Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 38

Văn bản gốc(Tây Tạng)

Trang 2 / 16 (50.000 ký tự/trang)
མི་འགྲོ་
ཡུངས་ཀར་ལ། །ཞེས་བྱ་བ་ནི་སྤྲོ་ཞིང་བསྡུ་བའོ། །གསང་བའི་སྔགས་ཀྱིས་བརྟགས་པ་ཡི། །ཡེ་ཤེས་མཆོག་ནི་ལྷ་རྣམས་སོ། །དེའི་གནས་ནི་དཀྱིལ་འཁོར་ཏེ། ཕྲ་མོའི་མཚན་མ་ནས་འབྲུ་ཙམ་གྱི་ལྟེ་བ་ལ་ཇི་ལྟ་བའི་དཀྱིལ་འཁོར་བསྒོམ་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་

གནས་པར། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་ནི། །རིགས་སོ་སོའི་གདན་དང་ལྷ་བསྒོམ་པ་བསྟན་ཏོ། །ཡང་ཁ་ཅིག་ན་རེ། ཕྲ་མོ་སྦྱོར་བ་ཀུན་དུ་བརྩམ། །ཞེས་བྱ་བའི་ཚིག་འདི་ནི་ཐིག་ལེ་སྦྱོར་བའི་ཏིང་ངེ་འཛིན་ཡིན་ཏེ། དེ་ལ་སྣའི་རྩེ་
མོར་ཞེས་བྱ་བ་ནི་ཐུགས་ཏེ། ཡུངས་ཀར་བསམ་ཞེས་བྱ་བ་ནི་ཐིག་ལེ་ཡུངས་ཀར་ཙམ་མོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཞེས་བྱ་བ་ནི། འདིར་དབུགས་དག་གཏོང་བའི་སྐབས་སུ་ཐིག་ལེ་ཉིད་སྤྲོ་བ་དང་སླར་ཐིག་ལེ་བསྡུ་བའོ། །དེ་ལ་གསང་བའི་སྔགས་ཀྱིས་བརྟགས་ཤིང་བསྐྱེད་
པའི་ཡེ་ཤེས་མཆོག་གི་ལྷ་རྣམས་ཀྱི་གནས་ཐིག་ལེའི་དཀྱིལ་འཁོར་ཆུང་ངུ་བསྒོམ་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་རིགས་སོ་སོའི་ཐིག་ལེ་བསྒོམ་པ་སྟེ་དེ་ལ་ཉི་མའི་དཀྱིལ་འཁོར་ནི་མི་བསྐྱོད་པའོ། །
སངས་རྒྱས་སྐུའི་གནས་ནི་གདན་ནོ། །དེའི་སྟེང་དུ་གཞག་པ་ནི་ཡི་གེའོ། །གཞན་ཡང་གསལ་བའི་དཀྱིལ་འཁོར་ནི་ཟླ་བ་སྟེ་རྣམ་པར་སྣང་མཛད་ཀྱིའོ། །པདྨའི་དཀྱིལ་འཁོར་དང་། རིན་ཆེན་གྱི་དཀྱིལ་འཁོར་དང་། འོད་ཀྱི་དཀྱིལ་འཁོར་ཡང་པདྨ་དང་། རིན་པོ་ཆེ་དང་ལས་ཀྱི་རིགས་
ཀྱི་གདན་ནོ། །སྤྱན་གྱི་ཚུལ་དང་སྦྱོར་བ་ལས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་སངས་རྒྱས་སྤྱན་དང་ལྡན་པར་བསྒོམ་པ་སྟེ། དེ་བཞིན་དུ་པདྨའི་ཚུལ་དུ་སྦྱོར་བ་ཡང་གོས་དཀར་མོའི་སྦྱོར་བ་སྟེ། འདི་ལྟར་གཞན་དུ་ཡང་སྦྱར་བར་བྱའོ། །དང་པོའི་སྦྱོར་བའི་ནན་
ཏན་གྱིས། །ཞེས་བྱ་བ་ནི་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་རྣམས་ལ་ནན་ཏན་དུ་བྱས་ཏེ། ཡན་ལག་བཞིའི་ཚུལ་གྱིས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཚུལ་ནི་ཞི་བ་སྤྲོ། །འཁོར་ཡང་ཁྱད་པར་དག་ཏུ་སྤྲོ། །ཞེས་བྱ་
བ་ཡང་སྤྱིར་སྦྱར་བར་བྱའོ། །དེ་ཡན་ཆད་ནི་ཐིག་ལེའི་སྦྱོར་བ་ཡིན་ནོ་ཞེས་ཁ་ཅིག་གི་འདོད་པའོ། །ཨུཏྤལ་མཐིང་གའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་དུ་ཞེས་བྱ་བ་ལ་སོགས་པ་ནི་ཕྲ་མོའི་ཚད་དང་བྱེ་བྲག་བསྟན་པ་ཡིན་ཏེ། དེ་ལ་རྡོ་རྗེ་རྩེ་ལྔ་པ་ཨུཏྤལ་སྔོན་པོ་ལྟ་བུ་བསྒོམ་པ་དང་།

སྲན་ཙ་ན་ཀ་ཙམ་གྱི་པདྨ་འདབ་མ་བརྒྱད་པ་དང་། དེ་བཞིན་དུ་འཁོར་ལོ་དང་རལ་གྲི་དག་ཀྱང་བསྒོམས་ལ། དེ་དག་གི་སྒོང་སྐྱེས་དང་གེ་སར་དང་ལྟེ་བ་དང་ཆང་གཟུངས་རྣམས་ལ་དཀྱིལ་འཁོར་ཆུང་ངུ་བསྒོམ་པས་ནི། སངས་རྒྱས་བྱང་ཆུབ་གནས་རྣམས་ནི། །ཞེས་བྱའོ། །དེ་རུ་
མདོར་ནི་སྤྲོ་བར་བྱ། །ཞེས་བྱ་བ་ནི་ཕྲ་མོ་བརྟན་པའི་མཚན་མ་ཐོབ་ནས་ཇི་ལྟར་འདོད་པའི་ལྷའི་ཏིང་ངེ་འཛིན་དུ་སྐད་ཅིག་གིས་བསྐྱེད་ལ། དེ་ནས་ཤེས་རབ་མ་དང་གཉིས་སུ་མེད་པའི་སྦྱོར་བ་ལས་ཡུམ་གྱི་བ་སྤུའི་བུ་ག་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་སྤྲོ་བར་བྱ་སྟེ་རྗེས་སུ་དྲན་པ་བཅུ་
དྲུག་བསྒོམ་པར་བྱའོ། །དེ་ལ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ཕྲ་མོ་ལ་ཇི་ལྟར་སྦྱངས་པ་དེ་ལྟར་རྗེས་སུ་དྲན་པ་ན་དེ་དྲན་པར་བྱེད་པའོ། །སྐུ་གསུང་ཐུགས་ཀྱི་མཚན་མ་ཡི། །ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད། །ཅེས་བྱ་བ་ནི་དཀྱིལ་འཁོར་ཆུང་ངུ་བསྒོམ་པའི་དུས་སུ་བྱིན་གྱིས་བརླབ་པ་ལ་
སོགས་པ་བསྙེན་སྒྲུབ་ཚང་བར་བྱ་བའི་དོན་ཏོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་བསྒོམ་པའི་དུས་སུ་རྣལ་འབྱོར་པས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བྱ་བའི་དོན་ཏོ། །གཞན་ཡང་གསང་བའི་མཆོད་པ་དང་བདུད་རྩི་ལྔ་དང་ཤ་རྣམ་པ་ལྔ་དང་ལྡན་
པར་བྱས་ཏེ་བསྒྲུབས་ན་ཇི་སྐད་བསྟན་པ་བཞིན་དུ་འགྲུབ་པའི་དོན་ཏོ། །ལུས་དང་ངག་སེམས་ལས་འདའ་བའོ་ཞེས་བྱ་བ་ནི་ལུས་ངག་ཡིད་གསུམ་ལས་འདས་ཏེ་སྐུ་གསུང་ཐུགས་ནམ་མཁའ་ལྟ་བུར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་ལུས་དང་ངག་བྱིན་གྱིས་རློབ་པ་བསྒྲུབ་པའི་
བདག་ཉིད་དང་ཕྲ་མོའི་སྦྱོར་བ་ལས་ཀྱི་རྒྱལ་བ་མཆོག་གི་རང་བཞིན་སྟོན་པ་ཡིན་ལ། དེ་ནི་ལེའུ་གསུམ་པའི་ལྷ་རྣམས་ཀྱི་ཡན་ལག་ཡིན་ལ། དེ་ཡང་ལེའུ་དང་པོར་ཇི་སྐད་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །ལེའུ་དྲུག་པའོ།། །།ད་ནི་འདོད་པའི་ཡོན་ཏན་ལྔ་མི་སྤང་བ་དང་རྗེས་སུ་
དྲན་པ་བཅུ་དྲུག་བསྒོམ་པ་སྟོན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིའི་འབྲེལ་པ་ནི་འདོད་པའི་ཡོན་ཏན་རྣམ་པ་ལྔ་མི་སྤང་བ་ནི་སློབ་མའི་སྣོད་བསྟན་པའི་དོན་དུ་སྦྱར་ཏེ། དམ་ཚིག་དང་སྡོམ་པའི་བདག་ཉིད་ཡིན་པས་ལེའུ་ལྔ་པར་ཁ་བསྐང་བར་བྱའོ། །དེ་ལ་

སྔགས་སྤྱད་པའི་མཆོག་ཅེས་བྱ་བ་ནི་སྔགས་ཀྱི་སྤྱོད་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་དེའི་རང་བཞིན་ཉིད་དམ་དེར་བྱེད་པའོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པ་ནི་འདོད་པ་བསྟེན་པས་འགྲུབ་པར་བསྟན་ཏོ། །
ཡང་ན་འདོད་པའི་ཡོན་ཏན་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་ལྷའི་བདག་ཉིད་དུ་སྦྱོར་བ་བསྟན་པའོ། །དཀའ་ཐུབ་སྡོམ་པ་མི་བཟད་ཅེས་བྱ་བ་ལ་སོགས་པས་ནི་མི་འགྲུབ་པའི་རྒྱུ་དང་ཚུལ་བཞིན་སྤྱད་ན་འགྲུབ་པའི་རྒྱུ་སྟོན་ཏོ། །གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་
བསྲེག་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་ཉམས་པའི་སྐྱོན་སྟོན་ཏོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་བསྟེན་པའི་ཡོན་ཏན་སྟོན་ཏོ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་བསྟེན་
པའི་ཐབས་སྟོན་ཏོ། །དེ་ལ་གཟུགས་གཅིག་པུ་ལ་ཡང་རབ་འབྲིང་གི་བྱེ་བྲག་གིས་རྣམ་པ་གསུམ་ཡིན་ལ། དེ་ལ་རབ་ནི་འདོད་ཆགས་སྐྱེ་བར་བྱེད་པ་སྟེ། གསུང་གི་བདག་ཉིད་དེ་བཞིན་དུ་འབྲིང་དང་ཐ་མ་ལ་ཡང་གཏི་མུག་དང་ཞེ་སྡང་སྐྱེ་བར་བྱེད་པ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་
དེ་དེ་ལྟར་བསྒོམས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་དབུལ་ཞེའོ། །ཁ་ཅིག་ན་རེ། དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །ཞེས་བྱ་བའི་དོན་གྱིས་གཟུགས་ཉིད་རྣམ་པར་སྣང་མཛད་ཡིན་ཏེ། དེ་ལྟ་བུའི་སྦྱོར་བ་དང་ལྡན་པས་མཆོད་པར་བྱའོ་
ཞེས་ཟེར་རོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཡང་ན་དེ་ལ་བསྒོམ་པ་ནི། རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ། །ཞེས་བྱ་བ་ནི་རིགས་དེ་དག་ཐམས་ཅད་ཀྱང་ཐུགས་ཀྱི་བདག་ཉིད་དུ་བྱས་ཏེ་མཆོད་ཅིང་སྤྱན་དྲང་བར་བྱའོ། །དེ་ཡན་ཆད་ནི་འདོད་པའི་ཡོན་ཏན་རྣམ་པ་ལྔ་མི་སྤང་བ་ཡིན་
ཏེ། སྤྱོད་ལམ་གྱི་ཏིང་ངེ་འཛིན་དུ་ཤེས་པར་བྱའོ། །དེའི་རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པར་བྱ་སྟེ། འདི་དག་ནི་ཕྲ་མོ་ལས་སུ་རུང་ནས་སྤྲོ་བར་བྱའོ་ཞེས་སྔར་བསྙད་པ་དེ་འདིར་གཟུང་བར་བྱའོ། །དེ་ལ་འདི་དག་ནས་ཕྲ་མོའི་གནས་སུ་མ་བསྟན་པའི་སྤྲོ་བ་དག་ཀྱང་འབྱུང་བ་ནི་ཕྲ་མོའི་

སྐབས་སུ་ཏིང་ངེ་འཛིན་གཅིག་བསྟན་པར་བྱ་སྟེ། མཚན་མ་ཐོབ་ནས་འདི་དག་གི་ཏིང་ངེ་འཛིན་དུ་སྐད་ཅིག་གིས་བསྒྱུར་ཏེ་སྤྲོ་བར་བྱ་བ་ཡིན་པས་ཉེས་པ་མེད་དོ། །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་གསུམ་ནི་སྐུ་དང་གསུང་དང་ཐུགས་སོ། །རིགས་རྗེས་སུ་དྲན་པ་ནི་རིན་
པོ་ཆེ་དང་ལས་ཀྱི་བདག་ཉིད་དོ། །ཁྲོ་བོ་རྗེས་སུ་དྲན་པ་ནི་རིགས་ཀྱི་ཁྲོ་བོ་གང་ཡིན་པ་ལ་སོགས་པའོ། །ལྷ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་དམ་ཚིག་ཀྱང་དཀྱིལ་འཁོར་ལ་སོགས་པའོ། །བུད་མེད་གཟུགས་བཟང་མདངས་བཟང་བ། །ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་དྲན་པ་སྤྲོ་བའི་
ཡུམ་མོ། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །སྤྱན་ལ་སོགས་པར་བསྒོམ་པར་བྱ། །ཞེས་བྱ་བ་ནི་དེ་རྣམས་སུ་བྱིན་གྱིས་བརླབ་པའོ། །ཡི་གེ་ཧཱུཾ་དང་ཨོཾ་དག་དང་། །ཕཊ་ཀྱང་རབ་ཏུ་བརྟགས་པར་བྱ། །ཞེས་པ་ནི་མཁའ་བྱིན་གྱིས་བརླབ་པ་སྟེ།དེ་ལ་ཡི་གེ་ཧཱུཾ་གིས་
ནི་གསང་བའི་མཁའ་རྣམ་པ་གཉིས་འོད་ཟེར་སྣ་ལྔས་ཁྱབ་པའི་རྡོ་རྗེ་དང་པདྨ་བསྒོམ་པར་བྱའོ། །ཨོཾ་དཀར་པོ་ནི་རྡོ་རྗེ་རྩེ་མོར་རོ། །ཕཊ་ནག་པོ་ནི་སྦུ་གུར་ཏེ་བྱང་ཆུབ་ཀྱི་སེམས་སྤྲོ་བའི་དོན་ཏོ། །འབར་བཅས་ཟླ་འོད་བཞིན་དུ་དཀར། །ཞེས་བྱ་བ་ནི་མཁའ་རྣམ་པ་གཉིས་ཀྱི་འོད་དོ། །སངས་
རྒྱས་རྗེས་དྲན་སྦྱོར་ལ་སོགས། །ཞེས་བྱ་བ་ནི་འོག་ནས་འབྱུང་བ་ལྟར་རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པ་སྟེ། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། །བྷ་ག་ལ་ནི་ལིངྒ་བཞག །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བ་སྤུ་རྣམས་ཀྱི་བུ་ག་ནས། །མཁས་པས་སངས་
རྒྱས་སྤྲིན་རྣམས་སོ། །ཞེས་འབྱུང་སྟེ། དེ་ལ་འདིའི་ཚུལ་ནི་ཕྲ་མོ་བརྟེན་པར་གྱུར་པའི་རྗེས་ཐོགས་སུ་རྣམ་པར་སྣང་མཛད་ཀྱི་སྐུར་བསྒོམས་ཏེ་ཡུམ་སངས་རྒྱས་སྤྱན་དུ་བྱིན་གྱིས་བརླབས་ནས་སྔོན་དུ་བརྗོད་པ་ལྟར་མཁའ་བྱིན་གྱིས་བརླབ་པ་བྱས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་
པའི་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་ཕྲ་མོ་བསྒོམ་པའི་བདག་ཉིད་དེ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྲ་མོ་མང་པོ་ཡུམ་གྱི་བ་སྤུའི་བུ་ག་ནས་འཕྲོས་པས་སྔོན་དུ་བསྒོམས་པའི་ཕྲ་མོའི་སྐབས་ཀྱི་ཏིང་ངེ་འཛིན་རྗེས་སུ་དྲན་པ་སྟེ་ཐམས་ཅད་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་ཆོས་རྗེས་སུ་དྲན་པ་ནི་སྣང་

བ་མཐའ་ཡས་སུ་སྦྱར་བའོ། །རྡོ་རྗེ་རྗེས་སུ་དྲན་པ་ནི་མི་འཁྲུགས་པར་སྦྱར་བའོ། །རིགས་རྗེས་སུ་དྲན་པ་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་གཉིས་སུ་སྦྱར་བའོ། །ཁྲོ་བོ་རྗེས་སུ་དྲན་པ་ནི། ཁྲོ་བོ་བཅུ་གང་ཡང་རུང་བའོ། །དམ་ཚིག་རྗེས་སུ་
དྲན་པ་ནི་བདག་ལྷ་གང་ཡང་རུང་བར་བསྒོམས་ཏེ། སྦྱོར་བའི་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པའོ། །དེ་ཡང་དཀྱིལ་འཁོར་གྱི་ལྷའི་སྦྱོར་བ་དྲན་པར་བྱེད་པས་རྗེས་སུ་དྲན་པའོ། དཀྱིལ་འཁོར་རྗེས་སུ་དྲན་པ་ནི་ལྷ་གང་ཡང་རུང་བར་བསྒོམས་པའི་བྱང་ཆུབ་སེམས་ལས་ལྷའི་དཀྱིལ་འཁོར་
ཡོངས་སུ་རྫོགས་པ་འཕྲོ་བའོ། །སྐུ་རྗེས་སུ་དྲན་པ་དང་། གསུང་རྗེས་སུ་དྲན་པ་དང་། ཐུགས་རྗེས་སུ་དྲན་པ་གསུམ་ནི། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཇི་ལྟ་བ་དེ་ལྟར་བདག་རྗེས་སུ་དྲན་ཞིང་བསྒོམ་པ་སྟེ་འདི་མན་ཆད་ནི་སྤྲོ་བར་མི་བྱེད་དོ། །སེམས་ཅན་
རྗེས་སུ་དྲན་པ་ནི་སེམས་ཅན་གྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ནམ་མཁའ་ལྟར་བསྒོམ་པའོ། །སྔགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་དྲན་པ་ནི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པ་ཇི་ལྟ་བ་དེ་ལྟར་བདག་ཀྱང་དེ་དང་འདྲ་བར་བསྒོམ་པའོ། །དམ་ཚིག་རྗེས་
སུ་དྲན་པ་ནི། སྦྱོར་བའི་བྱང་ཆུབ་ཀྱི་སེམས་ལྷའི་སྦྱོར་བས་བཏུང་བ་སྟེ་དེ་བཞིན་གཤེགས་པའི་ཚོགས་བསད་ན་ཞེས་པ་རྣམ་པར་མི་རྟོག་པའི་བློས་བཏུང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་སུ་དྲན་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་བསྒོམ་པ་སྟེ་འདི་ནི་
ཡུམ་མི་དམིགས་པར་རྗེས་སུ་དྲན་པའོ། །མ་སྐྱེས་པ་རྗེས་སུ་དྲན་པ་ནི། ཆོས་པ་ཐམས་ཅད་མཚན་ཉིད་མེད་ཅིང་རང་བཞིན་མེད་པའི་སྒྱུ་མ་ཙམ་དུ་སྣང་བ་སྟེ། འདི་ནི་ཐམས་ཅད་ཀྱི་རང་བཞིན་ཡབ་མི་དམིགས་པར་དྲན་པའོ། །དེ་ལ་ཞེ་སྡང་གི་རིགས་ལ་སོགས་པ་མཆོད་པ་རྗེས་སུ་དྲན་པ་ནི་
ལོ་བཅུ་གཉིས་པའི་བུད་མེད་ལ་གཉིས་སུ་མེད་པའི་སྦྱོར་བའི་སྒོ་ནས་རང་གི་རིགས་ཀྱི་མཆོད་པ་བྱའོ། །རྗེས་སུ་དྲན་པ་འདི་དག་ལ་ཡང་སྐུ་རྣམ་པར་སྣང་མཛད་རྗེས་སུ་དྲན་པ་འབའ་ཞིག་བསྒོམ་པ་ལ་ཡང་དམ་ཚིག་རྗེས་སུ་དྲན་པ་ལ་སོགས་པ་མན་ཆད་ནི་ལྡན་པར་བསྒོམས་ཏེ། དེ་བཞིན་དུ་ཆོས་

དང་རྡོ་རྗེ་དང་རིགས་དང་ཁྲོ་བོ་རྣམས་ལ་ཡང་དམ་ཚིག་རྗེས་སུ་དྲན་པ་ལ་སོགས་པ་ནི་ལྡན་པར་སྦྱར་རོ། །ལེའུ་བདུན་པའོ།། །།ད་ནི་ལེའུ་གསུམ་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་དང་། ལེའུ་བཞི་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པ་ལ་མཆོད་པ་
བསྟན་ཏེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་གྱིས་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ནི་མཆོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ། རྡོ་རྗེ་རྒྱལ་པོ་ཐེག་པ་ཆེ། །ཞེས་བྱ་བ་ལ་སོགས་པས་ནི་ཐེག་པ་ཆེན་པོའི་དོན་ལ་བསྟོད་དེ། དེ་ལ་རྡོ་རྗེའི་ཐེག་པ་ནི་
ནམ་མཁའི་མཛད་སྤྱོད་དང་འདྲ་བ་སྟེ། མ་ཆགས་ཤིང་མ་གོས་པའི་མཛད་སྤྱོད་ཀྱིས་འདྲེན་པའི་ཕྱིར་ཤིན་ཏུ་ངོ་མཚར་བ་སྟེ། དེ་ཡང་དུག་གསུམ་མ་སྤངས་པར་ལམ་དེ་ཉིད་ནས་འགྲོ་བ་འདྲེན་པའི་ཚུལ་དང་ཐེག་པ་མཐའ་དག་ཀྱང་ཡོངས་སུ་རྫོགས་པའི་ཚུལ་དང་། སྐུ་གསུང་ཐུགས་ཤིན་ཏུ་
དག་པའི་བྱང་ཆུབ་སེམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལ་བསྟོད་དེ་ཞུ་བ་གསོལ་པའོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན་པ་ནམ་མཁའ་ལྟར་མི་འགྱུར་བ་ཆོས་ཐམས་ཅད་ཀྱི་དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བར་མཛད་པ་དེས་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་མཆོད་པ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་བསྐལ་པ་བཟང་པོ་མཆོག་ལ་གནས་པ་རྒྱལ་བ་འབྱུང་བར་འགྱུར་བར་བཤད་དོ་ཞེས་པའི་དོན་ཏེ། དེ་ཉིད་འདི་ཡིན་ཏེ། ན་ཆུང་གཞོན་ནུ་མིག་བཟང་བཙལ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བྱོལ་སོང་སྐྱེ་གནས་བརྟག །ཅེས་བྱ་བ་
ནི་བྱིན་གྱིས་བརླབ་པ་སྟེ། འདི་ལྟར་རྒྱལ་བའི་ཡུམ་ནི་གཏི་མུག་གི་རིགས་ཡིན་པས་བྱོལ་སོང་དུ་སྐྱེ་བའི་གནས་སུ་རྒྱུ་གཏི་མུག་ཡིན་ཏེ་དེར་བརྟག་པར་བྱའོ། །བྱོལ་སོང་གི་ཚེ་ཚད་བརྟག་པ་ཡིན་ནོ་ཡང་ཟེར་རོ། །དེའི་གནས་ནི་ས་ཕྱོགས་གཙང་ཞིང་དབེན་པ་དང་། རྒྱལ་བའི་གནས་
དང་ཞི་བ་ལྷ་ཆེན་པོའི་གནས་རྣམས་སུ་བྱའོ། །དེར་མཎྜལ་བྱ་བ་ནི། ཆུའམ་ཡང་ན་བཤང་གཅིས་བྱུག་པ་ནི། རྒྱལ་བ་མཆོད་ཕྱིར་རབ་ཏུ་བརྟག་པར་བྱ། །ཞེས་བྱ་བའོ། །བྱིན་གྱིས་བརླབ་པ་ནི། ནུ་མའི་བར་དང་ཀླད་པ་རྒྱས་ཀྱི་བར། །ཆོ་ག་ཤེས་པས་ཡང་ན་རྐང་པའི་བར། །རིགས་ལྔ་རྣམས་

ནི་རབ་ཏུ་དགོད་པར་བྱ། །ཞེས་གསུངས་ཏེ། དེ་ལ་ནུ་མའི་བར་ཡན་ཆད་ནས་སྤྱི་བོ་མན་ཆད་དུ་རྣམ་པར་སྣང་མཛད་ཀྱི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་དགང་ངོ་། །དེ་བཞིན་དུ་སྙིང་ག་ནས་ལྟེ་བའི་བར་དང་། རྐེད་པའི་བར་དང་། གསང་བའི་བར་དང་། རྐང་པའི་བར་དུ་མི་
འཁྲུགས་པ་དང་། རིན་ཆེན་དཔལ་དང་། འོད་དཔག་མེད་དང་། གདོན་མི་ཟ་བ་རྣམས་ཀྱིས་ཡོངས་སུ་དགང་ངོ་། །རྣམ་པ་གཅིག་ཏུ་ནུ་མའི་བར་ནི་སྙིང་ག་སྟེ་མི་འཁྲུགས་པའོ། །ཀླད་རྒྱས་ཀྱི་བར་ནི་མཆོག་མ་སྟེ། རྣམ་པར་སྣང་མཛད་དོ། །ཡང་ན་རྐང་པའི་བར་ཞེས་བྱ་བ་ནི་
བརླ་འམ། གསང་བའི་གནས་སུ་གདོན་མི་ཟ་བའོ། །ལྟེ་བར་ནི་རིན་ཆེན་དཔལ་ལོ། །རྐེད་པར་ནི་གདོན་མི་ཟ་བ་སྟེ་དེ་དག་ཀྱང་རང་གི་གདན་ལ་བཞུགས་པ་རང་གི་ཡུམ་དང་ལྡན་པར་བསྒོམ་པར་བྱའོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ལྷའི་
དཀྱིལ་འཁོར་དུ་བསྒོམས་པ་ལས་མཆོད་པའི་བྱེ་བྲག་སྤྲོ་བ་སྟེ། །དེ་ལ་ནམ་མཁའ་དབྱིངས་ཀྱི་དབུས་ནི་ཆོས་ཀྱི་འབྱུང་གནས་སོ། །ཡེ་ཤེས་རྒྱ་མཚོ་བསྒོམ་པ་ནི་ཡེ་ཤེས་ཀྱི་གཞལ་ཡས་ཁང་ངོ་། །བདག་ཉིད་ཟླ་བའི་དངོས་གནས་པར། །མཁས་པས་སྙིང་གར་བསྒོམ་པར་བྱ། །ཞེས་བྱ་
བ་ནི་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ་པའོ། །ཞི་བ་རྡོ་རྗེ་འཛིན་འདོད་ན། །བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་བྱ་བ་ནི་དེ་ལས་བདག་རྡོ་རྗེ་འཛིན་ཆེན་པོར་བསྐྱེད་པར་འདོད་ན་འོད་དུ་ཞུ་སྟེ། བསྡུ་བ་བྱས་
ལ་ཕྱིས་རྡོ་རྗེ་འཛིན་ཆེན་པོར་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་བྱས་ཏེ་མཆོད་པར་བྱ། །ཞེས་པ་ནི་མཆོད་པ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་འདོད་ཆགས་ཆེན་པོས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་བསྡུས་ཏེ་བུད་མེད་དགུའི་ངོ་བོར་སྤྲོས་ནས་མཆོད་པ་ཉིད་གོང་གི་མེ་
ཏོག་དགུའི་བདག་ཉིད་དོ། །རིན་ཆེན་སྣ་བཞིའི་མཆོད་རྟེན་ལ། །ཞེས་བྱ་བ་ལ་སོགས་པས་ནི་གཞལ་ཡས་ཁང་འདིའི་མཆོད་པ་བསྟན་ཏོ། །མཁས་པས་ཨུཏྤ་ལ་དག་དང་། །པདྨ་རྣམ་པ་ལྔར་ཤེས་བྱ། །ཞེས་བྱ་བ་ནི་འདོད་པ་ལྔའི་ལྷ་མོའོ། །ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས། །

ཞེས་བྱ་བ་ནི་ཇི་ལྟར་མེ་ཏོག་ཛཱ་ཏི་ཁ་དོག་གསུམ་པ་ལྟར་དེ་དག་ཀྱང་སྐུ་གསུང་ཐུགས་སུ་ཤེས་པར་བྱའོ། །མེ་ཏོག་ཀར་བཱི་ར་ལ་སོགས་པ་བཞི་ནི་ཡུམ་བཞིའི་བདག་ཉིད་དོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་འཁོར་ལོ་སྟེ་གནས་ཀྱི་མཆོད་
པའོ། །དཔག་ཚད་བྱེ་བའི་ཁྱོན་ཙམ་ལ། །ཞེས་བྱ་བ་ལ་སོགས་པ་ནི་མཆོད་རྟེན་ཏེ་སྔ་མ་བཞིན་ནོ། །འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ལ་སོགས་པ་ནི་འདོད་པ་ལྔའི་མཆོད་པའོ། །མཆོད་པ་རྣམ་པ་ལྔ་ཞེས་བྱ་བ་ལ་སོགས་པ་ནི་མེ་ཏོག་ལ་སོགས་པའི་མཆོད་པ་ལྔའོ། །རིན་ཆེན་
འབྱུང་གནས་ན་ཆུང་མཆོག །ཞེས་བྱ་བ་ལ་སོགས་པ་ནི་གཟུངས་ཀྱི་མཆོད་པའོ། །ཞིང་འདི་རིན་ཆེན་སྣ་བདུན་གྱིས། །ཞེས་བྱ་བ་ལ་སོགས་པ་ནི་སྣང་སྲིད་དེ་རིན་པོ་ཆེ་སྣ་བདུན་གྱི་མཆོད་པའོ། །བདག་པོའི་ཕྱག་རྒྱར་མཉམ་གཞག་ལ། ཞེས་བྱ་བ་ལ་སོགས་པས་ནི་གཟུངས་ཀྱི་མཆོད་
པ་སྟོན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ནི་བདུད་རྩི་ལྔའི་མཆོད་པའོ། །འདིར་བླ་མའི་མན་ངག་ནི་བླ་ན་མེད་པའི་མཆོད་པ་མ་དང་སྲིང་མོ་བུ་མོ་གསུམ་གྱི་བདག་ཉིད་དོ། །དེ་ལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ལྷ་རྣམས་བསྡུས་ནས། བུད་མེད་
རྣམས་དགུ་སྐུ་ལས་བཏོན་ནས། བསྟིམས་པའི་ཡུམ་གང་ཡིན་པ་དེ་ནི་མའི་བདག་ཉིད་ཡིན་ཏེ། དེ་ཉིད་འདིར། ན་ཆུང་གཞོན་ནུ་མིག་བཟང་བཙལ། །ཞེས་བྱ་བ་འདི་ཡིན་ནོ། །འདི་ནི་གསང་བའི་དབང་གི་ཡུམ་དུ་ཤེས་པར་བྱའོ། །རིན་ཆེན་འབྱུང་གནས་ན་ཆུང་མཆོག །ཅེས་
འབྱུང་བ་འདི་ནི་སྲིང་མོ་ཡིན་ཏེ། སེམས་འོད་འབར་ཧོས་ཞུ་བའི་དུས་ཀྱི་ཆགས་པར་བྱེད་པའི་ཡུམ་ཡིན་ཏེ། ཤེས་རབ་ཀྱི་དབང་གི་ཡུམ་ཡིན་པས། །རིན་ཆེན་རྣམས་ནི་ཀུན་ལ་དབུལ། །ཞེས་སྨོས་ཏེ་སློབ་མ་སྣོད་དང་ལྡན་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན་པའོ། །རིན་ཆེན་སྣ་
བདུན་ཡང་དབང་བསྐུར་བའི་དུས་ཀྱི་དབུ་རྒྱན་དང་། དཔུང་རྒྱན་དང་། སེ་མོ་དོ་དང་། དོ་ཤལ་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། མགུར་ཆུ་རྣམས་ཀྱིས་བརྒྱན་པའོ། །བཞིན་བཟངས་ཤིན་ཏུ་གཟུགས་མཛེས་པའི། །ན་ཆུང་སྐལ་བ་མཆོག་བཟང་ལ། །ཞེས་བྱ་

བ་ནི་བུ་མོ་ཡིན་ཏེ། རྡོ་རྗེ་འཛིན་ཆེན་པོར་བཞེངས་པའི་ཡུམ་སྟེ་འདི་ནི་གཞན་ལ་དབང་བསྐུར་བའི་ཡུམ་དུ་འདོད་དོ། །དེ་ལྟར་ན་ལེའུ་འདིའི་དོན་ནི་འདི་ལྟར་འགྱུར་ཏེ། དང་པོ་ན་ཆུང་གཞོན་ནུ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སེམས་དཔའ་འདོད་ཆགས་ཆེན་པོའི་
ཏིང་ངེ་འཛིན་གྱིས་བུད་མེད་རྣམ་དགུ་སྤྲོས་ནས་ཐིམ་པའི་ཡུམ་ནི་བྱིན་གྱིས་བརླབ་པ་དང་། མེ་ཏོག་དགུ་ལྷ་མོ་དགུར་བྱིན་གྱིས་བརླབ་པ་ཡན་ཆད་དོ། །དེ་ནས། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་ལ། །ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེའི་གཞལ་ཡས་ཁང་འདོད་པའི་ལོངས་སྤྱོད་ལྔའི་
རྒྱན་གྱིས་བརྒྱན་པ་ནི་རྡོ་རྗེ་སེམས་དཔའ་བཞུགས་པ་ཧོས་ཞུ་བར་བྱ་སྟེ། ཆགས་པར་བྱིད་པའི་ཡུམ་ནི། །རིན་ཆེན་འབྱུང་གནས་ན་ཆུང་མཆོག །ཅེས་བྱ་བར་སྦྱར་ཏེ། དེར་ཤེས་རབ་ཀྱི་དབང་བསྐུར་ཏེ་དེའི་དུས་ཀྱི་རྒྱན་གྱི་ཁྱད་པར་རིན་པོ་ཆེ་སྣ་བདུན་གྱིས་སོ། །དེ་ནས་རྡོ་རྗེ་འཛིན་ཆེན་
པོར་བཞེངས་ནས། དེའི་ཡུམ་ལས་ཀྱི་དཀྱིལ་འཁོར་གྱི་ལྷ་དགོད་པའི་འཁོར་ལོའི་ཚད་ཙམ་ཡང་དཔག་ཚད་བརྒྱའི་ཁྱོན་ཙམ་དུ་ཞེས་བྱ་བ་ལ་སོགས་པ་གོང་དུ་སྨོས་པ་ཉིད་དོ། །དེའི་ཡུམ་དེ་ལས་མཆོད་པ་སྤྲོ་བ་ནི། བདག་པོའི་ཕྱག་རྒྱར་མཉམ་གཞག་པ། །ཞེས་བྱ་བ་ལ་སོགས་པས་
བསྟན་ཏོ། །ལེའུ་བརྒྱད་པའོ།། །།ད་ནི་རིགས་སོ་སོའི་དམ་ཚིག་བསྟན་པའི་ཕྱིར། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་སྟེ། མི་བསྐྱོད་པའི་
ཏིང་ངེ་འཛིན་རྡོ་རྗེ་རབ་འབར་བསྒོམས་ནས། ཁྲོ་བོའི་སྦྱོར་བས་སེམས་ཅན་བསད་པའོ། །དེ་བཞིན་དུ་གཏི་མུག་རིགས་ཀྱི་དམ་ཚིག་ནི་ནོར་འཕྲོག་པས་འགྲོ་བའི་དོན་བྱེད་པའོ། །འོད་དཔག་མེད་ཀྱི་དམ་ཚིག་ནི་སྦྱོར་བས་འགྲོ་བའི་དོན་བྱེད་པའོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི་
བརྫུན་གྱི་སྒོ་ནས་འགྲོ་བའི་དོན་བྱེད་པའོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ནི་ཚིག་རྩུབ་མོས་འགྲོ་བའི་དོན་བྱེད་པའོ། །དེ་ལྟར་བསྟན་པའི་དམ་ཚིག་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་སྐྱེས་པར་གྱུར་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་ནམ་མཁའ་དང་གཙུབ་

ཤིང་གི་དཔེས་ཆོས་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་ཙམ་དུ་བསྟན་ཏོ། །འདིར་བླ་མའི་མན་ངག་ནི་རིགས་གཅིག་གི་སྐུ་ཕྱག་རྒྱར་བསྒོམས་ཏེ་ཐབས་དང་ཤེས་རབ་རོལ་པས་དམ་ཚིག་ལྔ་རྫོགས་པར་འགྱུར་ཏེ། དེ་ལ་དང་པོར་མཁའ་བྱིན་གྱིས་བརླབ་པའི་གསང་སྔགས་ཧཱུཾ་ཕཊ་ཅེས་བརྗོད་པ་
ནི་ཚིག་རྩུབ་མོ་སྟེ་ནོར་བུའི་རིགས་ཀྱིའོ། །དེ་ནས་བྱང་ཆུབ་སེམས་ཀྱི་ས་བོན་གྱི་འོད་ཟེར་གྱིས་རིགས་ལྔའི་སངས་རྒྱས་བཀུག་སྟེ་ཞལ་དུ་ཐིམ་པ་ནི་བརྫུན་ཏེ་ལས་ཀྱི་རིགས་ཀྱིའོ། །དེ་ནས་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་བསྐྱོད་པའི་བདག་ཉིད་ནི་མི་ཚངས་པར་སྤྱོད་པ་སྟེ། འདོད་
ཆགས་ཀྱི་རིགས་ཀྱིའོ། །བྱང་ཆུབ་ཀྱི་སེམས་ལྕེས་ལེན་པ་ནི་རྫས་འཕྲོག་པ་སྟེ་གཏི་མུག་གི་རིགས་ཀྱིའོ། །ཟོས་ནས་མི་རྟོག་པར་བྱེད་པ་ནི་སྲོག་གཅོད་པར་བྱེད་པ་སྟེ་ཞེ་སྡང་གི་རིགས་ཀྱིའོ། །དེ་ལ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། །
ལག་ཏུ་རྡོ་རྗེ་བསྒོམ་པར་བྱ། །ཞེས་བྱ་བ་ནི་ལྷའི་ཏིང་ངེ་འཛིན་བསྒོམ་པའོ། །འོད་འཕྲོ་མང་པོ་འབར་བ་དང་། །ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་བསྒོམས་ནས་རྡོ་རྗེ་ཕྱེ་མར་བརླག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཟོས་ནས་རྣམ་པར་མི་རྟོག་པའོ། །སྐུ་གསུང་ཐུགས་
ཀྱི་ལོངས་སྤྱོད་ནི། །ཞེས་བྱ་བ་ནི་མི་རྟོག་པའི་སྐུ་གསུང་ཐུགས་སུ་གྱུར་པ་ཉིད་ལོངས་སྤྱོད་དུ་གྱུར་པའོ། །དེ་ལྟར་བསྒོམས་པས་ཇི་སྐད་སྨོས་པའི་ཡོན་ཏན་དུ་འགྱུར་རོ། །རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི་བདག་རྣམ་པར་སྣང་མཛད་དུ་བསྒོམས་ནས་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་
བྱང་ཆུབ་ཀྱི་སེམས་ཆོས་རིན་པོ་ཆེ་བསྒོམས་ཏེ་ལྷའི་ཏིང་ངེ་འཛིན་གྱིས་བླངས་པ་ནི་འཕྲོག་པ་སྟེ། དེ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམས་ནས་དེའི་ངོ་བོར་གྱུར་པ་ནི། ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །ཞེས་བྱའོ། །འདོད་ཆགས་ཀྱི་དམ་ཚིག་ནི་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱིས་
གཟུངས་དང་གཉིས་སུ་མེད་པའི་རོལ་པས་མཉེས་པར་བྱ་བ་ཡིན་ཏེ། དེ་ལ། དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། འདི་ལྟར་འཁྱུད་པ་དང་སྦྱོར་བ་དང་བསྐུལ་བ་དང་བདེ་བ་ཆེན་པོ་ལ་གནས་པ་སྟེ། འདི་ནི་བསྙེན་སྒྲུབ་བཞི་དང་ཡུམ་བཞི་དང་ལྡན་པར་

བསྒོམ་པ་ཡིན་ནོ། །དེ་ཡང་འདི་ལྟར་འཁྱུད་པ་ནི་སྐུ་ཕྱག་རྒྱ་སྟེ་སའི་བདག་ཉིད་སངས་རྒྱས་སྤྱན་ནོ། །སྦྱོར་བ་ནི་ཏིང་ངེ་འཛིན་ཏེ་ཆུའི་བདག་ཉིད་མཱ་མ་ཀཱིའོ། །བསྐུལ་བ་ནི་བརྩོན་འགྲུས་ཏེ་རླུང་གི་བདག་ཉིད་སྒྲོལ་མའོ། །བདེ་བ་ཆེན་པོ་ནི་ཤེས་རབ་ཆེན་པོ་སྟེ་མེའི་
བདག་ཉིད་གོས་དཀར་མོའོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི་བདག་ཉིད་རྡོ་རྗེ་ཐོགས་མེད་དུ་བསྒོམས་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་ཞལ་དུ་ཐིམ་པས་མི་སྣང་བར་གྱུར་པ་ནི། རྒྱལ་བ་ཀུན་གྱི་གནས་རྣམས་དང་། །རྒྱལ་བ་ཐམས་ཅད་སླུ་བར་བྱ། །ཞེས་བྱ་བ་ཡིན་ནོ་དམ་ཚིག་
འགུགས་པ་ཞེས་བྱ་བ་ནི་དམ་ཚིག་ཉམས་པ་གསོ་བའོ། །ནོར་བུའི་རིགས་ཀྱི་དམ་ཚིག་ནི་བདག་ཉིད་དཀོན་མཆོག་དཔལ་དུ་བསྒོམས་ཏེ། གསང་གནས་བྱིན་གྱིས་བརླབ་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་པ་ལ་སོགས་པ་ནི་སྔ་མ་བཞིན་ཏེ་བྱེ་བྲག་མེད་དོ། །
དམ་ཚིག་གི་རྡོ་རྗེ་དཔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་སྟེ་ལས་ཀྱི་རིགས་ཀྱི་ཡིན་པའི་ཕྱིར་རོ། །དེ་ལ་ནམ་མཁའི་དཔེས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་ནས་དེ་བཞིན་གཤེགས་པ་རྣམས་ནི་དོན་གྱི་དབང་འདི་ལྟ་བུ་མཁྱེན་ཞིང་སེམས་ཅན་རྣམས་
ཀྱི་བསམ་པ་ཡང་མཁྱེན་ནས་གདོད་ཆོས་འཆད་པར་མཛད་དོ་ཞེས་བྱ་བ་ནི་གསང་སྔགས་སྤྱིའི་དགོངས་པ་སྟེ། དེ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དགེ་བ་དང་མི་དགེ་བ་དབྱེར་མེད་དེ་གང་ལྟར་བསམས་པ་དེ་ལྟར་འགྲུབ་པའོ། །དེའི་ཕྱིར་དུག་ལྔ་ལ་སོགས་པ་
དེ་དག་ནི་དགོངས་པ་ཡིན་པས་བཤད་པ་ཡིན་ནོ། །འོན་ཀྱང་འདི་དག་ལ་སྤྱད་པར་བྱ་བར་གསུངས་པ་ནི་སེམས་ཅན་གྱི་བསམ་པ་མཁྱེན་པ་སྟེ་འདི་ནི་ཐམས་ཅད་ཀྱི་ཚུལ་ལོ། །དེ་ཁོ་ན་ཉིད་ཀྱི་དམ་ཚིག་བསྟན་པ་སྟེ་ལེའུ་དགུ་པའོ།། །།ད་ནི་ལྷའི་ཏིང་ངེ་འཛིན་གྱི་གོ་ཆ་ཚང་
བར་བསྒྲུབ་པ་ལས་གལ་ཏེ་དངོས་གྲུབ་མ་ཐོབ་ན་སྤོགས་པའི་ཆོ་ག་བྱ་བ་སྟོན་ཏེ། འདིའི་ཏིང་ངེ་འཛིན་ནི་བདག་རྡོ་རྗེ་འཛིན་ཆེན་པོར་གནས་པའི་ལུས་ལ་སྐུ་གསུང་ཐུགས་ཀྱི་ལྷ་བཀོད་པའི་ཐུགས་ཀར་རྡོ་རྗེ་དང་། འཁོར་ལོ་དང་། པདྨའི་ལྕགས་ཀྱུ་བསམས་ཏེ། ཕྱོགས་བཅུའི་འཇིག་

རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་ཧཱུཾ་ཨོཾ་ཨཱཿསྭཱ་ཧཱ། ཞེས་པའི་ཡི་གེ་རྣམ་པ་ལྔ་གནས་པར་བསམས་ལ་བདག་གི་ཐུགས་ཀའི་ཀྱོ་བ་རྣམས་ཀྱིས་སྙིང་བསྐུལ་བར་བསམ་ཞིང་ཧཱུཾ་ཨོཾ་ཨཱཿཕཊ་ཛཿ། ཞེས་བརྗོད་ལ། འདི་ལྟར་ཞག་བདུན་དུ་བྱས་ན་ཇི་
སྐད་བསྟན་པ་བཞིན་འགྲུབ་པའི་དོན་ཏོ། །དེ་ལ་སྔགས་ཀྱི་སྙིང་པོ་ཀུན་བསྡུས་ན་སྐུ་གསུང་ཐུགས་ཀྱི་གསང་བ་སྟེ། དེའི་དངོས་གྲུབ་ཀྱི་ཚུལ་བཤད་དུ་གསོལ་ཞེས་ཞུ་བ་གསོལ་བ་ལས། བཅོམ་ལྡན་འདས་རྣམ་པར་དག་པའི་སྐུ་གསུང་ཐུགས་ལ་སོགས་པ་བཀའ་སྩལ་ཏོ་ཞེས་
བྱ་བར་སྦྱོར་རོ། །རིག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནས་ཐབས་གཅིག་ཏུ་བྱ་བ་ནས། ཡོངས་སུ་སྤྱོད་པ་ཡོད་པ་ཡང་དེ་དག་སྔགས་ཀྱི་སྤྱོད་པ་ལ་བརྩོན་པ་རྣམས་ལ་སྤྱན་རས་ཀྱིས་མི་འཚོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་ཆེན་པོའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་ལ་རིགས་ལྔའི་སངས་
རྒྱས་རྣམས་སྤྱན་རས་ཀྱིས་མི་འཚོ་ཞིང་དངོས་གྲུབ་མི་སྩོལ་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་སྔགས་ཀྱི་སྤྱད་པ་ཡོངས་སུ་རྫོགས་པའི་གཙོ་བོ་ཡིན་ཏེ། བདག་གིས་ཡོངས་སུ་བསྐྱབ་པའི་ཡུལ་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་བས་ན་དེ་དག་ལ་ཕན་གདགས་པའི་ཕྱིར་འདི་བཀའ་སྩལ་
ཏོ་ཞེས་བྱ་བར་སྦྱར་རོ། །གཞན་དག་ན་རེ་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་གསང་སྔགས་ཀྱི་ཚུལ་གྱིས་དོན་སྤྱོད་པ་ཡོད་ཀྱང་དེའི་ཚེ་ཤིན་ཏུ་གསང་བའི་སྒྲུབ་པ་འདི་མ་གསུངས་ཏེ། དེ་བས་ན་ཐབས་ཟབ་མོ་འདི་ལྟ་བུས་སྐྱེས་བུ་དམ་པ་རྣམས་ལ་ཕན་གདགས་
པའི་ཕྱིར་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་སྐུ་གསུང་ཐུགས་ལ་དམིགས་པའོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བྱ་བ་ལ་སོགས་པ་ལ་ཡང་སྦྱར་རོ། །གསང་སྔགས་ཀྱི་དོན་ནི་སྔར་བརྗོད་དོ། །
ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །དཀྱིལ་འཁོར་བཀོད་པ་བསྒོམ་པར་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྒོམ་པའོ། །དེ་ཡི་དབུས་གནས་ཡི་གེ་ཧཱུཾ། །རང་གི་གཟུགས་སུ་རབ་ཏུ་བརྟག །ཅེས་བྱ་བ་ནི་ཡི་གེ་ཧཱུཾ་ལས་ལྷའི་བདག་ཉིད་དུ་

བསྐྱེད་པའོ། །རྡོ་རྗེ་འོད་ཟེར་རབ་ཏུ་འབར། །རབ་ཏུ་འཕྲོ་བ་བསམ་པ་ནི་ཕྱག་མཚན་དུའོ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ནི་སྐུ་གསུང་ཐུགས་ཀྱི་ལྷའོ། །སྙིང་ལ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་འོ། །ཡི་གེ་བསྒོམ་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་
གསུམ་མོ། །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །གནས་བཞི་རྣམས་སུ་གཟུགས་ཀྱི་ཚུལ། །ཞེས་བྱ་བ་ནི་རིགས་ལྔའི་ལྷ་ཞལ་གསུམ་གྱི་བདག་ཉིད་དུ་བསྒོམ་པའོ། །སྙིང་གའི་དབུས་སུ་ཕྲ་མོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བསྟན་པའི་ཀྱོ་བའི་ཁྱད་པར་རྣམས་སོ། །མདོར་ན་
དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྐྱེད་པའི་དབུས་སུ་བདག་ཡི་གེ་ཧཱུཾ་ལས་ལྷའི་སྐུར་བསྐྱེད་པའམ་རང་སྔགས་སྐྱེས་བུ་གང་ཡང་རུང་བར་བསྒོམས་ནས། དེའི་གནས་སུ་སྐུ་གསུང་ཐུགས་དང་ཡེ་ཤེས་སེམས་དཔའ་སྟེ་བཞིར་ལྷ་བསྐྱེད་ལ་དེའི་སྦྱོར་བས་སྙིང་གའི་དབུས་སུ་ཕྲ་
མོའི་རྡོ་རྗེ་དང་། པདྨ་དང་། འཁོར་ལོའི་ལྕགས་ཀྱུ་རྣམས་ལ་དབུས་སུ་ཧཱུཾ་ཨཱཿཨོཾ་རྣམས་གཞག་པ་ནི་ལྷའི་བསྐུལ་བར་བྱེད་པ་དམ་པ་ཡིན་ནོ། །སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་ནི་སྤྱིར་བཏང་བ་སྟེ་སྐུ་གསུང་ཐུགས་དང་ཡེ་ཤེས་སེམས་དཔའི་སྦྱོར་བ་དང་
ལྡན་པ་དང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་དག་གིས་སྤྱད་དེ་བསྒྲུབ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་། དབང་པོ་གཉིས་ནི་སྦྱོར་བ་ཡིས། །ཞེས་པ་ནི་རིག་མ་དབང་ཕྱུག་གཟུགས་བརྙན་ལ་སྦྱོར་བའོ། །བུད་མེད་ཇི་སྙེད་ཡོད་པ་ཀུན། །ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གྱིས། །ཞེས་བྱ་
བ་སྟེ་སྔ་མ་བཞིན་ནོ། །སྙིང་པོ་བསྐུལ་བའི་ལེའུ་སྟེ་བཅུ་པའོ།། །།ད་ནི་རིག་པའི་སྐྱེས་བུའི་ལེའུ་བཤད་དེ། དེ་ལ་རིག་པ་ནི་གསང་སྔགས་ཀྱི་ཡི་གེ་སྟེ་སྒོ་ཡིན་པའི་ཕྱིར་རོ། །རིག་པ་ལས་སྐྱེས་པའི་སྐྱེས་བུ་སྟེ་ལྷ་དང་གྲུབ་པའོ། །རྡོ་རྗེ་མཆོག་གསུམ་ཡི་གེ་སྔགས། །
ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་ཀྱི་ཐབས་བསྟན་ཏེ་རྡོ་རྗེ་མཆོག་གསུམ་ནི་སྐུ་གསུང་ཐུགས་སོ། །ཡི་གེ་སྔགས་ནི་ཨོཾ་ཨཱཿཧཱུཾ་ངོ་། །ཕྱག་རྒྱ་ཆེན་པོ་བསྒོམ་པ་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དབྱེར་མེད་པའི་རྡོ་རྗེ་དག་གིས་བསྒྲུབ་པར་བྱའོ་ཞེས་བྱ་བ་ཡིན་

ནོ། །ད་ནི་ཡི་གེ་གསུམ་གྱི་མཚན་ཉིད་བཤད་དེ། ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། །རྡོ་རྗེ་སྐུ་ནི་ཐོབ་བྱེད་པའོ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཧཱུཾ་གིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གྲུབ་པར་བཤད་པས་ཨོཾ་དང་ཨཱཿཡིས་ཀྱང་སྐུ་གསུང་ཐུགས་ཐོབ་པར་རིགས་སོ། །ད་ནི་གནས་
བཤད་པ། དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དཀྱིལ་འཁོར་ནི་གཞལ་ཡས་ཁང་སྟེ་དེ་སྐུ་གསུང་ཐུགས་རྡོ་རྗེ་ཀུན་ལས་སྐྱེས་པ་སྟེ། དེ་ཡང་རླུང་གི་དཀྱིལ་འཁོར་ནི་ཨོཾ་ལས་སོ། །ཆུ་ཡི་དཀྱིལ་འཁོར་ཧཱུཾ་ལས་སོ། །ས་ཡི་དཀྱིལ་
འཁོར་ཨཱཿལས་སོ། །དེའི་སྟེང་དུ་ཡི་གེ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་གྱུར་པར་བྱས་ཏེ། དེ་ནི་ནམ་མཁའ་རྡོ་རྗེའི་དབུས་ཆོས་ཀྱི་འབྱུང་གནས་སུ་རྡོ་རྗེ་སྤྲིན་སངས་རྒྱས་རྣམས་བསྐྱེད་པའི་གནས་དེར་ཡི་གེ་བྷྲཱུཾ་བསམ་མོ་ཞེས་སོ། །ཁ་ཅིག་ན་རེ་དཀྱིལ་འཁོར་ནི་གཞལ་ཡས་ཁང་ངོ་། །
རྡོ་རྗེ་ཀུན་ལས་སྐྱེས་ནི་འོག་ན་རྡོ་རྗེ་རྒྱ་གྲམ་ལ་བརྟེན་པའོ། །རྡོ་རྗེ་སྤྲིན་ནི་ཀུན་དུ་རྡོ་རྗེ་གཏམས་པ་ཞེས་ཟེར་རོ། །དེ་ལ། རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །ཨོཾ་ཞེས་བྱ་བ་རབ་ཏུ་བསྒོམ། །ཞེས་བྱ་བ་རླུང་རྡོ་རྗེའི་དཀྱིལ་འཁོར་ཡི་གེ་ཨོཾ་གྱིས་མཚན་པའོ། །གསལ་བའི་དཀྱིལ་
འཁོར་དབུས་གནས་པར། །ཡི་གེ་ཨཱཿནི་རྣམ་པར་བསམ། །ཞེས་བྱ་བ་ནི་ཆུའི་དཀྱིལ་འཁོར་སྟེང་ན་ཡི་གེ་ཨཱཿཡིས་མཚན་པའོ། །ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཧཱུཾ་ནི་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་ས་གཞི་རྡོ་རྗེའི་སྟེང་ན་སྣ་ཚོགས་པདྨའི་འདབ་མ་ལ་ཡི་
གེ་ཧཱུཾ་གིས་མཚན་པའོ། །ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ། །ཞེས་བྱ་བ་ནི་བྷྲཱུཾ་གྱིས་གཞལ་ཡས་ཁང་དེ་ཡི་གེ་གསུམ་ལས་བྱུང་བར་བསྒོམ་ཞེས་བྱ་བའི་དོན་ཏོ། །ད་ནི་སྐུ་གསུང་ཐུགས་ཀྱི་ཡི་གེས་ལྷ་བསྙེན་པའི་ཐབས་སུ་སྟོན་ཏེ། དེ་ལ། སྙིང་
པོ་དུས་གསུམ་སངས་རྒྱས་ཀྱི། །ཞེས་བྱ་བ་ལ་སོགས་པས་ཡི་གེ་གསུམ་སྐུ་གསུང་ཐུགས་འགྲུབ་པའི་རྒྱུར་སྟོན་ཏོ། །ཡེ་ཤེས་རྡོ་རྗེ་སྤྲུལ་པ་སྟེ། །སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་། །ཞེས་པ་ཡིན་ནོ། །དེ་ལ་ཡེ་ཤེས་རྡོ་རྗེ་ནི་སྐུ་གསུང་ཐུགས་སོ། །སྤྲུལ་པ་ནི་བསྐྱེད་

པ་སྟེ། །དེའི་ཕྱིར་རྒྱུ་ལས་སྐུ་གསུང་ཐུགས་ཀྱི་འབྲས་བུ་འབྱུང་ཞེས་བྱ་བའི་དོན་ཡིན་ནོ། །ད་ནི་གནས་བསྟན་པའི་ཕྱིར། །དབེན་ཞིང་རབ་ཏུ་ཉམས་དགའ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གནས་འདི་རྣམས་སུ་གོང་དུ་བསྟན་པའི་གཞལ་ཡས་ཁང་
ཚུལ་བཞིན་དུ་བསྐྱེད་ནས་དེར་སྐུ་གསུང་ཐུགས་ཀྱི་ལྷ་བསྒོམས་ནས་ཟླ་བ་ཕྱེད་ཀྱི་འོག་ནས་འབྱུང་བའི་རིགས་སོ་སོའི་རིག་འཛིན་རྣམས་སུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཚུལ་ནི་གནས་དང་གཞལ་ཡས་ཁང་དེ་ལྟ་བུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་གྱི་ཡི་གེ་འབྲུ་བཅུ་དགུ་
ལས་རྣམ་པར་སྣང་མཛད་ཀྱིས་གཙོ་བོ་བྱས་པའི་དཀྱིལ་འཁོར་དུ་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་བསྐྱེད་ལ། དེའི་སྙིང་གར་ཡི་གེ་ཨོཾ་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བར་བསམས་ཏེ། བསྒོམས་ན་རྣམ་པར་སྣང་མཛད་ཀྱི་རིག་འཛིན་དུ་འགྱུར་ཏེ། ཚེ་བསྐལ་པ་གསུམ་དུ་གནས་པར་
འགྱུར་རོ། །ཚུལ་འདི་ནི་རིགས་གཞན་ལ་ཡང་སྦྱར་བར་བྱའོ། །རྡོ་རྗེ་ཀུན་དང་རྒྱལ་བའི་གནས། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཀུན་ནི་སྐུ་གསུང་ཐུགས་ཀྱི་ལྷའོ། །རྒྱལ་བའི་གནས་ནི་དཀྱིལ་འཁོར་རོ། །དེ་ནི་ཡེ་ཤེས་རྡོ་རྗེ་ཡི་གེ་གསུམ་གྱིས་བྱའོ། །ཡེ་ཤེས་
དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཆེན་པོ་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་བསྒྲུབ་པ་སྟེ་འདིའི་བསྒོམ་པའི་ཚུལ་ནི་སྔ་མ་བཞིན་ནོ། །འདི་ནི་ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་གྱིས་མི་སྣང་བ་བསྒྲུབ་པའོ། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་
བྱ་བ་ནི་མ་ལས་འཇམ་དཔལ་བསྐྱེད་པའོ། །འོད་ཟེར་འབར་བའི་ཐིག་ལེ་ནི། །ཞེས་པ་ནི་སའི་སྙིང་པོའི་ཏིང་ངེ་འཛིན་གྱིས་མངོན་ཤེས་བསྒྲུབ་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །རྡོ་རྗེ་སེམས་དཔའ་རབ་བསྒོམས་ལ། །ཡི་གེ་ཨོཾ་ནི་
བསྒོམ་པར་བྱ། །ཞེས་བྱ་བ་ནི་ཨོཾ་གྱིས་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པ་སྟེ། འདི་ལྟར་ཡི་གེ་ཨོཾ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་བསྒྲུབ་པར་སྟོན་པ་ནི་བྱང་ཆུབ་སེམས་དཔའ་ལྔ་བསྒོམ་པ་ཡིན་ཏེ་སྐུ་ནི་བྱམས་པའོ། །གསུང་ནི་འཇིག་རྟེན་དབང་ཕྱུག་གོ། །ཐུགས་ནི་ཀུན་དུ་བཟང་

པོའོ། །ཡོན་ཏན་ཕྱག་ན་རྡོ་རྗེའོ། །ཕྲིན་ལས་ནི་འཇམ་དཔལ་ཏེ་འདི་དག་གི་སྒོ་ནས་བསྒྲུབ་པར་བསྟན་ཏོ། །ལ་ལ་ན་རེ་ཨོཾ་གཅིག་པུས་རིགས་ལྔའི་མངོན་ཤེས་བསྒྲུབ་པ་ཡིན་ཏེ། བདག་ཉིད་ལྷའི་སྐུར་བསྒོམས་ལ་ཡི་གེ་ཨོཾ་ཡེ་ཤེས་ལྔའི་རང་བཞིན་ཅན་སྙིང་གར་བཞག་སྟེ་དབང་
པོ་ལྔ་ལ་རྡོ་རྗེ་བསྒོམས་ན་མངོན་ཤེས་འཐོབ་པོ། །གཞན་རྣམས་སུ་ཡང་དེ་བཞིན་དུ་སྦྱར་ཏེ་དབང་པོ་ལྔ་ནི་རང་རང་གི་མཚན་མ་བསྒོམ་པར་བྱའོ། །ཤིན་ཏུ་དབེན་པའི་རི་དགོན་དང་། །ཞེས་བྱ་བ་ལ་སོགས་པས་ནི་གནས་བསྟན་ཏོ། །རྣམ་པ་གཅིག་ཏུ་འདི་དག་ནི་བརྡ་ཡིན་ཏེ། རིགས་
ཀྱི་ཡུམ་བཞིས་བསྒྲུབ་པའི་དུས་སུ་ལྡན་པར་བྱའོ་ཞེས་པའི་དོན་ཏོ། །མི་བསྐྱོད་ཡེ་ཤེས་དག་ལ་སོགས། །ཞེས་བྱ་བ་ནི་གོང་དུ་བསྟན་པའི་མཇུག་སྡུད་དོ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་ཀྱིས་མངོན་ཤེས་བསྒྲུབ་པའོ། །ཁ་ཅིག་ནི་གོང་མའི་དབང་པོ་ལ་
དགོད་པ་ཉིད་དུ་འདོད་དོ། །རྡོ་རྗེ་ནམ་མཁའི་དཀྱིལ་ཉིད་དུ། །ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་བསྟན་ཏེ། དེ་ནི་འདི་ལྟར་རྫས་ལས་འཁོར་ལོ་བྱས་ཏེ་མདུན་དུ་བཞག་ནས་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་དཀྱིལ་འཁོར་སྤྱན་དྲངས་ཏེ་འཁོར་ལོ་ལ་བསྟིམ་པའི་
སྦྱོར་བ་བྱས་པས་འབར་བར་གྱུར་པ་དེའི་ཚེ་ལག་ཏུ་བླངས་ན་སྐུ་རྡོ་རྗེ་དང་འདྲ་བར་འགྱུར་རོ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ནི་གནས་ཀྱི་གཞིའི་ཏིང་ངེ་འཛིན་དང་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དུ་ལྡན་པའོ། །བདག་གི་ལུས་ལ་སྣང་མཛད་བཞག་
པ་བསྒོམ་པའོ། །སྙིང་གར་ཡི་གེ་ཨོཾ་བསམས་ལ། །སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ། །ཞེས་བྱ་བ་ནི་ཨོཾ་རང་བཞིན་གྱིས་དེངས་པར་གྱུར་ཏེ། མི་དམིགས་པ་ནི་སྔགས་ཀྱི་རྣམ་པར་ཤེས་པའོ། །དེ་ལ་སེམས་མི་གཡེང་བ་ནི་མགོན་པོའི་རྡོ་རྗེ་ཞེས་བྱ་བ་དེ་ནི་རྡོ་རྗེ་སེམས་དཔའོ། །
ནམ་ཞིག་ཏིང་ངེ་འཛིན་དེ་བརྟན་པར་གྱུར་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་མན་ངག་ནི་གོང་དུ་བསྟན་པའི་སྔགས་ཀྱི་རྣམ་པ་བསྒོམ་པ་ཡང་དཀྱིལ་འཁོར་ཐམས་ཅད་བདག་ལ་བསྡུ། བདག་ཡེ་ཤེས་སེམས་དཔའ་ལ། དེ་ཨོཾ་ལ། ཨོཾ་ཐིག་ལེ་ལ། ཐིག་

ལེ་ཟླ་བ་ལྟ་བུ་ལ་དམིགས་པ་ནི་སེམས་སྦྱང་བའི་མན་ངག་གོ། །དེ་བཞིན་དུ་མི་བསྐྱོད་པ་དང་། ཚེ་དཔག་མེད་ཀྱི་ཐིག་ལེ་བསྒོམ་པ་ཡང་སྦྱར་བར་བྱའོ། །རྡོ་རྗེ་ནམ་མཁའི་དཀྱིལ་གནས་པར། །གསང་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ལུས་ངག་སེམས་ལ་ཡི་གེ་ཨོཾ། །
བསམས་ན་དེ་ནི་བསྐལ་པར་གནས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དུ་བྱས་ཏེ། སྐུ་གསུང་ཐུགས་ཀྱི་གནས་སུ་ཡི་གེ་ཨོཾ་བསྒོམས་ནས་ནམ་ཞིག་བརྟན་པར་གྱུར་པ་ན་ཚེ་ལ་དབང་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རིག་
པ་སྐྱེས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ད་ནི་བསྙེན་སྒྲུབ་རྣམ་པ་བཞི་དང་། ལས་ཕྲན་ཚེགས་རྣམས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རོལ་མོ་འདི་དག་ཅེས་བྱ་བ་ནི་སྟོང་པ་ཉིད་ལས་སྒྱུ་མའི་ཆོ་འཕྲུལ་དུ་སྣང་བའོ། །དགོན་པ་ཆེན་པོ་ལ་སོགས་
པ་ནི་གནས་བསྟན་ཏོ། །མུཾ། ལུས་དང་ངག་སེམས་རྡོ་རྗེ་ལས། །ཞེས་བྱ་བ་ལ་སོགས་པས་ནི་འཇམ་དཔལ་བསྒོམ་པའི་ཏིང་ངེ་འཛིན་བསྟན་ཏེ། འདིའི་སྒྲུབ་པ་ནི་སྒྲུབ་ཐབས་དག་ལས་ཤེས་པར་བྱའོ། །ད་ནི་བདུད་རྩི་རི་ལུ་བསྒྲུབ་པ་བསྟན་པར་བྱའོ། །དེ་ལ། རྡོ་རྗེ་མི་ཕྱེད་གསུམ་ལས་བྱུང་། །
ཞེས་བྱ་བ་ནི་བདུད་རྩི་ལྔའོ། །ལྕགས་གསུམ་ལས་བྱུང་ཞེས་བྱ་བ་ནི་ཟངས་ལྕགས་གསེར་ལས་བྱས་པའི་སྲན་མ་ཙམ་གྱི་ནང་དུ་བདུད་རྩི་རི་ལུ་བཅུག་སྟེ། ལྷའི་སྦྱོར་བས་ཁར་བཅུག་སྟེ། དེར་སངས་རྒྱས་རྣམས་བཀུག་སྟེ་བསྒོམས་ནས་རྟགས་ལྔ་སྐྱེས་པ་ན་ཟོས་ནས་ནམ་མཁའ་ལ་
འགྲོ་བ་དང་། འོད་ཟེར་འབར་བ་དང་མི་སྣང་བ་ལ་སོགས་པར་འགྱུར་རོ། །རྣམ་པ་གཅིག་ཏུ་རང་གི་ཤེས་རབ་མའི་བྷ་ག་ལ་བཞག་སྟེ། མཚན་མ་ཐོབ་ནས་ལྕེས་བླངས་ན་འགྲུབ་པར་འགྱུར་རོ། །འཁོར་ལོ་འོད་འཕྲོ་མདངས་མཆོག་ཅན། །ཞེས་བྱ་བ་ནི་རྫས་བསྒྲུབ་པ་བསྟན་པ་སྟེ། རྣམ་
པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་མདུན་དུ་བྷྲཱུཾ་ལས་འཁོར་ལོ་འབར་བ་བསམས་ལ་ཀྱོ་བའི་སྦྱོར་བས་སངས་རྒྱས་རྣམས་བཀུག་སྟེ་བསྟིམས་པས་མཚན་མ་ཐོབ་པ་ན་ལག་ཏུ་བླངས་ན་ཇི་སྐད་སྨོས་པའི་ཡོན་ཏན་དུ་འགྱུར་རོ། །རྡོ་རྗེ་ལ་སོགས་པ་འདི་དག་ཀྱང་དེ་བཞིན་དུ་སྦྱར་ཏེ། རང་རང་གི་

ལྷའི་སྦྱོར་བས་ཧཱུཾ་ལ་སོགས་པའི་ཡི་གེ་རྣམས་ཀྱིས་རྡོ་རྗེ་ལ་སོགས་པའི་མཚན་མ་བསྐྱེད་དེ། དེ་ཡང་གཞལ་ཡས་ཁང་དུ་བསྒོམས་ལ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ས་བོན་ལས་ལྷ་མོ་རྡོ་རྗེ་ཀྱོ་བ་ཅན་རྣམས་འཕྲོས་ཏེ། དེ་དག་གིས་རང་གི་རིགས་ཀྱི་གཙོ་བོ་བྱས་པའི་དཀྱིལ་འཁོར་ལ་
གནས་པ་རྣམས་དྲངས་ཏེ་མཚན་མའི་ནང་དུ་ཞུགས་པར་བསྒོམས་ཏེ་དེ་འབར་བ་དང་སོ་སོའི་རིགས་ཀྱི་ཡུམ་གྱི་སྙིང་པོ་བཟླས་ཤིང་ལག་ཏུ་བླངས་ན་འགྲུབ་པར་འགྱུར་རོ། །ཡེ་ཤེས་ལྔ་ལྡན་བསྟེན་ན་ནི། །ཞེས་བྱ་བ་ནི་མཚན་མ་དེ་དག་ལ་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པར་བསྒོམ་པའོ། །
ཨོཾ་ནི་རི་ལུ་ཙ་ན་ཀའི། །ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་བསྟན་པའི་རི་ལུའི་ཚད་དོ། །མཁའ་དབྱིངས་ནམ་མཁའི་དཀྱིལ་གནས་པར། །ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་བསྟན་པའི་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་ལ་སྒྲུབ་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཚུལ་བསྟན་
ཏོ། །ཡེ་ཤེས་རྡོ་རྗེ་དག་གིས་ཞེས་བྱ་བ་ནི་རྣལ་འབྱོར་པ་ཡེ་ཤེས་ཀྱི་སྣང་བ་ཐོབ་པས་བྱའོ། །ཏྲི་ཤཱུལ་ཀྱོ་བ་གཏང་ལ་སོགས། །ཞེས་བྱ་བ་ནི་དེ་དག་ཏུ་མ་ཟད་ཀྱི་མཚན་མ་འདི་དག་ལ་ཡང་བསྒྲུབ་པོ་ཞེས་བྱ་བའི་དོན་ཏོ། །ལམ་གྱི་བཞི་མདོ་ཤིང་གཅིག་དྲུང་། །ཞེས་བྱ་བ་ལ་སོགས་པ་ནི་
དགུག་པའི་ཁྱད་པར་བསྟན་ཏེ། དེ་ལ། སྦྱོར་གསུམ་རྡོ་རྗེ་ཅན་རྣམས་ཀྱིས། སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་བསམ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ལྷར་བསམ་པའོ། །སངས་རྒྱས་ཡེ་ཤེས་བློ་ཅན་གྱིས། །སྐུ་གསུང་ཐུགས་ཀྱི་ཀྱོ་བ་བཏང་། །ཞེས་བྱ་བ་ནི་ཐུགས་ཀའི་ཡི་གེ་
ལས་རྡོ་རྗེ་ལ་སོགས་པའི་ཀྱོ་བ་སྤྲོ་བའོ། །རང་གི་དཀྱིལ་འཁོར་མཆོག་གནས་པ། །ཞེས་བྱ་བ་ནི་དགུག་པར་བྱ་བའི་དོན་ཏོ། །གང་དགུག་ཅེ་ན། །དམ་ཚིག་ལས་བྱུང་ཕྱོགས་བཅུ་པ། །ཞེས་སྨོས་ཏེ། དམ་ཚིག་སྐུ་གསུང་ཐུགས་ལས་བྱུང་བའི་ཕྱོགས་བཅུའི་སངས་རྒྱས་རྣམས་
སོ། །རྣམ་པར་སྣང་མཛད་འཁོར་ལོའི་མཆོག །ཅེས་བྱ་བ་ལ་སོགས་པས་ནི་གོང་མའི་ཁྱད་པར་བསྟན་ཏོ། །ཁ་ཅིག་ན་རེ་འདི་ནི་གོང་མ་ལས་ཁྱད་པར་དུ་རླུང་གི་དཀྱིལ་འཁོར་མེད་དོ་ཞེས་ཟེར་རོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །ཞེས་བྱ་བ་ལ་སོགས་པ་ནི་

བདག་སངས་རྒྱས་ཀྱི་སྐུར་བསྒོམས་ཏེ། དེའི་ལག་ཏུ་ཀྱོ་བ་བསྒོམས་ལ་དགུག་པའོ། །ཁ་ཅིག་ན་རེ། ཐུགས་ཀ་ནས་སྤྲོས་པའི་ལྷ་མོའི་ལག་ན། སྐུ་གསུང་ཐུགས་ཀྱི་ཀྱོ་བ་ཐོགས་པར་བསྒོམས་པས་དགུག་ཅེའོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །
རྡོ་རྗེ་སྐུ་རྣམས་རབ་བསྒོམས་ལ། །རྡོ་རྗེ་སྦྱོར་བས་ལྕེ་བསྒོམས་ན། །ཞེས་བྱ་བ་ནི་ལྕེ་རྡོ་རྗེར་བསྒོམ་པའོ། །ད་ནི་ཤ་རྣམ་པ་ལྔ་བཟའ་བའི་ཁྱད་པར་བསྟན་ཏེ། དེ་ལ། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་སོགས་པས་ནི་ཤ་རྣམ་པ་ལྔའི་
ཡོན་ཏན་བསྟན་ཏེ་ཆོས་ཉིད་ཀྱི་མཐུ་ཡིན་ནོ། །རྣམ་གཅིག་ཏུ་སྨོས་པའི་དངོས་གྲུབ་རྣམས་བསྒྲུབ་པའི་དུས་སུ་ཤ་འདི་རྣམས་བཟའ་བ་སྟེ། དེ་ལ་ཤ་ཆེན་ནི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་དུས་སུ་བཟའ་བར་བྱའོ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །རྡོ་རྗེ་ཅན་གྱི་སྐུ་གསུང་
ཐུགས། །ཞེས་བྱ་བ་ལ་སོགས་པ་ནི་དངོས་གྲུབ་བསྒྲུབ་པའམ་བདུད་རྩི་ཟ་བའི་ཏིང་ངེ་འཛིན་ཏེ། སྐུ་གསུང་ཐུགས་ཀྱི་ལྷ་དང་། ཡེ་ཤེས་སེམས་དཔའ་དང་། དབུ་རྒྱན་གྱི་ལྷ་དང་ལྡན་པར་བསྒོམ་པའོ། །ལྕེ་ཡི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་ཧཱུཾ་བསྒོམས་ཏེ། །ཞེས་བྱ་བ་ནི་གོང་གི་ཤ་
དང་བདུད་རྩི་ཟ་བའི་ཏིང་ངེ་འཛིན་ཏེ། འདིའི་དོན་ནི་བདག་གོང་མ་ལྟར་བསྒོམས་པའི་ལྟེ་བ་རུ་པདྨའི་སྟེང་དུ་ཨོཾ། །སྙིང་གར་པདྨའི་སྟེང་དུ་ཨཱཿ །མགྲིན་པའི་པདྨའི་འདབ་མ་གཅིག་ལྕེ་ཡིན་ཏེ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་རྩེ་མོ་ལ་ཧཱུཾ་བསམས་ཏེ། དེ་ལྟར་སྐུ་གསུང་ཐུགས་
ཀྱི་གནས་བྱིན་གྱིས་བརླབས་ཏེ། བདུད་རྩི་ལྔ་བྱིན་གྱིས་བརླབས་ཏེ་བཟའ་བར་བྱའོ། །འདི་མན་ཆད་ནི་གོང་མ་ལྟར་བསྒྲུབས་ཤིང་བདུད་རྩིར་བྱིན་གྱིས་བརླབས་པའི་ཤ་རྣམ་པ་ལྔ་ལ་སོགས་པ་ཟོས་པའི་ཡོན་ཏན་བསྟན་ཏོ། །བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པས་
ནི་བསྙེན་སྒྲུབ་ཡན་ལག་བཞི་བསྟན་ཏེ། དེ་ལ། རྡོ་རྗེ་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་བསྙེན་སྒྲུབ་ཀྱི་ཐབས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ། སྒྲུབ་པ་ཆེན་པོའི་མཐར་ལས་རྣམ་པ་བཞི་བརྩམ་པའོ། །ཁ་ཅིག་ན་རེ་རྡོ་རྗེ་བྱེ་བྲག་ཆེ་འབྲིང་གི་བྱེ་བྲག་ཡིན་ནོ་

ཞེའོ། །དེ་དག་གང་ཞེ་ན། བསྙེན་པའི་ཏིང་འཛིན་རབ་སྦྱོར་བས། །བྱང་ཆུབ་མཆོག་ཏུ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ལས་ལྷར་བསྐྱེད་པའོ། །ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་བྱ་བ་ནི་ཁམས་
དང་སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །སྔགས་ཀྱི་བདག་པོ་བསྒོམས་པ་ཡི། །བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་གནས་རྣམས་ནས་རང་གི་སྤྲུལ་པ་སྤྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་
ལ་ཇི་སྐད་སྨོས་པའི་གསོལ་བ་གདབ་པའི་ཚིག་གིས་བསྐུལ་བའོ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་
རྩིའི་བུམ་པས་དབང་བསྐུར་བས་རིགས་ཀྱི་བདག་པོ་དེ་དབུ་རྒྱན་དུ་གྱུར་པའོ། །བསྙེན་པའི་ཡེ་ཤེས་བདུད་རྩི་དག །ཐམས་ཅད་དུ་ནི་བརྟག་པར་བྱ། །ཞེས་བྱ་བ་ནི་ཡེ་ཤེས་བདུད་རྩིའི་བསྙེན་པ་ནི་སྤྱིར་བརྟག་གོ་ཞེས་བྱ་བ་འདི་ནི་མཆོག་ཡེ་ཤེས་ཀྱི་བདུད་རྩིའི་སྦྱོར་བའི་ཡན་ལག་དྲུག་དང་ལྡན་པར་
བསྒོམ་པའི་སྒོ་ནས་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་བརྟག་པ་ཞེས་བྱ་བའི་ཚིག་ནི་སྒྲུབ་པ་ཀུན་ལ་ལྡན་པའོ། །དབེན་པ་ཆེན་པོ་ལ་སོགས་པ་ནི་ལས་ཀྱི་སྤྱིར་ཤེས་པར་བྱའོ། །ཡང་ན་རྡོ་རྗེ་བཞི་དག་གི། །བརྟུལ་ཞུགས་བརྟན་པས་བསྙེན་པ་
བྱ། །སྐུ་གསུམ་མཉམ་པ་ཉིད་གྱུར་པ། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་རྣམ་པ་བཞིའི་སྒོ་ནས་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་སྟེ། དེ་ལ་རྡོ་རྗེ་བཞི་ནི་འདི་སྐད་དུ། །དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་དང་། །གསུམ་པ་ལ་ནི་
གཟུགས་རྫོགས་ཏེ། །བཞི་པ་ལ་ནི་ཡི་གེ་དགོད། །རྡོ་རྗེ་རྣམ་བཞི་འདི་དག་ནི། །བསྙེན་པ་ཐུན་མོང་སྒྲུབ་པའོ། །ཞེས་འབྱུང་བ་ཡིན་ནོ། །དེ་ལ་ཡི་གེ་དགོད་པ་ནི་ལེའུ་བཅུ་གཅིག་པ་ནས་འབྱུང་བ་ལྟ་བུར་ཤེས་པར་བྱའོ། །འདི་ནི་བསྙེན་སྒྲུབ་ཡན་ལག་བཞིའི་སྦྱོར་བ་མི་དགོས་ཀྱི། ཡན་

ལག་བཞིའི་སྦྱོར་བ་ཚང་བ་ནི་མཆོག་གི་དངོས་གྲུབ་ལ་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང་། བསྙེན་པའི་ཡན་ལག་དྲུག་ཚུལ་དུ། །བྱས་པས་གྲུབ་པ་མཆོག་ཡིན་ཏེ། །གཞན་དག་ཏུ་ནི་བསྒྲུབས་གྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །ཞེས་གསུངས་སོ། །གཞན་
ཞེས་བྱ་བ་ནི་སྐབས་ཀྱི་ཤུགས་ཀྱིས་རྡོ་རྗེ་བཞི་ལ་བྱ་བ་ཡིན་ནོ། །དེ་ལྟར་བསྙེན་སྒྲུབ་བཞི་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱིས་ནི་མཆོག་གི་དངོས་གྲུབ་སྒྲུབ་པ་ཡིན་ལ། རྡོ་རྗེ་རྣམ་བཞི་ཡིས་ནི་ཐུན་མོང་གི་སྒྲུབ་པ་ཡིན་པར་ཡོངས་སུ་བསྟོད་པ་ལས་འདི་སྐད་དུ། གང་ཞིག་གིས་ནི་དངོས་
གྲུབ་དམ་པའི་ཐབས་འདི་སྦྱོར་བྱེད་དག །བསྙེན་པའི་ཆོ་ག་དང་ཡང་ཉེ་བར་སྒྲུབ་དང་སྒྲུབ་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། གང་ཞིག་གིས་ནི་བསྒྲུབ་བྱ་བ། །རྡོ་རྗེ་བཞི་ཡིས་སྒྲུབ་བྱེད་པ། །འདི་ལ་མི་སྣང་བ་ལ་སོགས། །དམན་པའི་དངོས་གྲུབ་རྣམས་ཀྱང་འགྲུབ། །ཅེས་པ་
ལ་སོགས་པ་གསུངས་ཏེ། དོན་འདི་ལ་ནི་ལུང་ཉིད་ཀྱིས་གསུངས་པ་ཡིན་ནོ། །ཁ་ཅིག་ནི་འདི་ལྟར་འདོད་དེ། རྡོ་རྗེ་རྣམ་པ་བཞིའི་སྒོ་ནས་ནི་ཐུན་མོང་གི་བསྙེན་པ་བྱ་བར་འདོད་ཅིང་ཐུན་མོང་འདི་ལྟར་ལྷ་མང་པོའི་དོན་དུ་འདོད་དོ། །མཆོག་གི་ཡེ་ཤེས་བདུད་རྩི་ཞེས་བྱ་བ་ཡང་ལྷ་གཙོ་བོ་ལ་བྱ་བར་འདོད་
དོ། །འདི་ལྟར་སྦྱར་བའི་རྟེན་དུ་གྱུར་པའི་ཡུམ་ནི་བདག་གིས་མ་མཐོང་ངོ་། །ཁ་ཅིག་ན་རེ་རྡོ་རྗེ་བཞི་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དགོད་པ་ཡིན་ཏེ། དེ་ལ་གསང་བའི་དབང་ཞུས་པས་བརྟུལ་ཞུགས་བརྟན་པས་བསྙེན་པ་བྱ་ཞེས་གསུངས་སོ་ཞེས་ཟེར་རོ། །རྒྱུད་གཞན་དག་ལས་ནི་རྡོ་རྗེ་
རྣམ་པ་བཞིའི་ལྷ་བསྐྱེད་པའི་ཡན་ལག་ཙམ་དུ་བསྟན་ཏོ། །དུས་བཞིར་རབ་ཏུ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་ནི་སྡོམ་པ་བསྟན་པ་ཡིན་ཏེ། །སྡོམ་པ་ནི་བསྙེན་སྒྲུབ་ཡན་ལག་རྣམ་བཞིའི་སྡོམ་པའོ། །དེ་ཡང་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་འདུས་ཏེ། དེ་ལ་ཉེ་བར་སྒྲུབ་པའི་སྡོམ་
པའི་ཡུལ་སྐུའི་རྡོ་རྗེ་སྟེ། ཉེ་བར་སྒྲུབ་པ་ཉིད་སྐུ་ཕྱག་རྒྱའི་ངོ་བོས་སོ། །སྒྲུབ་པའི་སྡོམ་པ་ནི་གསུང་སྟེ། བྱིན་གྱིས་རླབས་སྤྲོ་བའི་ཡི་གེའི་བདག་ཉིད་ཀྱི་ཕྱིར་རོ། །སྒྲུབ་པ་ཆེན་པོའི་སྡོམ་པའི་ཡུལ་ཐུགས་རྡོ་རྗེ་སྟེ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རང་བཞིན་གྱི་ཕྱིར་རོ། །འདི་རྣམས་ཀྱང་སྐབས་འདིར་སྐུ་

གསུང་ཐུགས་སུ་བྱིན་གྱིས་བརླབ་པ་བསྐུལ་བའི་བདག་ཉིད་དུ་བསྟན་ཏེ། དེ་ནི་ཉིད་ཀྱིས་སྐུ་གསུང་ཐུགས་དབྱེར་མེད་པའི་སྡོམ་པ་བསྒོམས་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཤེས་པར་གྱུར་པར་བྱས་ནས་བསྒྲུབས་ན་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །དབང་པོ་དང་རྩོལ་བ་འབྲིང་དུ་གྱུར་པ་
རྣམས་ཀྱང་ཟླ་བ་གཅིག་ལ་སོགས་པས་འགྲུབ་པར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་སྡོམ་པ་ནི་དབང་བཞི་པའི་དོན་ལས་ཤེས་པར་བྱའོ། །ལེའུ་བཅུ་གཉིས་པའོ།། །།ད་ནི་བཟླས་བརྗོད་དང་། ཕྲིན་ལས་དང་། ལས་རྣམས་ཀྱི་མཚན་མ་ལ་སོགས་པ་སྟོན་པས། དེ་
ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་བསྟོད་ནས་རྡོ་རྗེ་བཟླས་པ་ཞུས་སོ། །དེ་ལ་རིག་དང་སྔགས་རྣམས་ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་ཀྱི་མཚན། །ཞེས་བྱ་བ་
ལ་རིག་པ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དེ་མ་རིག་པའི་གཉེན་པོར་གྱུར་པས་མོའི་སྒྲར་བཤད་དོ། །གསང་སྔགས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དེ་ལོག་པའི་གཉེན་པོར་གྱུར་པས་ཕོའི་སྒྲར་བཤད་དེ། འདི་དག་གི་མཚན་གསང་སྔགས་ཟློས་པའི་སྦྱོར་བ་ནི་སངས་རྒྱས་རྣམས་
ཀྱིས་གསན་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བ་དེ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། རྡོ་རྗེ་བཟླས་པ་འདི་གསུངས་སོ། །སྔགས་ཀྱི་དོན་ཀུན་བཟླས་པ་ནི། །རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན། །རྡོ་རྗེ་དབྱེ་བ་གསུམ་གྱི་མཐར། །བཀོད་པ་
རྡོ་རྗེ་གསུམ་ཞེས་བྱ། །ཞེས་གསུངས་པ་ནི། རྡོ་རྗེ་མི་ཕྱེད་གསུམ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི་ལྷའོ། །དེའི་མཚན་མ་ནི་རྡོ་རྗེ་དབྱེ་བ་གསུམ་ཡིན་ཏེ། སྙིང་ག་དང་། མགུལ་པ་དང་། སྤྱི་བོ་རྣམས་སུ་ཉི་མ་དང་པདྨ་དང་ཟླ་བའི་དཀྱིལ་འཁོར་རྣམས་ལ་ཐུགས་ཀྱི་རྡོ་རྗེ་དང་གསུང་དང་སྐུའི་རྡོ་རྗེ་
རྣམས་ཀྱིས་མཚན་པའོ། །དེའི་མཐར་དགོད་པ་རྡོ་རྗེ་གསུམ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་རང་རང་གི་མཚན་མའི་ལྟེ་བ་ལ་རང་རང་གི་ཡི་གེ་དགོད་པའོ། །སྐུ་གསུང་ཐུགས་ཀྱི་གནས་རྣམས་ནས། །སྤྲོ་བ་རྣམ་པ་གསུམ་དག་བྱ། །ཞེས་བྱ་བ་ནི་གནས་དེ་རྣམས་

ནས་རང་དང་འདྲ་བའི་ལྷ་སྤྲོ་བའོ། །ཁ་ཅིག་ནི་རང་དང་འདྲ་བའི་ལྷ་མོ་སྤྲོ་ཞེས་ཟེར་རོ། །འདི་ནི་རྡོ་རྗེ་བཟླས་པའོ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །བསྒོམས་ནས་ཞེས་བྱ་བ་ནི་མདུན་གྱི་ནམ་མཁའ་ལ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་བསྒོམ་པའོ། །མཆོད་པའི་
མཆོག་བརྟག་པ་ཞེས་བྱ་བ་ནི་གནས་གསུམ་ནས་ལྷ་མོ་སྤྲུལ་ཏེ་མཆོད་པའོ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །བསམས་ནས་ཞེས་བྱ་བ་ཡང་སྔར་བཞིན་ཏེ། ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱིས་བྱ་བ་སྟེ་འདི་ནི་བཟླས་པའི་ཡུལ་ཡིན་ནོ། །ཡང་ན་དབྱེ་བ་རྣམ་གསུམ་གྱིས། །སོ་སོར་དག་ཏུ་
སྤྲོ་བར་བྱ། །ཞེས་བྱ་བ་ནི་རིམ་གྱིས་སྤྲོ་བའི་དོན་ཏེ། དང་པོར་ཐུགས་ཀ་ནས་སྤྲོས་ཏེ། དེ་ཡང་སྐུ་རྡོ་རྗེའི་སྦྱོར་བས་སྤྲོས་ལ། །དེ་ནས་གསུང་དང་ཐུགས་དག་ལ་ཡང་རིམ་གྱིས་སྤྲོ་བའོ། །ལུས་དང་ངག་སེམས་བདག་མེད་པར། །ཤེས་པའི་སེམས་ཀྱིས་རབ་ཏུ་སྤྲོ། །ཞེས་བྱ་བ་ནི་མི་དམིགས་
པའི་ཤེས་རབ་དང་ལྡན་པས་སྤྲོ་བར་བྱའོ་ཞེས་པའོ། །བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །ཞེས་བྱ་བ་ནི་དམ་བཅས་པ་རྫོགས་ནས་བསྡུ་བའོ། །སྐུའི་བཟླས་པ་ནི། སྐུ་དང་གསུང་ཐུགས་བྱང་ཆུབ་པའི། །དངོས་དང་དངོས་མེད་རྣམ་དཔྱད་པ། །སངས་རྒྱས་སྐུ་ཞེས་
བྱ་བར་བཤད། །ཅེས་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དངོས་པོའམ་དངོས་པོ་མེད་པའི་མཐའ་གང་དུའང་མ་གྲུབ་སྟེ། རྣམ་པར་དག་པར་དཔྱད་པ་ནི་སྐུའི་བཟླས་པའོ། །གསུང་གི་བཟླས་པ་ནི་རྡོ་རྗེ་བཟླས་པར་བཤད་པ་སྟེ། ཇི་ལྟར་གསལ་བ་གསང་བའི་ཚིག །
སྐད་གདངས་མིན་པ་རྡོ་རྗེའི་ཚིག །ཅེས་པའོ། །ཐུགས་ཀྱི་བཟླས་པ་ནི་མི་གནས་པའི་རྫོགས་པའི་བྱང་ཆུབ་ཀྱི་སེམས་གནས་པའི་བདག་ཉིད་རྣམ་པར་དག་པར་དཔྱད་ཅིང་བསྒོམ་པ་སྟེ་འདི་ནི་སེམས་ཀྱི་བཟླས་པའོ། །རིན་པོ་ཆེའི་བཟླས་པ་ནི་མཐའ་གཉིས་ཀྱི་མཚན་མ་དང་བྲལ་བ་དུས་གསུམ་
ལས་འདས་པ་ངོ་བོ་ཉིད་མེད་པའི་དོན་རྟོགས་པའོ། །རྡོ་རྗེ་ཐོགས་མེད་ཀྱི་བཟླས་པ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུའི་འོད་ཟེར་འཕྲོ་ཞིང་དོན་མཛད་པ་དང་། སླར་བདག་གི་སྐུ་གསུང་ཐུགས་ཀྱི་གནས་སུ་འདུ་ཞིང་གཟི་བྱིན་བསྐྱེད་པའོ། །དེ་རྣམས་ཀྱང་སྐུ་གསུང་ཐུགས་ཀྱི་བཟླས་

པར་འདུ་བའི་ཕྱིར་རྡོ་རྗེའི་བཟླས་པ་ཞེས་བྱའོ། །ཁྲོ་བོའི་བཟླས་པ་ནི། བདག་ཉིད་རིགས་ཀྱི་བདག་པོའམ། ཁྲོ་བོ་ཉིད་ཀྱི་ཏིང་ངེ་འཛིན་དུ་ཞུགས་ཏེ་ཁྲོ་བོའི་གསང་སྔགས་ཀྱི་སྒྲ་ཡི་གེ་ཧཱུཾ་དང་བཅས་པ་འབྲུག་གི་སྒྲ་ལྟར་ཟབ་པ་བཟླས་པའོ། །གཏི་མུག་གི་བཟླས་པ་ནི་འདོད་པའི་ཡུལ་
གྱིས་མྱས་པར་གྱུར་པའི་གཏི་མུག་ཅན་རྣམས་སྐུ་རྡོ་རྗེའི་སྒོ་ནས་བསྐྱབ་ཅིང་ཕན་པར་སེམས་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་ཇི་སྙེད་པ་སྐུའི་རྡོ་རྗེར་གཞག་པ་ནི་གཏི་མུག་གི་བཟླས་པ་སྟེ། དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་ལ་གནས་པའི་སེམས་ཅན་རྣམས་ཡོངས་སུ་བསྐྱབ་པའི་ཏིང་ངེ་འཛིན་
གྱིས་གསུང་དང་ཐུགས་ཀྱི་རྡོ་རྗེ་ལ་བཞག་ཅིང་བཀོད་པ་ནི་འདོད་ཆགས་དང་ཞེ་སྡང་གི་བཟླས་པའོ། །མ་ནིང་གི་བཟླས་པ་ནི་སྐུ་གསུང་ཐུགས་གསུམ་དབུ་མ་ཆེན་པོའི་ངང་དུ་བསྒོམས་ཏེ། མཚན་མ་མཐའ་དག་ལས་འདས་པ་ནི་ཅི་ཡང་མ་ཡིན་པའི་ཕྱིར་མ་ནིང་ཞེས་བྱ་སྟེ། འདིར་བླ་མའི་མན་
ངག་ནི་སྐུ་གསུང་ཐུགས་རྡོ་རྗེ་བསྒོམས་པའི་སྙིང་གའི་པདྨ་ལ་ཡི་གེ་ཨཱཿ་བསམས་ཏེ། ཨཱཿ་དེའི་རང་བཞིན་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི་རང་བཞིན་སེམས་ཅན་ཀུན་གྱི་སྲོག་ཡིན་ཏེ། འདིའི་རང་བཞིན་ལ་སེམས་བཞག་ནས་དབུགས་དབྱུང་བ་དང་རྔུབ་པ་དག་ལ་
ཨོཾ་ཧཱུཾ་ཞེས་འདིའི་བདག་ཉིད་དུ་གསལ་བར་བྱེད་པའི་ཏིང་ངེ་འཛིན་ནི་མ་ནིང་གི་བཟླས་པ་ཡིན་ནོ་ཞེས་མན་ངག་གོ། །འདོད་ཆགས་ཡང་དག་དོན་བསྒོམ་པ། རྡོ་རྗེའི་བདག་པོ་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པས་ནི་དུག་གསུམ་གྱི་བཟླས་པའི་ཚུལ་བསྟན་པ་ཡིན་ཏེ། དེ་ལ་འདོད་ཆགས་ཀྱི་
བཟླས་པའི་ཚུལ་ནི་རིག་པ་ཆེན་མོའི་སྤྱན་ལ་སོགས་པའི་ལྷ་མོ་དང་གཉིས་སུ་མེད་པའི་སྦྱོར་བའི་མཚམས་སུ་འདོད་ཆགས་ལ་གནས་པའི་སེམས་ཅན་ཐམས་ཅད་བསྡུས་ཏེ།འདོད་པ་བསྟེན་ནས་འདོད་ཆགས་ཀྱིས་བྱང་ཆུབ་ལ་བཀོད་དེ་དོན་མཛད་པའོ། །གཏི་མུག་དམ་ཚིག་ལས་བྱུང་བ། །ཞེས་
པ་ནི་གཏི་མུག་གི་བཟླས་པའི་དོན་ཏོ། །རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་གཏི་མུག་ཅན་རྣམས་མཚན་མ་མེད་པ་མ་ནིང་གི་བཟླས་པ་ལ་དགོད་པའོ། །ཞེ་སྡང་གི་བཟླས་པ་ནི། །ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཁྲོ་བོ་རྣམས་ཀྱི་གནས་སམ་རྒྱུ་

ནི་ཞེ་སྡང་སྟེ། དེ་ལས་སྐྱེས་པའི་ཁྲོ་བོ་གསོད་པའི་ཕྲིན་ལས་ལ་བརྩོན་པ་དག་གིས་སེམས་ཅན་སྒྲུབ་པ་མཆོག་ཞེ་སྡང་གིས་འདུལ་བའི་ཆོས་ཅན་ལ་གསོད་པས་དོན་བྱའོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པས་ནི་རིགས་སོ་སོའི་ཡེ་ཤེས་སེམས་
དཔའ་དང་བཅས་པ་བསྒོམ་པ་བསྟན་པ་སྟེ། །དེ་ལ་ཡེ་ཤེས་འཁོར་ལོ་ཅན་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཡེ་ཤེས་སེམས་དཔའ་སྟེ། དེ་ནི་སྙིང་གའི་དཀྱིལ་དུ་བསྒོམ་པར་བྱའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བ་སྟེ་གདན་ནོ། །དབུས་སུ་འཁོར་
ལོའི་དོན་བསྒོམ་མོ། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཁོར་ལོ་བསམས་པའི་ལྟེ་བ་ལ་ཡི་གེ་ཨོཾ་གྱིས་མཚན་པ་ནི། །འཁོར་ལོའི་དོན་བསྒོམ་ཞེས་བྱ་བའོ། །དེ་བཞིན་དུ་མི་འཁྲུགས་པ་དང་། རིན་ཆེན་དཔལ་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་ཐུགས་
ཀར་རང་རང་གི་གདན་སྟེང་དུ་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེ་ལ་སོགས་པའི་མཚན་མའི་སྙིང་པོ་ལ་ཧཱུཾ་ལ་སོགས་པའི་ཡི་གེས་མཚན་པའོ། །དཀྱིལ་འཁོར་ཀུན་གྱི་ངོས་རྣམས་སུ། །སངས་རྒྱས་ལྔ་རྣམས་དགོད་པར་བྱ། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེའི་ཕྱོགས་
བཞིར་རིགས་བཞིའི་ཡི་གེ་དགོད་པའོ། །ཁ་ཅིག་ན་རེ། དཀྱིལ་འཁོར་དུ་དགོད་པ་སྟེ་རིགས་ལྔ་ཉིད་ལ་བྱའོ་ཞེས་ཟེར་རོ། །སྔགས་རྣམས་ཐམས་ཅད་སྤྲོ་བ་ནི། །བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས། །ཞེས་བྱ་བ་ནི་སྤྲོ་བ་ཉིད་ཀྱི་བྱེ་བྲག་རྣམ་པ་གཉིས་ཡིན་ཏེ། སྐུ་གསུམ་རྡོ་རྗེའི་བྱེ་བྲག་གིས། །ཞེས་
བྱ་བའི་ཚིག་གིས་སྐུ་གསུང་ཐུགས་ཀྱི་སྤྲོས་པ་དང་། །རྡོ་རྗེ་ཡེ་ཤེས་ཀྱི་དོན་ཡིན་པས་ཡེ་ཤེས་སེམས་དཔའ་ལ་སྤྲོ་བ་སྟེ། དེ་ལྟར་གཉིས་སུ་སྤྲོ་ཞིང་བསྡུ་བ་ཡང་ཚུལ་དེ་ཉིད་དུའོ། །ཁ་ཅིག་ན་རེ་དེ་སྤྲོ་བའི་བྱེ་བྲག་གཉིས་ནི། རང་གི་སྐུ་གསུང་ཐུགས་རྡོ་རྗེའི་གནས་གསལ་བ་དང་། ཕྱོགས་བཅུའི་
འཇིག་རྟེན་དུ་སྤྲོ་བ་གཉིས་ཏེ། བསྡུ་བ་ནི་བྱེ་བྲག་མེད་དོ་ཞེས་ཟེར་རོ། །ལུས་ཀྱིས་སྐུ་ཡི་ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པས་ནི་སྐུ་གསུང་ཐུགས་ཀྱི་མཆོད་པ་བསྟན་ཏེ། འདི་ལྟར་རང་སྐུ་གསུང་ཐུགས་ཀྱི་ལྷར་བསྒོམས་པ་ལས། རང་རང་དང་འདྲ་བའི་ལྷ་མོ་སྤྲོས་པས་སྐུ་གསུང་ཐུགས་ཀྱི་ལྷ་

ལ་མཆོད་པ་སྟེ། དེ་ལ་ཀྱིས་ཞེས་བྱ་བ་ནི་རང་གི་སྤྲུལ་པའི་མཆོད་པའི་ལུས་ཀྱིས་སོ། །སྐུའི་ངོ་བོ་ཉིད་མཆོད་ན། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་སངས་རྒྱས་ལ་མཆོད་པ་ནའོ། །མཆོད་པའི་གནས་སུ་འགྱུར་ཞེས་བྱ་བ་ནི་མཆོད་པའི་མཆོག་ཏུ་འགྱུར་བ་སྟེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་
ཡན་ཆད་བཟླས་པའི་ཏིང་ངེ་འཛིན་ཏེ། ལས་ཀྱི་རྒྱལ་བ་མཆོག་ལ་ཕྲ་མོས་སེམས་ཤིན་ཏུ་ཞུམ་པར་གྱུར་ན་བཟླས་པས་གཟེངས་བསྟོད་པའོ། །ད་ནི་ཕྲིན་ལས་རྣམ་པ་བཞི་སྟོན་ཏེ། དེ་ལ་ལས་ཀྱི་ཏིང་ངེ་འཛིན་ནི་བདག་བསྙེན་སྒྲུབ་ཡན་ལག་ཚང་བའི་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་བསྒོམས་ཏེ། དཀྱིལ་
འཁོར་གྱི་དབུས་སུ་ལས་ཀྱི་བདག་པོ་བསམས་ཏེ། སྙིང་གར་ཡེ་ཤེས་སེམས་དཔའ་དང་བཅས་པ་བསྒོམས་པའི་བསམ་གཏན་གྱིས་ལས་རྣམ་པ་བཞི་བྱེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལ། དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས། །རྡོ་རྗེ་ལྔ་རྣམས་བསྒོམ་པར་བྱ། །ཞེས་བྱ་བ་ནི་
བསྙེན་སྒྲུབ་ཀྱི་ཡན་ལག་ཡོངས་སུ་ཚང་བའི་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས་རིགས་ལྔའི་དཀྱིལ་འཁོར་དུ་བསྒོམ་པའོ། །དབུས་སུ་བདག་པོ་བསྒོམས་ནས་ནི། །ཞེས་བྱ་བ་ནི་ལས་གང་བྱེད་པའི་གཙོ་བོའོ། །དེ་ཉིད་གང་ཞེ་ན། སྐུ་གསུང་རྡོ་རྗེ་བདག་གི་གཟུགས། །ཞེས་པའོ། །དེ་
ཉིད་རང་གི་སྔགས་ཀྱིས་བསྐྱེད་པས་རང་སྔགས་རྡོ་རྗེའི་གཟུགས་སོ། །དཀྱིལ་འཁོར་རྣམ་པ་བཞི་དག་ཏུ། །ཞེས་པ་ནི་ལས་རྣམ་པ་བཞིའི་དཀྱིལ་འཁོར་རོ། །ཁ་དོག་རྣམ་བཞིར་ཀུན་བརྟགས་ལ། །ཞེས་བྱ་བ་ནི་ལས་རྣམ་པ་བཞི་དང་མཐུན་པའི་ཁ་དོག་གོ། །སྙིང་གར་སྔགས་ཀྱི་དོན་
བསྒོམས་ན། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དང་བཅས་པའི་བསམ་གཏན་གྱི་ཏིང་ངེ་འཛིན་ནོ། །དེ་ལྟར་ན་ལས་རྣམ་པ་བཞི་རྣལ་འབྱོར་པ་གོང་མ་ལྟ་བུའི་བསམ་གཏན་དང་ལྡན་པའི་རྡོ་རྗེ་ཅན་གྱིས་བྱེད་དོ། །ཞི་བ་ལ་ནི་སྤྱན་གྱི་ཚུལ། །ཞེས་བྱ་བ་ལ་སོགས་པས་ནི་ལས་སོ་སོའི་
རིགས་ཀྱི་བདག་པོ་བསྟན་ཏེ། དེ་ལ་སྤྱན་གྱི་ཚུལ་ནི་རྣམ་པར་སྣང་མཛད་དོ། །རྒྱལ་བ་རྡོ་རྗེ་པདྨོ་ཅན། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ། ལས་ཀྱི་སྐབས་སུ་ཕྱག་ན་པདྨོ་བསྣམས་པ་ཡུམ་གོས་དཀར་མོ་དང་ལྡན་པས་བྱའོ། །དབང་ལ་རྣམ་པར་སྣང་མཛད་གནས། །ཞེས་བྱ་བ་

ནི་སྣང་བ་མཐའ་ཡས་ཏེ་འོད་ཟེར་སྣང་བར་བྱེད་པས་རྣམ་པར་སྣང་མཛད་དོ། །རྡོ་རྗེ་དོན་གྲུབ་ཏུ་ཡང་བཤད། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལ། །ཞེས་བྱ་བ་ནི་རྡོ་རྗེའི་རིགས་སུ་མངོན་སྤྱོད་ཀྱི་ལས་ལ་སྦྱོར་རོ། །མ་ཆགས་པ་ཡི་སེམས་ཅན་དང་། །ཞེས་བྱ་བ་ལ་སོགས་པས་ནི་
དྲག་པོའི་ལས་ཀྱི་གནས་བསྟན་ཏོ། །ཁ་ཅིག་ན་རེ་འདུལ་བའི་ཞིང་ཙམ་དུ་བསྟན་པའོ་ཞེས་ཟེར་རོ། །ཁམས་གསུམ་གནས་པའི་སེམས་ཅན་རྣམས། །ཞེས་བྱ་བ་ལ་སོགས་པས་ནི་དྲག་པོའི་ལས་ཀྱི་ཏིང་ངེ་འཛིན་བསྟན་ཏོ། །འདིའི་རིམ་པ་ནི་བདག་རང་གི་ལྷའི་ཏིང་ངེ་འཛིན་བསྙེན་སྒྲུབ་ཀྱི་ཡན་
ལག་ཡོངས་སུ་རྫོགས་པས་ཏིང་ངེ་འཛིན་གསུམ་གྱི་མཐར་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་བསྐྱེད་ལ་མདུན་དུ་བསྒྲུབ་བྱའི་ལིངྒ་བཞག་སྟེ། དེར་ཐུགས་ཀའི་རྡོ་རྗེ་ཀྱོ་བས་སེམས་ཅན་ཐམས་ཅད་བཀུག་སྟེ། སྐུ་གསུང་ཐུགས་ཀྱི་ལྷར་བསྒོམས་ལ་དེ་དག་གི་ལུས་ཀྱི་ལྷ་གསུམ་ལ་བསྡུས་ཏེ།
དེ་ནས་བདག་གི་བ་སྤུའི་བུ་ག་ནས་ཁྲོ་བོའི་ཚོགས་མང་པོ་སྤྲོས་ཏེ། ལིངྒ་བསྒྲུབ་བྱར་དམིགས་པའི་ཤ་ཁྲག་ཟ་བ་དང་། རྒྱུ་མ་འདྲེན་པ་ལ་སོགས་པར་བསྒོམ་པའོ། །དེ་ལ། །ནམ་མཁའ་དབྱིངས་ཀྱི་དབུས་དག་ཏུ། །འཁོར་ལོ་རྩེ་ལྔ་ཁ་བཞི་ལ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཞེ་སྡང་
རྡོ་རྗེར་བསྒོམས་པའི་ལག་པ་གཡས་པར་རྡོ་རྗེ་རྩེ་ལྔ་པ་ཁ་གདེངས་པ་བསམ་པ་ཡིན་ནོ། །ཁ་ཅིག་ན་རེ་རྡོ་རྗེ་རྩེ་ལྔ་པ་རྒྱ་གྲམ་དུ་གྱུར་པ་ལ་འཁོར་ལོ་འབར་བའི་མུ་ཁྱུད་ཀྱིས་བསྐོར་བ་ཡིན་ཏེ། འདི་ནི་རྡོ་རྗེ་འཁོར་ལོ་ཞེས་བྱའོ་ཞེས་ཟེར་རོ། །འདིས་ནི་འོག་ནས་འབྱུང་བ་ཡི། །འཁོར་ལོ་རྡོ་རྗེ་འབར་བས་
བརྒྱན། །ཞེས་པའང་འཁོར་ལོ་ལས་རྡོ་རྗེ་འབར་བ་འཕོས་པས་མཚན་པའོ་ཞེས་འཆད་དོ། །བཀའི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི་འདི་ལས་གྲུབ་པར་བྱེད་པའི་བཀའ་ཡིན་ཏེ་ངེས་པར་བྱེད་པའི་ཐ་ཚིག་གོ། །ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། །འཁོར་ལོ་རྡོ་རྗེ་འབར་བས་
བརྒྱན། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བསྒོམས་པ་ལས་ཕྱག་མཚན་འཁོར་ལོ་རྡོ་རྗེས་བརྒྱན་པ་རྣམ་པར་བསྒོམས་ཏེ། བདག་གི་སྤྲུལ་པ་རྣམས་ལ་འདི་སྐད་དུ་བཀའ་བསྒོ་སྟེ། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །ཞེས་བྱ་བ་

ལ་སོགས་པའི་ཚིག་གིས་བསྐུལ་བའོ། །བཀའི་འཁོར་ལོ་འདི་ནི་དགྲ་བསད་པ་དང་། བགེགས་བསྐྲད་པ་དང་། ལྷ་གནད་ལ་དབབ་པ་དག་ལ་སྦྱར་རོ། །དེ་ལ་དགྲ་བསད་པའི་དུས་སུ་ནི་གོང་དུ་སྨོས་པའི་ཚུལ་འདི་ཉིད་དོ། །བགེགས་བསྐྲད་པའི་སྦྱོར་བ་ལ་ནི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཁྲོ་
བོའི་དཀྱིལ་འཁོར་དུ་སྤྲོས་ཏེ། བགེགས་རྣམས་ལ་འདི་སྐད་དུ་བསྒོ་ཏེ། སྐུ་གསུངས་ཐུགས་སུ་བདག་སྦྱོར་བས། བགེགས་རྣམས་ཐམས་ཅད་ང་ལ་ཉོན། །ཞེས་བྱ་བར་སྦྱར་ཏེ་བཀའ་བསྒོའོ། །ལྷ་གནད་ལ་དབབ་པའི་སྦྱོར་བ་ལ་ནི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་རང་གི་རིགས་ཀྱི་སྤྲུལ་པ་སྤྲོས་ཏེ་
བཀའ་དཀྱུས་ཇི་ལྟ་བ་བཞིན་དུ་བསྒོའོ། །སངས་རྒྱས་དཀྱིལ་འཁོར་འཁོར་ལོ་ཅན། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཆེ། །ཞེས་བྱ་བ་ལ་སོགས་པ་ནི་གཤིན་རྗེ་གཤེད་ཀྱི་བཀའི་འཁོར་ལོ་ཡིན་ཏེ། འདི་ནི་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་རྣམས་ཀྱིས་
གཙོ་བོ་བྱས་པར་ཟད་ཀྱི་གཞན་ནི་སྔ་མ་ཉིད་དང་འདྲའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འམ། །ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་བཀའི་འཁོར་ལོ་བསྟན་པ་སྟེ། འདི་ལྟར་འཁོར་ལོའི་གཙོ་བོ་སྐུ་གསུང་ཐུགས་ཀྱི་ལྷས་བྱས་པའམ། རང་སྔགས་དོན་གྱིས་ཡོན་ཏན་ཡི་དམ་གྱི་ལྷས་བྱས་པའམ། ཡང་
ན་ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བས་གཙོ་བོ་བྱས་ཏེ། སངས་རྒྱས་ཀྱི་དཀྱིལ་འཁོར་བསྲུང་བ་ལ་སོགས་པའི་བཀའི་འཁོར་ལོ་བསྒོམ་མོ། །ནམ་མཁའ་རྡོ་རྗེའི་དབུས་དག་ཏུ། ཆོས་ཀྱི་སྣང་མཛད་སྐུ་མཆོག་ལས། །ཞེས་བྱ་བ་ལ་སོགས་པ་ནི་བསྲུང་བའི་ཏིང་ངེ་འཛིན་ཏེ་ཞི་བ་དང་རྒྱས་པའི་རང་བཞིན་
དུ་སྦྱར་རོ། །རྒྱ་མཚོ་རྐང་པས་གནོན་པ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཆུ་ལ་མཱ་མ་ཀཱི་ཐིམ་པར་བསྒོམ་སྟེ། ནམ་སྲ་བར་གྱུར་པ་ན་དེའི་སྤྱི་བོའི་སྟེང་དུ་བསྒོམ་པར་བྱའོ། །མུ་སྟེགས་དང་ཕས་ཀྱི་རྒོལ་བ་ཐམས་ཅད་གནོན་པའི་ཏིང་ངེ་འཛིན་ནི་བདག་ཉིད་ཁྲོ་བོར་བསྒོམས་པའི་ཐུགས་ཀ་ནས་
ཀྱོ་བ་སྤྲོས་པས་མུ་སྟེགས་ཅན་ལ་སོགས་པ་བཀུག་སྟེ། དབང་ཆེན་འོག་ཏུ་མནན་ནས་དེའི་སྟེང་ལས་ཀྱི་རྡོ་རྗེ་རྒྱ་གྲམ་གྱིས་མནན་ཏེ། དེའི་སྟེང་དུ་བདག་ཁྲོ་བོར་བསྒོམས་པའི་ལག་པ་གཡས་རྡོ་རྗེ་ཐོགས་པས་མནན་ན་རྒོལ་བ་གནོན་པར་འགྱུར་རོ། །ཁ་ཅིག་ན་རེ་དབང་ཆེན་རླུང་གི་སྟེང་དུ་བསྒྲུབ་

བྱ་བཞག་སྟེ། དེའི་སྤྱི་བོར་ལས་ཀྱི་རྡོ་རྗེས་མཚོན་པའི་རྐང་པས་མནན་ཞེའོ། །དཔུང་གནོན་པ་ནི་རྡོ་རྗེ་གསུང་མཆོག་སྐུ་གསུང་ཐུགས་ཀྱི་ཁྲོ་བོ་བསྒོམ་སྟེ། དེ་ཡང་གསེར་གྱི་རི་རབ་ལྟ་བུ་ཤིན་ཏུ་ལྗིད་ཆེ་བས་མནན་པར་བསྒོམས་ན་སངས་རྒྱས་ཀྱི་དཔུང་ཡང་གནོན་ན་
མིའི་དབང་པོའི་དཔུང་དག་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །དགྲ་རྨོངས་པའི་ཏིང་ངེ་འཛིན་ནི་ཧཱུཾ་ལས་རྡོ་རྗེ་ཕུར་བུ་སྟོད་རྩེ་ལྔ་པ་སྨད་དབལ་རྩེར་གནས་པ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས་བླངས་ཏེ། སྙིང་གར་བཏབ་ན་དགྲ་རྨོངས་པར་འགྱུར་རོ། །ནད་སྤོང་བ་ཞི་བའི་ཏིང་ངེ་འཛིན་ནི་གྲོང་ངམ་གྲོང་ཁྱེར་གྱི་ནམ་
མཁའ་ལ་བདག་གི་ཐུགས་ཀ་ནས་རྡོ་རྗེ་རྩེ་ལྔ་པ་གནས་པར་བསམས་ཏེ། དེ་ལས་བསྐལ་པའི་མེ་འབར་བས་ནད་རྣམས་ཐམས་ཅད་བསྲེགས་ཏེ་སླར་རྡོ་རྗེ་ལ་བསྡུ་བར་བྱའོ། །དེ་ནས་རྡོ་རྗེ་ལས་ལྷ་མོ་བདུད་རྩི་རིན་པོ་ཆེའི་བུམ་པ་གང་བ་འཛིན་པ་སྤྲོས་པས་ནད་པ་ལ་བླུགས་པར་བསམས་ན་
ནད་ཞི་བར་འགྱུར་རོ། །ཡི་དམ་བཅས་པ་རྫོགས་ནས་ཀྱང་། །སྔགས་ཀྱི་གནས་སུ་སྤྱད་པར་བྱ། །ཞེས་བྱ་བ་ནི་ལས་འདི་དག་གང་བྱེད་ཀྱང་བསྙེན་པ་རྫོགས་ནས་བྱ་བར་སྟོན་པའོ། །ཁ་ཅིག་ན་རེ། ལས་བྱས་ཟིན་ནས་རང་གི་ཡིད་དམ་རྒྱུན་དུ་བྱ་བ་ཡིན་ནོ་ཞེས་ཟེར་རོ། །སྐྱེ་འགྲོ་འདུལ་བའི་
ཏིང་ངེ་འཛིན་ནི་རྡོ་རྗེ་བདུད་རྩི་འཁྱིལ་པའི་རང་བཞིན་གྱི་ཕུར་བུས་ཕྱོགས་བཅུའི་དཀྱིལ་འཁོར་ལ་བཏབ་ན། ལྷ་དང་བགེགས་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར་རོ་ཞེས་བྱ་སྟེ་འདི་ནི་བཀའི་འཁོར་ལོ་དང་སྦྱར་ཏེ་བགེགས་བསྲུང་བར་བྱ་བའོ། །མདངས་བཟང་དཀྱིལ་འཁོར་དམ་པ་ནི། །ནམ་མཁའ་
དབྱིངས་ཀྱི་དབུས་སུ་བསམ། །ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་བསྟན་པའི་ལམ་རྣམ་པ་བཞིའི་ཐབས་བསྟན་པ་ཡིན་ཏེ། དེ་ལ། མདངས་བཟང་དཀྱིལ་འཁོར་དམ་པ་ནི། །ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་བསྒོམ་པ་ཡིན་ཏེ། དེ་ནམ་མཁའི་དབྱིངས་ཀྱི་དབུས་ཆོས་ཀྱི་འབྱུང་གནས་སུ་བསམས་
ལ། བདག་རྣམ་པར་སྣང་མཛད་དུ་བསྒོམས་པའི་ཐུགས་ཀར་འདོད་པའི་བསྒྲུབ་བྱ་བཞག་སྟེ། རང་གི་བ་སྤུའི་བུ་ག་ནས་སངས་རྒྱས་སྤྱན་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་ནམ་མཁའི་ཁམས་གང་བར་སྤྲོས་ཏེ། ཕྱོགས་བཅུའི་ཡེ་ཤེས་བདུད་རྩི་བསྡུས་ནས་བུམ་པ་བདུད་རྩིས་བཀང་བ་རྣམས་

ཀྱིས་སྙིང་གའི་འདོད་པའི་སྟེང་དུ་ཕབ་སྟེ། དབང་བསྐུར་བར་བསམས་ན་ཞི་བར་འགྱུར་རོ། །དབང་གི་ལས་ནི། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །དབང་ཆེན་དཀྱིལ་འཁོར་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དབང་ཆེན་གསེར་གྱི་འཁོར་
ལོ་བསམས་ཏེ། དེའི་སྟེང་དུ་ཆོས་འཛིན་སྣང་བ་མཐའ་ཡས་བསམས་ནས། དེའི་སྙིང་གར་རྒྱས་པར་འདོད་པ་བཞག་སྟེ། བདག་གི་བ་སྤུའི་བུ་ག་ནས་གོས་དཀར་མོ་ལ་སོགས་པའི་ལྷ་མོ་རྣམས་སྤྲོས་པས་ཕྱོགས་བཅུའི་ཆོས་རིན་པོ་ཆེའི་བདུད་རྩི་བསྡུས་ཏེ། སྙིང་གའི་འདོད་པ་ལ་ཕབ་ཅིང་དབང་བསྐུར་
བས་ཆོས་རིན་པོ་ཆེ་རྒྱས་པར་བསྒོམས་ན་རྒྱས་པར་འགྱུར་རོ། །དབང་གི་ལས་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །རྡོ་རྗེ་དཀྱིལ་འཁོར་ཟླ་གམ་བསམ། །ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་ཟླ་གམ་གྱི་དབུས་སུ་རྡོ་རྗེ་ཆོས་སམ་རྡོ་རྗེ་དོན་གྲུབ་བསྒོམས་ཏེ། དེའི་སྙིང་གར་དབང་དང་མཐུ་
སྟོབས་ལྡན་པར་འདོད་པ་བཞག་ནས། བདག་གི་བ་སྤུའི་བུ་ག་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་འམ་ལྷ་མོ་སྒྲོལ་མ་སྤྲོས་ཏེ། དེས་ཕྱོགས་བཅུའི་གཟི་བརྗིད་ཀྱི་བདུད་རྩི་བསྡུས་ཏེ། སྙིང་གའི་འདོད་པ་ལ་ཕབ་ཅིང་དབང་བསྐུར་བས་མཐུ་སྟོབས་དང་དབང་ཕུན་སུམ་ཚོགས་པར་འགྱུར་ཏེ།
གཞན་ཡང་ཇི་སྐད་སྨོས་པ་ལྟ་བུར་འགྱུར་རོ། །དྲག་པོའི་ལས་ནི། ནམ་མཁའ་རྡོ་རྗེ་སྲིན་པོ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ་ལས་འདི་ནི་བཀའི་འཁོར་ལོའི་སྐབས་སུ་བསྟན་པ་བཞིན་དུ་སྦྱར་རོ། །ད་ནི་ལས་རྣམ་པ་བཞི་ལ་སོགས་པ་བསྒྲུབ་པའི་བྱ་བ་བསྟན་པ་རྣམས་ལ་ལྷ་རྣམས་ཇི་ལྟར་
བསྒོམ་པའི་ཆ་ལུགས་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ཞལ་གསུམ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་ཇི་ལྟར་འགྱུར་ནས་འབྱུང་བ་བཞིན་དུ་སྦྱར་རོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ནི་ལྷ་གོང་དུ་བསྟན་པ་རྣམས་ཀྱི་བསྒྲུབ་ཅིང་
བསྒོམ་པའི་ཚུལ་བསྟན་ཏོ། །ཁ་ཅིག་ན་རེ་སྔ་མ་ལས་ཅུང་ཟད་མི་འདྲ་བའི་མཚན་ཉིད་ལྔ་པས་ཏེ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཁྲོ་བོ་རྣམས་དབུ་རྒྱན་གྱི་སྒོ་ནས་སྐུ་གསུང་ཐུགས་ཀྱི་ཁྲོ་བོར་རིགས་སོ། །ལེའུ་བཅུ་གསུམ་པའོ།། །།ད་ནི་བཀའི་འཁོར་ལོ་ལ་སོགས་

པར་བསྟན་པའི་ལས་རྣམས་ལ་བསྐུལ་བའི་གསང་སྔགས་སྟོན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོར་ཞི་བའི་ལས་དང་སྔགས་བསྟན་པའི་ཕྱིར། ཞི་བའི་དམ་ཚིག་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཨོཾ་རུ་རུ་སྥུ་རུ་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འདི་ནི་གང་ཞི་བ