Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 38
Văn bản gốc(Tây Tạng)
Trang 4 / 16 (50.000 ký tự/trang)
ོགས་པ་བསྒོམ། །ཞེས་བྱ་བ་ནི་དེའི་འོག་བནྡྷའི་ནང་དུ་ཡི་གེ་ཨོཾ་གྱིས་ བྱིན་གྱིས་བརླབ་པ་སྟེ་དེ་ཉིད་ཀྱི་ཕྱིར། ཨོཾ་ནི་མིག་ཏུ་བསམས་ནས་ནི། །ཞེས་སྨོས་པ་ཡིན་ནོ། །འོག་ཏུ་ནི་ཨ་ལས་བྱུང་བའི་པདྨ་བནྡྷ་སྟེ་དེ་ལྟར་སྐུ་གསུང་ཐུགས་གསུམ་ཚང་བར་བསྒོམས་པས། འདི་དག་ཆོ་ག་བཞིན་དུ་བསྟེན། །ཞེས་བྱ་བ་ཡིན་ནོ། །མཚན་མ་ཀུན་གྱི་གཟུགས་དག་ནི། ། ཞེས་བྱ་བ་ནི་དང་པོར་རླུང་གི་སྟེང་དུ་མེ་དེའི་སྟེང་དུ་བདུད་རྩི་བནྡྷ་སྟེ་འདི་དག་ཀྱང་ཚུལ་གསུམ་རྡོ་རྗེ་སྐུ་གསུང་ཐུགས་སུ་བལྟ་བར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་བརླབས་པ་དེ་ཇི་ལྟར་བཟའ་ཞེ་ན། བ་ནི་ཁ་ཡི་ནང་དུ་བསམ། །ཨོཾ་ནི་ལྕེ་ལ་འདུག་པར་བསམ། །ཞེས་བྱ་བ་སྨོས་ཏེ་འདི་ལྟ་བུའི་ སྦྱོར་བས་བཟའ་འོ་ཞེས་པའི་དོན་ཏོ། །ཁ་ཅིག་ན་རེ། །སངས་རྒྱས་དཀྱིལ་འཁོར་མཆོག་དག་ནི། །ཞེས་བྱ་བ་ནས། ཚུལ་གསུམ་རྡོ་རྗེ་ཅན་དུ་མཐོང་། །ཞེས་བྱ་བའི་བར་ནི་ལྟ་བའི་ཏིང་ངེ་འཛིན་ཡིན་ཏེ་ནམ་མཁའི་དབྱིངས་ཆོས་ཀྱི་འབྱུང་གནས་སུ་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་ ཐུགས་ཀར་རྡོ་རྗེ་ཧཱུཾ་གིས་མཚན་པ་བསམ་པ་ལ་སོགས་ཏེ། དེ་བཞིན་དུ་གསུང་དང་སྐུའི་མཚན་མས་མཚན་པར་བསྒོམས་ལ། རྣལ་འབྱོར་པའི་ལྷའི་སྦྱོར་བ་དང་ལྡན་པའི་མིག་ལ་ཡི་གེ་ཨོཾ་བསྒོམས་ཏེ། ཇི་ལྟ་བ་བཞིན་དུ་བལྟས་ན་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཚན་མས་མཚན་ པའི་གཟུགས་དག་དེ་བཞིན་དུ་སྐུ་གསུང་ཐུགས་རྡོ་རྗེའི་ཚུལ་ཅན་དུ་མཐོང་བར་འགྱུར་རོ། །བཀྲེས་སྐོམ་ལ་སོགས་ཞེས་བྱ་བ་མན་ཆད་ནི་ཟ་བའི་ཏིང་ངེ་འཛིན་ཡིན་ནོ། །ད་ནི་སངས་རྒྱས་དཀྱིལ་འཁོར་འོད་བཟང་པོ། །ཞེས་བྱ་བ་ལ་སོགས་པ་ནི་ཉན་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཉན་པའི་ཚུལ་ ནི་སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་འདོད་དོ། །དཔའ་བོ་རླབས་ཀྱི་ཕྲེང་བའི་ཏིང་ངེ་འཛིན་ནི་ཚིག་ཉན་གཞུག་པའི་སྦྱོར་བ་སྟེ། འདི་ནི་སྔ་མ་དང་མཐུན་པ་མ་ཡིན་ནོ། །ལྷ་མོ་ཙུན་དེ་མ་སྒྲུབ་པ་ནི་ཇི་ལྟར་སྨོས་པའི་ཆ་ལུགས་ཀྱིས་བསྒོམས་ཏེ་ནམ་མཁའི་ཁམས་ཀྱང་ལྷ་མོ་ཙུན་དེས་གང་ བར་བསྒོམས་ནས་བདག་གི་ལུས་ལ་བསྡུས་ཏེ་དེ་ལ་རྡོ་རྗེ་སེམས་དཔའི་སྙིང་པོ་ཧཱུཾ་བཀོད་ན་འགྲུབ་པར་འགྱུར་རོ། །ཁ་ཅིག་ནི་འདི་ཡང་ནོར་སྒྲུབ་པར་འདོད་དོ། །ཛམྦྷ་ལ་སྒྲུབ་པ་ནི་དེ་ཉིད་ཇི་བཞིན་དུ་བྱས་ཏེ། འདིར། རྡོ་རྗེ་བདུད་རྩིའི་ཆུ་དག་ནི། །དེ་ཡི་བསམ་གཏན་གནས་ན་འདུག །ཅེས་ བྱ་བ་ནི་ཛམྦྷ་ལའི་དམ་རྫས་ཆུ་ཡིན་ཏེ། དེ་བས་ན་ཛམྦྷ་ལའི་བསམ་གཏན་ལ་འདུག་པས་བདུད་རྩི་ཆུ་དབུལ་བར་བྱའོ། །ཁ་ཅིག་ན་རེ། གྲུབ་ན་རྡོ་རྗེ་ཆུ་ཐོབ་པོ། །ཞེས་ཟེར་རོ་གནོད་སྦྱིན་མོ་སྒྲུབ་པ་ནི་སྔ་མ་བཞིན་དུ་བྱས་ཏེ་ཁྱད་པར་དུ་གཤིན་རྗེ་གཤེད་པོ་དབུ་རྒྱན་དུ་བསྒོམ་མོ། །རྣམ་གཅིག་ཏུ་ གཤིན་རྗེ་གཤེད་ཀྱི་སྦྱོར་བས་གནོད་སྦྱིན་མོ་བསྒྲུབ་པར་བྱའོ། །གཞན་ནི་དེ་དག་གི་ཡོན་ཏན་དུ་ཤེས་པར་བྱའོ། །ད་ནི་རིག་པའི་བརྟུལ་ཞུགས་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་དང་ ངག་སེམས་བསྒོམ་པ་ནི། །དེ་ལྟར་གཟུགས་ཀྱི་དོན་དེས་ནི། །དེ་ཡི་སྐུ་ཉིད་གྲུབ་པར་འགྱུར། །ཞེས་བྱ་བ་བརྟུལ་ཞུགས་ཅན་བསྟན་པ་ཡིན་ཏེ། འདི་ལྟར་སྐུ་གསུང་ཐུགས་རྡོ་རྗེ་ལུས་ངག་སེམས་བསྒོམས་པས་དེ་ཉིད་དུ་འགྱུར་བའོ། །དེའི་བརྟུལ་ཞུགས་ནི་ཡུམ་སྟེ། གསང་བའི་དབང་བསྐུར་བའི་ ཡུམ་དང་ཤེས་རབ་ཡེ་ཤེས་ཀྱི་ཡུམ་མོ། །དེ་ཉིད་བསྟན་པའི་ཕྱིར། ཐོར་ཚུགས་དབུ་རྒྱན་ཅན་གྱི་གཟུགས། །ཆེན་པོ་ཁ་དོག་དཀར་པོ་འདྲ། །སྔགས་ཀྱི་སྡོམ་པས་ཀུན་དུ་བསྡམས། །ཞེས་པ་ལ་སོགས་པ་གསུངས་ཏེ། མཚན་ཉིད་འདི་དག་དང་ལྡན་པའི་རིག་མ་རྙེད་ནས། སྤྱན་གྱི་གོ་ འཕང་ལོངས་སྤྱོད་ཅིང་། །རྡོ་རྗེ་མཚན་མས་བསྒོམ་པར་བྱ། །ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་སྟེ་གསང་བའི་དབང་གི་ཡུམ་མོ། །ཕྱག་རྒྱ་སྔགས་ཀྱི་ཆོ་ག་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་ཡུམ་སྟེ། འདི་ནི་མན་ངག་ཐམས་ཅད་ལེགས་པར་བསླབས་པ་དེས་ཤེས་རབ་ཡེ་ཤེས་ སྦྱིན་པའི་ཕྱིར་དེ་སྐད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཟླ་བ་དྲུག་གིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དོན་རྟག་པ་སྟེ་ཡུམ་དེ་ལས་ཡང་དག་པའི་ཡེ་ཤེས་རྙེད་ནས་ཟླ་བ་དྲུག་ཏུ་གནས་ན་འདུག་པའི་དོན་ཏོ། །རྟག་ཏུ་གཞན་གྱི་ནོར་བརྐུ་བ་ལ་སོགས་པ་ནི་སྐུ་གསུང་ཐུགས་ཀྱི་སྡོམ་པ་སྟེ་དེ་ལ་ ནོར་བརྐུ་བ་ནི་བྱང་ཆུབ་ཀྱི་སེམས་བཟའ་བའོ། །གསོད་པ་རྨད་དུ་བྱུང་བ་ནི་ཟོས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེད་པའོ། །འདོད་ཆགས་རྡོ་རྗེ་གནས་སྤྱད་པ་ནི་རིག་མ་དང་གཉིས་སུ་མེད་པར་གནས་པའོ། །དེ་ལྟ་བུ་ནི་སྡོམ་པ་སྟེ། དེ་ལ་གནས་པ་ནི་སྡོམ་པས་ བསྡམས་པ་ཞེས་བྱའོ། །འདོད་ཆགས་རྡོ་རྗེ་ཀྱོ་བ་མོ། །ཞེས་བྱ་བ་ལ་སོགས་པས་ནི་སྐུ་གསུང་ཐུགས་ཀྱི་ཡུམ་བསྟན་ཏེ། དེ་ལ་རྡོ་རྗེ་ཀྱོ་བ་མོ་ཞེས་བྱ་བ་ནི་སྐུའི་སྟེ་གསང་བའི་དབང་གི་ཡུམ་མོ། །ཡོན་ཏན་ལུག་རྒྱུད་མཱ་མ་ཀཱི། །ཞེས་བྱ་བ་ནི་ཐུགས་ཀྱི་བདག་ཉིད་དེ་ཤེས་རབ་ཀྱི་དབང་གིའོ། །ལུ་ གུ་རྒྱུད་ཅེས་བྱ་བ་ནི་འབྲེལ་བའི་དོན་ཏེ། གསང་བའི་དབང་གི་ཡུམ་ལས་བྱང་ཆུབ་ཀྱི་སེམས་ཟོས་ཏེ་མི་རྟོག་པ་སྐྱེས་པ་དང་ཤེས་རབ་ཀྱི་དབང་ལས་བྱང་ཆུབ་སེམས་ཀྱི་བདེ་བ་ཉམས་སུ་མྱོང་སྟེ། མི་རྟོག་པའི་ཡེ་ཤེས་སྐྱེས་པའང་ངོ་བོ་ཉིད་འདྲ་བའི་ཕྱིར་རོ། །ངག་གི་རྡོ་རྗེ་མཆོག་སེམས་ལ། །ཞེས་ པ་ནི་གསུང་གི་ཡུམ་ཡིན་ཏེ། འདི་ཡང་ཤེས་རབ་ཀྱི་དབང་གི་བདག་ཉིད་ཡིན་པའོ། །དེ་རྣམས་ལ། འདི་ནི་རྣམ་པ་ཀུན་རིག་མ། །ཞེས་བྱ་བ་ནི་མི་རྟོག་པ་སྐྱེ་བའི་ཡུམ་དུ་གྱུར་པའོ། །དེ་ལྟར་ན། རྡོ་རྗེ་ཅན་གྱི་མི་འགྱུར་གསུམ། །ཞེས་གསུངས་པ་ཡིན་ནོ་དེ་དག་ཀྱང་རང་གྲུབ་པའི་ཕྱག་རྒྱ་ བཙལ་བའམ། མ་རྙེད་ན་སེམས་ཀྱིས་བསམ་པར་བྱ་སྟེ་དེ་ལྟར་བྱས་ན་དངོས་གྲུབ་ཏུ་འགྱུར་རོ་ཞེས་པའི་དོན་ཏོ། །གཞན་ཡང་བསོད་སྙོམས་བླང་བ་ལ་སོགས་པའི་བརྟུལ་ཞུགས་སྤྱད་པར་བྱའོ་ཞེས་པའི་དོན་ཏོ། །དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བའི་དཀྱིལ་འཁོར་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཉིད་ལ་འཇུག་པར་བྱེད་པའོ། །ལེའུ་བཅུ་དྲུག་པའོ།། །།ལེའུ་བཅུ་བདུན་པ་ལས་བསྟོད་པ་བསྟན་པ་འདི་ནི་དཀྱིལ་འཁོར་རམ་ཏིང་ངེ་འཛིན་བསྒོམ་པ་དག་ཏུ་ཡང་ཀུན་དུ་སྦྱར་བར་བྱའོ། །དེ་ལ་འདིའི་རང་བཞིན་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོ་དེ་ཉིད་ རིགས་ལྔའི་ངོ་བོ་ཉིད་དུ་གནས་པ་ཡིན་ལ། རིགས་དེ་དག་ཀྱང་རིགས་དང་ཡེ་ཤེས་དང་རང་བཞིན་དང་ཕྱག་རྒྱ་དང་མི་རྣམས་ཀྱི་སྒོ་ནས་བསྟོད་པར་ཤེས་པར་བྱའོ། །དེ་ལ། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ལས་སོ་སོའི་ དམ་ཚིག་བསྲུང་བ་བསྟན་པའོ། །དེ་ལ་སྐུའི་དམ་ཚིག་ནི། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡིས། །དམ་ཚིག་བཞི་ནི་བསྲུང་བར་བྱ། །ཤ་ཆེན་རྟག་ཏུ་བཟའ་བར་བྱ། །ཞེས་གསུངས་ཏེ། དེ་ལ་དམ་ཚིག་བཞི་ནི་སྲོག་གཅོད་པ་དང་མ་བྱིན་པར་བླང་བ་དང་བརྫུན་དང་འདོད་པ་སྤྱོད་པ་སྟེ་བཞིའོ། ། དེ་དག་ཀྱང་ཇི་ལྟ་བའི་མན་ངག་བཞིན་དུ་བསྲུང་བའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ། །འདི་གསུམ་ནི་ཟས་ཀྱིས་ཕྱེ་བ་སྟེ།ཤ་ཆེན་ཟ་བ་དང་བཤང་གཅི་ཟ་བ་དང་ཁུ་ཁྲག་ཟ་བ་སྟེ་བདུད་རྩི་རྣམ་པ་ལྔ་སྐུ་གསུང་ཐུགས་སུ་སྤྱད་པ་ཡིན་ཏེ། དམ་ཚིག་འདི་དག་ནི་ རྣལ་འབྱོར་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་དུས་སུ་འདི་དག་ལ་བྱའོ། །རང་སངས་རྒྱས་ཀྱི་དམ་ཚིག་ནི། །དེ་དག་ལུས་ཀྱིས་སྟོན་པ་ཡིན། །ཞེས་པ་ལ་སོགས་པ་སྟེ། རང་སངས་རྒྱས་ནི་ལུས་ཀྱི་སྒོ་ནས་ཆོས་སྟོན་གྱི་ངག་གིས་མ་ཡིན་ཏེ། དེ་ལྟ་བུའི་དམ་ཚིག་ནི་སྐུ་རྡོ་རྗེ་ གནས་པ་སྟེ། དེ་ལྟ་བུས་སེམས་ཅན་འདྲེན་པའོ། །དམ་ཚིག་འདི་དག་ཀྱང་རང་རང་གི་དམ་ཚིག་རྣམས་ཀྱང་ཇི་ལྟར་སྨོས་པ་དེ་བཞིན་ཡིན་ཏེ། སྟོན་པས་ཀྱང་དེ་དག་དང་མཐུན་པར་སྟོན་ཞིང་དོན་མཛད་དོ་ཞེས་སྤྱིར་ཤེས་པར་བྱའོ། །ཉན་ཐོས་ཀྱི་དམ་ཚིག་ནི། །དགེ་བ་བཅུ་ཡི་ཆོས་ རྣམས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་དགེ་བ་བཅུའི་ཆོས་རྣམས་ནི་བྱེད་ཅིང་སྤྱོད་པ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་ས་ལ་གནས་པ་ཡེ་ཤེས་སྤངས་པ་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་མ་མོས་པས་མོས་པ་དམན་པའོ། །ཚངས་པའི་དམ་ཚིག་ནི་བསམ་ གཏན་གྱི་ཏིང་ངེ་འཛིན་ལ་གནས་པས་ལྷག་མཐོང་གི་ཤེས་རབ་དང་བྲལ་བའི་ཕྱིར་གཏི་མུག་གི་ལས་ཀྱི་ལམ་རྣམ་པ་གང་རྣམས་བྱེད་པའོ། །འདོད་པའི་ཡོན་ཏན་ལ་དགྲ་དང་ཟུག་རྔུར་ལྟ་བས་འཇིགས་ཤིང་མི་སྡུག་པའོ། །དེ་ལྟ་བུའི་ཐབས་ཀྱིས་འདྲེན་པས་བྱང་ཆུབ་སྟོན་པས་ཏེ་དེ་ལྟ་བུའི་སྐུ་ རྡོ་རྗེའོ། །ཁ་ཅིག་ན་རེ་ཚངས་པ་ཞེས་སྨོས་པ་ནི་སྐུ་རྡོ་རྗེའི་མིང་གི་རྣམ་གྲངས་ཏེ། འདི་ལྟར་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ཉན་ཐོས་ཞི་བ་ཕྱོགས་གཅིག་ལ་གནས་པ་འཁོར་བ་དགྲ་དང་ཚེར་མར་ལྟ་བ་རྣམས་ལ་སངས་རྒྱས་ཀྱི་སྦྱོར་བས་བསྐུལ་ནས་རྫོགས་པའི་བྱང་ཆུབ་སྟོན་པས་ཏེ་འོག་ མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེས་བྱ་བར་འདོད་དོ། །དྲང་བའི་དམ་ཚིག་ནི། ཁམས་གསུམ་གྱི་བུད་མེད་ལུས་ངག་ཡིད་གསུམ་ལ་གནས་ཤིང་བྱུང་བ་རྣམས་སྐུ་གསུང་ཐུགས་ཀྱི་ངོ་བོར་སྦྱར་བར་བྱའོ། །བིཥྞུའི་དམ་ཚིག་ནི་སེམས་ཅན་རྣམས་སྐུ་གསུང་ ཐུགས་ཀྱི་ངོ་བོར་སྒྲོལ་བའོ། །མདོར་ན་འདི་གསུམ་ནི་སྐུ་གསུང་ཐུགས་ཀྱི་སྒོ་ནས་འགྲོ་བའི་དོན་བྱེད་པའི་ཚུལ་ལོ། །གནོད་སྦྱིན་དང་གནོད་སྦྱིན་མོའི་དམ་ཚིག་ནི་ཤ་དང་བུད་མེད་ལ་དགའ་བ་སྟེ། འདི་ནི་སྒྲུབ་པ་འམ་དེ་དག་གི་དོན་བྱ་ན་ཡང་དེ་ལྟར་བྱ་སྟེ་འོག་མ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་ རོ། །གླུ་ཡི་དམ་ཚིག་བསྟན་པ་ལ། །གཞན་དུ་ངེས་པར་ཉོན་མོངས་འགྱུར། །ཞེས་བྱ་བ་ནི་དམ་ཚིག་ལྟར་མ་བྱས་ན་འདུལ་བར་མི་འགྱུར་བ་སྟེ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ། །སེམས་ཅན་ཀུན་ལ་ཕན་འདོད་པའི། །དམ་ཚིག་མ་ལུས་སྤྱད་པར་བྱ། །ཞེས་བྱ་བ་ནི་འགྲོ་བ་དྲང་བའི་ ཐབས་སུ་སོ་སོའི་དམ་ཚིག་བསྟན་པ་སྟེ་འདི་དག་གིས་དྲང་ཞིང་གདུལ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་དག་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་དེ་དག་དགའ་བ་ཡིན་ཏེ། དེའི་ཕྱིར། ངོ་བོ་ཉིད་ཀྱིས་ཀུན་འབྱུང་བ། ཁམས་གསུམ་དག་ན་རྣམ་པར་སྤྱོད། །ཅེས་གསུངས་སོ། །ད་ནི་སྐུ་གསུང་ ཐུགས་ཀྱི་དམ་ཚིག་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བ་དང་ལྡན་པར་སྟོན་ཏེ། ལུས་ཀྱི་རྣམ་གསུམ་ཐམས་ཅད་ནི། །རྡོ་རྗེ་འདྲ་བར་རབ་ཏུ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ལུས་ཀྱི་ལས་སམ་བདག་ཉིད་རྣམ་པ་གསུམ་ནི་དུག་གསུམ་གྱི་བདག་ཉིད་ཡིན་ལ། དེ་ཉིད་སྐུ་ གསུང་ཐུགས་ཀྱི་ངོ་བོ་ཡིན་པས་སྐུའི་བདག་ཉིད་ཀྱི་སྐུ་གསུང་ཐུགས་ཏེ། ངག་དང་ཡིད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ད་ནི་སྐུ་གསུང་ཐུགས་ཀྱི་སྡོམ་པ་དང་ལྡན་པ་དེས་གང་ལ་ཡང་ཕྱག་མི་བཙལ་བར་བསྟན་ཏེ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་ཉན་ཐོས་དེ་ བཞིན་ཏེ། །སྐུ་གསུང་ཐུགས་སུ་སྦྱོར་བ་ན། །ཕྱག་འཚལ་ན་ནི་མ་རུངས་འགྱུར། །ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་བསམ་གཏན་གྱི་སྦྱོར་བ་ནི་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་རྡོ་རྗེ་ལ་རྡོ་རྗེ་བསྒོམས་ནས་གསང་སྔགས་བཟླས་སོ་ཞེས་བྱ་བའི་དོན་ཏོ། །གསང་སྔགས་དེ་ཡང་གང་གིས་ཇི་ ལྟར་བྱ་ཞེ་ན། སེམས་ཅན་ཁམས་རྣམས་མདོ་རུ་ནི། །བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །རྡོ་རྗེ་གསུམ་གྱིས་ཕྱག་འཚལ་མཆོག །དམ་ཚིག་རྡོ་རྗེ་ལས་བྱུང་བའོ། །ཞེས་གསུངས་ཏེ་དེ་ལ་གང་བསྐུལ་ཞེ་ན། སེམས་ཅན་རྣམས་ཞེས་སྨོས་ཏེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཐམས་ ཅད་བསྐུལ་བར་བྱའོ། །གང་གིས་ཤེ་ན། བསམ་གཏན་རྡོ་རྗེ་ཞེས་སྨོས་ཏེ། གོང་དུ་བསྟན་པའི་བསམ་གཏན་རྡོ་རྗེ་ཉིད་ཀྱིས་སོ། །གསང་སྔགས་གང་གིས་ཤེ་ན། རྡོ་རྗེ་གསུམ་གྱིས་ཕྱག་འཚལ་མཆོག །ཅེས་བྱ་སྟེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི་ཡི་གེ་ཨོཾ་གྱིས་བསྐུལ་ཏེ། དེའི་ སྐུ་གསུང་ཐུགས་ཉིད་ལས་བྱུང་བའི་ཕྱིར་དམ་ཚིག་རྡོ་རྗེ་ལས་བྱུང་བའོ་ཞེས་སྨོས་པ་ཡིན་ནོ། །བསྙེན་སྒྲུབ་བཞི་ཡི་སྡོམ་པ་ནི། །རྡོ་རྗེ་བཤང་གཅིས་ནམ་མཁའི་དབྱིངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་ནི་བསྙེན་སྒྲུབ་བཞིའི་ཏིང་ངེ་འཛིན་དང་ལྡན་པ་ན་བདུད་རྩི་ལྔ་དང་ལྡན་ པས་མཆོད་པའི་སྡོམ་པ་དང་ལྡན་པར་བྱ་བ་ཉིད་དོ། །མི་སྣང་བ་ཡི་དམ་ཚིག་ནི། །དུས་བཞིར་ཇི་ལྟར་ཆོ་ག་བཞིན། །ཞེས་གསུངས་ཏེ། འདིར་ཏིང་ངེ་འཛིན་གྱིས་ཤེས་རབ་མ་བསྐྱེད་ནས་དེ་དང་རིག་པའི་བརྟུལ་ཞུགས་སྤྱོད་ཅིང་བྱང་ཆུབ་སེམས་ཀྱི་རྫས་འཕྲོག་པའོ། །དེ་ལ་མི་སྣང་བ་ཞེས་སྨོས་པ་ ནི་སྦ་བར་བྱ་བའི་བརྡ་ཚིག་སྟེ་ལྷ་མོ་ཉིད་ལ་བྱའོ། །རྣམ་གཅིག་ཏུ། ཡང་ན་རྫས་ཀྱང་རྟག་ཏུ་དབྲོག །ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་ཤེས་རབ་ལས་གཞན་པ་རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་དངོས་བཙལ་བའོ། །ནམ་མཁའི་རིག་འཛིན་གྱི་དམ་ཚིག་ནི་དབུ་རྒྱན་བསམ་པ་སྟེ། རྒྱས་བཏབ་པ་ནི་རིག་པ་འཛིན་པའི་ཕྱིར་རོ། །སྔགས་འཆང་ལས་དང་པོ་པའི་དམ་ཚིག་ནི། ལུས་ཀྱི་རྡོ་རྗེ་ཁ་ཟས་དང་། །ཕྱི་རོལ་རྡོ་རྗེ་འཛིན་པ་དང་། །རྡོ་རྗེ་ཆོས་ལ་རྟག་པར་ནི། །སྔགས་སྟོན་ཆོ་ག་སྤྱད་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ལུས་ཀྱི་རྡོ་རྗེ་ཁ་ཟས་ལ་སྤྱད་པ་དང་། ཕྱི་རོལ་རྡོ་རྗེ་ འཛིན་པ་ལ་སྤྱད་པ་དང་། རྡོ་རྗེ་ཆོས་ལ་སྤྱོད་པ་ནི་རྟག་ཏུ་སྔགས་སྟོན་པའི་ཆོ་ག་བྱའོ་ཞེས་པའི་དོན་ཏེ། དེ་ལ་ལུས་ཀྱི་རྡོ་རྗེ་ཁ་ཟས་ནི་ཟས་ཏེ་འདི་དག་ལ་བདུད་རྩིའི་ཏིང་ངེ་འཛིན་གྱི་ཆོ་གས་སྤྱད་པར་བྱའོ། །ཕྱི་རོལ་རྡོ་རྗེ་འཛིན་པ་ནི་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་ལ་རྡོ་རྗེ་འཛིན་གྱི་རང་བཞིན་གྱི་ ལྷར་བརྟགས་ཏེ་སྤྱད་པ་དང་། རྡོ་རྗེ་ཆོས་ཏེ་ཤེས་རབ་ཀྱི་བདག་ཉིད་ལ་ཇི་ལྟ་བའི་ཆོ་གས་བྱིན་གྱིས་བརླབ་ཅིང་སྤྱད་པ་ཡིན་ཏེ། དེ་ལྟར་སྐུ་གསུང་ཐུགས་སུ་གོམས་པར་བྱ་བ་ནི་ལས་དང་པོ་པའི་དམ་ཚིག་ཡིན་ནོ། །ཁ་ཅིག་ན་རེ་ལུས་ཀྱི་རྡོ་རྗེ་ཁ་ཟས་ནི་བྱིན་གྱིས་ བརླབས་པའི་ཟས་དངོས་སོ། །ཕྱི་རོལ་རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་བནྡྷའི་ཕྱི་རོལ་ན་ཡོད་པའི་རྡོ་རྗེ་ཧཱུཾ་གིས་མཚན་པའོ། །རྡོ་རྗེ་ཆོས་ལ་ཞེས་བྱ་བ་ནི་བནྡྷའི་འོག་ན་གནས་པའི་ཨ་དང་མེ་དང་རླུང་ལ་སོགས་པ་སྟེ། དེ་ལྟ་བུའི་རང་བཞིན་དེ་ལ་རླུང་གིས་མེ་སྦར་དེས་བནྡྷའི་བདུད་རྩི་དངོས་གཞི་བསྲེགས་ ཧཱུཾ་གིས་རྡོ་རྗེ་ལས་བྱང་ཆུབ་ཀྱི་སེམས་བྱུང་བ་ཨོཾ་དུ་བསྡུས་ཏེ་བནྡྷར་ཐིམ་པས་བདུད་རྩིར་བྱིན་གྱིས་བརླབས་པ་ལ་ནི། སྔགས་སྟོན་ཆོ་ག་སྤྱད་པར་བྱའོ། །ཞེས་ཟེར་རོ། དེ་སྐད་ཅེས་བཀའ་སྩལ་ནས་ཅང་མི་གསུང་བར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅང་མི་གསུང་བའི་དོན་ ཞུས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ། སྟོན་པ་ཅང་མི་གསུང་བའི་དགོངས་པ་བཀའ་སྩལ་ཏེ་བརྗོད་དུ་མེད་པའི་དོན་ལ་བརྗོད་ན་ལོག་པར་རྟོག་པ་འཛིན་པའི་གནས་སུ་གྱུར་པས་མི་གསུང་བ་ཉིད་ཀྱི་སྒོ་ནས་བསྟན་ཏོ་སྙམ་དུ་དགོངས་པ་ ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་དུ་དོན་ལ་ཕྱིན་ཅི་ལོག་ཏུ་རྟོག་པར་དོགས་པ་མི་མཛད་པར་བཀའ་སྩལ་ཏུ་གསོལ། དེ་ཅིའི་སླད་དུ་ཞེ་ན། ཚིག་འདི་ནི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །བཀའ་སྩལ་པ་ཡང་ཅིའི་སླད་དུ་ཞེ་ན། ཚངས་པ་ལ་སོགས་པ་ མངོན་པར་ཤེས་པའི་ཡེ་ཤེས་དང་ནི་ལྡན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་ནི་མི་ཤེས་པ་རྣམས་འདི་སྙམ་དུ་རྟོག་སྟེ་ཅི་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མངོན་པར་མཁྱེན་ནས་བཀའ་སྩལ་ལམ། འོན་ཏེ་མི་མཁྱེན་ན་བཀའ་མི་སྩལ་སྙམ་དུ་རྟོག་པ་སྲིད་པས་ དེའི་ཕྱིར་བཀའ་སྩལ་དུ་གསོལ་ཞེས་ཞུས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བའི་ཡི་གེ་ནི་མི་མཁྱེན་པ་ཉིད་ཡིན་ཏེ་ཤེས་སུ་མེད་པའི་ཕྱིར་ཞེས་གསུངས་སོ། །ཁ་ཅིག་ན་རེ་ཤེས་ནས་གསང་བའི་ཡི་གེ་ངོ་བོ་ཡོད་པར་འཆད་དམ་མེད་པར་འཆད་ཅེས་རྟོག་པར་འགྱུར་བས་ངོ་བོ་ ཉིད་མི་ཤེས་པའི་ཕྱིར་འདིའི་ངོ་བོ་ཉིད་ཤེས་པར་མཛད་དུ་གསོལ་ཞེས་ཞུས་པ་ལ། དེ་དག་ནི་ངེད་ཀྱིས་ཀྱང་མི་ཤེས་ཏེ། ཤེས་སུ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱིས་ཕྱག་བྱས་ནས། །ཞེས་བྱ་བས་ནི་གསང་སྔགས་ཀྱི་རིག་པའི་སྐྱེས་བུ་ བསྒོམ་པར་ཞུ་བ་ཕུལ་བའོ། །དེ་ནས་བཀའ་སྩལ་པ་ནི། མཁའ་དབྱིངས་འཁོར་ལོའི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འདི་ནི་རྒྱས་བཏབ་པའི་སྦྱོར་བ་སྟེ་བསྒོམས་ན་དངོས་གྲུབ་འགྲུབ་པ་ཉིད་དུ་བསྟན་པ་ ཡིན་ཏེ། དེ་ལ་འདིའི་ཚུལ་ནི་ནམ་མཁའི་དབུས་སུ་དཀྱིལ་འཁོར་རྫོགས་པར་བསྒོམས་ཏེ། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་སྐུ་རྡོ་རྗེ་ཞལ་གསུམ་རྣམ་པར་གཡོ་བ་ཕྱག་ན་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རིན་པོ་ཆེ་དང་རལ་གྲི་དང་དྲིལ་བུ་བསྣམས་པ་བསྒོམས་ཏེ། སྤྱི་བོར་རྡོ་རྗེ་དབུ་ རྒྱན་གྱིས་རྒྱས་བཏབ་པར་བསྒོམས་ན་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་ཏེ། དེ་བཞིན་དུ་ལྷ་ཐམས་ཅད་ལ་ཡང་རང་གི་རིགས་ཀྱི་དབུ་རྒྱན་གྱིས་མཚན་པར་བསྒོམས་ན་དངོས་གྲུབ་ཏུ་འགྱུར་གྱི་རྒྱས་མ་བཏབ་ན་ནི་དངོས་གྲུབ་ཏུ་མི་འགྱུར་བའི་དོན་ཏོ། །ཐབས་དང་ཤེས་རབ་ཀྱི་སྦྱོར་བས་རྒྱལ་ པོ་མཉེས་པར་བྱས་ན་སྐུ་གསུང་ཐུགས་ཀྱིས་མཚན་པའི་རྒྱལ་བ་ཁྱུ་མཆོག་རྣམས་མཉེས་པར་འགྱུར་བ་ནི་སྦྱོར་བའི་མཆོད་པའོ། །རང་གི་ལུས་ངག་སེམས་རྡོ་རྗེ་ལ་ལྷའི་སྐུ་གསུང་ཐུགས་ཕྱག་རྒྱའི་དོན་ཆོ་ག་བཞིན་དུ་བརྟགས་ཤིང་བསྒོམས་ན། དེའི་ཆོས་ཉིད་ཀྱིས་སངས་རྒྱས་ཐོབ་པོ་ཞེས་ བྱ་བ་ནི་རྡོ་རྗེ་གསང་བ་བསྒྲུབ་པའི་གཏན་ཚིགས་སོ། །བྱང་ཆུབ་དོན་དུ་གཉེར་བར་འདོད་ན་ལག་པའི་ཕྱག་རྒྱ་སྤངས་ཏེ། སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་གྱིས་གྲུབ་པར་འགྱུར་བ་ལས་ནི་སངས་རྒྱས་མི་འདའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཉིད་བསྔགས་པར་བསྟན་པའོ། །སྐུ་གསུང་ཐུགས་ ཀྱི་དམ་ཚིག་མི་སྨད་པར་བསྟན་པ་ནི་ཇི་སྐད་སྨོས་པ་བཞིན་དུ་དང་དུ་བླང་ཞིང་ཚིག་ཙམ་དུ་ཡང་མི་སྨད་པར་བསྟན་ཏེ་ཚུལ་ནི་སྔར་བཞིན་ནོ། །ཐུགས་ཀྱི་དམ་ཚིག་མགུ་ཞིང་ཚིམ་པ་ཉིད་དུ་བྱ་ཞེས་བྱ་བ་ནི་གསད་པ་ཉིད་དུའོ། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །ཞེས་ བྱ་བ་ལ་སོགས་པས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པའི་བདག་ཉིད་བསྟན་ཏེ། དེ་ལ། མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཞེས་བྱ་བ་ནི་ནམ་མཁའ་རྡོ་རྗེ་འཛིན་ཉིད་དུ་བསྟན་པ་སྟེ། འདིར་ལེའུ་དང་པོ་ནས། ནམ་མཁའ་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཞེས་འཁོར་དུ་བསྟན་པ་ནི་འགལ་ལོ་ཞེ་ན། ལེའུ་དང་པོའི་སྐབས་སུ་ནི་ཀུན་དུ་བཟང་མོ་ནམ་མཁའི་རང་བཞིན་ཡིན་པས་འཁོར་དུ་སྨོས་པ་ནི་འགལ་བ་མེད་ལ། དེ་ནམ་མཁའ་གནས་ཀྱི་ངོ་བོ་ཉིད་ཡིན་པས་ཕྱག་རྒྱར་བཀོད་པ་ནི་མེད་དོ། །འདིར་ནི་རྡོ་རྗེ་ འཛིན་པའི་རང་བཞིན་དུ་བསྟན་པ་ཡང་དེའི་རང་བཞིན་ཉིད་ཡིན་ཏེ། འདི་ལ་ཆོས་ཅན་གཅིག་པའི་རྟོག་པ་མི་བྱ་སྟེ། གང་ཡང་དེ་བཞིན་གཤེགས་པ་ནི་རྫས་ཀྱི་ཆོས་ཁོ་ན་ལ་ངེས་པར་གནས་པ་ནི་མེད་དེ་ཕུང་པོའི་ལྷ་དང་སྐྱེ་མཆེད་ཀྱི་ལྷ་དང་འབྱུང་བའི་ལྷ་དག་ཡིན་ནོ། །ཁ་ཅིག་ན་རེ་ནམ་མཁའ་ལ་ ཡང་ཆོས་ཅན་དང་ཆོས་ཉིད་དུ་བཏགས་ནས་དབྱེ་བ་བྱས་ཏེ་འདི་ཉིད་ཀྱི་བྱེ་བྲག་ཡོད་དོ་ཞེས་ཟེར་རོ། །དོན་དུ་ནི་བཏགས་ནས་བྱེ་བྲག་ཏུ་བྱས་པ་ལ་དངོས་པོར་གྲུབ་པ་ནི་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ནོ། །དེ་དག་མན་ཆད་ནི་གོ་སླ་བས་མ་བཤད་དོ། །ཀུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་ འཁོར་ཉོན་ཅིག་ཅེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཐབས་བསྟན་ཏེ། དེ་ལ་གང་ཟག་ཤིན་ཏུ་དམན་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཡིན་ལ། ཏིང་ངེ་འཛིན་གྱི་མཐུ་ཡོད་པ་རྣམས་ཏིང་ངེ་འཛིན་ལ་བརྟེན་ཏེ་དབང་ནོད་པ་ཡིན་ནོ། ། དེ་ལ། ནམ་མཁའ་དབྱིངས་ཀྱི་དབུས་བསམ་པ། །གྲུ་བཞི་ལྷམ་པ་རབ་ཏུ་བཟང་། །ཞེས་བྱ་བ་ནི་དབང་བསྐུར་བའི་གནས་ཏེ། ནམ་མཁའི་དབྱིངས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གྲུ་བཞི་ལྷམ་པའི་གཞལ་ཡས་ཁང་རྫོགས་པར་བསྒོམ་པའོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ ཡིས། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་རྫོགས་པར་བསྒོམས་པས་སོ། །དེས་ཅི་ཞིག་བྱ་ཞེ་ན། བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །ཞེས་གསུངས་ཏེ་སྔོན་དུ་བསྟན་པའི་བསམ་གཏན་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལྷ་རྣམས་བསྐུལ་ཏེ་སྤྱན་དྲང་ངོ་། ། དཀྱིལ་འཁོར་དུ་འཇུག་པ་ཡང་ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བསྒོམས་པས་དཀྱིལ་འཁོར་དུ་གཞུག་པར་བྱ་བའི་ཕྱིར། རྡོ་རྗེའི་དཀྱིལ་འཁོར་བསམ་གཏན་གྱིས་འཁོར་ལོ་ཅན་ཀུན་དུ་གཞུག་པར་བྱ་ཞེས་གསུངས་པ་ཡིན་ནོ། །མཆོད་པ་བྱ་བ་ཡང་། མཆོད་པའི་ཆོ་ག་དེ་ ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་གསུངས་པ་ཡིན་ནོ། །དབང་བསྐུར་བ་ཡང་། སློབ་དཔོན་སྙིང་གར་བསྒོམས་ནས་ནི། །དབང་བསྐུར་བ་ནི་བརྩམ་པར་བྱ། །ཞེས་གསུངས་ཏེ་སློབ་དཔོན་ལྷའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་གསལ་བར་བསྒོམས་པའི་སྙིང་ གར་སློབ་མ་ཞུགས་ཏེ་ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བྱས་ཏེ་གནས་པ་ལ་དབང་བསྐུར་བ་བརྩམ་པར་བྱའོ། །དབང་ཇི་ལྟར་བསྐུར་ཞེ་ན། །སངས་རྒྱས་ཀུན་གྱི་ནམ་མཁའི་དབྱིངས། །ཡོངས་སུ་གང་བར་རྣམ་པར་བསམ། །དབང་བསྐུར་བ་ཡི་གནས་གསུམ་གྱིས། །ཐམས་ཅད་ ཆོ་ག་བཞིན་དུ་དབང་། །ཞེས་གསུངས་ཏེ་ནམ་མཁའི་ཁམས་ཐམས་ཅད་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་བུམ་པས་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱི་གནས་སུ་ཡེ་ཤེས་ཀྱི་ལྷ་དབབ་ཅིང་ བསྟིམས་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་བསམ་མོ། །དེའི་ཡོན་ཏན་ཡང་། དེ་ཡིས་ཡོན་ཏན་ཐོབ་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་གྱི་དཀྱིལ་འཁོར་རྫོགས་སོ་ཞེས་བྱ་བའི་ལེའུ་བཅུ་བདུན་པའོ།། །།ད་ནི་དྲག་པོའི་ལས་ཀྱི་ལྷག་ མ་ཁྲག་འདྲ་བ་བསྟན་ཏེ། དེ་ལ་ཧཱུཾ་ཧྲཱིཿཁཾ་ཞེས་བྱ་བ་ནི་དྲག་པོའི་སྐུ་གསུང་ཐུགས་དང་ལྡན་པའི་སྙིང་པོ་སྟེ། འདིས་ཞེ་སྡང་རྡོ་རྗེ་ལ་སོགས་པ་ཁྲོ་བོ་གང་ཡང་རུང་བའི་སྐུ་གསུང་ཐུགས་ཀྱི་ལྷ་རབ་ཏུ་ཁྲོས་པ་དང་ལྡན་པ་ཅན་རབ་ཏུ་བསྐྱེད་དོ། །གནས་སྐབས་གང་དུ་ཞེ་ན། ཤ་རུས་ལ་སོགས་ དཀྱིལ་འཁོར་ནི། །ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ། །ཞེས་གསུངས་ཏེ་རཀྟའི་རྒྱ་མཚོའི་སྟེང་ན་མཱཾ་སའི་ས་གཞི་ཆེན་པོ་གནས་པ་ལས་ཀེང་རུས་ཀྱི་རི་རབ་ཀྱི་སྟེང་ཐོད་རུས་ཀྱི་གཞལ་ཡས་ཁང་དུ་གྱུར་པའི་ནང་ན་རྡོ་རྗེ་སེམས་དཔའ་ཞེ་སྡང་རྡོ་རྗེའི་རང་བཞིན་དྲག་པོ་ཁྲོས་པ་ཨུཏྤལ་ སྔོན་པོའི་མདོག་ཅན་ཞལ་གཡས་དཀར་གཡོན་དམར་བ་ཕྱག་དྲུག་པ་མཚན་གཞན་མཐུན། གཡས་ན་ཐོད་པ་ཞགས་པ་བསྣམས་པ། ལྕེ་ལ་ཧཱུཾ་ཧྲཱིཿཁཾ་ཞེས་བྱ་བའི་ཡི་གེ་མེ་ལྟར་འབར་བ་བཀོད་པ། ལུས་ལ་ཡི་གེ་གསུམ་ལས་བསྐྱེད་པའི་སྐུ་གསུང་ཐུགས་ ཀྱི་ལྷ་ཁྲོས་པས་བརྒྱན་པ་བསྒོམས་ཏེ། གསང་སྔགས་ཨོཾ་ཨཱཿཧཱུཾ་ཧྲཱིཿཁཾ་ཧཱུཾ་ཞེས་བརྗོད་པས་སྐུ་གསུང་ཐུགས་ཀྱི་ལྷའི་ཐུགས་ཀ་ནས་ཀྱོ་བ་རྣམ་གསུམ་སྤྲོས་ཏེ། དེས་དགྲའི་ཁྲག་ཐམས་ཅད་དྲངས་ནས་ཐོད་པའི་ནང་དུ་དགང་བ་བདག་གི་འབར་བའི་ལྕེས་རྔུབ་ཅིང་འཐུང་བར་བསྒོམས་ ལ་ཏྲི་ཤཱུ་ལ་དང་ཕུར་པ་བྱིན་གྱིས་བརླབས་པ་དག་གིས་ཀྱང་གདབ་པར་བྱས་ན་གང་ཡང་རུང་སྟེ་འཆི་བར་འགྱུར་རོ། །ཁ་ཟས་ཀྱི་དམ་ཚིག་ནི་བཟའ་བའམ་ཡང་ན་བཏུང་བའང་རུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟས་ཐམས་ཅད་ལ་བདུད་རྩིའི་ངོ་བོར་བརྟགས་ཏེ་བྱིན་གྱིས་བརླབས་པ་ བཟའ་བའོ། །ཁ་ཅིག་ན་རེ་བདུད་རྩི་བྱིན་གྱིས་བརླབས་པ་ཉིད་ཟས་ལ་གདབ་ཅེས་སོ། །མཆོད་པའི་མཆོག་གིས་མཆོད་པ་ནི་འདོད་པ་ལྔའོ། །དབང་པོ་གཉིས་སྦྱོར་བའི་མཆོད་པ་ནི་བྱང་ཆུབ་སེམས་ལ་སོགས་པའི་བདུད་རྩི་ལྔའོ། །ལུས་ངག་སེམས་ཀྱི་སྡོམ་པ་ནི། །བུད་ མེད་ཐམས་ཅད་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། སྒྲུབ་པ་ཐམས་ཅད་ཀྱི་སྡོམ་པ་ནི་རང་གི་ལུས་ངག་སེམས་གསུམ་གསང་བ་སྐུ་གསུང་ཐུགས་སུ་བསྒོམ་པའི་དྲག་པོ་དེ་བསྒྲུབས་ན་ལོག་པར་རྟོག་པ་ཐམས་ཅད་འཇིག་པར་འགྱུར་བའོ། །རྡོ་རྗེ་དེ་ཁོ་ན་ཉིད་ཀྱི་སྡོམ་པ་ནི། རྣལ་འབྱོར་པ་ ཁྲོ་བའི་ཏིང་ངེ་འཛིན་གྱིས་དུབ་སྟེ་ལུས་ཉམ་ཆུང་ན་སྤྱི་བོའི་སྟེང་མཐོ་གང་ཙམ་སྤག་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་དཀར་པོ་བསྒོམས་ཏེ། དེ་འོད་དུ་ཞུ་བ་ལས་སྤྱི་བོ་ནས་ཐིམ་སྟེ་གཟི་བརྗིད་བསྐྱེད་པར་བྱའོ། །གསང་སྔགས་འཛིན་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཏིང་ངེ་འཛིན་དང་ ལྡན་པས་མཆོད་རྟེན་བརྩིག་པ་ལ་སོགས་པའི་ལས་མི་བྱ་བའོ། །དུག་གསོ་བའི་ལས་ནི་བདག་གི་ཐུགས་ཀར་ཡི་གེ་གསུམ་བསྒོམས་ཏེ། འཁོར་ལོའི་དབུས་སུ་སྐུ་གསུང་ཐུགས་ཀྱི་ཡི་གེ་དཀར་པོ་བཞག །ཁ་ཟས་ཆེན་པོ་སེར་པོར་བསྒོམ། སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་ དུག་དྲངས་པར་བསྒོམས་ན་དུག་འབྱིན་པ་ལ་སོགས་པར་འགྱུར་རོ། །སྲུང་བའི་འཁོར་ལོའི་སྦྱོར་བ་ནི་གྲོ་གའམ་ཤོག་བུ་ལ་སོགས་པ་ལ་རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་བྲིས་ཏེ་དབུས་སུ་ཧ་དང་མིང་བྲི། མཐའ་སྐོར་དུ་སྔགས་ཀྱི་ཡི་གེ་ཇི་ལྟ་བ་བཞིན་དུ་བྲིས་ཏེ། ད་ཧ་དང་ཨ་མྲྀ་ཏའི་བར་དུ་བསྒྲུབ་ བྱའི་མིང་བཅུག་སྟེ། གསང་སྔགས་ཀྱང་དེ་བཞིན་དུ་བཟླས་ནས་ལུས་ལ་བཏགས་ན་བསྲུང་བར་འགྱུར་རོ། །རྡོ་རྗེ་ཨཉྫཱ་ན་སྒྲུབ་པ་ན་ལམ་གྱི་བཞི་མདོ་ལ་སོགས་པ་ཇི་སྐད་གསུངས་པའི་གནས་སུ་སོང་སྟེ། ཐོད་པ་འཛག་པ་ཞིག་གི་ནང་དུ་ཚིལ་ཆེན་དང་ཁྲག་དང་བཤང་བ་སྦྱར་བ་ཐོད་པ་བཟང་པོ་ ཞིག་གི་ནང་དུ་ཕབ་ནས། དེ་ལས་མར་མེ་བྱས་ཏེ་སྡོང་བུའི་རྒྱུ་པདྨའི་སྐུད་པའམ། རས་ཀྱི་སྐུད་པས་བྱས་པ་ཐོད་པ་ཁ་སྦྱོར་དུ་མར་མེ་གཏང་བར་བྱའོ། །དེ་ནས་དུ་བའི་དྲག་པ་དེ་དག་རྒོད་ཀྱི་ཐེའུ་གཤོག་གི་རྒྱབ་ཕྱི་ཟུར་གྱིས་བྲུད་ནས། དེ་ལ་གསང་སྔགས་ཨོཾ་ཨཱཿཨཉྫཱ་ལི་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་ བཟླས་ཤིང་མིག་ལ་བསྐུས་ཏེ། དུས་ནི་ཚེས་ཉི་ཤུ་དགུའི་ནམ་ཕྱེད་ནས་བཟུང་སྟེ། ཇི་སྲིད་དུ་མ་གྲུབ་པ་དེ་སྲིད་དུ་སྒྲུབ་པ་བྱས་ན་མིག་གི་མངོན་པར་ཤེས་པ་འཐོབ་པོ། །གཞན་ཡང་སྐྱེ་བ་བདུན་པའི་རྫས་ཤེས་པར་བྱེད་དོ། །གཞན་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དེ་དག་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ་ཞེས་བྱ་བ་ནི་ཇི་ལྟར་དངོས་པོ་ཡང་སྟོན་པ་བཙུན་མོའི་བྷ་ག་ལ་བྱང་ཆུབ་སེམས་ཀྱི་ངོ་བོར་བཞུགས་ཏེ། དེ་བཞིན་དུ་འདིར་ཡང་བཙུན་མོའི་བྷ་ག་ལ་བཅུག་པ་ནི་ཆགས་པ་ཆེན་པོའི་ཧོས་ཡོངས་སུ་ཞུ་ནས་བཞུགས་པའོ། ། དེ་ལ་ལྷ་མོ་རྣམས་ཀྱིས་གླུའི་སྒོ་ནས་ཡོངས་སུ་བསྐུལ་ཏེ། འདི་ལྟར་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཀྱི་གཙོ་བོ་ཁྱོད་ནི་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་གཟིགས་པ་ཡིན། གལ་ཏེ་ཁྱོད་ཀྱི་ཐུགས་རྗེས་བདག་ལ་གཟིགས་ཤིང་བདག་ལ་གསོན་པར་མཆིས་པར་མགོན་པོ་ཁྱོད་ཀྱིས་གནང་བ་ ལགས་ན་བཞེངས་ལ་བདག་དམ་ཚིག་གི་དགྱེས་པ་སྤྱད་པར་མཛད་དུ་གསོལ་ཞེས་ལྷ་མོ་བཞིས་བསྐུལ་ལོ། །དེ་སྐད་ཅེས་བསྐུལ་བས་བཅོམ་ལྡན་འདས་དེ་དག་ཇི་ལྟ་བའི་ཚུལ་གྱིས་ཡོངས་སུ་བཞེངས་ཏེ་དམ་ཚིག་གི་བཙུན་མོ་ལ་འདོད་པ་སྤྱོད་པར་འགྱུར་ཏེ། འདི་ནི་དཀྱིལ་འཁོར་འདོན་ པའི་སྦྱོར་བའི་བདག་ཉིད་དང་སྦྱར་བར་བྱའོ། །དེ་ནས་ནམ་མཁའི་དབྱིངས་འདི་ཐམས་ཅད་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དམ་ཚིག་གི་ཁུ་བས་ཡོངས་སུ་གང་སྟེ་བུམ་པ་རྡོ་རྗེ་ཆུས་གང་བ་ལྟར་གནས་པར་གྱུར་ཏོ་ཞེས་བྱ་བ་ནི་ལེའུ་ དང་པོར་སྟོན་པ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སེམས་ཅན་ཐམས་ཅད་གསང་བའི་མཁའ་ལ་བསྡུས་ཏེ། བྱང་ཆུབ་སེམས་བབས་པས་ཐམས་ཅད་བུམ་པ་ཆུས་བཀང་བ་ལྟ་བུར་གྱུར་པའོ། །དེ་ནས་ནམ་མཁའི་དབྱིངས་འདིར་སེམས་ཅན་གང་སྐུ་གསུང་ཐུགས་ རྡོ་རྗེའི་དཔལ་གྱིས་རེག་པ་དེ་ཐམས་ཅད་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་སྐུ་གསུང་ཐུགས་རྡོ་རྗེར་གྱུར་ཏེ་ཀུན་དུ་བཟང་པོ་ཞེས་སྐུ་གསུང་ཐུགས་རྡོ་རྗེས་དབང་བསྐུར་ཏོ་ཞེས་བྱ་བ་ནི་དབང་གི་འབྲས་བུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐམས་ཅད་ལ་ཆོས་མཉམ་པ་ཉིད་ མཐོང་ངམ་ཞེས་བཀའ་སྩལ་པ་ལས། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་སྐད་དུ་བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ་ཞེས་གསོལ་བ་ནི་ལེའུ་དང་པོར་རིགས་ལྔ་སངས་རྒྱས་ཀྱི་གསང་བ་བྱང་ཆུབ་སེམས་ཀྱི་དབང་ལ་ངོ་མཚར་བ་བསྟོད་པ་དང་སྦྱར་བར་ བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཙུན་མོའི་ལས་འདས་ཞེས་བྱ་བ་ནི་དབང་བསྐུར་ཟིན་ཏེ། བཙུན་མོ་དང་གཉིས་སུ་མེད་པའི་སྦྱོར་བ་མཛད་པ་ལས་བཞེངས་པའོ། །ཚུལ་འདི་ནི་དབང་ཐོབ་ཕན་ཆད་བུད་མེད་མི་དགོས་སོ་ཞེས་ཟེར་རོ། །འདོད་ཆགས་ཀྱི་ཡི་གེའི་ཚིག་ལ་ སངས་རྒྱས་ཀྱི་བྱང་ཆུབ་རྗེས་སུ་ཆུད་པ་ངོ་མཚར་ཏོ་ཞེས་བྱ་བ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་བུད་མེད་དང་ཆགས་པ་སྤྱོད་པ་ལས་སངས་རྒྱས་ཀྱི་བྱང་ཆུབ་མི་རྟོག་པའི་ཡེ་ཤེས་ཁོང་དུ་ཆུད་དེ་རྡོ་རྗེ་འཛིན་ཆེན་པོར་འགྱུར་བ་ངོ་མཚར་ཏོ་ཞེས་སོ། །བཅོམ་ལྡན་འདས་དེ་སྐད་མ་གསུང་ ཤིག་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པས་ནི་ངོ་མཚར་མི་ཆེ་བ་བསྟན་ཏེ། འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་མ་ཡིན་ཞིང་འདོད་ཆགས་ལ་སོགས་པའི་ཆོས་ཀྱང་ མ་ཡིན་ཏེ། ཆོས་མ་ཡིན་པའི་ངོ་བོ་ཞིག་ཀྱང་ཡོད་པ་མ་ཡིན་པས་དེའི་ཕྱིར་འདོད་ཆགས་ཀྱི་ཚིག་ལས་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པ་མེད་དོ། །དེ་ཡན་ཆད་ནི་དངོས་པོ་ཡོངས་སུ་རྫོགས་ནས། དེ་ནི་རྒྱུད་ཡོངས་སུ་གཏད་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་ བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་བོས་ཏེ་གསུངས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐུ་གསུང་ཐུགས་རྡོ་རྗེ་འདི་སྒོར་གསོལ་ཞེས་བྱ་བ་ནི་དམ་པའི་ཆོས་མི་ནུབ་པར་བྱ་བའི་ཕྱིར་འགྲོ་བ་རྣམས་ལ་སྒྲོགས་ཤིག་པའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཆོས་ལ་བོས་ཏེ་གསུངས་པ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་དུ་གསུང་གི་དབང་ཕྱུག་རྡོ་རྗེ་ཆོས་ལ་བོས་ཏེ་གཏད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་གསུམ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ཡི་གེ་ལ་ སེམས་ཅན་རྣམས་བཙུད་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་བཤད་པ་རྫོགས་ནས་ཡོངས་སུ་གཏད་པ་མཛད་དེ། སྐུ་གསུང་ཐུགས་མཉམ་པ་ཉིད་ཀྱི་གནས་ལ་དམིགས་ནས་ཅང་མི་གསུང་སྟེ་འདི་ནི་ཞི་བ་ཆེན་པོའི་གནས་ཉིད་ལ་བཞུགས་ཞེས་བྱ་བའི་ཐ་ཚིག་གོ། །ལེའུ་བཅོ་ བརྒྱད་པའི་ཕྱེད་ཀྱིས་རྩ་བའི་རྒྱུད་ཡོངས་སུ་རྫོགས་སོ།། །།དཔལ་གསང་བ་འདུས་པའི་སྦས་པའི་མན་ངག་ཏུ་ཕྱུངས་པ་རྣམས་མདོར་བསྡུས་པ་བསྟན་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་རབ་ཏུ་ཞི་བའི་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།དམ་ཆོས་ཟབ་ མོའི་ཚིག་ལས་རྟོགས་དཀའ་ཡང་། །བསམ་པ་བཟང་པོའི་ས་བོན་རྒྱུར་བཞག་ནས། །གང་གིས་གཞན་ལ་ཕན་ཕྱིར་ཞུས་པ་ཡིས། །ཅི་ནུས་བསྒྱུར་བ་འདི་ཡིས་ལམ་རྙེད་ཤོག །འགྲོ་བའི་དཔལ་མགོན་གྱུར་པ་འཇམ་པའི་དཔལ། །ཀུན་མཁྱེན་ཡེ་ཤེས་ཉིད་ཀྱི་ཐུགས་རྗེ་ཡིས། །ཀུན་ ལ་སྐྱབས་མཛད་བཀའ་དྲིན་ཆེན་པོ་འདི། །སྣོད་དང་ལྡན་པ་ངེས་པར་རྟོགས་ལ་བྱིན།། ༄། །དཔལ་གསང་བ་འདུས་པའི་རྒྱུད་ཀྱི་མན་ངག་གི་རྒྱ་མཚོ་ཐིགས་པ་བཞུགས། ༄༅། །བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་རྩ་བའི་ རྒྱུད་ཆེན་པོ་ལེའུ་བཅུ་བདུན་པ་རྫོགས་པ་དང་བཅོ་བརྒྱད་པ་ཕྱེད་ཡན་ཆད་བཀའ་སྩལ་པ་ནས་མཐར་ཕྱིན་པར་དགོངས་ཏེ། སྐུ་གསུང་ཐུགས་མཉམ་པ་ལ་གཞག་ནས་ཅང་མི་གསུང་བར་བཞུགས་པ་དང་། རྩ་བའི་རྒྱུད་གསུངས་པ་དེ་ལ་འཁོར་གྱི་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་ཐེ་ཚོམ་མ་ཆོད་པ་རྣམས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ལ་འོག་ཟློས་སུ་ཞུ་བར་དགོངས་པའི་ཕྱིར་ན། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པས་ཞེས་པ་ལ་སོགས་པ་ལེའུ་བཅོ་བརྒྱད་པ་གསུངས་ཏེ། འདི་ལ་ཡང་མགོ་མཇུག་ ཏུ་དོན་རྣམ་པ་བཅུ་བཞི་ཁོ་ནས་སྟོན་ཏེ། གང་ཞེ་ན། དེ་བཞིན་གཤེགས་པའི་ཡོན་ཏན་རྟོགས་ཤིང་ཆོས་མཐོང་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིགས་སུ་བཅད་པའི་ངག་གིས་རང་གི་རྟོགས་ཚད་ངེས་པའི་དོན་གསོལ་ཞིང་བསྟོད་པ་བརྗོད་པ་དང་། དེ་ལ་དེ་བཞིན་གཤེགས་པ་ རྣམས་དགྱེས་ནས་གནང་བ་བྱིན་པ་དང་། རྩ་བའི་རྒྱུད་དུ་གསུངས་པའི་དོན་རྟོགས་པར་དཀའ་བ་རྣམས་བཤད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་པར་བརྗོད་ཅིང་བཤད་པར་གནང་བ་བྱིན་པའི་སྐབས་ཕྱེ་བ་དང་། བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ཐེ་ཚོམ་མ་ཆོད་པར་གྱུར་པ་རྣམས་རེ་རེ་ནས་རྐང་ཐོན་དུ་ཞུས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པའི་ལན་གསུངས་པས་ཐེ་ཚོམ་བཅད་པ་དང་། ཐེ་ཚོམ་བཅད་ནས་མཉམ་པ་ཉིད་ཀྱི་ངང་ལ་བཞུགས་ཏེ་ཅང་མི་གསུང་བར་གྱུར་པ་དང་། ཆེ་བའི་ཡོན་ཏན་གྱི་སྒོ་ ནས་བསྟོད་ཅིང་ཐེ་ཚོམ་གཅད་པའི་ཚིག་ལ་འགལ་བ་ཡོད་པར་དོགས་པའི་གེགས་བསལ་བར་ཞུས་པ་དང་། དེ་ལྟར་དེ་ཞུས་པའི་ཚིག་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་པར་བསྔགས་ཤིང་འགལ་བ་མེད་པར་གེགས་བསལ་བ་དང་། དེ་ལ་འཁོར་རྣམས་རྗེས་སུ་ཡི་རངས་ནས་ ལེགས་པར་བརྗོད་པའི་ཚིག་གིས་གཏང་རག་བཏང་བ་དང་། གསང་སྔགས་ཀྱི་དོན་ངེས་པར་རྟོགས་པའི་རྡོ་རྗེ་སློབ་དཔོན་སྟོན་པ་དང་འདྲ་བས་མི་སྤང་བར་བསྟན་པ་དང་། དེ་ལྟར་བསྟན་པས་དགའ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པ་དང་། འཁོར་དང་རྒྱུད་ཀྱི་དོན་དང་། དེ་འཛིན་ པར་བྱེད་པའི་སློབ་དཔོན་དང་སློབ་མར་བཅས་པ་ལ་དོན་དང་ལྡན་པའི་ཚིག་གིས་བསྟོད་པ་དང་། རྒྱུད་འདི་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འབྱུང་ཞིང་གསང་བ་ཐམས་ཅད་ཀྱང་འདིར་འདུས་པས་རྒྱལ་པོར་གྱུར་པ་ཡིན་པར་བསྟན་པ་དང་། དོན་དེ་དག་བཤད་ཅིང་མཉན་ ནས་སྟོན་པ་དང་འཁོར་དུ་བཅས་པ་ཐམས་ཅད་རང་རང་གི་སྐུ་གསུང་ཐུགས་ལ་ཞུགས་ཏེ་མཉམ་པ་ཉིད་དུ་དམིགས་ནས་ཅང་མི་གསུང་བར་གྱུར་པ་རྣམས་ཀྱིས་བསྟན་ཏོ། །དེ་དག་ཀྱང་རིམ་པར་སྐབས་དང་སྦྱར་ན་རྒྱུད་འདིར་གཙོ་བོ་དང་འཁོར་ལ་དོན་གྱི་ཁྱད་པར་མེད་པར་བསྟན་དུ་ཟིན་ཀྱང་ མཚན་གྱི་ཁྱད་པར་གྱི་སྒོ་ནས་ཤེས་བྱ་རྫོགས་མ་རྫོགས་དང་། ཆ་ལུགས་ཀྱི་སྒོ་ནས་བླ་འོག་གི་ཁྱད་པར་ཡོད་ཅིང་མ་འོངས་པའི་དུས་ན་འབྱུང་བའི་སློབ་དཔོན་དང་སློབ་མ་དག་ཀྱང་འོག་ནས་བླ་མ་ལ་ཞུ་བའི་རག་ལས་པ་ཡོད་པར་བསྟན་ཅིང་། སྔགས་ཀྱི་ཆེ་བ་བརྗོད་པར་བྱ་བའི་དོན་ཆེད་དུ་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་རང་གི་རྟོགས་ཚད་ངེས་པའི་དོན་གསོལ་ཞིང་བསྟོད་པ་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ནི་སྔོན་གྱི་སྨོན་ལམ་དང་འཕྲལ་གྱི་དུས་མཁྱེན་པའི་དབང་གིས་གདུལ་བྱ་ཇི་ལྟར་མོས་པའི་དོན་མཛད་པས་དགྱེས་ནས་གནང་བ་བྱིན་པ་བསྟན་ཏོ། །གསང་བའི་ ཐེག་པའི་དོན་ནི་ཟབ་ཅིང་རྒྱ་ཆེ་བས་ད་ལྟར་བཤད་པས་འཁོར་ཚིམ་པ་དང་། མ་འོངས་པའི་དུས་ན་འབྱུང་བའི་སྔགས་སྤྱོད་པ་རྣམས་ཚིག་དང་དོན་ལ་ཡིད་ཆེས་པའི་སྒོ་ནས་འཇུག་པར་བྱ་བའི་ཕྱིར་རྟོགས་པར་དཀའ་བ་རྣམས་བཤད་པར་ཞུས་པ་བསྟན་ཏོ། །དེ་ལྟར་ཞུས་པ་དེ་ཉིད་དོན་གྱི་ ཐོག་ཏུ་འབབ་པའི་དམིགས་ཡིན་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་པར་བརྗོད་ཅིང་བཤད་པར་སྐབས་ཕྱེ་བའི་གནང་བ་བྱིན་པ་བསྟན་ཏོ། །ཞུ་བ་པོ་ལ་ཕྱོགས་སུ་ཞུས་ན་བཤད་པ་དམིགས་སུ་འབབ་ཀྱང་ཕལ་གྱིས་རྟོགས་པར་འགྱུར་དཀའ་བས་ཞུ་བའི་དམིགས་རྣམས་རིམ་ པར་ཞུས་ནས། ད་ལྟར་དང་མ་འོངས་པ་ཀུན་གྱིས་ཁོང་དུ་ཆུད་སླ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེ་ཚོམ་མ་ཆོད་པར་གྱུར་པ་རྣམས་རེ་རེ་ནས་རྐང་ཐོན་དུ་ཞུས་པ་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པའི་གནས་ནི་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་མ་ཆོད་པ་གཅོད་པར་མཛད་ པ་ཡིན་པས་ཤེས་བྱ་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་ཞུས་པའི་ལན་གསུངས་པས་ཐེ་ཚོམ་གཅོད་པ་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ནི་སྤྱོད་ལམ་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་སྟོན་ཡང་དུས་བཞི་མཉམ་པ་ཉིད་དུ་མི་གཡོ་བར་བཞུགས་པས་མཉམ་ པ་ཉིད་ཀྱི་ངང་ལ་བཞུགས་ནས་ཅང་མི་གསུང་བ་བསྟན་ཏོ། །དེ་ལྟ་བུའི་ཆེ་བའི་ཡོན་ཏན་དང་ལྡན་པའི་དེ་བཞིན་གཤེགས་པ་དེ་དག་ནི་ཚོགས་བསགས་ཤིང་ཐེ་ཚོམ་གཅད་པར་བྱ་བའི་གནས་ཡིན་པས། དེ་ལ་བསྟོད་ཅིང་ཐེ་ཚོམ་གཅད་པར་བྱ་བའི་ཚིག་ལ་འགལ་བ་ཡོད་དུ་དོགས་པའི་གེགས་ གཞན་ཡང་བསལ་བར་ཞུ་བར་བསྟན་ཏོ། །དེ་ལྟར་ཞུས་ནས་བཤད་པའི་དོན་དེ་ནི་ད་ལྟར་གྱི་འཁོར་རྣམས་ལ་འཕྲལ་དུ་ཕན་པ་དང་། མ་འོངས་པའི་སྔགས་སྤྱོད་པ་རྣམས་ལ་ཡུན་དུ་བདེ་བར་བྱེད་པའི་ཐབས་སུ་གྱུར་པས་ཤིན་ཏུ་གཅེས་པར་དགོངས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་འཁོར་གྱིས་ ཞུས་པ་དེ་ལ་ལེགས་པར་བསྔགས་ཤིང་འགལ་བ་མེད་པར་གེགས་བསལ་བ་བསྟན་ཏོ། །དེ་ལྟ་བུར་བཀའ་སྩལ་པའི་ཚིག་དང་དོན་གྱི་ཐེ་ཚོམ་གཅད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་ཤིང་རེ་བའི་དོན་འདོད་པ་བཞིན་དུ་གྲུབ་པ་ཡིན་པས་རྗེས་སུ་ཡི་རང་འབུལ་ ཞིང་ལེགས་པར་བརྗོད་པའི་ཚིག་གིས་གཏང་རག་བཏང་བ་བསྟན་ཏོ། །དེ་ལྟ་བུའི་དོན་དེ་དག་ད་ལྟར་ནི་དེ་བཞིན་གཤེགས་པ་ལ་རག་ལས་པ། མ་འོངས་པའི་དུས་ན་ནི་གསང་བའི་རྡོ་རྗེ་སློབ་དཔོན་ལ་རག་ལས་པས། སློབ་དཔོན་ཉིད་རྒྱུད་འཆད་པའི་སྟོན་པ་དང་འདྲ་བར་བལྟ་དགོས་ པས་ན་གསང་སྔགས་ཀྱི་དོན་ངེས་པར་སྟོན་པའི་རྡོ་རྗེ་སློབ་དཔོན་སྟོན་པ་དང་འདྲ་བས་མི་སྤང་བར་བསྟན་ཏོ། །དེ་ལྟ་བུའི་སྟོན་པ་དང་། དེས་བསྟན་པའི་རྒྱུད་འདི་ནི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་པས། དེ་སྒྲུབ་ཅིང་འཛིན་པ་དང་དོན་དུ་གཉེར་བ་ཡང་དེ་དང་དབྱེར་མེད་ པས་ཀུན་གྱིས་མཆོད་ཅིང་བཀུར་བའི་གནས་ཡིན་པའི་ཕྱིར་ན་སྟོན་པ་དང་། འཁོར་དང་། རྒྱུད་ཀྱི་དོན་དང་། དེ་འཛིན་པར་བྱེད་པའི་སློབ་དཔོན་དང་། སློབ་མར་བཅས་པ་ལ་དོན་དང་ལྡན་པའི་ཚིག་གིས་བསྟོད་པ་བསྟན་ཏོ། །རྒྱུད་འདི་ནི་རྒྱུད་ཐམས་ཅད་དམ། རྡོ་རྗེ་ཐེག་པ་མཐའ་དག་གི་ དོན་དང་ལྡན་པས་ན་རྒྱུད་འདི་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འབྱུང་ཞིང་གསང་བ་ཐམས་ཅད་ཀྱང་འདིར་འདུས་པས་རྒྱལ་པོ་ཡིན་པར་བསྟན་ཏོ། །དེ་ལྟར་ཡང་དག་པའི་ཀུན་རྫོབ་ཀྱི་དབང་ཙམ་དུ་དགོངས་ནས་སྐུ་གསུང་ཐུགས་མཚན་མའི་རྣམ་པར་སྣང་བས་འགྲོ་ བའི་དོན་མཛད་པར་སྣང་ན་ཡང་དོན་དམ་པར་སྐུ་གསུང་ཐུགས་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་། ཆོས་ཀྱི་སྐུའི་ངང་ལ་བཞུགས་པར་བསྟན་པའི་ཕྱིར་ན་སྟོན་པ་དང་འཁོར་དུ་བཅས་པ་ཐམས་ཅད་རང་རང་གི་སྐུ་གསུང་ཐུགས་ལ་ཞུགས་ཏེ་མཉམ་པ་ཉིད་དུ་དམིགས་ནས་ཅང་ མི་གསུང་བར་གྱུར་པ་བསྟན་ཏོ། །ད་ནི་ཚིག་དེ་དག་འབྲེལ་ཚིག་གིས་རིམ་པར་སྦྲེལ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་བ་ཞེས་བྱ་བའི་དོན་དང་འབྲེལ་ཏེ། དེ་ཡང་གང་གིས་ཞུས་ ཤེ་ན། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པས་ཞུས་སོ། །གང་ལ་ཞུས་ཤེ་ན། དེ་བཞིན་གཤེགས་པ་ལ་ཞུས་སོ། །ཡོན་ཏན་ཇི་ལྟ་བུ་དང་ལྡན་པའི་དེ་བཞིན་གཤེགས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དབང་དང་། སྐུ་གསུང་ཐུགས་ཀྱི་གསང་བ་བསྟན་པ་དང་། དངོས་པོ་ཐམས་ཅད་ཀྱི་དམ་ཚིག་ཇི་ལྟ་བ་བཞིན་མཐོང་ཞིང་ཐོས་ཏེ་རྟོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཡང་གྲངས་རབ་ཏུ་མང་པོར་བཞུགས་ན་རིགས་དང་སྐུ་དང་ཡེ་ཤེས་གང་གི་ངོ་བོར་བཞུགས་ལ་མངའ་ཞེ་ན། དེ་ བཞིན་གཤེགས་པ་དེ་དག་ཐམས་ཅད་ཅེས་སྨོས་པས་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་ལྟ་བུས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བར་གྱུར་ཏེ་བཞུགས་པ་རྣམས་སོ། །འོ་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་ཡོན་ཏན་མི་མངའ་འམ་ ཞེ་ན། ཆོས་མཐོང་བ་དང་ལྡན་པ་རྣམས་ཞེས་གསུངས་པའི་ཡོན་ཏན་དང་ལྡན་པའོ། །དེ་དག་གིས་ཇི་ལྟར་ཞུ་བ་ཞུས་ཤེ་ན། ཀྱེ་མ་ཀུན་དུ་བཟང་པོའི་ཞེས་བྱ་བ་ལ་སོགས་པའི་ཚིག་གསོལ་ཞིང་བསྟོད་པའི་ཚུལ་དང་བཅས་པར་ཞུས་པའོ། །ད་ནི་ཚིག་དེ་དག་རིམ་པར་འབྲུ་གཞོམ་ཞིང་ བཤད་དེ། དེ་ནས་ཞེས་བྱ་བ་ནི་ཨ་ཐ་ཁ་ལུ་ཁ་ཞེས་བྱ་བའི་སྒྲས་དེས་གོང་མའི་མཇུག་བསྡུས་ནས་འོག་མའི་མགོ་འདྲེན་ཏེ། རྩ་བའི་རྒྱུད་བར་མ་ཆད་པར་སྐབས་འབྲེལ་བར་བྱེད་པ་དང་བར་ཆད་མེད་པར་མཚམས་འབྲེལ་བ་དེ་ཉིད་བཀྲ་ཤིས་པར་སྟོན་པ་ཡང་ཡིན་ནོ། །བྱང་ ཆུབ་སེམས་དཔའ་ཡང་ཡིན་ལ། སེམས་དཔའ་ཆེན་པོ་ཡང་ཡིན་པའི་དོན་དང་ལྡན་པ་ནི་མ་འོངས་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་བྱམས་པ་སྟེ། མི་ཕམ་པ་ཞེས་ཀྱང་གྲགས་པའོ། །སོགས་ཀྱི་སྒྲས་ནི་ བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་གཞན་ཡང་བསྡུའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་ཡོན་ཏན་ནི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་དང་ཞེས་ཏེ། འོག་ནས། དབང་གི་རྣམ་པ་གསུམ་དག་ཏུ། །རྒྱུད་འདི་ལས་ནི་ཀུན་དུ་བསྟན། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ལྟར་དེ་བཞིན་བཞི་པའོ། །ཞེས་ གསུངས་པས། །ཕྱི་ནང་གསང་བ་གསུམ་བསྡུས་ཏེ། །ཕྱིའི་དབང་བུམ་པ་ལ་སོགས་པ་དང་། །ནང་གི་དབང་ཐབས་དང་ཤེས་རབ་ལ་སོགས་པ་དང་། གསང་བའི་དབང་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་འདིར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་སྨོས་པས་ ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བའི་སྒྲ་དང་། ལྷག་པ་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ཀྱོ་བས་ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་སྐུ་ལ་བསྡུས་ནས། ལྷག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་གསང་བའི་མཁའ་ལ་འདུས་ པས་དབང་བསྐུར་བ་དང་། འཕྲོ་འདུ་དེ་ཉིད་ལྟ་བུ་ལུས་ལས་སླར་འཐོན་པ་ལྷ་མོའི་ཚོགས་སུ་གྱུར་པས་བདུད་རྩིའི་བུམ་པ་ཐོགས་ནས་མགོ་བོར་དབང་བསྐུར་བས་རང་གི་རིགས་ཀྱི་བདག་པོ་དབུ་རྒྱན་དུ་བྱས་པ་གཙོར་སྨོས་ཏེ། དེས་མཚོན་ནས་དབང་ཐམས་ཅད་ཚང་བར་བསྐུར་ བའི་དོན་དང་ལྡན་པའོ། །སྐུ་གསུང་ཐུགས་ཀྱི་གསང་བ་བསྟན་པ་ཞེས་བྱ་བ་ནི་རྩ་བའི་རྒྱུད་ཀྱི་སླད་དུ་སྔར་གསུངས་པའམ། འོག་འདི་ནས་ཕྱིས་འབྱུང་བ་ལྟར་ཕྱི་ནང་གསང་བ་དང་། ཐུན་མོང་དང་ཟབ་མོར་བཤད་པའི་ཚུལ་གྱིས་རྒྱུའི་དབང་དུ་བྱས་ན་ཕོ་མོ་ལ་ སོགས་པའི་རྣམ་པར་སྣང་བའི་ཆོས་ཐམས་ཅད་ནི་ལུས་ངག་ཡིད་གསུམ་གྱི་ངོ་བོར་གྲུབ་ལ། དེར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་འདུས་པ་ལས། དེའི་དོན་གཞན་གྱིས་རྟོགས་པར་མི་ནུས་པའོ། །འབྲས་བུའི་དབང་དུ་བྱས་ན་དེ་བཞིན་གཤེགས་པའི་སྐུ་གསུང་ ཐུགས་རྡོ་རྗེ་ཕོ་མོ་ལ་སོགས་པའི་རྣམ་པར་སྣང་བའི་ཆོས་དེ་དག་འདུས་པ་ལས་གཞན་གྱིས་དེའི་དོན་རྟོགས་པར་མི་ནུས་པའོ། །རྒྱུ་འབྲས་རོ་གཅིག་པའི་དབང་དུ་ན་ཆོས་ཐམས་ཅད་ནི་གསང་བ་བཞིར་འདུས་ལ། དེ་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བར་འདུས་ ལ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བའི་ཕྱག་རྒྱ་རྣམ་པ་བཞིར་འདུས་པ་དེ་ལྟ་བུའི་དོན་སྟོན་པས་བསྟན་པ་ཐོས་ཤིང་མཁྱེན་པའི་ཡོན་ཏན་དང་ལྡན་པའོ། །དངོས་པོ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་ བ་དང་། སྐུ་གསུང་ཐུགས་ཀྱི་གསང་བ་བསྟན་པ་དང་། དེ་ལྟར་བསྟན་པའི་དངོས་པོ་དེ་དག་ཐམས་ཅད་ཀྱི་མཚན་ཉིད་ནི་མི་འདའ་བའི་དམ་ཚིག་འདི་ལྟར་མཐོང་སྟེ། ཇི་ལྟ་བུ་ཞེ་ན། མཚན་མར་སྣང་བ་ཐམས་ཅད་ནི་སྐུ་ཇི་ལྟ་བ་བཞིན་མཐོང་། སྒྲར་གྲག་པ་ཐམས་ཅད་ནི་གསུང་ཇི་ལྟ་ བ་བཞིན་ཐོས། མཚན་མ་མེད་པ་ཐམས་ཅད་ནི་ཐུགས་ཇི་ལྟ་བ་བཞིན་དུ་རྟོགས་ཞེས་བྱ་གཉིས་སུ་ན་སྤྱི་དང་ཁྱད་པར་དང་རྩ་བ་དང་ཡན་ལག་དང་བཟའ་བ་དང་བསྲུང་བས་བསྡུས་པའི་དངོས་པོ་ཐམས་ཅད་ཀྱི་དམ་ཚིག་ཇི་ལྟ་བ་བཞིན་དུ་བསྲུངས་ཤིང་བསྒྲུབས་པའི་འབྲས་བུ་མངོན་དུ་གྱུར་ པས་ཡོན་ཏན་གྱི་རྣམ་པར་གྲོལ་བའི་རྒྱན་དུ་སྣང་བས་བརྒྱན་པའི་སྐུ་ལྟ་བས་ཆོག་མི་ཤེས་པ་མིག་གིས་མཐོང་། ཚིག་གི་གསུང་ཕན་པ་སྟོན་པས་སོ་སོར་རིག་པ་བཞི་དང་ལྡན་པའི་ཆོས་རྒྱ་ཆེན་པོ་རྣ་བས་ཐོས། དོན་གྱི་གསུང་བདེན་པ་མཚོན་པ་བརྗོད་དུ་མེད་ཅིང་ཟབ་པ་ སེམས་ལས་མི་གཡོ་ཞིང་ཐུགས་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་བའི་ཡེ་ཤེས་ཀྱི་རང་བཞིན་དུ་སེམས་ཀྱིས་རྟོགས་ནས། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་ཆོས་མཐོང་བ་དང་ལྡན་པ་རྣམས་ཀྱིས་གསོལ་ཞེས་བྱ་བ་སྟེ། དེ་ལ་ཆོས་མཐོང་བ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་དང་། མུ་སྟེགས་ཀྱི་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་། རང་རྒྱལ་བའི་ཆོས་དེ་དག་གི་སེམས་དང་ ཡེ་ཤེས་ཀྱིས་རྟོགས་པའི་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་ཀྱང་ཐོགས་ཆགས་མེད་པ་མི་དམིགས་པར་མཐོང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པར་བྱ་བའི་ཡུལ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་གཟུང་འཛིན་གྱི་རྣམ་པ་དང་བྲལ་བ་དང་། ཀུན་རྫོབ་ཏུ་སྣང་བ་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་ལྟ་བུར་མཐོང་བ་དང་། ས་དང་པོ་ནས་བཅུ་པའི་བར་དུ་རྟོགས་པར་བྱ་བའི་ཁྱད་པར་དུ་གྱུར་པའི་ཆོས་དེ་དག་ཐམས་ཅད་ཀྱང་རིམ་པ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་མཁྱེན་པ་ལ་ནི་ཆོས་མཐོང་བ་དང་ལྡན་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱིས་ རྟོགས་པར་གྱུར་པ་ལ་གདགས་པར་ཟད་ཀྱི་མིག་གི་དབང་པོ་དང་རྣམ་པར་ཤེས་པས་མཐོང་བ་ཟེར་བ་ལ་ནི་མི་བཟུང་ངོ་། །འོ་ན་རྩ་བའི་རྒྱུད་ལས་ནི་གླེང་གཞིའི་སྐབས་སུ་ནི་དམ་ཚིག་གི་རྡོ་རྗེ་ལ་སོགས་པ་དང་པོར་སྨོས་པ་ལས། ལེའུ་འདིའི་སྐབས་སུ་བྱམས་པ་དང་པོར་སྨོས་པ་ཅིའི་ཕྱིར་ ཞེ་ན། སྨྲས་པ། དམ་ཚིག་རྡོ་རྗེ་ལ་སོགས་པ་ནི་འབྲས་བུའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་ལས་བྱུང་ཞིང་གསལ་བ་ལས་སྐྱེས་པ། རྡོ་རྗེའི་སྐྱེ་མཆེད་རྣམ་པར་དག་པའི་སེམས་དཔའ་ཡིན་པས་ཐེ་ཚོམ་ཟ་བའི་རྟོག་པ་མི་མངའ་ལ། བྱམས་པ་ནི་རྒྱུད་དག་པའི་བྱང་ཆུབ་སེམས་དཔའ་ མཚན་ཉིད་ཀྱི་ཐེག་པ་ལ་རྒྱུད་སྦྱངས་ཤིང་། ས་བཅུའི་ཡེ་ཤེས་མངོན་དུ་གྱུར་དུ་ཟིན་ཀྱང་། འབྲས་བུ་རྡོ་རྗེ་ཐེག་པ་ལ་རྣམ་པར་ཐར་པ་ཞེན་པར་མ་སྦྱངས་པས།རྒྱུད་འདིའི་དོན་ཐོས་ཀྱང་མངོན་དུ་མ་གྱུར་པའི་ཐེ་ཚོམ་ཟ་བ་ཡོད་པ་དག་བསལ་བར་འདོད་པའི་ཕྱིར་འདིར་སྨོས་ཤིང་ཞུ་བ་པོར་ བསྟན་པ་ཡིན་ལ། གཞན་དུ་ན་ས་བཅུའི་བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང་རྒྱུད་འདིའི་དོན་མ་རྟོགས་ན་གཞན་གྱིས་རྟོགས་པར་གྱུར་པ་ལྟ་ཅི་སྨོས་པས། ཕལ་གྱི་སྤྱོད་ཡུལ་མ་ཡིན་པས་རབ་ཏུ་གསང་བར་བསྟན་པ་དང་། གང་ཞིག་འདི་ལ་འཇུག་ཅིང་སྤྱོད་པའི་སྐལ་བ་ཡོད་ པ་རྣམས་ཀྱིས་ཀྱང་། བརྩོན་པ་དྲག་པོས་ནན་ཏན་དུ་འབད་ཅིང་ཡང་ནས་ཡང་དུ་སྲི་ཞུ་གོམས་པར་བྱ་སྟེ། ཚིག་དང་དོན་ལ་ཐེ་ཚོམ་ཟ་བ་མེད་པར་བསལ་དགོས་པར་བསྟན་པ་ཡང་ཡིན་ལ། བྱམས་པས་ཐེ་ཚོམ་མེད་པར་རྟོགས་སུ་ཟིན་ཀྱང་། མ་འོངས་པའི་དུས་སུ་ཉིད་མངོན་པར་ རྫོགས་པར་སངས་རྒྱས་པའི་ཚེ་རང་གི་འཁོར་དམ་པར་གྱུར་པ་རྣམས་ལ་ངས་སྔོན་ཆོས་འདི་ལྟ་བུར་འབྱུང་བར་དཀོན་ཞིང་རྟོགས་པར་དཀའ་བ་ལས་ཐོས་ཏེ། ཡང་དང་ཡང་དུ་ཞུས་ཤིང་ནན་ཏན་བྱས་སོ་ཞེས་བསྟན་པའི་སྒོ་ནས་སྔགས་ཀྱི་ཆེ་བ་བརྗོད་པ་དང་། མ་འོངས་པའི་སྔགས་ སྤྱོད་པའི་སྐལ་བ་ཡོད་པ་རྣམས་གསང་བའི་མན་ངག་ཐོབ་པའི་རྡོ་རྗེ་སློབ་དཔོན་ལ་ཡང་དང་ཡང་དུ་བཏུད་ཅིང་ཞུས་ཏེ་མན་ངག་ནོད་དགོས་པར་བསྟན་པ་ཡང་ཡིན་ཏེ། དོན་དེ་ལྟ་བུའི་ཕྱིར་བྱམས་པ་དང་པོར་སྨོས་ཤིང་དེས་ཞུ་བ་བསྟན་པ་ཡིན་པ་རིག་པར་བྱའོ། །ཞུ་བའི་དོན་གྱི་ དངོས་པོ་ཇི་ལྟ་བུ་ཡིན་པར་བསྟན་པ་ཡིན་པའི་ཕྱིར་ན། ཀྱེ་མ་ཀུན་དུ་བཟང་པོ་ཡི། །སྐུ་གསུང་ཐུགས་ཀྱི་ངེས་པ་ཡི། །རྡོ་རྗེ་གསུམ་ལ་ཀུན་དུ་ནི། །རྡོ་རྗེ་གསུམ་ནི་རྣམ་བཞུགས་ཏེ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཀྱེ་མ་ཞེས་བྱ་བ་ནི་ངོ་མཚར་རྨད་དུ་གྱུར་པས་ངོམ་པ་སྟེ། ཚིག་དང་དོན་དང་རྒྱུ་དང་འབྲས་བུ་ལ་དགོངས་ནས་སྨོས་པའི་ཚིག་གོ། །དེ་ཡང་སྤྱིའི་དབང་དུ་བྱས་ནས་ཐུན་མོང་དུ་བཤད་ན་ཆོས་ཐམས་ཅད་ནི་དུས་དང་གནས་སྐབས་ཐམས་ཅད་དུ་ཀུན་དུ་བཟང་པོའི་རང་བཞིན་དུ་གནས་ཏེ། ཅིའི་ཕྱིར་ཞེ་ན། སྐུ་གསུང་ཐུགས་ཀྱི་ངེས་པ་ཡི། ། ཞེས་བྱ་སྟེ་གཟུགས་སུ་སྣང་བ་ཐམས་ཅད་ནི་སྐུར་ངེས། སྒྲར་གྲག་པ་ཐམས་ཅད་ནི་གསུང་དུ་ངེས། སྣང་བ་དང་གྲག་པ་དབྱེར་མེད་པའི་དྲན་རྟོག་ཐམས་ཅད་ནི་ཐུགས་ཀྱི་རང་བཞིན་དུ་ངེས་པའི་ཕྱིར་ཀུན་དུ་བཟང་པོའི་རང་བཞིན་དུ་གནས་ཞེས་བྱ་སྟེ། དབྱེར་མེད་ཅིང་འདུས་མ་བྱས་ པའི་དོན་དང་ལྡན་པའི་ཕྱིར་ན། རྡོ་རྗེ་གསུམ་ཞེས་ཀྱང་བྱ་སྟེ། དེའི་རང་བཞིན་ལ་དུས་དང་གནས་སྐབས་ཀུན་དུ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་གསུམ་གནས་ཤིང་། སྐྱེ་ཞིང་འབྱུང་བ་ཡང་དེ་ལས་འབྱུང་བས་ན་རྣམ་པར་བཞུགས་ཞེས་བྱའོ། ། དེར་ཡང་མ་ཟད་སེམས་ཅན་དུས་གསུམ་འབྱུང་བ་ཞེས་ཏེ། སེམས་ཅན་མ་ལུས་པ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་དེའི་ངོ་བོ་ཉིད་དུ་གནས་ཏེ་རང་གི་རང་བཞིན་གྱིས་བྱང་ཆུབ་རྡོ་རྗེའི་གནས་ཐོབ་པ་ཞེས་བྱ་སྟེ། རྟོགས་པ་རྡོ་རྗེ་ལྟ་བུའི་གནས་ཐོབ་པ་དེ་ལས། སངས་རྒྱས་རྡོ་རྗེ་རྫུ་ འཕྲུལ་ཆེ། །ཞེས་པ་འདི་ལྟ་བུ་ཡང་འབྱུང་བར་འགྱུར་བ་ཡིན་ནོ་ཞེས་པའི་དོན་ཏོ། །ཁྱད་པར་གྱི་དབང་དུ་བྱས་ནས་ཟབ་མོ་ལྟར་བཤད་ན། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ནི་དུས་དང་གནས་སྐབས་ཀུན་དུ་བཟང་པོར་གནས་ཀྱི་ནམ་ཡང་ངན་པར་མི་འགྱུར་བས་ན་མཚན་གྱི་རྣམ་ གྲངས་ཀུན་དུ་བཟང་པོ་ཞེས་བྱ་སྟེ། དེའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནི་ངེས་པའི་མཚན་ཉིད་ཅན་ཡིན་ཏེ། ཆོས་ཀྱི་སྐུ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དུ་ཞུགས་པར་ངེས་པ་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ་མཚན་མའི་རྣམ་པར་སྣང་བས་ངེས་ཚིག་གི་གསུང་རྒྱ་ཆེ་བ་འགྲོ་བ་ ཇི་ལྟར་འདུལ་བ་བཞིན་དུ་ཕན་པའི་དོན་སྟོན་པར་ངེས། དོན་གྱི་གསུང་ཟབ་པ་བདེན་པ་མཚོན་པས་བརྗོད་པ་མི་མངའ་བའི་ངང་ལ་བཞུགས་པར་ངེས། ཐམས་ཅད་མཁྱེན་པའི་ཐུགས་ཤེས་བྱ་ཐམས་ཅད་ཀྱི་མཐའ་ལ་འཇལ་བར་ངེས། རྣམ་པར་མི་རྟོག་པའི་ཐུགས་མཉམ་པ་ཉིད་ཀྱི་ངང་ ལ་མི་གཡོ་བར་གནས་པར་ངེས་པའི་མཚན་ཉིད་ཅན་ཡིན་ཏེ། འགྲོ་བ་གཞན་གྱི་སྒོ་གསུམ་བཞིན་དུ་མ་ངེས་ཤིང་མི་བརྟན་པའི་མཚན་ཉིད་ཅན་དུ་གནས་པ་མ་ཡིན་ནོ། །དེ་ལྟ་བུའི་སྐུ་གསུང་ཐུགས་དེ་ནི་རྡོ་རྗེ་གསུམ་ཞེས་བྱ་སྟེ། སྐུ་རྡོ་རྗེ་ལྟ་བུར་འདུས་མ་བྱས་པ། གསུང་རྡོ་རྗེ་ལྟ་ བུར་གཞན་དུ་མི་འགྱུར། ཐུགས་རྡོ་རྗེ་ལྟ་བུར་ཡེ་ཤེས་ལྔ་དང་ལྡན། །སྐུ་གསུང་ཐུགས་གསུམ་ག་ཡང་རྡོ་རྗེ་ལྟ་བུའི་ངང་ཉིད་དུ་དབྱེར་མེད་ཅིང་མཚན་མར་མི་འགྱུར། གཉེན་པོས་མི་ཤིགས་པ་ཡིན་ཏེ། དེ་ལ་ནི་དུས་དང་གནས་སྐབས་ཀུན་དུ། །རྡོ་རྗེ་གསུམ་ནི་རྣམ་བཞུགས་ ཏེ། །ཞེས་ཏེ་དུས་གསུམ་དུ་གཤེགས་ཤིང་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་ཡང་བཞུགས་ཤིང་གནས་ཏེ། སངས་རྒྱས་ཐམས་ཅད་བཞུགས་པའི་གནས་དང་འབྱུང་བའི་རྒྱུར་གྱུར་པ་ཡིན་ནོ། །གཉིས་སུ་ན་སྟོན་པ་ བྱང་ཆུབ་སེམས་རྡོ་རྗེ་ཀུན་དུ་བཟང་པོ་དེའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དོན་དམ་པར་མཚན་མ་མེད་པར་ངེས་ལ། ཡང་དག་པར་ཀུན་རྫོབ་ཏུ་མཚན་མའི་རྣམ་པར་སྣང་བར་ངེས་ལ། མཚན་མ་དང་མཚན་མ་མེད་པར་དབྱེར་མེད་པས་རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་ཡིན་ལ། དུས་དང་ གནས་སྐབས་ཀུན་དུ་དེ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་ཡང་སྣང་ཞིང་སྟོན་ཏེ། དེ་ལྟ་བུའི་རྣམ་པར་བཞུགས་ཏེ་གདུལ་བྱ་རྣམས་ཀྱི་དོན་མཛད་པ་ཡིན་ནོ། །འོ་ན་མིང་དང་གཟུགས་ཀྱིས་བསྡུས་པའི་སེམས་ཅན་རྣམས་ཇི་ལྟར་འགྱུར་ཞེ་ན། སེམས་ཅན་དུས་གསུམ་དུ་འབྱུང་བ་ཞེས་ཏེ་དུས་གསུམ་དུ་འབྱུང་བའི་སེམས་ཅན་ཐམས་ཅད་ཀྱང་ཆོས་ཉིད་ཇི་བཞིན་པའི་དོན་མ་རྟོགས་པའི་དུས་ན་སེམས་ཅན་དུ་སྣང་བར་ཟད་ཀྱི། རྟོགས་པའི་དུས་ན་ཐམས་ཅད་རྡོ་རྗེའི་ངོ་བོ་ཉིད་ཅེས་བྱ་སྟེ། ཡེ་ཤེས་རྡོ་རྗེ་ལྟ་བུའི་མཚན་ཉིད་ཅན། སྟོན་པ་ བྱང་ཆུབ་སེམས་རྡོ་རྗེའི་ངོ་བོ་ཉིད་དུ་དབྱེར་མེད་པར་གནས་ཏེ། རྒྱུ་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་གནས་པ་དང་། འབྲས་བུ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་སྣང་དུ་རུང་བས་ན། དེའི་ཕྱིར། བྱང་ཆུབ་རྡོ་རྗེའི་གནས་ཐོབ་པ། །ཞེས་བྱའོ། །དེ་ལས་ནི་སེམས་ཅན་དུ་ཡང་སྣང་ལ་གཟུགས་ཀྱི་ སྐུ་རྒྱུན་མི་འཆད་པ་ཡང་འབྱུང་བས་ན། སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེ། །ཞེས་བྱ་སྟེ་དེ་ལྟ་བུའི་དོན་དང་ལྡན་པ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཡིན་ནོ་ཞེས་བསྟན་ནས། དེ་ནི་སྟོན་པ་དེས་གསུངས་པའི་ཆོས་ཀྱི་དོན་བརྗོད་པའི་ཕྱིར་ན། ཨེ་མའོ་ཤིན་ཏུ་ངོ་མཚར་འདི། །ཨེ་མའོ་དབང་པོ་ཤིན་ཏུ་ ཞི། །ཨེ་མའོ་འཁོར་བ་དག་གི་རྒྱུན། །ཨེ་མའོ་མཆོག་ཏུ་མྱ་ངན་འདས། །ཞེས་གསུངས་ཏེ་འདིར་ཡང་ཐུན་མོང་གི་དབང་དུ་ནི་ཚིག་གི་སྒོ་ནས། ཨེ་མའོ་ཞེས་ངོམ་ཞིང་དོན་ལ་ཤིན་ཏུ་ངོ་མཚར་སྐྱེས་པའི་ཚིག་སྟེ། གང་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ འདི་དག་གི་མཚན་ཉིད་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་ངོ་མཚར་ཆེ་ཞེས་བརྗོད་པ་སྟེ། ཅིའི་ཕྱིར་ཞེ་ན། ཡང་དག་པའི་ཀུན་རྫོབ་ཏུ་འཁོར་བ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་མཚན་ཉིད་དུ་གནས་ལ། མྱ་ངན་ལས་འདས་པ་ནི་རྣམ་པར་བྱང་བ་ཅན་ གྱི་མཚན་ཉིད་དུ་གནས། འཁོར་བའི་སེམས་ཅན་ནི་འདུས་བྱས་ཤིང་ཟག་པ་ཅན་གྱི་མཚན་ཉིད་དུ་གནས་ལ། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ཤིང་ཟག་པ་མེད་པའི་མཚན་ཉིད་དུ་གནས་པས་གཅིག་པ་ཡང་མ་ཡིན་ལ། སེམས་ཅན་གྱི་ཆོས་ཉིད་ཇི་བཞིན་པའི་དོན་རྟོགས་ན་ འཁོར་བ་ཉིད་མྱ་ངན་ལས་འདས་པ་སྟེ། འདུས་བྱས་ཟག་པ་ཅན་གྱི་སེམས་ཅན་ཉིད་འདུས་མ་བྱས་ཟག་པ་མེད་པ་སངས་རྒྱས་ཀྱི་སྐུར་སྣང་བ་དང་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱིས་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དུ་གྱུར་པས་འཁོར་བ་ཅན་གྱི་སྤྱོད་ཡུལ་དུ་སྣང་ བའམ། སེམས་ཅན་འཁོར་བའི་སྤྱོད་ཡུལ་ཅན་དུ་སྣང་ཡང་མྱ་ངན་ལས་འདས་པའི་མཚན་ཉིད་རང་ལ་རང་ཆས་སུ་ཡོད་པས་སེམས་ཅན་ལས་སངས་རྒྱས་སུ་གྲུབ་པ་དང་། སངས་རྒྱས་ཉིད་སེམས་ཅན་དུ་སྣང་བས་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་ངོ་མཚར་ཆེ་ཞེས་བྱ། ཨེ་མའོ་དབང་པོ་ཤིན་ཏུ་ཞི། །ཞེས་བྱ་བ་ནི་དོན་དེ་ཉིད་རྟོགས་པར་དཀའོ་ཞེས་ངོམ་ཞིང་ངོ་མཚར་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པ་དེ་ནི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ཏེ། རྣམ་པར་ཤེས་པས་རིག་པར་མི་ནུས་ སོ། །ཅིའི་ཕྱིར་ཞེ་ན། ཤིན་ཏུའམ་རབ་ཏུ་ཞི་ཞིང་ཕྲ་སྟེ། མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཉན་པ་དང་། སྣས་དྲི་བསྣམས་པ་དང་། ལྕེས་རོ་མྱོང་བ་དང་། ལུས་ཀྱིས་རེག་བྱ་རེག་པའམ། ཡིད་ཀྱིས་གསལ་བར་དཔྱད་པ་ལྟ་བུའི་ཡུལ་མངོན་དུ་གྲུབ་པ་མེད་པས་དེ་ དག་སྤྱོད་ཡུལ་དུ་བྱ་བ་བཞིན་མི་བཏུབ་པའམ། འདི་ལ་སྤྱོད་ཡུལ་ཐམས་ཅད་མེད་པའི་ཕྱིར་ན་དབང་པོ་ལས་འདས་པར་བསྟན་པའོ། །མྱ་ངན་ལས་འདས་པའི་རང་བཞིན་མེད་པས་ཞི་ཞིང་ཕྲ་ཡང་འཁོར་བ་མཚན་མའི་རྣམ་པ་ཅན་རགས་པར་སྣང་བ་ཅིའི་ཕྱིར་དབང་པོའི་སྤྱོད་ཡུལ་ལས་འདས་ པ་ཡིན་ཞེ་ན། སྨྲས་པ། ཨེ་མའོ་འཁོར་བ་དག་གི་རྒྱུན། །ཨེ་མའོ་ཤིན་ཏུ་མྱ་ངན་འདས། །ཞེས་གསུངས་ཏེ། འཁོར་བ་ཉེ་བར་ལེན་པའི་ཕུང་པོ་ལྔ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་རྐྱེན་ཚོགས་པའི་དབང་གིས་མི་རྟག་པ་རྒྱུན་གྱི་ངོ་བོར་གནས་པ་མ་བརྟགས་ན་ཉམས་དགའ་བའི་ ངོ་བོ་ཡོད་ཀྱང་དེ་ཉིད་གཙོ་བོར་གྲུབ་པ་མེད་དེ། འཁྲུལ་པ་ཉིད་དེ་ལྟར་སྣང་བར་རིག་ན་དེ་ཉིད་མྱ་ངན་ལས་འདས་པའི་ངོ་བོ་བས་ན་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་རང་བཞིན་དུ་བསྟན་པ་ཡིན་པའི་ཕྱིར་ན་དབང་པོའི་སྤྱོད་ཡུལ་ལས་འདས་ཞེས་བྱ། གཉིས་སུ་ན་གོང་མའི་དོན་ལ་ བསྙེགས་ཏེ། ཨེ་མའོ་འཁོར་བ་རྟེན་འབྲེལ་གྱི་རྒྱུན་ལ་གནས་པས་ཡུལ་སེམས་ཐ་དད་གཟུང་འཛིན་དུ་སྣང་བ་དེ་སེམས་འཁྲུལ་པ་ཡུལ་དུ་སྣང་བས་མཚན་མར་མཐོང་ཡང་། སེམས་རང་བཞིན་མེད་པར་རྟོགས་ན་ཡུལ་མཚན་མར་མ་གྲུབ་པས་ན། ཡུལ་སེམས་གཟུང་འཛིན་དང་བྲལ་བ་ ཉིད་མྱ་ངན་ལས་འདས་པ་ཡིན་པ་ངོ་མཚར་ཆེ་ཞེས་བསྟན་པའོ། །ཟབ་མོའི་དབང་དུ་བྱ་སྟེ་བཤད་ན། ཨེ་མའོ་ཤིན་ཏུ་ངོ་མཚར་ཆེ་ཞེའོ། །གང་ཞེ་ན། ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རང་བཞིན་ལས་གཞན་མེད་པར་སྟོན་པའི་གསང་བ་འདུས་པའི་རྒྱུད་འདི་ཞེའོ། །ཅིའི་ཕྱིར་འདི་ལ་ ངོ་མཚར་སྐྱེ་ཞེ་ན། དབང་པོ་ཤིན་ཏུ་ཞི་བ་ཞེས་བྱ་སྟེ། མིག་ལ་སོགས་པ་དབང་པོ་ལྔའི་སྤྱོད་ཡུལ་དུ་བབ་པའི་གཟུགས་ལ་སོགས་པའི་ཡུལ་འདོད་པའི་ཡོན་ཏན་རབ་འབྲིང་ཐ་མ་གསུམ་དུ་སྣང་བ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་གྱི་རང་བཞིན་འདོད་པའི་ཡོན་ ཏན་གྱི་ལྷ་མོ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ངོ་བོར་རིག་ན་དེས་མི་འཆིང་ཞིང་དབང་དུ་གྱུར་པ་དང་གྲོལ་བར་གྲུབ་པར་གྱུར་པས་ན་ཤིན་ཏུ་ཞི་ཞེས་བྱ་སྟེ། རགས་པར་སྐྱེ་བའི་ཉོན་མོངས་པར་མི་འགྱུར་ཞིང་། ཤིན་ཏུ་ཞི་ཞིང་ཕྲ་བར་རིག་པའི་ཡེ་ཤེས་སུ་འགྱུར་ཏེ། དེ་ལྟ་བུའི་དོན་སྟོན་ པའམ། དོན་དང་ལྡན་པའི་རྒྱུ་ཡིན་པའི་ཕྱིར་ངོ་མཚར་ཆེ་ཞེས་བྱའོ། །འོ་ན་ལམ་དང་གཉེན་པོ་གཞན་གྱིས་བསྒྲུབ་ཅིང་མ་བཅོས་པས་དེ་ལྟ་བུར་བསྒོམས་པས་དེ་བཞིན་དུ་འགྲུབ་པར་འགྱུར་རམ། འགྱུར་ན་སྒོམ་པར་བྱེད་པ་པོ་དེ་ཇི་ལྟ་བུ་ཞིག་གིས་དེ་ལྟར་བསྒྲུབ་པར་བྱ་སྙམ་པའི་ ཕྱིར། ཨེ་མའོ་འཁོར་བ་དག་གི་རྒྱུན། །ཨེ་མའོ་མཆོག་ཏུ་མྱ་ངན་འདས། །ཞེས་གསུངས་ཏེ། ཨེ་མའོ་ཞེས་པ་འདི་ནི་དེ་ལྟར་བསྒོམས་པས་འཁོར་བའི་ཉེས་པ་ཐམས་ཅད་སེལ་ནུས་པར་བསྟན་པ་ལ་ངོམ་ཞིང་ངོ་མཚར་སྐྱེ་བ་སྟེ། ཅིའི་ཕྱིར་ཞེ་ན། ཤེས་པ་ རྐྱེན་བཞི་ཚོགས་པའི་དུས་ན་དབང་པོ་དང་རྣམ་པར་ཤེས་པས་ཀྱང་ཡུལ་རྣམས་ཉོན་མོངས་པ་གསུམ་གྱི་རང་བཞིན་དུ་མཐོང་ཞིང་བསྐྱེད་ལ། ཡུལ་རྣམས་དང་དབང་པོ་རྣམས་ཀྱིས་ཀྱང་རྣམ་པར་ཤེས་པ་ལས་ཉོན་མོངས་པ་གསུམ་དུ་སྐྱེད་པར་བྱེད་པའི་བག་ཆགས་ཀུན་གཞི་ལ་འདེབས་པའི་ དབང་གིས་འཁོར་བའི་ཆོས་འབྱུང་ཞིང་འཕེལ་བར་འགྱུར་ཏེ། འཁོར་བ་དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་རྐྱེན་ཚོགས་པ་མི་རྟག་པ་རྒྱུན་གྱི་ངོ་བོ་ལས་འབྲས་བུ་འབྱུང་བ་ཡིན་པ་དང་། གོང་མ་ལྟ་བུར་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་དུ་ཉོན་མོངས་པ་གསུམ་དུ་བསྐྱེད་ པ་དང་། དེ་ལྟར་སྐྱེ་བར་བྱེད་པ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་ཤེས་པར་བྱས་ནས་འདོད་པའི་ཡོན་ཏན་གྱི་ལྷ་མོ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ངོ་བོར་རིག་པར་བྱས་ན་བདག་གིས་བདག་མཆོད་པ་ཡིན་ཏེ། ཉོན་མོངས་པ་དེ་དག་གིས་འཁོར་བ་དང་ངན་སོང་དུ་མི་འཆིང་ ཞིང་རྣམ་པར་གྲོལ་བའི་རྒྱུར་གྱུར་ནས་དུག་གསུམ་རྣམ་པར་དག་པ་སྐུ་གསུམ་དུ་གྲུབ་པས་བག་ཆགས་ངན་པ་བསལ་ཏེ་རྟེན་འབྲེལ་རྒྱུན་བཅད་དེ། འཁོར་བ་རྒྱུན་བཅད་ནས་མྱ་ངན་ལས་འདས་པའི་རང་བཞིན་དུ་གྱུར་པ་ཡིན་ནོ། །དེ་སྒོམ་པར་བྱེད་པ་ཡང་འཕགས་པའི་ས་པ་གཉེན་རིས་ སུ་དང་པོ་ནས་བཅད་པ་ཡོད་པ་ཡིན་ཏེ། འཁོར་བའི་ཆོས་ཅན་རྟེན་འབྲེལ་གྱི་རྒྱུ་ལ་གནས་པའི་སེམས་ཅན་གྱི་ནང་ན་ཡིད་ཀྱི་ཤས་ཆེ་བས་འཛམ་བུ་གླིང་པའི་མི་འདི་ཉིད་དེ་ལྟར་བསྒོམས་པས་དེ་བཞིན་དུ་འགྲུབ་པ་ཡིན་ཞེས་ཚིག་ཕྱི་མ་འདིས་ཀྱང་རྩ་བའི་ཚིག་གཉིས་ལ་རིམ་པར་སྦྱར་རོ། ། དེ་བས་ན་ཨེ་མའོ་ཞེས་པ་ཐ་མ་འདིས་ནི་དེ་ལྟར་འཁོར་བ་ཉིད་མྱ་ངན་ལས་འདས་པའི་རང་བཞིན་དུ་སྟོན་པའམ། དེ་ལྟ་བུའི་དོན་དང་ལྡན་པའི་རྒྱུད་འདིས་ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བའོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པས་དེ་སྐད་ཅེས་གསོལ་བའི་ དེ་མ་ཐག་ཏུ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་ཞུས་པའི་ལན་འོག་ནས་འབྱུང་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་ དཔའ་ཞེས་སྤྱིར་བོས་ནས། དེ་དེ་བཞིན་ནོ་ཞེས་བྱ་བ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་བསྟན་པ་སྟེ་མ་ནོར་བ་དེ་བཞིན་དུ་ཡིན་ནོ། སེམས་དཔའ་ཆེན་པོ་དག །ཆོས་ཐམས་ཅད་དང་རྒྱུད་འདིའི་ ཡོན་ཏན་གྱི་རང་བཞིན་སྨྲས་པ། དེ་ཡང་དོན་དེ་ཁོ་ན་བཞིན་དུ་ཡིན་ཏེ། མ་ནོར་རོ་ཞེས་གསུངས་པའི་དོན་ཏོ། །དེ་ལྟར་སྟོན་པ་དང་སེམས་ཅན་གྱི་རང་བཞིན་དང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་འཇལ་སྟངས་རྩིང་རིམ་ཙམ་དུ་སྤྱི་ཁྱབ་ཏུ་ཞུས་པ་ལ། ཁྱེད་ཀྱི་ཤེས་རབ་ཀྱིས་ རྟོགས་པའི་ཚད་དེ་ལྟར་ཡིན་ཏེ་མ་ནོར་རོ་ཞེས་བཀའ་སྩལ་པ་དང་། དེ་ནས་ཞེས་བྱ་བ་དེ་མ་ཐག་ཏུ་བར་ཅིས་ཀྱང་མ་ཆོད་པར་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་འདུས་ཏེ་བྱོན་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་དང་འབྲེལ་ཏོ། །ཡང་ཞེས་བྱ་ བ་ནི་གོང་དུ་སྤྱིའི་རང་བཞིན་རྩིང་རིམ་དུ་ཞུས་པ་དེ་ལས་གཞན་པའི་དོན་ཞིབ་ཏུ་ཞུ་བར་འདོད་པའི་ཚིག་སྟོན་པའི་ཕྱིར་ན་ཡང་ཞེས་སྨོས་ཏེ། འདུས་ཏེ་ཞེས་བྱ་བ་ནི་དོན་ཞུ་བར་འདོད་པའི་དམིགས་མཐུན་པ་དང་། ཚིག་བརྗོད་པར་བྱ་བའི་ངག་མཐུན་པ་དང་། ལུས་ཀྱི་གུས་པ་བསྐྱེད་ པར་བྱ་བའི་སྤྱོད་པ་མཐུན་པའོ། །བྱོན་ནས་ཞེས་བྱ་བ་ནི་རིང་བ་ན་འདུག་པའི་འཁོར་ནི་ཉེ་བར་འདུས་ལ། ཉེ་བ་ན་འཁོད་པའི་འཁོར་ནི་ཞབས་དྲུང་དུ་གཏུགས་པའོ། །ནས་ཞེས་བྱ་བ་ནི་དེ་ལྟར་དགོངས་པ་མཐུན་པར་བཏུད་ནས་ཞེས་བྱ་བའི་ཐ་ཚིག་སྟེ། ཅི་བྱེད་ཅེ་ན། རྣམ་ པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་གསང་བ་མཆོག་གི་མཆོད་པས་ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་ཞེས་བྱ་སྟེ། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་བླ་ན་ཡོད་པ་དང་། བླ་ན་མེད་པས་བསྡུས་པ་ལས་འདི་ནི་ཀུན་གྱི་སྤྱོད་ཡུལ་ དུ་མ་གྱུར་པས་ཐུན་མོང་མ་ཡིན་པ་གསང་བའི་མཆོད་པ་བླ་ན་མེད་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་བདེ་བའི་སྒྲ་དང་། འོད་ཟེར་གྱི་འཕྲོ་འདུ་དང་། ལྷག་པ་བྱང་ཆུབ་སེམས་ཀྱི་སྤྲིན་ཡིན་ལ། སྤྱན་དང་སྒེག་མོ་དང་གཟུགས་ཀྱི་རྡོ་རྗེ་མ་ ལ་སོགས་པའི་ལྷ་མོ་དང་། མཆོད་པའི་རྫས་ཀྱི་ཁྱད་པར་དང་། རིགས་དང་། གཟུགས་དང་། དབྱིབས་དང་། ཁ་དོག་མི་མཐུན་པའི་རྣམ་པ་ཐ་དད་པ་མང་པོ་སྤྲོས་པས། སྐུ་གསུང་ཐུགས་ཀྱི་རྒྱུད་ལ་བསྟིམས་ཤིང་མཆོད་པས་མཉེས་པར་བྱས་ཏེ། སྒོ་གསུམ་ནས་གུས་པ་བསྐྱེད་དེ་ ཐུན་མོང་དང་ཟབ་མོ་རྣམ་པ་གཉིས་ཀྱི་སྒོ་ནས་འདུད་པས་ཕྱག་འཚལ་ནས། ཚིག་མཐུན་པར་མགྲིན་གཅིག་ཏུ་འདི་སྐད་ཅེས་ཞུས་ཞེས་པའི་དོན་ཏོ། །ཅི་ཁོ་ན་སྐད་གསོལ་བ་བཏབ་ཅིང་ཞུས་ཤེ་ན། ཨེ་མའོ་ཤིན་ཏུ་ཐོབ་དཀའ་འདི། །བྱང་ཆུབ་ཏུ་ནི་སྒྲུབ་པའི་ཐབས། །རྒྱུད་ རྣམས་ཕྱི་མའི་ཕྱི་མ་ཡིས། །གསང་བ་འདུས་པའི་རྒྱུད་གསུངས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། གསོལ་ཞིང་མཆིས་ཞེས་ཞུས་པའོ། །དེ་ལ་ཨེ་མའོ་ཞེས་པ་ནི་ཤིན་ཏུ་ཐོབ་པར་དཀའ་བའི་བྱང་ཆུབ་ཏུ་སྒྲུབ་པའི་ཐབས་གསང་བ་འདུས་པའི་རྒྱུད་ཀྱི་དོན་འདི་ལྟ་བུ་བདག་ཅག་གིས་ ཞུ་ཞིང་ཐོས་པར་ནུས་པ་ན་སྟོན་པ་ཐུགས་རྗེ་ཆེ་ཞིང་བདག་ཅག་སྐལ་བ་ཆེན་པོ་དང་ལྡན་པའོ་ཞེས་ངོམ་ཞིང་ངོ་མཚར་སྐྱེས་པའོ། །ཤིན་ཏུ་ཐོབ་དཀའ་ཞེས་བྱ་བ་ནི་སྒོ་གསུམ་ནས་དཀའ་བ་སྣ་ཚོགས་སྤྱོད་ཅིང་། བསྐལ་པ་གྲངས་མེད་པར་འབད་ཀྱང་རྙེད་ཅིང་ཐོབ་པར་མི་ནུས་པའི་དོན་གོང་ དུ་བསྟན་པ་དང་འོག་ནས་འབྱུང་བ་འདི་ཞེས་བྱ། གང་ཞེ་ན། བྱང་ཆུབ་ཏུ་ནི་སྒྲུབ་པའི་ཐབས། །ཞེས་བྱ་སྟེ་བྱང་ཆུབ་ནི་ཟད་པ་མེད་ཅིང་སྐྱེ་བ་མེད་པ་སྟེ། སྒྲུབ་པ་ནི་རྒྱུའི་དོན་ཏེ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བསྒོམ་པའོ། །ཐབས་ནི་རྡོ་རྗེ་ཆོ་ག་བཞི་དང་ བསྙེན་སྒྲུབ་རྣམ་པ་བཞི་ལ་སོགས་པའོ། །དེ་ཡང་གང་ལས་འབྱུང་ཞིང་སྟོན་ན། །རྒྱུད་རྣམས་ཕྱི་མའི་ཡང་ཕྱི་མ་ཡིས། །གསང་བ་འདུས་པའི་རྒྱུད་གསུངས་པ། །ཞེས་བྱ་བ་འདི་ལས་སྟོན་ཏེ་རྒྱུད་གསང་བའི་རྒྱུད་རྣམས་ཀྱི་ཕྱི་མར་གྱུར་པ་ནི་གསང་བ་འདུས་པའི་རྒྱུད་འདི་ཡིན་ཏེ། དེ་ལ་ ཡང་གཉིས་ཏེ། གསུངས་པའི་ཕྱི་མ་ནི་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་སྟེ། དེ་ལྟར་ཅི་མངོན་ཞེ་ན། རྒྱུད་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མ་ཞེས་དབུ་ལས་གསུངས་ལ། གསང་བའི་དབང་བསྐུར་བ་རྡོ་རྗེ་སློབ་དཔོན་གྱི་ཆེ་བ་བསྟན་པ་གསང་བ་འདུས་པ་ལས་འབྱུང་བ་བཞིན་ཁ་ ཏོན་བྱས་པ་ཞབས་ནས་འབྱུང་བར་མངོན་ནོ། །དོན་གྱི་ཕྱི་མ་ནི་སྔར་གསུངས་པའི་རྒྱུད་དུ་མ་འདུས་པའི་དོན་འདིར་སྟོན་ཅིང་འདིའི་དོན་ནི་རྒྱུད་གཞན་དུ་མ་གསུངས་པའི་ཕྱིར་ཏེ། ཅི་མངོན་ཞེ་ན། དབུ་ལས་མཚན་གསང་བ་འདུས་པ་ཞེས་གསུངས་པ་དང་། ཞབས་འདིར་རྒྱུད་རྣམས་ ཕྱི་མའི་ཞེས་གསུངས་པ་འདིས་མངོན་ནོ། །དེ་ལ་ཡང་གསུམ་སྟེ། སྔར་མ་གསུངས་པ་སྟོན་པ་དང་། སྔར་གསུངས་པ་ཁ་བསྐང་བ་དང་། སྔར་གསུངས་པའི་ཐེ་ཚོམ་མ་ཆོད་པ་བཅད་པའི་ཕྱིར་གསུངས་པ་གསུམ་ལས། འདི་ནི་སྔར་རྩ་བའི་རྒྱུད་དུ་ཐེ་ཚོམ་མ་ཆོད་པ་བཅད་པའི་ཕྱིར་ གསུངས་པའོ། །དེ་ལྟར་གསང་བའི་རྒྱུད་ཐམས་ཅད་ཀྱི་དོན་གྱི་ཕྱི་མར་གྱུར་པ་ནི་གསང་བ་འདུས་པའི་རྒྱུད་ལེའུ་ཕྱེད་དང་བཅོ་བརྒྱད་བསྟན་པ་ཡན་ཆད་དོ། །དེའི་ཡང་ཕྱི་མར་གྱུར་པ་ནི་ལེའུ་བཅོ་བརྒྱད་ཀྱི་ཕྱེད་པ་འདི་ལ་བྱ་སྟེ། གསང་བ་འདུས་པའི་རྒྱུད་གསུངས་པ་ཞེས་པའི་རྣམ་པར་ སྣང་མཛད་ལ་སོགས་པའི་འཁོར་གྱིས་དེ་བཞིན་གཤེགས་པ་རྣམས་ལ་ཞུས་ནས་གསུངས་པའི་ལེའུ་འདི་ལ་བྱའོ། །རྟོགས་དཀའ་དེ་ཉིད་ཆུད་བྱ་སྟེ། །ཞེས་བྱ་བ་རྒྱུད་འདིའི་མཚན་ཉིད་ནི་སྦས་པ་གསུམ་གྱིས་སྦས་ཤིང་། རྒྱུད་དཀྲུགས། ལུང་གཅུས། མན་ངག་སྦས་པས་དྲང་ ཐད་དུ་རྟོགས་པར་དཀའ་བ་དེ་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་འདོད་པ་སྟེ་ཞེས་བྱའོ། །དོན་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་ནས་ཡང་དུ་ཞུས་པ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་རིམ་པར་གསུངས་པ་ཡང་ཐེག་པ་འོག་མ་པ་ལྟར་བདག་འབའ་ཞིག་གི་རང་ཕན་དང་སྒོས་བདེ་ མ་ཡིན་པས་ན། སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར། །ཞེས་བྱའོ་དེས་ནི་ཞུ་བ་པོ་བྱང་ཆུབ་སེམས་དཔའ་རྣམས་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་དང་མཐུན་པར་གྲུབ་པ་དང་། ཆོས་འདི་ཡང་ཐེག་པ་ཆེན་པོ་ཡིན་པར་བསྟན་པའོ། །འོ་ན་གསང་བ་འདུས་པའི་རྒྱུད་ནི་སྔར་ རིམ་པར་ཕྱེ་ནས་རྒྱས་པར་གསུངས་ཟིན་ན། དེ་ཡང་ཞུ་བ་དེ་སྔ་མ་ནོར་བར་གསུངས་པའམ། དགོས་པ་མེད་པ་མ་ཡིན་ནམ་སྙམ་པའི་དོན་དུ་གང་གསུངས་པ་ཡང་དག་གསུངས་པའི་ཞེས་སྨོས་ཏེ། རྩ་བའི་རྒྱུད་གང་ཡིན་པ་དེའི་ཚིག་དང་དོན་གོང་དུ་སྔར་ གསུངས་པ་ཡང་ཕྱིན་ཅི་ལོག་ཏུ་མ་གྱུར་ཅིང་ཡང་དག་པར་མ་ནོར་བར་གསུངས་པའི་ཕྱིར། ཡོན་ཏན་དམ་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ན་ཡང་དེ་དག་གི་ཚིག་དོན་དང་མི་འཇལ་བ་དང་། ཐེ་ཚོམ་ཟ་བ་མ་ཆོད་པ་མཆིས་པ་རྣམས་ཀྱི་གེགས་བསལ་བ་དང་། ཆུང་ཟད་ལུས་པ་མཆིས་ པ་བཤད་པར་མགོན་པོ་ཁྱེད་ལ་གསོལ་ཞིང་མཆིས་ཏེ་ཞུ་དགོས་ཞེས་པའི་དོན་སྟོན་ཏོ། །དེ་ལྟར་ཞུས་པའི་དེ་མ་ཐག་ཏུ་ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་མ་ལུས་པ་དེ་དག་ཐམས་ཅད་ཀྱིས་ཞུ་བ་པོའི་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་ལན་འོག་ནས་ འབྱུང་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཞེ་ན། གང་ཞིག་རྒྱུད་འདི་རྟོགས་དཀའ་བ། །དེ་དག་ཐམས་ཅད་ཞུ་འདོད་པ། །ལེགས་སོ་ལེགས་སོ་བྱང་ཆུབ་ཆེ། །ལེགས་སོ་ལེགས་སོ་ཡོན་ཏན་གནས། །ཞེས་གསུངས་ཏེ། རིགས་ཀྱི་བུ་ཕོ་མོ་གང་ཞིག་སུ་ཡང་རུང་བས་ཚིག་དང་དོན་ གང་ཞིག་རྒྱུད་འདིའི་ནང་ནས་རྟོགས་ཤིང་ཁོང་དུ་ཆུད་པར་དཀའ་བ་དེ་དག་ཐམས་ཅད་མ་ལུས་པ་ཀུན་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཞུ་བ་དང་ཞུ་བར་འདོད་པ་ལ་ཡང་ལེགས་པ་ཡིན་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱེད་ལྟ་བུས་ཞུས་པ་ནི་ཤིན་ཏུ་ཡང་ལེགས་པའོ་ཞེས་དགྱེས་ ཤིང་ཞུ་བར་གནང་བ་བྱིན་ཅིང་སྐབས་ཕྱེ་བ་སྟེ། དེ་ལ་ལེགས་སོ་ཞེས་སྨོས་པ་དང་པོ་ནི་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་རྡོ་རྗེ་ཐེག་པ་གསང་བའི་རྒྱུད་ལ་མོས་པ་སྐྱེ་ཞིང་འཇུག་པ་ལེགས་སོ་ཞེས་པ་སྟེ། སྔོན་ནས་སྦྱངས་པས་འབྲེལ་པའི་འཕྲོ་ཡོད་པར་བསྟན་པའོ། །ལེགས་སོ་ཞེས་ གསུངས་པ་གཉིས་པ་ནི་ཐོས་པ་དེ་ལ་ཐེ་ཚོམ་ཟ་བའི་རྟོག་པ་སྐྱེས་པ་ཡང་ལེགས་སོ་ཞེས་ཏེ། དེས་ནི་སྔགས་ལ་རྣམ་པར་སྦྱངས་པའི་ཤེས་རབ་ཀུན་དང་ཐུན་མོང་མ་ཡིན་པ་ཡོད་པར་བསྟན་པའོ། །ལེགས་སོ་ཞེས་བྱ་བ་གསུམ་པ་ནི་ཐེ་ཚོམ་དེ་དག་བསལ་བའི་དོན་ཞུ་བ་ཡང་ལེགས་སོ་ ཞེས་པ་སྟེ། དེས་ནི་སྔགས་ཀྱི་ངེས་པར་འབྱུང་བར་འགྱུར་བའི་སྐལ་བ་ཡོད་པར་བསྟན་པའོ། །ལེགས་སོ་ཞེས་བྱ་བ་བཞི་པ་ནི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཞུས་པ་ཡང་ལེགས་སོ་ཞེས་པ་སྟེ། དེས་ནི་ཐེག་པ་འོག་མ་པ་རྣམས་ལས་ཁྱད་པར་དུ་བསྟན་པའོ། །བྱང་ཆུབ་ཆེ་ཞེས་ པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐུན་མོང་གི་སྒ