞིག་པ་ལ་སོགས་པ་ཐབས་ཀྱི་སྦྱོར་བ་མཐའ་དག་མི་བྱ་སྟེ་མི་འགྲུབ་པའི་ཕྱིར་རོ། །

ཁ་ཅིག་ན་རེ་འདི་དག་བྱས་ཞེས་བྱ་བ་ནི་དབབ་པ་ལ་སོགས་པའི་ལས་ཡིན་ལ་མི་བྱ་བ་ནི་མན་ཆད་ཀྱི་གདུག་པ་གཞིག་པ་ཀུན་ཡིན་ཏེ་མི་རྟོག་པའི་ཕྱིར་ཡིན་ནོ་ཞེས་ཟེར་རོ། །དེ་ལ། དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པས་ནི་ཐལ་བ་ལས་ལིང་ག་བྱས་ཏེ། གནས་དུར་ཁྲོད་དུ་
སོང་ནས་གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར་བ་ལྡན་པས་སྐྲ་བཤིག་གཅེར་བུར་ཕུད་དེ། ཁྲོ་བོའི་གསང་སྔགས་སྟོང་རྩ་བརྒྱད་བཟླས་ན་འཆི་བར་གདོན་མི་ཟའོ། །དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ་སོགས་པས་ནི་སྦྱིན་སྲེག་བསྟན་པ་ཡིན་ཏེ་གཤིན་རྗེ་གཤེད་ཀྱི་སྦྱོར་བས་བ་ལང་ཤ་ལ་
སོགས་པ་བསྲེག་ཅིང་། ཨོཾ་ཧྲཱིཿཥྚྲཱྀཿཞེས་བྱ་བའི་སྔགས་ཀྱིས་སྦྱར་ན་འགྲུབ་པར་འགྱུར་རོ། །ཤ་ཆེན་གྱིས་ཞེས་བྱ་བ་ལའང་དེ་བཞིན་དུ་སྦྱར་རོ། །དགྲ་བོའི་གཟུགས་བརྙན་བྱས་ནས་ནི། །བཤང་གཅི་དག་གི་ཆོས་མཆོག་གིས། །ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་རོ། །དགྲ་
བོའི་གཟུགས་བརྙན་བྱས་ནས་ནི། །ཆུ་བོ་འབབ་པའི་འགྲམ་གཉིས་སུ། །ཞེས་བྱ་བ་ལ་སོགས་པ་ནི་ལིང་ག་གཟིར་བའི་ཐབས་ཡིན་ཏེ། འདིའི་སྦྱོར་བ་ནི་ཆུ་འགྲམ་གྱི་ས་ལས་ལིང་ག་བྱས་ཏེ་གདུག་པ་ལས་བྱུང་བའི་ཚེར་མ་འམ། ཡང་ན་སྦྲུལ་གདུག་པའི་རུས་པའི་ཚེར་མས་ལིང་ག་ལ་གསིབ་
ཅིང་ཨོཾ་ཧྲཱིཿཥྚྲཱྀཿཞེས་པའི་སྔགས་བསྐུལ་ཚིག་དང་བཅས་པས་ལིང་ག་ལ་ཏིལ་འབྲུ་ཙམ་ཡང་མ་ལུས་པ་དགང་བར་བྱའོ་ཞེས་སོ། །སྐེ་ཚེ་ལན་ཚྭ་ཞེས་པ་ནི་དྲག་པོ་སྤྱིའི་རྫས་ཏེ། དེ་དག་ལ་སོགས་པ་གཞན་ནི་གོ་སླའོ། །ད་ནི་ལས་ཐམས་ཅད་པའི་སྔགས་ཀྱིས་སྦྱར་བའི་ལས་བསྟན་པའི་ཕྱིར་
དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྔགས་ཀྱི་ཕྲེང་བ་འདི་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་ཀུན་དུ་ཡང་བཟླ་བར་བྱའོ། །དེ་ཉིད་ཀྱི་ཡོན་ཏན་ནས་བླང་བའམ་ཡང་ན་བསམ་གཏན་བྱ་ཞེས་གསུངས་ཏེ། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷ་དག་སྟེ་དེ་དག་
ཀྱང་འཇིག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ། །ཞེས་བྱ་བ་ནས། འུག་པ་བྱ་རོག་བྱ་རྒོད་དང་། །རིང་དུ་སྒྲ་འབྱིན་ཝ་རྣམས་ཀྱིས། །ཞེས་བྱ་བའི་བར་དུ་ནི་ཐམས་ཅད་ཁྲོ་བོའི་སྤྲུལ་པའི་ཆ་ལུགས་སུ་སྦྱར་བར་བྱའོ། །སྦྲུལ་ནག་རབ་ཏུ་ཁྲོ་བ་ནི། །ཞེས་བྱ་བ་ལ་

སོགས་པ་ནི་དུག་བསྐུལ་བའི་ཆོ་ག་ཡིན་ཏེ། འདི་ནི་སྦྲུལ་རབ་ཏུ་གདུག་པ་བསྒྲུབ་བྱའི་དཔྲལ་བར་བསམས་ན་འཇིག་པར་འགྱུར་བའི་དོན་ཏོ། །ཁ་ཅིག་ན་རེ་དུག་ནད་ན་བའི་དཔྲལ་བར་སྦྲུལ་བྲིས་ཏེ། མདུན་དུ་དགྲའི་ལིང་ག་ཅིག་བྱས་ལ་སྦྲུལ་དེའི་ཁས་ནད་པའི་དུག་ཐམས་ཅད་
བསྡུས་ནས་གནས་པ་ལ་སྔགས་པའི་ལག་པས་སྦྲུལ་དང་བཅས་པར་བྱབས་ཏེ། མདུན་གྱི་ལིང་ག་ལ་བསྟིམས་ན་དུག་གིས་ཟིན་པར་འགྱུར་རོ་ཞེའོ། །ཐོ་བ་སྟ་རེ་ལ་སོགས་པ་ནི་སྤྲུལ་པའི་ལག་ན་ཐོགས་པར་སྦྱར་རོ། །བསྲུང་བ་ལ་སོགས་སྔགས་རྣམས་དང་། །ལྷ་རྣམས་ཀྱང་ནི་གནོད་པར་བྱེད། །ཅེས་
བྱ་བ་ནི་དགྲ་བོ་བསྲུང་བའི་སྔགས་པ་དང་ལྷ་ཡང་འཆི་བར་འགྱུར་རོ། །རྡོ་རྗེ་ཕུང་པོས་ཇི་ཙམ་དུ། །ཞེས་པ་ལ་སོགས་པ་ནི་ཕུང་པོའི་ཚོགས་སུ་གནས་པའི་ཕྱིར་སེམས་ཅན་དཀྱིལ་འཁོར་ལ་གནས་པ་ཡིན་ཏེ། དེས་བསད་ན་མཉེས་པར་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་ལས་བསྟན་པ་ལ་ངོ་མཚར་བའི་
དོན་གསུངས་པ་སྟེ། རྣམ་པར་དག་པའི་དོན་ལ་སྐྱེ་བའི་འཁྲུལ་པར་སྣང་བ་ནི་ངོ་མཚར་ཆེའོ་ཞེས་པའི་དོན་ཏོ། །ད་ནི་དུག་སྦྱང་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །དེ་ལ་འདི་ནི་ལས་ཕྲན་ཚེགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་སྦྱོར་བ་ནི་རྟ་མགྲིན་གྱི་ཏིང་ངེ་འཛིན་དུ་གནས་པའི་
དཔྲལ་བར་ཇི་སྐད་སྨོས་པའི་སྦྲུལ་རྡོ་རྒྱུས་སམ་སོལ་བས་བྲིས་ཏེ། དེའི་ཁར་ཡི་གེ་ཁཾ་བསམས་ལྕེ་ལ་ཧྲཱིཿབསམས་ཏེ། དེའི་ཁ་ནས་བྱུང་བའི་འོད་ཟེར་གྱིས་དུག་ཐམས་ཅད་བསྡུས་པར་བསམས་ན་དུག་ཐམས་ཅད་འབྱིན་པར་འགྱུར་རོ། །དེ་བཞིན་དུ་སྡིག་པ་དང་ཉ་ཁྱི་ལ་སོགས་པའི་གཟུགས་སྔ་
མ་བཞིན་དུ་བདག་གི་དཔྲལ་བར་བྲི་སྟེ་ཞེས་བྱ་བ་ནི་ཐ་ཚིག་གོ། །ལྟ་བ་རྡོ་རྗེ་དུག་ལ་སོགས། །ཞེས་བྱ་བ་ནི་ལ་སོགས་པ་དུག་གཏོར་བའི་ཏིང་ངེ་འཛིན་ནི་བདག་རྣམ་པར་སྣང་མཛད་དུ་བསྒོམས་པའི་ཐུགས་ཀར་འཁོར་ལོ་ལ་གནས་པའི་ཨོཾ་བསམས་པའི་འོད་ཟེར་གྱིས་དུག་ཐམས་ཅད་གཏོར་བར་
བསམས་ན་ལྟ་བའི་དུག་དང་རྡོ་རྗེའི་དུག་ལ་སོགས་པ་ཐམས་ཅད་འཕོ་བར་འགྱུར་རོ། །ཧཱུཾ་རྡོ་རྗེ་ཆེན་པོའི་འདི་ཞེས་བྱ་བ་ལ་སོགས་པ་དུག་འབྱིན་པ་འདི་ནི་བདག་ཉིད་སྐུ་གསུང་ཐུགས་དང་ཡེ་ཤེས་སེམས་དཔའ་དང་བཞི་བསྒོམས་པའི་ཐུགས་ཀར་ཧཱུཾ་དཀར་པོ་བཞི་བསམས་པ་ལས་འོད་འཕྲོས་པས་

དུག་ཐམས་ཅད་དབྱུང་བར་བྱའོ། །ཉེ་བའི་གསོ་བ་ནི་བདག་གི་ཐུགས་ཀར་པདྨ་དཀར་པོ་བསྒོམས་པའི་དབུས་སུ་ཨཱཿདཀར་པོ་འོད་ལྔ་རྫོགས་པར་འཕྲོ་བ་བསམས་ཏེ། དེས་དུག་བསྡུས་པས་ནག་པོའི་ཚུལ་དུ་དབྱུང་བར་བྱའོ། །ཁ་ཅིག་ན་རེ་པདྨ་དང་ས་འཛིན་ཙམ་སྐུ་གསུང་ཐུགས་ཀྱི་སོ་སོ་ནས་
ཡི་གེ་གསུམ་གྱི་སྦྱོར་བ་བྱའོ་ཞེས་ཟེར་རོ། །ནད་ཐམས་ཅད་གསོ་བ་ནི་ཛི་ན་ཛིཀ་ཅེས་པ་ལ་སོགས་པའི་གསང་སྔགས་ཀྱིས་སྐུ་གསུང་ཐུགས་ཀྱི་ལྷར་བསྐྱེད་དེ་གསང་སྔགས་འདི་རྣམས་ཀྱིས་བསྐུལ་བས་ནད་ཀྱི་བདག་ཉིད་སྤྲེའུ་འམ་ཁྱི་གུ་ལྟ་བུ་ལུས་ལས་ཕྱུངས་ཏེ། འཁོར་ལོའམ་རྡོ་རྗེ་ལ་
སོགས་པས་དེ་དག་ཕྱེ་མར་བརླག་པར་བསྒོམས་ན་འགྲུབ་པར་འགྱུར་རོ། ཁ་ཅིག་ན་རེ་སྤྲེའུ་འམ་ཁྱི་གུ་ནི་འབྱུང་བའི་དཔེ་ཡིན་ཏེ། ཇི་ལྟར་སྤྲེའུ་འམ་ཁྱི་གུ་ཁུང་ནས་འཛུལ་བ་ན་ཆགས་ཐོགས་མེད་པར་འབྱུང་བ་དེ་བཞིན་དུ་ནད་ཕྱིར་འབྱུང་བའོ་ཞེས་ཟེར་རོ། །ལུས་དང་ངག་སེམས་རྡོ་རྗེ་ལ། །སངས་
རྒྱས་སྤྲིན་དག་རྣམ་པར་བསམ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ལྷ་བསྒོམ་པའོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བློ་ལྡན་རྡོ་རྗེ་སེམས་དཔའ་དག །དེ་ལ་ཁྲོས་པར་བསམས་ན་ནི། །འཆི་བར་བྱེད་པ་དམ་པ་ཡིན། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ལོག་པར་
རྟོག་པ་དག་ལ་ཁྲོ་བར་བསམ་ཞེས་བྱ་བ་ནི། མདོར་ན་ལྷའི་ཏིང་ངེ་འཛིན་ཉིད་རང་བཞིན་གྱིས་ཁྲོ་བ་ཡིན་པའི་ཕྱིར་རོ། །བསམ་གཏན་སྦྱོར་བ་འདི་དག་གིས། །ལས་དང་སྡིག་ལས་སྐྱེས་པ་མེད། །ཅེས་བྱ་བ་ནི་དེ་དག་གིས་མི་གོས་པའོ། །བཟླས་པའི་སྦྱོར་བས་ཉིན་བདུན་དུ། །ཞེས་བྱ་བ་
ལ་སོགས་པས་ནི་བདག་སྐུ་གསུང་ཐུགས་ཀྱི་སྦྱོར་བ་དང་ལྡན་པས་བརྒྱ་རྩ་བརྒྱད་དུ་གསང་སྔགས་བཟླ་བར་བྱ་སྟེ། ཉི་མ་བདུན་དུ་བྱས་ན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་རང་ཡི་དམ་གྱི་ལྷའམ་བསམ་གཏན་གྱི་སྦྱོར་བ་གང་གིས་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཆོས་
ཐམས་ཅད་རྨི་ལམ་ལྟ་བུར་བསྟན་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡང་སྒྱུ་མ་ཙམ་གྱི་རྨི་ལམ་རྣལ་འབྱོར་པ་བརྩོན་པ་དང་ལྡན་པ་རྣམས་ལ་རྨི་ལམ་གྱི་མཚན་ཉིད་སྣང་བར་བསྟན་པའི་ཕྱིར་དེ་ནས་སྟོན་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གང་ལ་འབྱུང་ཞེ་ན།

བསམ་གཏན་བཟླས་པ་འབད་པ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་སྣང་ཞེ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་ནི་མཚན་མ་རབ་ཏུ་བསྟན་པ་ཡིན་ནོ། །ལུས་དང་ངག་སེམས་མཐུ་ལས་
སྐྱེས། །རྒྱན་རྣམས་ཐམས་ཅད་རྫོགས་པ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་འབྲིང་དུ་བསྟན་ཏོ། །སྣ་ཚོགས་ཀུན་དགའ་སྐྱེད་མོས་ཚལ། །ཞེས་བྱ་བ་ལ་སོགས་པས་ནི་ཐ་མ་བསྟན་ཏོ། །དེ་ལ་འདི་ནི་རྨི་ལམ་རྣམ་པར་དཔྱད་པ་ཞེས་བྱ་བ་ལ་སོགས་པས་ནི་རྨི་ལམ་རང་བཞིན་མེད་པར་
བསྟན་ཏོ། །སངས་རྒྱས་རྣམས་ཀྱི་ངོ་མཚར་བ། །གསུངས་པ་ནམ་མཁའ་ལ་ནི་བསྒོམ། །ཞེས་བྱ་བའི་ཚིག་རྣམ་པར་དག་པའི་བདག་ཉིད་ལ་དག་པའི་རྨི་ལམ་ཙམ་དུ་སྣང་བའོ། །དེ་མན་ཆད་ནི་ནམ་མཁའི་དཔེས་རྨི་ལམ་དང་རྨི་ལམ་འདྲ་བའི་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་ཏོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ཞེས་བྱ་བ་ལ་སོགས་པའི་དཔེས་ནི་ཆོས་ཐམས་ཅད་སེམས་ལ་གནས་པར་བསྟན་པའོ། །ཁ་ཅིག་ན་རེ་འདི་ནི་ཆོས་སྟོན་པའི་དཔེ་ཡིན་ཏེ། ཇི་ལྟར་ནོར་བུ་རིན་པོ་ཆེའི་ཡོན་ཏན་གང་ཟག་གི་འདོད་པའི་
སེམས་ལ་གནས་ཀྱི་རིན་པོ་ཆེ་ལ་མི་གནས་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་བསྟན་པའི་དམ་ཆོས་རྣམས་ཀྱང་ཞུ་བ་པོའི་ཤེས་པའི་རྒྱུད་ལ་གནས་པ་ཡིན་ནོ། །དེ་ལྟ་ན་ནི་རྒྱུད་དང་སྟོན་པ་ཐ་དད་པར་འགྱུར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། མེ་ལོང་དག་ལ་གཟུགས་བརྙན་ཐམས་ཅད་སྣང་བའམ་མེ་ལོང་ལ་
མི་གནས་ཀྱི་ཁྱད་པར་དེ་དག་ནི་གཟུགས་ལ་གནས་ཏེ། འོན་ཀྱང་གཟུགས་བརྙན་དང་མེ་ལོང་ནི་ཐ་དད་པ་མ་ཡིན་ལ་གཟུགས་བརྙན་གང་ཡིན་པ་དེ་ཡང་མེ་ལོང་གི་ཆོས་ཡིན་ནོ། །དེ་བཞིན་དུ་སྟོན་པ་དང་རྒྱུད་ཀྱང་རིག་པར་བྱའོ་ཞེས་ཟེར་རོ། །ནམ་མཁའི་རྗེས་སུ་འབྲང་བའི་ཆོས་ཐམས་ཅད་སངས་
རྒྱས་ཀྱི་ཆོས་རྣམས་རྗེས་སུ་དྲན་པ་ངོ་མཚར་ཏོ་ཞེས་བྱ་བ་ནི་ནམ་མཁའི་རྗེས་སུ་འབྲང་བ་ནི་ནམ་མཁའ་དང་མཐུན་པ་སྟེ། རང་བཞིན་མེད་པར་འཇུག་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ཀུན་ནས་དཀྲིས་པ་ལས་འགྲེལ་པའི་མཚན་ཉིད་མཐུན་པར་ངོ་མཚར་ཏོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ནི་བདག་

གི་ལུས་དང་ངག་དང་སེམས་ལ་གནས་སོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སེམས་ལ་སྣང་བ་ཡིན་ཏེ་གུད་ན་མེད་པའི་ཕྱིར་རོ། །སེམས་ནམ་མཁའ་ལ་གནས་སོ་ཞེས་བྱ་བ་ནི་སེམས་རང་བཞིན་མེད་པའི་ཕྱིར་རྟེན་དུ་བྱ་བ་མེད་དེ། དེའི་ཕྱིར་ནམ་མཁའ་ལ་གནས་སོ་ཞེས་བྱའོ། །ནམ་མཁའ་ནི་ཅི་ལ་ཡང་མི་
གནས་ཞེས་བྱ་བ་ནི་དེ་ཉིད་ཀྱི་རང་གི་ངོ་བོ་བརྗོད་པ་ཡིན་ཏེ་ནམ་མཁའི་གནས་ཚོལ་བ་མ་ཡིན་ནོ། །རང་གི་སེམས་ཀྱི་ཆོས་ཀྱི་གནས་སེམས་ཤིང་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ་ཞེས་བྱ་བ་ནི་བཀའ་སྩལ་པའི་དོན་ལ་གནས་པར་འགྱུར་བའོ། །ལེའུ་བཅོ་ལྔ་པའོ།། །།ད་ནི་ལེའུ་བཞི་པར་
ཞུས་པའི་དཀྱིལ་འཁོར་བཤད་པར་བྱའོ་ཞེས་གསུངས་པ་ལ། ཐུགས་ཀྱི་དཀྱིལ་འཁོར་ནི་དེ་ཉིད་དུ་བཤད་ནས་སྐུ་དང་གསུང་གི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་རྣམས་ཡང་འདུས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེ་ཚིག་གིས་གསོལ་བ་
བཏབ་ནས་ཞེས་བྱ་བ་ལ། ཇི་སྐད་དུ་གསོལ་བ་བཏབ་པ་ནི་ལེའུ་བཞི་པ་ཉིད་ལ་ལྟོས་པ་ཡིན་ནོ། །དེ་ནས་སྐུ་ཡི་དཀྱིལ་འཁོར་མཆོག །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཐུགས་ཀྱི་དཀྱིལ་འཁོར་དང་བྱེ་བྲག་མེད་དོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་འདི་ཉིད་
སེམས་ཀྱིས་བསྒོམས་པ་དང་རྡུལ་ཚོན་དུ་བྱེ་བྲག་མེད་དོ་ཞེས་ཟེར་རོ། །ཁྲུ་ནི་བཅུ་དྲུག་ཚད་དུ་བྱ། །ཞེས་བྱ་བ་ནི་འཁོར་ཡུག་ཏུའོ། །སྔགས་རྣམས་ཀྱི་ནི་གསང་བའི་མཆོག །ཕྱག་ན་རྡོ་རྗེའི་གནས་སུ་བྱ། །ཞེས་བྱ་བ་ནི་ཇི་ལྟར་ཐུགས་ཀྱི་དཀྱིལ་འཁོར་ལ་ཕྱག་ན་རྡོ་རྗེ་བྲིས་པ་དེའི་
གནས་སུ་འདིར་རྣམ་པར་སྣང་མཛད་བྲི་བའོ། །མི་བསྐྱོད་པ་ཡང་བྲི་བར་བྱ། །ཞེས་བྱ་བ་ནི་འདིར་ཤར་དུ་སྟེ། །ཡང་གི་སྒྲ་ནི་གཞན་བསྡུ་བ་ཡིན་གྱི་དབུས་ཀྱི་གནས་ལ་བྲི་བ་ནི་མ་ཡིན་ནོ། །གཞན་ནི་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་ལ་མཆོད་པ་ནི། རྡོ་རྗེ་གསང་བ་ལས་བྱུང་བའི། །མཆོད་པ་
སྔགས་ཤེས་པ་ཡིས་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་གསང་བ་གཉིས་སུ་མེད་པའི་སྦྱོར་བའི་མཆོད་པའོ། །བཤང་དང་གཅི་བ་ལ་སོགས་པ། །བྱེ་བྲག་ཏུ་ནི་ངེས་པར་འབུལ། །ཞེས་བྱ་བ་ནི་བདུད་རྩི་ལྔའི་མཆོད་པ་སྟེ།གསང་བའི་དཀྱིལ་འཁོར་དུ་བསྔགས་པ་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །དེ་ལྟར་སྐུའི་དཀྱིལ་འཁོར་བཤད་ནས། གསུང་གི་དཀྱིལ་འཁོར་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ། ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། །ཞེས་པའང་ཁོར་ཡུག་ཏུའོ། །ཚེ་དཔག་
མེད་པའི་ཕྱག་རྒྱ་ཆེ། །དེ་ཡི་དབུས་སུ་གཞག་པར་བྱ། །ཞེས་བྱ་བ་ནི་ཇི་ལྟར་སྐུའི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་བཞག་པ་དེ་བཞིན་དུ་འདིར་ཚེ་དཔག་མེད་བཞག་པའོ། །མཆོད་པ་ཡང་སྦྱོར་བའི་མཆོད་པ་དང་བདུད་རྩི་ལྔའི་མཆོད་པ་སྟེ་སྔ་མ་བཞིན་ནོ། །གསུང་གི་དཀྱིལ་འཁོར་བཤད་ནས་
སྐུ་གསུང་ཐུགས་རབ་ཏུ་གསང་བ་སྤྱིའི་དཀྱིལ་འཁོར་གྱི་ཚུལ་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ། རྡོ་རྗེ་འཛིན་མཆོག་གང་ཡིན་མཆོག །མཆོག་གང་ཡིན་པ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་གཙོ་བོ་སྐུ་གསུང་ཐུགས་ཀྱི་ལྷ་གང་གིས་བྱས་པ་དེ་དཀྱིལ་འཁོར་ཡང་དེའི་
དཀྱིལ་འཁོར་དུ་འགྱུར་བའི་དོན་ཏོ། །ད་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཐིག་གདབ་པའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཁོར་ལོ་འབྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་ཐིག་ཉིད་དོ། །ཧཱུཾ་ཨོཾ་ཨཱཿསྭཱ་ཧཱ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་ཐིག་གདབ་པའི་སྙིང་པོའོ། །རྡོ་རྗེའི་
ཐིག་ནི་གདབ་པ་དང་། ཚོན་རྩི་དག་ནི་དགྱེ་བ་དག །སྔགས་ཀྱི་སེམས་དཔས་མི་བྱ་སྟེ། འདིར་སྔགས་པ་ཏིང་ངེ་འཛིན་དང་ལྡན་པ་ཐ་ན་ཡང་ཡེ་ཤེས་བཀའ་ལ་དབང་ཐོབ་པའི་སྔགས་ཀྱི་སེམས་དཔའ་ཞེས་བྱ་སྟེ། དེས་ནི་བདག་ཉིད་ཀྱིས་དཀྱིལ་འཁོར་བྲི་བར་མི་བྱ་སྟེ། གཡེང་བར་འགྱུར་བའི་
ཕྱིར་གོང་དུ་འབྱུང་བ་བཞིན་དུ་ཕྲ་ཕབ་སྟེ་འདིར་དཀྱིལ་འཁོར་འདྲིར་གཞུག་གོ་ཞེས་པའོ་དེ་ཉིད་བསྟན་པའི་ཕྱིར། དེ་བས་དམ་ཚིག་ཚུལ་ཤེས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། གཡེང་བས་བྱང་ཆུབ་ལ་རིང་དུ་འགྱུར་བའི་ཕྱིར་དབབ་པ་ལ་སོགས་པ་དམ་ཚིག་གི་ཚུལ་ཤེས་པའི་རྣལ་
འབྱོར་པས་སྔགས་ཀྱི་ལྷ་རྣམས་ལུས་ཀྱི་གནས་རྣམས་སུ་ཕབ་སྟེ་དཀྱིལ་འཁོར་བྲི་བའི་ལས་བརྟག་ཅིང་སྤྱད་པར་བྱའོ། །དེ་ཡང་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་རང་གི་རིགས་ཀྱི་ལྷ་དབབ་པར་བསྟན་པའི་ཕྱིར། རྒྱལ་ཆེན་རྣམ་པར་སྣང་མཛད་དམ། ཡང་ན་སྤྱན་ནི་དབབ་པར་བྱ། །ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། དེ་ལ་སྐུའི་དཀྱིལ་འཁོར་འདྲི་ན་དབབ་སྣོད་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། དེའི་ལུས་ལ་རྣམ་པར་སྣང་མཛད་སྤྱན་དང་བཅས་པ་ཕབ་ལ་དཀྱིལ་འཁོར་འདྲིར་གཞུག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གསུང་དང་ཐུགས་དག་ལ་ཡང་རྡོ་རྗེ་ཆོས་དང་རྡོ་རྗེ་སེམས་དཔའ་
ཡུམ་དང་བཅས་པ་ཕབ་སྟེ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལྟར་བྱས་ན་ཡིད་ལ་དབང་བ་ཉིད་གཤེགས་ཏེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་འདིར་ནི་ཏིང་ངེ་འཛིན་ལ་མཆོག་ཏུ་བསྔགས་པ་ཡིན་པས་ཕྱིའི་བྱ་བ་ལ་སྨད་པ་ཙམ་ཡིན་ཏེ། དབབ་པ་
ཡང་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཡིན་ནོ་ཞེས་ཟེར་རོ། །ད་ནི་སྔགས་ཀྱི་སེམས་དཔས་བྱ་བའི་ཐབས་བསྟན་པའི་ཕྱིར། སྔགས་ཀྱི་སེམས་དཔས་བྱ་བ་ཡང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སློབ་མ་དབང་བསྐུར་བའམ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ཡང་རུང་སྟེ། སྔགས་པས་བྱ་
བའི་ལས་ནི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། ཞར་ལ་འོངས་པའི་བགེགས་བསྐྲད་ནས་ཇི་སྐད་སྨོས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བསྟན་པའི་ཕྱིར། །རྡོ་རྗེ་གསང་བ་རྨད་པོ་ཆེ། །ཁྲོ་བོའི་རྒྱལ་པོ་བཀུག་ནས་ནི། །ཞེས་
བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ། དམ་ཚིག་མཆོད་པ་དུས་གསུམ་དུ། །ཞེས་བྱ་བ་ནི་སྦྱོར་བ་དང་དམ་རྫས་བདུད་རྩི་ལྔའི་མཆོད་པའོ། །རྨད་དུ་བྱུང་བའི་གཏོར་མ་དབུལ་བ་ནི། ཤ་རྣམ་པ་ལྔ་དང་ལྡན་པའི་གཏོར་མ་དཀྱིལ་འཁོར་གྱི་ལྷ་ལ་དབུལ་ལོ། །བཤང་དང་གཅི་དང་འབྲུ་མར་
དང་། །ཞེས་བྱ་བ་ལ་སོགས་པའི་མཆོད་པ་ཡང་དམ་ཚིག་གི་མཆོད་པ་ཉིད་དོ། །ཐིག་གདབ་པ་ཡི་ཆོ་ག་འདི། །བདག་ཉིད་ནམ་ཞིག་སྤྱོད་པ་ན། །ཞེས་བྱ་བ་ནི་གལ་ཏེ་བདག་ཉིད་ཡེ་ཤེས་ཀྱི་རྩལ་དང་མི་ལྡན་ཏེ། ལས་དང་པོ་པ་དག་ཡིན་ན་འདི་ལྟར་བྱ་སྟེ། བླ་མ་རྣམ་པར་སྣང་མཛད་ལ་སོགས་པ་ཇི་
སྐད་སྨོས་པའི་སྐུ་གསུང་ཐུགས་ཀྱི་ལྷ་རུ་བསྒོམས་ནས་སློབ་མ་རྡོ་རྗེ་ལས་སུ་དབང་བསྐུར་ཏེ་དག་པར་བྱའོ། །སངས་རྒྱས་རྒྱལ་པོ་ལྔ་རྣམས་ནི། །རྡོ་རྗེའི་ཐིག་སྐུད་དག་ལ་དགོད། །ཅེས་པ་ནི་ཐིག་བྱིན་གྱིས་བརླབ་པའི་ཆོ་ག་བྱ་བའོ། །རྣམ་པ་ཉི་ཤུ་རྩ་ལྔར་ནི། །ཚོན་རྩི་དག་ཀྱང་རྣམ་པར་བསྒོམ། །

ཞེས་བྱ་བ་ནི་ཡེ་ཤེས་ཉི་ཤུ་རྩ་ལྔའི་བྱེ་བྲག་གིས་ས་ཚོན་བྱིན་གྱིས་བརླབ་པ་ཡིན་ནོ། །ཁ་ཅིག་ན་རེ་འདི་ནི་ཐིག་གི་གྲངས་ཡིན་ཏེ་ཚོན་ཡང་འདི་ལ་ལྟོས་པ་ཡིན་ནོ་ཞེས་ཟེར་རོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །རྡོ་རྗེ་ཧཱུཾ་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་སློབ་དཔོན་
རིགས་གང་ཡང་རུང་བར་བསྒོམས་པའི་དབུ་རྒྱན་དུ་རྡོ་རྗེ་ཧཱུཾ་བསྒོམ་པའོ། །དེའི་གནས་ལྔར་ཡང་རིགས་ལྔ་བཀོད་དེ་བསྒོམས་ནས་དཀྱིལ་འཁོར་གྱི་ལས་བྱས་ན་བྱིན་གྱིས་རློབ་པར་འགྱུར་རོ། །སྔགས་ཀྱི་རྒྱུད་ཀྱི་བདག་པོ་ནི། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞགས་པ་ལྕགས་ཀྱུ་རྡོ་རྗེ་
བསྣམས། །བརྟན་པའི་བློས་ནི་བརྟག་པར་བྱ། །ཞེས་བྱ་བ་ནི་མཚན་མ་བརྟག་པ་ཡིན་ཏེ། དེ་ལྟར་བསྒོམས་པའི་བླ་མས་དཀྱིལ་འཁོར་འདྲི་བའི་དུས་སུ་བྱང་ཤར་དུ་རེ་ཁཱ་མཐོ་གང་བ་ཞིག་བྲིས་ཏེ། དེ་བཀབ་ལ་དེ་ནས་སློབ་མས་དཀྱིལ་འཁོར་བྲི་བླ་མ་ཕྱིར་བྱུང་སྟེ་བུམ་པ་བྱིན་གྱིས་བརླབ་པ་
བྱའོ། །དེ་ནས་ནང་དུ་ཞུགས་ཏེ་རེ་ཁཱའི་རྟགས་བལྟ་བར་བྱ་སྟེ། ཇི་ལྟར་ཞགས་པ་ལ་སོགས་པར་སྣང་ན་དངོས་གྲུབ་འགྲུབ་པའི་མཚན་མ་ཡིན་ནོ། །བཤང་གཅི་དང་འབྲུ་མར་ལ་སོགས་པས་སྦྱིན་སྲེག་བྱ་བ་ནི་དབང་རྫོགས་པ་དང་བྱ་བར་ཤེས་པར་བྱའོ། །དབུས་སུ་ལྷའི་གཟུགས་བསམས་ཏེ།
འཁོར་ལོ་དག་ནི་དབབ་པར་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་ཉིད་གཙོ་བོ་དབུས་སུ་བསྒོམས་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དབབ་སྟེ་ཇི་སྐད་དུ་གསུངས་པའི་སྦྱིན་སྲེག་བྱའོ། །རྣམ་གཅིག་ཏུ་ལྷའི་གཙོ་བོའི་གཟུགས་སུ་བདག་ཉིད་བསྒོམས་ཏེ། ལྷའི་འཁོར་ལོ་ཐམས་ཅད་བདག་གི་ཁར་ཕབ་སྟེ་བདག་
ཉིད་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་སངས་རྒྱས་རྣམས་འོད་དུ་ཞུ་སྟེ་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ལ་འཕྲོས་ཏེ་གསང་བ་ནང་གི་སྦྱིན་སྲེག་བྱའོ། །དེ་ཉིད་ཀྱི་ཕྱིར། དབང་པོ་གཉིས་ཀྱི་དམ་ཚིག་གི། །སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ། །ཞེས་གསུངས་སོ། །ད་ནི་སློབ་མ་དཀྱིལ་འཁོར་དུ་
གཞུག་པ་བསྟན་པའི་ཕྱིར། །རྣམ་པར་སྣང་མཛད་སྦྱོར་བ་ཡིས། །སློབ་མ་རྡོ་རྗེ་ལས་བྱུང་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འདིའི་སྦྱོར་བ་ནི་སློབ་མ་རྣམ་པར་སྣང་མཛད་དུ་བསྒོམས་པའི་གནས་གསུམ་དུ་ལྷ་གསུམ་བསྒོམས་པའི་ཐུགས་ཀར་ཡི་གེ་ཨཱཿབསྒོམ་སྟེ་དེའི་གནས་གསུམ་

དུ་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་རྡོ་རྗེ་གཟུང་བར་བྱའོ། །དེ་ལྟར་བྱས་ན། རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་། །གྲགས་ཆེན་རྣམ་པར་སྣང་མཛད་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བར་འགྱུར་རོ། །ད་ནི་དཀྱིལ་འཁོར་དུ་འཇུག་པའི་སྔགས་བསྟན་པའི་ཕྱིར་ཨ་ཁཾ་བཱི་ར་ཧཱུཾ་ཞེས་སྨོས་ཏེ། འདི་ནི་
དཔའ་བོ་ཆེན་པོའི་གསང་སྔགས་ཡིན་ཏེ། བདུད་ཐམས་ཅད་ཡོངས་སུ་འཇོམས་པའི་བདག་ཉིད་དོ། །རིགས་ལྔའི་སྙིང་པོའོ། །ད་ནི་དབང་བསྐུར་བའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། །ཡོངས་
སུ་གང་བར་རྣམ་པར་བསྒོམ། །རྡོ་རྗེ་རིགས་ནི་འཛིན་པ་ཡིས། །སིལ་སྙན་སྤོས་ཀྱི་སྤྲིན་རྣམས་བསྒོམ། །ཞེས་བྱ་བ་ནི་དབང་བསྐུར་བའི་ཚེ་ནམ་མཁའི་ཁམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རིགས་ཀྱི་ལྷ་མོ་རྣམས་ཀྱིས་གང་སྟེ། ལྷ་མོ་དེ་དག་གི་ཕྱག་ན་མཆོད་པའི་ཁྱད་
པར་སྣ་ཚོགས་དང་། ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་བསྣམས་པ་རྣམས་ཀྱིས་དབང་བསྐུར་བར་བསྒོམ་མོ། །རྡོ་རྗེའི་དམ་ཚིག་གསུམ་སྔགས་ཀྱིས། །ཡུངས་ཀར་དག་གིས་གདབ་པར་བྱ། །ཞེས་བྱ་བ་ནི་དེའི་ཚེ་བར་ཆད་ཀྱི་བགེགས་བསྐྲད་པའོ། །འདི་ལ་བདུད་རྩི་འཁྱིལ་བའི་སྦྱོར་བ་
ཤིས་སོ། །དེ་ལ་དེའི་ཚེ་ན་ནི། །བདག་ཉིད་དབང་བསྐུར་རབ་ཏུ་སྩོལ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་ལྷ་མོ་དེ་དག་ཉིད་ཀྱིས་དབང་བསྐུར་བར་མཛད་པའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཡང་ན་སངས་རྒྱས་བསྒོམ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའ་འམ་
སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བུམ་པ་གཟུང་བ་ལ་སོགས་པ་བྱས་ཏེ་དབང་བསྐུར་བའོ། །སློབ་མ་དེ་བཞིན་བློ་བརྟན་ལ། །ལུས་དང་ངག་སེམས་རྡོ་རྗེ་ཅན། །སྔགས་ཤེས་པས་ནི་དགོད་པར་བྱ། །ཞེས་བྱ་བ་ནི་སློབ་མ་རྣམ་པར་སྣང་མཛད་དུ་བསྒོམས་པའི་ལུས་ལ་ལྷ་གསུམ་དགོད་པའོ། །སངས་
རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། །ཁམས་གསུམ་དག་གིས་ཕྱག་བྱས་པའི། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཞེས་བྱ་བ་ནི་རྡོ་རྗེའི་དབང་བསྐུར་བ་ཐམས་ཅད་ལ་བླ་མས་འདི་སྨྲ་བར་བྱའོ། །ཁྱད་པར་དུ་ནི་ཕྱིར་མི་ལྡོག་པའི་དབང་ལ་སྦྱར་བར་བྱའོ། །སྐབས་

འདིར་ནི་བུམ་པའི་དམ་ཚིག་ལ་སོགས་པའི་ཚིག་གིས་བུམ་པ་དང་དབུ་རྒྱན་དང་རྡོ་རྗེ་དང་། བདག་པོ་དང་མིང་གི་དབང་བསྐུར་བ་བྱས་ནས་རྡོ་རྗེའི་དབང་གི་དོན་གསུངས་པར་མངོན་ནོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བགྱིས་པ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་བའི་
ཕྱིར། ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའི་ཞུ་བ་གསོལ་བའི་ཚིག་སྟེ། བྱང་ཆུབ་རྡོ་རྗེ་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཐབས་དང་ཤེས་རབ་གསང་བའི་བདེ་བའི་མཆོད་པ་སྔོན་ཇི་ལྟར་མཛད་པ་བཞིན་དེང་བདག་ཀྱང་བདེ་བ་ཆེན་པོར་བསྒྲལ་བའི་སླད་དུ་གསང་
བའི་ནམ་མཁའ་ན་གནས་པའི་མི་གཉིས་པ་གསང་བའི་རྡོ་རྗེ་བྱང་ཆུབ་སེམས་ཀྱི་དབང་བདག་ལ་སྩོལ་ཅིག་ཅེས་པའོ། །རྣམ་གཅིག་ཏུ་ནམ་མཁའ་ནི་བདག་གི་ཁ་སྟེ། དེར་གསང་བའི་རྡོ་རྗེ་ནས་བབས་པའི་བྱང་ཆུབ་སེམས་ཀྱི་དབང་སྩོལ་ཅིག་པའོ། །དེ་ནས་བླ་མས་གསང་བའི་ཡུམ་ལ་སྦྱོར་བ་
མཛད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་སྦྱིན་པར་བྱའོ། །ལྷ་ཡི་གཟུགས་ཀྱི་སྦྱོར་བ་ཡིས། །སྙིང་གར་བདག་པོ་གཞག་པར་བྱ། །ཞེས་བྱ་བ་ནི་མེ་ཏོག་ཕོག་པའི་ཡེ་ཤེས་ཀྱི་ལྷ་ཐུགས་ཀར་བསྟིམ་པའོ། །འདི་དང་དཀྱིལ་འཁོར་བསྟན་པ་ནི་གདོང་གཡོགས་དགྲོལ་བའི་དུས་སུ་སྦྱོར་བར་བྱའོ། །
སྔགས་ཀྱི་ཡི་གེ་རྣམས་ཀྱང་སྦྱིན། །ཞེས་བྱ་བ་ནི་ཡིད་དམ་དཔོག་པའོ། །སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །དམ་ཚིག་གསང་བ་བསྒྲགས་པར་བྱ། །ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའི་སྔོན་དུ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ལ་བསྟན་པར་བྱའོ། །སྔགས་ཀྱིས་བསྐུལ་བ་སྨྲས་པ་
ཡིས། །དེ་ལ་སྔགས་ཀྱང་སྦྱིན་པར་བྱ། །ཞེས་བྱ་བ་ནི་སྔགས་ཀྱིས་བསྐུལ་བ་ནི་གསང་བ་སྨྲས་པའོ། །དེ་ལ་སྔགས་ཀྱང་སྦྱིན་པར་བྱ། །ཞེས་བྱ་བ་ནི་གསང་བ་སྨྲས་པ་དེ་ལ་གསང་བའི་དབང་བསྐུར་བ་སྦྱིན་པའོ། །སྔགས་ཀྱི་རྒྱལ་པོའི་དམ་ཚིག་ནི། །ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་ངོ་། །
གསང་བ་བྱིན་པ་བསྟན་པར་བྱ། །ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བ་བྱིན་ལ་དེ་ནས་ཤེས་རབ་ཡེ་ཤེས་བསྟན་ཏེ་སློབ་མ་ཉིད་ཀྱི་གསང་བའི་སྐེ་ལ་མི་རྟོག་པའི་ཡེ་ཤེས་རྟག་ཏུ་བཞུགས་པའོ། །ཁུ་བའམ་ཡང་ན་བཤང་བའང་རུང་། །ཆོ་ག་བཞིན་དུ་བསྔགས་ནས་ནི། །རྡོ་རྗེ་བློས་ནི་བཟའ་བར་བྱ། །ཞེས་

བྱ་བ་ནི་དབང་བསྐུར་བའི་ཚེ་བདུད་རྩི་རི་ལུ་གསང་བའི་བྷ་ག་ལ་བཞག་སྟེ། དེ་སློབ་མས་སུ་པྲ་ཏིཥྛ་བཛྲ་ཧོ་ཞེས་བྱ་བའི་ཚིག་གིས་ལེན་པ་སྟེ་ལེའུ་དང་པོར་བསྟན་པ་བཞིན་ནོ། །རྣམ་པ་འདི་བཞི་གསང་ཆེན་ཏེ། །རྡོ་རྗེ་ཅན་ནི་ཀུན་གྱི་གསང་། །ཞེས་བྱ་བ་ནི་གོང་དུ་བསྟན་པའི་གསང་བ་སྨྲ་བ་དང་།
གསང་བ་བྱིན་པ་དང་། གསང་བ་བསྟན་པ་དང་། གསང་བ་བཟའ་བ་སྟེ། འདི་བཞིན་སངས་རྒྱས་ཐམས་ཅད་ཀྱི་གསང་བར་བསྟན་ཏོ། །སྔགས་ཀྱི་འཁོར་ལོ་བུད་མེད་གཟུགས། །སེམས་ཅན་དོན་ཕྱིར་གནས་པ་ཡི། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་ཕྱིར་བུད་མེད་ཀྱི་ཕྱག་རྒྱར་བསྟན་པ་སྟེ། ཇི་
སྐད་དུ། ས་མ་ཡོ་ག་ལས། འཇིག་རྟེན་གསུམ་འདིར་བུད་མེད་འདིས། །གུས་པར་བྱེད་པ་དག་ཏུ་འགྱུར། །ཞེས་བྱ་བ་ལྟ་བུའོ། །གླང་པོའི་ཤ་དང་རྟ་ཡི་ཤ །ཞེས་བྱ་བ་ལ་སོགས་པས་ནི་མཆོད་པ་དང་བཟའ་བའི་རྫས་བསྟན་ཏོ། །ཉིན་རེ་རྡོ་རྗེ་སློབ་མ་ལ། །མཁས་པས་དཀྱིལ་འཁོར་
བསྟན་པར་བྱ། །ཞེས་བྱ་བ་ནི་ཇི་སྲིད་དུ་སློབ་མས་ཁོང་དུ་མ་ཆུད་པ་དེ་སྲིད་དུ་བསྟན་པའོ། །བཤང་གཅི་ཤ་ཡི་བྱ་བ་དང་། །རྡོ་རྗེ་གསང་བའི་ཚིག་དག་གིས། །སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ། །བསྒོམས་ན་དེ་མ་ཐག་ཏུ་འབར། །ཞེས་བྱ་བ་ནི་གོང་དུ་བསྟན་པའི་དམ་རྫས་བྱིན་གྱིས་བརླབ་པ་
ཡིན་ཏེ། དེ་ཡན་ཆད་ནི་དཀྱིལ་འཁོར་དང་དབང་བསྐུར་བའི་བྱ་བ་བསྟན་པ་ཡིན་ནོ། །ད་ནི་དེ་ལྟ་བུའི་དབང་དང་ལྡན་པ་དེས་བསྒྲུབ་པར་བྱ་བ་བསྟན་ཏེ་གོང་དུ་བསྟན་པའི་བསྒྲུབ་པ་དང་། ཕྲིན་ལས་ཐམས་ཅད་ཀྱང་དབང་ཐོབ་ནས་བྱ་བ་ཁོ་ན་ཡིན་ནོ། །དེ་ལ་དངོས་གྲུབ་ཐམས་ཅད་བསྒྲུབ་པ་དང་། །དམ་ཚིག་
ཆེན་པོ་བསྒྲུབ་པ་དང་། སངས་རྒྱས་བྱང་ཆུབ་ཉིད་དག་ཀྱང་། ནན་ཏན་དུ་ནི་བསྒྲུབ་པར་བྱ། །ཞེས་གསུངས་པ་ནི་དངོས་གྲུབ་ཐམས་ཅད་ཀྱི་སྤྱིའི་ཚུལ་ཏེ་དམ་ཚིག་ཆེན་པོའི་བསྒྲུབ་པ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དོ། །མི་སྣང་སྟོབས་དང་བརྩོན་འགྲུས་དང་། །ཞེས་བྱ་བ་ལ་སོགས་པ་ནི་
ཐུན་མོང་གི་དངོས་གྲུབ་པོ། །བཤང་གཅི་དང་ནི་ཤ་ཆེན་རྣམས། །ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བསྟན་པའི་བནྡྷ་འཛག་པའི་སྦྱོར་བ་བསྟན་པ་ཉིད་དོ། །རྡོ་རྗེ་མངག་གཞུག་སྒྲུབ་པ་ནི། །བདག་ཉིད་རང་གི་ལྷའི་སྦྱོར་བ་དང་ལྡན་པས་མདུན་གྱི་ནམ་མཁའ་ལ་ཡི་གེ་ཧྲཱིཿལས་འོད་འཕྲོས་པའི་

སངས་རྒྱས་རྣམས་ཀྱིས་ནམ་མཁའི་ཁམས་གང་བར་བསྒོམས་ཏེ། དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྣམས་བདག་གི་སྐུ་གསུང་ཐུགས་ཀྱི་གསང་སྔགས་ཨ་ཁཾ་ཐ་ཞེས་བྱ་བས་བསྐུལ་ཏེ། བདག་གི་སྐུ་གསུང་ཐུགས་ལ་བསྟིམས་ཏེ་དབང་དུ་བྱའོ་ཞེས་བྱ་བའི་དོན་
ཏོ། །དེ་ལས་འཕྲོ་བ་དང་དགུག་པ་འོག་ནས་འབྱུང་བ་དག་ཀྱང་ཇི་ལྟ་བའི་སྦྱོར་བས་བྱའོ། །དེ་ལ། ཧྲཱིཿ་ནི་འབར་བའི་འོད་བཟང་པོ། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་ཇི་ལྟ་བའི་དཀྱིལ་འཁོར་བསམས་ཏེ། དེའི་ནམ་མཁའ་ལ་ཡི་གེ་
ཧྲཱིཿའབར་བའི་འོད་ཅན་བསམ་པའོ། །ཧྲཱིཿདེ་ལས་འཕྲོས་པའི་སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་བསྒོམས་ཏེ། དེའི་སྐུ་གསུང་ཐུགས་ཀྱི་གནས་སུ་བསྐུལ་ལོ་ཞེས་བྱའོ། །ཨ་ཁཾ་ཐ་ནི་སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ། ལྷའི་སྐུ་གསུང་ཐུགས་ཀྱི་གནས་བསྐུལ་བའོ། །དེ་ལ་
བདག་གི་སྐུ་གསུང་ཐུགས་ཀྱི་གནས་ཇི་ལྟར་བསྒོམ་ཞེ་ན། ཕྱག་ན་རྡོ་རྗེ་གཟུགས་ཆེན་དང་། །ཕྱག་ན་པདྨའི་འོད་ཆེན་དང་། །གཞན་གྱིས་མི་ཐུབ་གཟུགས་ཆེན་དག །བསྒོམས་ནས་གསང་བའི་གནས་སུ་བཞག །ཅེས་གསུངས་པ་སྟེ་དེ་ལ་ཕྱག་ན་རྡོ་རྗེ་ནི་ཐུགས་ཀྱི་སྤྲུལ་པའོ། །དེ་བཞིན་དུ་ཕྱག་
ན་པདྨོ་དང་གཞན་གྱིས་མི་ཐུབ་པ་ཡང་གསུང་དང་སྐུའི་སྤྲུལ་པ་སྟེ། དེ་དག་བསྒོམས་ནས་གསང་བ་སྐུ་གསུང་ཐུགས་ཀྱི་གནས་སུ་གཞག་གོ། །དེ་ལ་སྐུ་གསུང་ཐུགས་ཀྱི་གནས་ནི། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །མི་བསྐྱོད་པ་ནི་རབ་ཏུ་བརྟག །ཅེས་པ་ལ་སོགས་པ་སྟེ།
དེ་ལ། འོད་ཆེན་སྡུག་བསྔལ་ཆེན་པོ་ཡིས། །ཐམས་ཅད་སྙིང་པོས་བསྐུལ་བར་བྱ། །ཞེས་བྱ་བ་ནི་འབད་པ་ཆེན་པོ་དང་ལྡན་པས་སྙིང་པོའི་འོད་ཟེར་གྱིས་བསྐུལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བསྐུལ་བ་ཉིད་གང་ཞེ་ན། ཨོཾ་མདུང་རྩེ་ཆེ་དང་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པ་སྟེ།
འདི་དག་གིས་བསྐུལ་ཏེ་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་གནས་གང་དུ་བསྒྲུབ་ཅེ་ན། །ཉམས་དགའ་བ་ཡི་རིགས་དག་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་འདི་དག་ཏུ་བསྒྲུབས་ན་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཕྲ་མོ་སྙེད་དང་ལྷན་ཅིག་འཁོད་པ་ལ་སོགས་པའི་དངོས་གྲུབ་

ཏུ་འགྱུར་རོ་ཞེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཡེ་ཤེས་ཆེ། །དེ་བཞིན་གསུང་གི་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་ཆེན་བཞག་ནས་ནི། །མངག་གཞུག་པ་དག་རྟག་ཏུ་བསྐུལ། །ཞེས་བྱ་བ་ནི་མདོར་བསྡུས་པ་སྟེ། མདོར་ན་སྐུ་གསུང་ཐུགས་ཀྱི་ལྷ་བསྒོམས་ཏེ་རྡོ་རྗེ་མངག་གཞུག་བསྒྲུབ་པོ་ཞེས་བྱ་བའི་
ཐ་ཚིག་གོ། །དེ་ལ་འཁོར་ལོ་བཞི་པ་ཞེས་བྱ་བའི་སྔགས་ཀྱི་དམ་ཚིག་ནི་དམ་ཚིག་གཏོང་བ་ལ་སོགས་པ་སྟེ། འདིའི་དོན་ནི་སྐུ་གསུང་ཐུགས་ཀྱི་ལྷ་ལ་གཞུག་ཅིང་བསྟིམ་པའི་ཕྱག་རྒྱ་ཡིན་ཏེ། དེ་ལ་དམ་ཚིག་གཏོང་བ་ནི་རྡོ་རྗེ་ཀྱོ་བའི་ཁྱད་པར་སྤྲོ་བའོ། །དམ་ཚིག་བསྐུལ་བ་ནི་ཨ་ཁཾ་ཐ་ཞེས་
པའི་སྐུ་གསུང་ཐུགས་ཀྱི་ཡི་གེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་སྐུལ་བར་བྱེད་པའོ། །དམ་ཚིག་སྨྲ་བ་ནི་གསང་སྔགས་ཀྱི་ཚིག་གིས་དེ་བཞིན་གཤེགས་པ་རྣམས་སྙན་གསན་ཏེ། གཤེགས་ཤིག་གཤེགས་ཤིག་ཅེས་འབོད་པའི་ཚིག་གོ། །དམ་ཚིག་འཆིང་བ་ནི་ལྷ་དེ་རྣམས་དམ་ཚིག་གིས་
བཀུག་སྟེ་བདག་གི་ལུས་ལ་བསྡུས་ནས་གོང་བུའི་ཚུལ་དུ་དབྱེར་མེད་པར་བྱས་པའོ། །དེ་ལྟ་བུའི་ངོ་བོར་གྱུར་ན། ནམ་མཁའི་དབྱིངས་ཆེན་དག་པ་ནི། །ཆོས་རྣམས་ཐམས་ཅད་རྣམ་པར་སྤངས། །གོང་བུའི་ཚུལ་བཞིན་བྱེད་པ་ནི། །རྡོ་རྗེ་རྨད་དུ་བྱུང་བའི་གཟུགས། །ཞེས་པ་སྟེ་རྣམ་པར་དག་པ་ལས་
དབྱེར་མེད་པའི་སྐུར་གྱུར་པའོ། །ད་ནི་དབང་དུ་བྱ་བ་བསྟན་པའི་ཕྱིར། །སངས་རྒྱས་རྡོ་རྗེ་སེམས་དཔའ་རུང་། །གལ་ཏེ་དབང་དུ་བྱེད་འདོད་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་སྦྱོར་བ་ནི། རྡོ་རྗེ་འཇམ་དཔལ་ལ་སོགས་པའི་ཏིང་ངེ་འཛིན་དུ་བསྒོམས་ཏེ། འབར་བའི་དབུ་རྒྱན་ལྔ་
ལ་ཆགས་པའི་བདག་ཉིད་ཀྱི་མདའ་ལྔ་བསམས་ཏེ། ལྕགས་ཀྱུས་ནམ་མཁའ་གང་བའི་སངས་རྒྱས་ལ་སོགས་པ་རྣམས་བཀུག་ནས་མདའ་ལ་བསྟིམས་ཏེ། འདི་ལྟ་བུའི་སྦྱོར་བས་ཁྲོ་བོར་གྱུར་པའི་ཏིང་ངེ་འཛིན་གྱིས། གནས་ལྔར་བསྡུ་ཞིང་བསྒྲུབ་པར་བྱ། །ཡང་སྡངས་ཤིང་བརྒྱལ་བར་
བསྒོམས་ན་གང་ཡང་རུང་སྟེ་དབང་དུ་འགྱུར་རོ་ཞེས་པའི་དོན་ཏོ། །ད་ནི་བདུད་རྩི་བྱིན་གྱིས་བརླབ་པ་བསྟན་ཏེ། སངས་རྒྱས་དཀྱིལ་འཁོར་མཆོག་དག་ནི། །རྡོ་རྗེ་ནམ་མཁའི་དབུས་བསམ་པ། །ཞེས་བྱ་བ་ལ་སོགས་པ་ནི་བདུད་རྩི་བྱིན་གྱིས་བརླབ་པའི་དུས་སུ་གང་ན་བདུད་རྩི་གནས་པ་དེའི་ནམ་མཁའ་

ལ་རྡོ་རྗེ་མེ་ཤེལ་གྱི་ཁ་དོག་འདྲ་བ་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་འོད་ཟེར་འབར་བ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པར་བསྒོམས་པ་ནི་རྡོ་རྗེ་མཚན་ལ་སོགས་པ་ཧཱུཾ་ཞེས་པ་ཡིན་ནོ། །རྡོ་རྗེ་གསུམ་ལ་ས