Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 38

Văn bản gốc(Tây Tạng)

Trang 1 / 16 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཨུ་པ་དེ་ཤ་ནིཤྩ་ཡ་ནཱ་མ་ཤྲཱི་གུ་ཧྱ་ས་མ་ཛཱ་བྲྀཏྟི། བོད་སྐད་དུ། དཔལ་གསང་བ་འདུས་པའི་འགྲེལ་པ་མན་ངག་གཏན་ལ་དབབ་པ་ཞེས་བྱ་བ། དཔལ་བྱང་ཆུབ་
རྡོ་རྗེ་ལ་ཕྱག་འཚལ་ལོ། །ཤེས་བྱའི་སྒྲིབ་སོགས་ངེས་གྲོལ་ཅིང་། །འགྲོ་རྣམས་ཐུགས་རྗེས་ཁྱབ་མཛད་པ། །ཆོས་ཀུན་ནམ་མཁའི་མཚན་ཉིད་ཀྱི། །ངོ་བོ་ཉིད་གང་ཐུགས་སུ་ཆུད། །མི་
ཕྱེད་རྡོ་རྗེའི་བདག་ཉིད་ལ། །དབྱེར་མེད་དད་པས་ཕྱག་འཚལ་ཏེ། །ཐིག་ལེ་གཡོ་བ་མེད་པ་ཡི། །ངེས་དོན་བླ་མའི་མན་ངག་གང་། །སློབ་མ་ཉིད་ལ་ཕན་པའི་ཕྱིར། །ལུང་ལ་བརྟེན་ཏེ་ཅི་ནུས་
བྲི། །དེ་ལ་རྒྱུད་འདིར་འཇུག་པར་འགྱུར་བའི་གང་ཟག་རྣམས་དང་། ཕྱི་རོལ་པ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །
དེ་ལ་ཡང་གཞུང་འདི་ཉིད་གྲུབ་པའི་གང་ཟག་རྣམས་ནི་དེ་ཉིད་ཀྱིས་ཡིད་ཆེས་པར་འགྱུར་རོ། །ཕྱི་རོལ་པ་བློ་སྔོན་དུ་བཏང་བ་རྣམས་ནི་དགོས་པ་ཁོང་དུ་ཆུད་ནས་འཇུག་པར་འགྱུར་ཏེ། འདི་ལྟར་བརྗོད་

པར་བྱ་བ་ནི། དཔལ་རྡོ་རྗེ་འཛིན་པའི་དོན་དང་མཛད་སྤྱོད་རྣམས་ཡིན་ལ། རྗོད་པར་བྱེད་པ་ནི་ཚིག་རྣམས་ཡིན་ཏེ། དེས་བརྗོད་པར་བྱ་བའི་དོན་ཁོང་དུ་ཆུད་པས་ན་དགོས་པ་ཡིན་ནོ། །དེས་ཀྱང་དེ་ཉིད་ཐོབ་པར་
འགྱུར་བ་ནི་དགོས་པའི་དགོས་པ་ཡིན་པ་དང་། འདི་ལ་དེ་དག་གི་ནུས་པ་མེད་པ་མ་ཡིན་པས་འབྲེལ་པ་ཡོད་དེ། དེ་ལྟར་དགོས་པས་ཡན་ལག་དང་བཅས་པ་འདི་མཐོང་ནས་འཇུག་པར་འགྱུར་རོ། །དེ་བས་ན་དོན་འདི་གཟིགས་ཏེ།
ཡང་དག་པར་སྡུད་པར་བྱེད་པས་སྟོན་པ་དང་དུས་ལ་སོགས་པ་རྒྱ་ཆེར་སྨོས་སོ། །དེ་བས་ན་འདི་ལྟར་འགྱུར་ཏེ། ཕྱི་རོལ་པའི་ཀླན་ཀ་སྤང་བ་དང་། ཕྱིས་འབྱུང་བ་དག་དད་པར་བྱ་བ་དང་། བློ་སྔོན་དུ་བཏང་བ་དག་ཡིད་ཆེས་པར་བྱ་བ་
དང་། ཡང་དག་པར་སྡུད་པར་བྱེད་པ་བདག་ཉིད་ཀྱི་དོན་ཉིད་ཡིན་པར་བསྟན་པའི་ཕྱིར་དུས་ལ་སོགས་པ་རྒྱ་ཆེར་སྨོས་པ་ཡིན་ནོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་སྡུད་པར་བྱེད་
པས་འདི་སྐད་དུ་གང་གི་ཚེ། གང་ཞིག་གང་ན་བཞུགས་པ་དེའི་ཚེ་འདི་སྐད་བདག་གིས་ཐོས་སོ་ཞེས་བྱ་བའི་གླེང་གཞི་སྨོས་པ་ཡིན་ཏེ། འདི་དག་ལ་ཡང་ཚིག་གི་རིམ་པའི་དོན་ཇི་ལྟ་བ་ནི། འདིར་བསྙད་པར་མི་བྱའི་མཐར་ཕྱིན་པའི་

དོན་ཉིད་ཙམ་ཞིག་བསྟན་པར་བྱ་བས་གཞན་དག་ཏུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཨེ་ཞེས་བྱ་བ་ནི་བྷ་ག་སྟེ། དེ་ཡང་ཆོས་ཀྱི་སྐུའི་བདག་ཉིད་ཀུན་ནས་སྤྲོས་པ་རྣམས་འཇོམས་པའི་བདག་ཉིད་དོ། །བཾ་ཞེས་བྱ་བ་ནི་དེའི་ནོར་བུ་སྟེ། དེ་ཡང་ཐིག་ལེ་གཡོ་བ་མེད་པའི་བདག་ཉིད་ཀྱི་གཟུགས་སུ་རྣམ་
པར་གནས་སོ། །དེ་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ཐིག་ལེ་ཆེན་པོའི་བདག་ཉིད་དུ་བཞུགས་ཏེ། དོན་འདི་བདག་གིས་མཐོང་བའི་ཚེ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེས་རྣམ་པར་མི་རྟོག་པ་སོ་སོར་རང་རིག་པའི་བདག་ཉིད་ཙམ་འདི་གང་གི་
དུས་ན་ཤེས་ཤིང་ཐོས་ཤེ་ན། ཤེས་རབ་མའི་བྷ་གའི་ཡི་གེ་ཨེ་དང་འདྲ་བའི་དབུས་ན་དམ་པའི་དགའ་བའི་རྒྱུ་མཚན་ཡི་གེ་བཾ་གྱི་རྣམ་པའི་རྩ་ཐིག་ལེ་ལྟ་བུ་ཡོད་དེ། དེ་དང་སྙིང་རྗེའི་བདག་ཉིད་ཀྱི་ནོར་བུ་ཕྲད་པར་གྱུར་པ་ན་རང་བཞིན་གྱིས་དགའ་བའི་བྱེད་རྒྱུ་ཐིག་ལེ་འབབ་པར་འགྱུར་ཏེ། གང་གི་ཚེ་དེ་སྙིང་རྗེའི་བདག་
ཉིད་ཀྱི་ནོར་བུ་ལ། གནས་པ་དེའི་ཚེ་རྒྱུ་གང་གིས་སེམས་ཀུན་ནས་འདུས་པར་གྱུར་ཏེ། ཡེ་ཤེས་ཀྱི་གཞིར་གྱུར་པ་ན་དེ་ཁོ་ན་ཉིད་ཀྱི་དོན་དུ་གནས་ཏེ་མཚན་མ་མེད་པ་ལ་རང་བཞིན་གྱིས་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དུས་ན་གང་ཞིག་བཞུགས་ཤེ་ན། བཅོམ་ལྡན་འདས་ཞེས་བྱ་བ་སྨོས་ཏེ།
བྷ་ག་ནི་གོང་དུ་བསྟན་པའི་ཤེས་རབ་མའི་བྷ་ག་སྟེ། དེ་ན་ཐིག་ལེ་ཆེན་པོའི་བདག་ཉིད་དུ་བཞུགས་པ་སྟེ། འདིར་བྷ་ག་དང་ལྡན་པས་བྷ་ག་བཱན་ཞེས་མཚམས་སྦྱར་རོ། །དེའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་སྨོས་ཏེ། དེ་
ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཐུགས་སུ་ཆུད་པ་སྟེ། དེ་ཡང་ཇི་ལྟར་ཆགས་པའི་བདག་ཉིད་དེ་ལྟར་དེ་བཞིན་ཉིད་དུ་ཐུགས་སུ་ཆུད་པའོ། །དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེ་ལྟར་མི་ཕྱེད་པ་སྟེ། དེའི་སྙིང་པོ་ནི་ས་བོན་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ཡང་ཕྱག་
རྒྱའི་བདག་ཉིད་དང་། སྒྲའི་བདག་ཉིད་དང་། ཐིག་ལེའི་བདག་ཉིད་པས་སྐུ་གསུང་ཐུགས་རྡོ་རྗེ་ཉིད་དོ། །དེ་གང་ན་བཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བ་སྨོས་ཏེ། དེ་ལ་བཙུན་མོ་ནི་ཕྱག་རྒྱའོ། །དེའི་བྷ་ག་དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་བཞུགས་གནས་བདེ་བ་ཅན་དེ་ན་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ། དེ་ལ་འདིར་བཞུགས་སོ་ཞེས་བྱ་བའི་སྒྲ་འདིས་རྒྱུད་ཀྱི་དོན་གཏན་ལ་ཕབ་པ་ཡོངས་སུ་རྫོགས་པར་སྟོན་ཏོ། །ཇི་ལྟར་ཞེ་ན། འདིར་བྱེད་པའི་ཚིགས་གིས་བསྒྲུབས་ཏེ། དེ་ལ་གང་བཞུགས་ཤེ་ན། བཅོམ་
ལྡན་འདས་སོ། །གང་ལ་བཞུགས་ཤེ་ན། བཙུན་མོའི་བྷ་ག་ལའོ། །གང་ལྟར་བཞུགས་ཤེ་ན། བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་རྣམས་དང་ངོ་། །གང་གི་ཚེ་ན་བཞུགས་ཤེ་ན། དོན་འདི་ལྟར་བདག་གིས་རྟོགས་ཤིང་ཁོང་དུ་ཆུད་པའི་དུས་ནའོ། །ཇི་ལྟར་བཞུགས་ཤེ་ན།
ཐབས་གཅིག་ཏུ་ཞེས་བྱ་བ་སྨོས་ཏེ། དེ་ཡང་འདིར་གནས་གཅིག་པའི་ངོ་བོར་མི་སྦྱར་གྱི་ངོ་བོ་གཅིག་པར་སྦྱར་བར་བྱའོ། །འདི་ལྟར་གང་གི་ཚེ་ཤེས་རབ་མའི་བྷ་ག་ལ་བྱང་ཆུབ་སེམས་ཀྱི་ངོ་བོ་ས་བོན་གྱི་ཚུལ་དུ་བཞུགས་པ་དེའི་ཚེ་ན། དེའི་ལུས་ཀྱི་བདག་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་དམ་ཚིག་རྡོ་རྗེ་སྟེ། སྒྲིབ་པ་རྣམ་པར་སེལ་བའོ། །དེའི་མིག་གི་རང་བཞིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་ལུས་རྡོ་རྗེ་སྟེ་སའི་སྙིང་པོའོ། །དེའི་ལྕེའི་བདག་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་ངོ་བོ་འཇིག་རྟེན་དབང་ཕྱུག་གོ། །དེའི་རྣ་བའི་རང་
བཞིན་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ངོ་བོ་སེམས་རྡོ་རྗེ་སྟེ་ལག་ན་རྡོ་རྗེའོ། །དེའི་ཡིད་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྡོ་རྗེ་སྟེ་ཀུན་དུ་བཟང་པོའོ། །དེའི་སྣའི་རང་བཞིན་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་ངོ་བོ་རྒྱལ་བ་རྡོ་རྗེ་སྟེ་ནམ་མཁའི་སྙིང་པོའོ། །གཞན་
ཡང་སྲ་བའི་རང་བཞིན་ནི་ས་རྡོ་རྗེ་སྟེ་སངས་རྒྱས་སྤྱན་མའོ། །གཤེར་བའི་རང་བཞིན་ནི་ཆུ་རྡོ་རྗེ་སྟེ་མཱ་མ་ཀཱིའོ། །དྲོ་བའི་རང་བཞིན་ནི་མེ་རྡོ་རྗེ་སྟེ་གོས་དཀར་མོའོ། །བསྐྱོད་པའི་རང་བཞིན་ནི་རླུང་རྡོ་རྗེ་སྟེ་དམ་ཚིག་སྒྲོལ་མའོ། །དེ་རྣམས་གང་དུ་སྣང་བ་སྟོན་པར་བྱེད་པ་ནི་ནམ་མཁའ་རྡོ་རྗེ་སྟེ་དབྱིངས་ཀྱི་དབང་ཕྱུག་
མའོ། །གཞན་ཡང་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་གཟུགས་ཀྱི་རྡོ་རྗེ་ལ་སོགས་པའི་སེམས་མ་རྣམས་སོ། །དེའི་རྣམ་པར་ཤེས་པ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། དེའི་ཞེ་སྡང་དང་། གཏི་

མུག་དང་། ང་རྒྱལ་དང་། འདོད་ཆགས་དང་། ཕྲག་དོག་རྣམས་ཀྱི་ངོ་བོ་ཉིད་ནི། དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། དཀོན་མཆོག་དཔལ་དང་། ཚེ་དཔག་ཏུ་མེད་པ་དང་། རྡོ་རྗེ་གདོན་མི་ཟ་བ་རྣམས་ཀྱི་ངོ་བོ་ཉིད་དུ་དབྱེར་མེད་པའི་ཚུལ་དུ་བཞུགས་སོ་ཞེས་བྱ་
བར་སྦྱར་རོ། །འདི་ལྟར་བཞུགས་ཞེས་བྱ་བའི་ཚིག་གཞན་དག་ཏུ་ཡང་ཤེས་པར་བྱའོ། །དེ་ལ་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ནི། བགྲང་བར་བྱ་བ་ལས་འདས་པའོ། །ཡང་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ནི། རབ་ཏུ་མང་བའི་དོན་ཏེ། ཆོས་ཀྱི་དབྱིངས་དང་མཉམ་པར་བསྟན་པའི་དོན་ཏོ། །
རྣམ་པ་གཅིག་ཏུ་སྔ་མ་ནི་རྣམ་གྲངས་ཡིན་ལ་བསྣན་པ་ནི་ཁྱད་པར་གྱི་དོན་ཏོ། །སངས་རྒྱས་ཀྱི་ཞིང་རི་རབ་ཀྱི་རྡུལ་ཕྲ་མོ་སྙེད་ཅེས་བྱ་བ་ནི། ཚད་ལས་འདས་པའི་དཔེ་མཚོན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཞེས་བྱ་བ་ལ་བྱང་ཆུབ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་
དོ། །སེམས་དཔའ་ནི་དེ་འདོད་པའོ། །གོང་དུ་བསྟན་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལ་གནས་པས་སེམས་དཔའ་ཆེན་པོ་ཞེས་བྱ་བའོ། །དེ་དག་སྙེད་པ་དང་ཐབས་གཅིག་ཏུ་བཞུགས་པ་ཡང་གང་ལ་ཞེ་ན། སྙིང་པོ་རྡོ་རྗེ་སྦྱོར་བའི་པདྨོ་ལ་ཞུགས་པ་ཞེས་སྨོས་སོ། །སྙིང་པོ་ནི་བྷ་ག་རྡོ་རྗེ་ནི་
མཚན་མ་སྟེ། དེ་དག་སྦྱོར་བའི་དུས་ཀྱི་པདྨ་གང་ཡིན་པ་དེ་ལ་བཞུགས་སོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །རྣམ་པ་གཅིག་ཏུ་ཐབས་ཀྱི་བདག་ཉིད་སྙིང་པོ་རྡོ་རྗེ་དེ་ཤེས་རབ་ཀྱི་བདག་ཉིད་པདྨ་ལ་སྦྱོར་བ་གང་ཡིན་པ་དེ་ན་བཞུགས་ཞེས་བྱ་བར་སྦྱར་རོ། །དེ་ལྟར་བཞུགས་པ་དེ་དག་གང་ཞེ་ན། འདི་ལྟ་
སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་པ་ལྟར་དབྱེར་མི་ཕྱེད་པའི་བདག་ཉིད་པས་རྡོ་རྗེ་ཞེས་སྨོས་ཏེ། གཞན་ནི་སྔ་མ་བཞིན་ནོ། །ས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ལྷ་མོ་
རྣམས་ལ་ཕོའི་སྒྲ་སྨོས་པ་ནི་རང་དང་འདྲ་བའི་ཐབས་ཀྱི་ཆ་ཡོད་པས་སོ་ཞེས་ཟེར་རོ། །རྣམ་པ་གཅིག་ཏུ་ཚིག་གི་བདེ་རིམ་དང་སྦས་པའི་དོན་ཡིན་ཏེ་འགལ་བ་མེད་དོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་དབྱིངས་ཀྱི་དབང་ཕྱུག་མ་ཉིད་ཡིན་མོད་ཀྱི་དེ་ཡང་འདིར་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་ཉིད་དུ་

འདོད་པས་ལྷའི་རང་བཞིན་ཡིན་ཡང་འཁོར་གྱི་དཀྱིལ་འཁོར་དུ་མ་བཀོད་པ་ལ་འགལ་བ་མེད་དོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་འདིར་འདུལ་བའི་དབང་གིས་རྒྱུད་གཅིག་ཏུ་གཏོགས་པའི་ཆོས་རྣམས་ཡོངས་སུ་དག་པའི་ལྷ་ཙམ་ཡིན་གྱི། དེ་དག་རེ་རེ་ཞིང་ཡང་འདི་དག་དང་འདྲ་བའི་ལྷས་
ཡོངས་སུ་གང་ལ་གཞན་ཡང་རང་བཞིན་དང་སྤྲུལ་པའི་སྒོ་ནས་མཐའ་ཡས་པའི་ཕྱིར་བརྗོད་ཀྱིས་མི་ལང་བ་ལ་སོགས་པ་རྣམས་སྨོས་སོ། །དེ་ལ་དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པ་ཞེས་བྱ་བ་ལ་ནམ་མཁའི་དབྱིངས་འདི་ནི་ནམ་མཁའི་དབྱིངས་ཉིད་དེ་དེ་ལ་ནམ་མཁའི་ཁམས་དང་།
སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། གཞན་ཡང་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། འདོད་ཆགས་དང་། ཕྲག་དོག་རྣམས་དང་མཉམ་ཞིང་དབྱེར་མེད་པ་ནི་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་
རྡོ་རྗེ་གདོན་མི་ཟ་བར་གྲུབ་པ་རྣམས་སོ་ཞེས་བྱ་བར་སྦྱར་རོ། །དེ་དག་ལ་སོགས་པ་ནམ་མཁའི་དབྱིངས་ཐམས་ཅད་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བ་ལ་ནམ་མཁའི་དབྱིངས་ནི་ཆོས་ཀྱི་སྐུ་སྟེ་ནམ་མཁའི་དབྱིངས་དང་མཚུངས་པའི་ཕྱིར་རོ། །དེ་དང་མཉམ་པ་ནི་ལོངས་སྤྱོད་
རྫོགས་པ་དང་སྤྲུལ་པའི་སྐུ་སྟེ་དེ་ལས་ཐ་དད་དུ་མི་འཇུག་ཅིང་དེ་དང་མཉམ་པར་སྣང་ཞིང་སྤྲུལ་པའི་དོན་ཏོ། །དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་ནམ་མཁའི་དབྱིངས་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ལ་ཁྱབ་པར་སྣང་བར་གྱུར་ཏོ་ཞེས་བྱ་བ་ལ་ནམ་མཁའ་དེ་ཐམས་ཅད་ཀྱང་དེ་བས་
ནམ་མཁའ་ཐམས་ཅད་དེ་འདི་ནི་ཤེས་རབ་མའི་བྷ་གའོ། །དབྱིངས་ཞེས་བྱ་བ་ནི་འདིར་རྒྱུའི་དོན་ཏེ། ས་བོན་བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱབ་པ་ནི་དེ་ལྟ་བུར་བསྟན་པར་གྱུར་པའོ། །རྣམ་པ་གཅིག་ཏུ་ཤེས་རབ་མའི་བྷ་ག་ལ་ལྷ་མོ་བཞི་དང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་
གཉིས་སུ་མེད་པའི་ཚུལ་དུ་བསྟན་པར་གྱུར་པའོ། །འདི་ནི་གླེང་གཞི་ཕུན་སུམ་ཚོགས་པ་ཡིན་ཏེ་འདི་ལྟར་སྟོན་པ་དང་། གནས་དང་འཁོར་དང་དུས་དང་རྒྱུད་ཀྱི་བདག་ཉིད་རྣམས་ཕུན་སུམ་ཚོགས་པ་ནི་གང་བཤད་པར་བྱ་བའི་ཆོས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་འདིར་ནི་འདི་ལྟར་བྱང་ཆུབ་

ཀྱི་སེམས་ཀྱི་བདག་ཉིད་ནི་སྟོན་པའོ། །ཆོས་ཀྱི་འབྱུང་གནས་ནི་གནས་སོ། །སྔོན་དུ་བརྗོད་པ་ལྟར་ཡན་ལག་ཡོངས་སུ་རྫོགས་པ་ནི་འཁོར་རོ། །དེ་དག་འདུས་པའི་སྐབས་ནི་དུས་ཏེ་དེའི་ཚེ་གཟུང་འཛིན་ཐམས་ཅད་དང་བྲལ་བའི་དོན་སོ་སོ་རང་རིག་པ་ནི་རྒྱུད་ཡིན་ནོ། །དེ་ལྟར་ཕུན་སུམ་ཚོགས་
པའི་བདག་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཨེ་ཝཾ་གྱི་གཟུགས་ལ་ཐིག་ལེའི་བདག་ཉིད་དུ་བཞུགས་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞུས་ཏེ་གླེང་བསླང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་རིམ་པ་ནི་ཤེས་རབ་ཀྱིས་ང་རྒྱལ་བ་རྣམས་བླ་མ་དང་འབྲེལ་བ་མེད་ན་མི་འགྲུབ་པས་ཇི་ལྟ་བ་
མ་ཡིན་པར་བསྟན་པའོ། །འདིར་གཟུང་བ་ནི་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་པའི་བར་དུ་ཞུས་པ་འདི་ཐོག་མར་བསྟན་པར་བྱ་སྟེ། དེ་ལ་དེ་ནས་ཞེས་བྱ་བའི་སྒྲ་ནི་
བཀྲ་ཤིས་པའི་དོན་དང་ངེས་པའི་དོན་དང་དབང་དུ་གྱུར་པའི་དོན་དང་བར་ཆད་སྤོང་བ་རྣམས་ལས་འདིར་ནི་བཀྲ་ཤིས་པ་དང་བར་ཆད་སྤོང་བའི་དོན་ཏེ། འདི་ལྟར་གང་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་གང་རྣམས་ལ་སྣང་བར་གྱུར་པ་དེ་ནས་ཞེས་འབྲེལ་བར་སྦྱར་རོ། །བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་པ་ནི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་བདག་ཉིད་དུ་བཞུགས་པ་དེ་བསྐུལ་བར་རིགས་ནས་མཆོད་པའི་སྤྲིན་གྱིས་མཆོད་ཅིང་ཞུ་བར་གསོལ་བ་གདབ་པར་དགོངས་པ་གཅིག་ཏུ་གྱུར་
ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་ནི་དེའི་རྣམ་པ་དང་འདྲ་བའི་དོན་ཏེ་འབྲས་བུ་ཆེན་པོའི་མཚན་གྱི་ཁྱད་པར་རོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་བྱང་ཆུབ་སེམས་ཀྱི་མཆོད་པའོ། །དམ་ཚིག་ནི་དང་དུ་བླང་ཞིང་སྤྱད་པའོ། །རིན་པོ་ཆེ་ནི་གཟུངས་ཀྱི་མཆོད་པ་སྟེ་དེ་
ལྟ་བུའི་མཆོད་པའི་སྤྲིན་གྱིས་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་བ་བཏབ་ཅེས་བྱ་བའི་དོན་ཏོ། །དེ་བསྟན་པའི་ཕྱིར། འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྡོ་རྗེ་སྙིང་པོ་འདུས་པ་ཉིད། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་

བྱ་བ་སྨོས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་འདུས་པའི་གསང་བ་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ནི། བཅོམ་ལྡན་འདས་ཀྱི་སྐུ་བསྐྱེད་པའི་ཐབས་ཀྱི་ཡན་ལག་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཡིན་ཏེ་ཐུགས་རྡོ་རྗེའི་
སྙིང་པོ་འདུས་པ་ཡིན་ཏེ། དེ་ལྟ་བུའི་དོན་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་ཅེས་གསོལ་བ་བཏབ་པ་དང་། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ཆོས་ཀྱི་སྐུའི་བྱིན་གྱིས་རླབས་ཀྱི་སྒྲས་བོས་ཏེ་འདི་ལྟ་བུའི་དོན་ཞུ་བ་ལེགས་ན། དེ་ཁོ་ན་ཉིད་ཀྱི་དོན་འདི་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན། བྱང་ཆུབ་
སེམས་དཔའ་ཕྱིར་གྱུར་པ་གཞན་ལྟ་ཅི་སྨོས་ཏེ་འདི་ནི་བསྟན་པ་ཤིན་ཏུ་དཀའོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་རྣམས་ངོ་མཚར་དུ་གྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་ཉིད་ཤིན་ཏུ་ཁྱད་པར་དུ་གྱུར་པ་ལགས་ཀྱང་བདག་ཅག་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་འདིར། སྐུ་གསུང་ཐུགས་ཀྱི་གསང་བ་སྟོན་པར་མི་སྤྱོད་པ་དེ་བྱིན་གྱིས་རློབ་མཛོད་དེ་བཀའ་སྩལ་དུ་གསོལ་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་འདིས་ཅེས་བྱ་བ་སྨོས་ཏེ། དེ་ལ་བཅོམ་
ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཏེ་དེའི་རྡོ་རྗེ་ནི་གསང་བའི་དབང་བསྐུར་བའི་འབྱུང་ཁུངས་སོ། །དམ་ཚིག་ནི་བདུད་རྩིའི་རང་བཞིན་ཏེ་གསང་བ་བདུད་རྩིའི་དཀྱིལ་འཁོར་གྱི་ལྷའི་བདག་ཉིད་དོ། །དེ་འབྱུང་བའི་ཚིག་ནི་གང་གི་ཚེ་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རྡོ་རྗེ་གསང་བའི་དབང་གི་དམ་ཚིག་སློབ་མ་གང་གིས་ལེན་པ་དེའི་ཚེ་འདི་སྐད་དུ་བླ་མ་རྣམས་ཀྱིས་ཨ་ཧོ་སུ་ཁ་ཞེའམ། སུ་པྲ་ཏིཥྛ་བཛྲ་ཧོཿ། ཞེས་བསྐུལ་བ་སྟེ། འདིས་ཡང་དག་པའི་དབང་གི་དོན་བསྟན་དུ་གསོལ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ་ཞེས་བྱ་བ་སྨོས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ནི་སྐུའི་དབང་བསྐུར་བའི་འབྲས་བུའོ། །ཡིད་བདེ་བ་མྱོང་བ་ནི་སྐུ་
དང་གསུང་དང་ཐུགས་ཀྱི་དབང་བསྐུར་བའི་འབྲས་བུ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བར་དག་ཐོབ་པར་བགྱི་བའི་སླད་དུ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པོ། །དེ་སྐད་ཅེས་གསོལ་བ་བཏབ་པ་དེ་མཁྱེན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་
གྱིས་བརླབ་པ་མཛད་པར་བྱ་བའི་ཕྱིར། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་གང་ཞེ་ན། སྔོན་དུ་བྱང་ཆུབ་ཀྱི་སེམས་
ཆོས་ཀྱི་སྐུའི་བདག་ཉིད་དུ་བཞུགས་པ་ལས་འདིར་ཡི་གེ་ཡཾ་ལས་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་གཞུའི་དབྱིབས་ལྟ་བུ་ལ་ཡི་གེ་ཨོཾ་གྱིས་མཚན་པའོ། །དེའི་སྟེང་དུ་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་ཁ་དོག་དམར་པོ་གྲུ་གསུམ་དུ་གྱུར་པ་ལས་ཡི་གེ་ཧཱུཾ་གིས་མཚན་པའོ། །
དེའི་སྟེང་དུ་ཡི་གེ་བཾ་ལས་ཡོངས་སུ་གྱུར་པའི་ཆུའི་དཀྱིལ་འཁོར་ཁ་དོག་དཀར་པོ་ཀུན་ནས་ཟླུམ་པ་ཡི་གེ་ཨོཾ་གྱིས་མཚན་པའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་དེ་ལས་རྡོ་རྗེ་ཕྲ་མོའི་རྣམ་པ་འཕྲོ་བ་དང་། འདུ་བའི་སྦྱོར་བ་ལས་ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར་པའོ། །དེའི་སྟེང་དུ་
ཡི་གེ་བྷཱུཾ་ལས་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བཅུ་པའོ། །དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་ལས་ཡོངས་སུ་གྱུར་པའི་རྡོ་རྗེ་སེམས་དཔའ་ཞེ་སྡང་རྡོ་རྗེའི་བདག་ཉིད་ཅན་ནོ། །འཁོར་ལོའི་རྩིབས་རྣམས་ལ་ཡང་ཁྲོ་བོ་རྣམས་ཇི་ལྟ་བའི་ཆོ་གས་བསྐྱེད་དེ། དེ་ནས་བཀའི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསྒོམ་
པ་རྫོགས་པ་ཧཱུཾ་གི་ས་བོན་ལས་བྱུང་བའི་རྡོ་རྗེ་གུར་དང་ར་བས་ཡོངས་སུ་འཁོར་བར་མཛད་དོ། །དེ་ནས་ཁྲོ་བོ་གདན་དང་བཅས་པ་འོད་དུ་ཞུ་སྟེ། ཇི་ལྟ་བའི་རིམ་པས་རྡོ་རྗེ་སེམས་དཔའ་རིག་མ་དང་བཅས་པར་གྱུར་པར་མཛད་དེ་དེ་ལས་ཡོངས་སུ་གྱུར་པའི་ཆོས་ཀྱི་འབྱུང་གནས་སྣ་ཚོགས་པདྨ་དང་

སྣ་ཚོགས་རྡོ་རྗེས་མཚན་པའོ། །དེའི་དབུས་སུ་ཡི་གེ་ཧཱུཾ་ལས་ཡོངས་སུ་གྱུར་པའི་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་རིག་མ་དང་བཅས་པ་ཞུ་བ་ལས་གྲུ་བཞི་གཞལ་ཡས་ཁང་དུ་གྱུར་པར་མཛད་དེ། དེ་ནམ་མཁའི་དབྱིངས་འདི་དག་ཐམས་ཅད་རྡོ་རྗེ་ངོ་བོར་
གནས་པར་གྱུར་ཏོ། །དེ་ལྟར་གཞིའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་ནས་ཉིད་ཀྱི་ཕྱག་རྒྱ་བསྐྱེད་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མཉམ་པ་ཉིད་དུ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་
ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བདག་པོ་འདི་བྱིན་གྱིས་བརླབས་ཏེ། འདི་ལྟར་དབུས་ཀྱི་སྣ་ཚོགས་པདྨའི་གདན་སྟེངས་སུ་ཨཱ་ལི་དང་ཀཱ་ལིའི་རྣམ་པ་ཅན་གྱི་ཟླ་བའི་དཀྱིལ་འཁོར་དེ་དག་ཡོངས་སུ་ཞུ་བ་
ལས་གྲུབ་པའི་རྡོ་རྗེ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་དེ་འཕྲོ་བ་དང་འདུ་བའི་སྦྱོར་བས་སྔགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡོངས་སུ་རྫོགས་པའི་བདག་ཉིད་འདི་ལྟར་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་
དབྱིངས་ཀྱི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་པར་མཛད་པའི་དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེ་ནས་འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་གྱི་ཁམས་གཟིགས་ཏེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་
པར་སྣང་མཛད་ཆེན་པོ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐབས་དང་ཤེས་རབ་ཀྱི་སྒྲས་གོང་དུ་ཞུ་བར་གསོལ་བར་མཛད་པའི་དེ་བཞིན་གཤེགས་པའི་འཁོར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་
ལྡན་འདས་སྐུ་གསུང་ཐུགས་ཀྱི་བདག་པོ་མཉེས་པར་བྱ་བའི་ཕྱིར་ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་བྱུང་བར་གྱུར་ཏེ། ཇི་ལྟར་འགྲོ་བ་འདུལ་བར་གྱུར་པ་དེ་བཞིན་དུ། ལ་ལ་ནི་སངས་རྒྱས་ཀྱི་སྤྱན་ལྟ་བུ་ཞེས་བྱ་བ་ནས། ལ་ལ་ནི་གཟུགས་ཀྱི་ངོ་བོ་ལྟ་

བུར་ཞེས་བྱ་བའི་བར་དུ་རིགས་སོ་སོ་ཇི་ལྟ་བ་བཞིན་དུ་གནས་པར་གྱུར་ཏེ། གཞིའི་རིག་མ་ལ་ཐིམ་པར་མཛད་དོ། །ཁ་ཅིག་ནི་ལྷ་མོའི་སྦྱོར་བ་འདི་དག་གིས་ཡང་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་གཙོ་བོ་ལ་ཐིམ་པར་བྱས་ནས། བྱང་ཆུབ་སེམས་ཀྱི་རྒྱུར་གྱུར་ཏོ་ཞེས་
ཟེར་རོ། །དེ་ནས་ཤེས་རབ་མའི་བྷ་ག་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་བཞིའི་རིག་མའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རྡུལ་མེད་པ་གྲུ་བཞིར་བྱིན་གྱིས་བརླབ་པ་ནི། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་
ཚོགས་གཟུགས་ཀྱིས་ཀུན་དུ་ཁྱབ། །སངས་རྒྱས་ཚོགས་ཀྱིས་ཀུན་དུ་རྒྱས། །འོད་ཟེར་འཕྲོ་བ་མང་པོ་འཁྲུགས། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས་སུ་བྱིན་གྱིས་བརླབ་པར་མཛད་དོ། །དེ་ནི་འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་རྒྱན་གྱི་ཁྱད་
པར་སྣ་ཚོགས་ཀུན་དུ་བརྒྱན་པ་གོང་དུ་སྨོས་པའི་སངས་རྒྱས་ཀྱི་ཚོགས་ཀྱིས་ཀུན་དུ་རྒྱས་པ། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ་དང་ལྡན་པ། ཟླ་བ་དང་ཉི་མ་ལ་སོགས་པའི་གདན་དང་ལྡན་པ་དེ་ནི་དེ་བཞིན་གཤེགས་པ་ཀུན་གྱི་ཕོ་བྲང་སྟེ། འདི་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་
འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་དེ་དཀྱིལ་འཁོར་ཆེན་པོའི་དབུས་སུ་མི་བསྐྱོད་པའི་བདག་ཉིད་དུ་བཞུགས་པར་གྱུར་ཏོ། །དེ་ལྟ་བུའི་གསང་བའི་བྷ་གའི་དཀྱིལ་འཁོར་དེར་སེམས་ཅན་ཐམས་ཅད་དབང་བསྐུར་བར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྐུལ་བས། དེ་ནས་དེ་བཞིན་གཤེགས་
པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དང་། དེ་བཞིན་གཤེགས་པ་གྲུབ་པ་གདོན་མི་ཟ་བ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཐུགས་ལ་ཞུགས་ཏེ། ཤེས་རབ་
མའི་བྷ་གར་བབས་པས་ནམ་མཁའི་དབྱིངས་དེ་ན་བཞུགས་པའི་སེམས་ཅན་ཐམས་ཅད་ལ་གསང་བའི་དབང་བསྐུར་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དཔལ་གྱིས་རེག་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བའི་དབང་ཐོབ་པར་གྱུར་ཏོ། །དེ་ལྟར་

སེམས་ཅན་དེ་དག་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་བྱས་འཁོར་ཐམས་ཅད་ཀྱང་སྣོད་དུ་རུང་བར་བྱིན་གྱིས་བརླབ་པ་མཛད་པས། དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་ངོ་མཚར་སྐྱེས་པར་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་
རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ཀ་ནས་བྱུང་སྟེ། ཆེད་དུ་གླེང་བ་འདི་གསུངས་སོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་རབ་འབྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རབ་ཏུ་མི་རྟོག་གནས་མེད་པའོ། །ཞེས་གསང་བ་བྱང་ཆུབ་སེམས་ཀྱི་དབང་
ལ་ངོ་མཚར་བའི་སྒོ་ནས་བསྟོད་དོ། །དེ་ལ་ཐུགས་ཀ་ནས་བྱུང་སྟེ། །ཞེས་པའི་ཚིག་ནི་ཕྱིའི་དཀྱིལ་འཁོར་དུ་བཞུགས་པར་མི་སྦྱོར་གྱི་བྱང་ཆུབ་སེམས་ཀྱི་རང་བཞིན་སེམས་ཅན་རྣམས་དང་ཐུན་མོང་དུ་གསང་བའི་དཀྱིལ་འཁོར་དུ་བབས་པས་སེམས་ཅན་རྣམས་ནི་སངས་རྒྱས་པ་ཐོབ་པར་གྱུར་ཏེ། །
རང་རང་གི་སངས་རྒྱས་ཀྱི་ཞིང་དག་ཏུ་བཏང་། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ནི་གསང་བའི་དཀྱིལ་འཁོར་ལ་འཁོད་ནས་ཆེད་དུ་གླེང་བ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་ནས་འོད་འབར་ཧོའི་བར་དུ་དེ་ཉིད་གསུམ་གྱི་ཡི་གེ་དང་ལྡན་པ་རབ་ཏུ་འབར་བའི་བྱིན་གྱི་རླབས་ཀྱིས་བདག་ཡབ་
ཡུམ་ཡང་འོད་དུ་བཞུ་བར་བྱའོ། །དེ་ནས་འོད་ཀྱི་ཐིག་ལེ་དེ་ལས་ཐིག་ལེ་ཕྲ་མོ་བཞི་ཕྱོགས་བཞིར་འཕྲོས་ཏེ་དེ་ཡང་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིར་ཡོངས་སུ་གྱུར་ནས། བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་པར་བསྐུལ་བའི་དགེ་བའི་བཤེས་གཉེན་མཛད་དེ། འདི་
ལྟར། སེམས་ཅན་ཁམས་ན་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །ཞེས་བྱ་བ་ལ་སོགས་པའི་དབྱངས་རྣམས་ཀྱིས་ཡོངས་སུ་བསྐུལ་བ་དང་། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་ཡོངས་སུ་བསྐྱེད་པ་མཛད་ནས་ཡེ་ཤེས་རྣམ་པ་ལྔའི་ཚུལ་གྱིས་ཉིད་ཀྱི་སྐུ་ཡོངས་སུ་རྫོགས་པར་
མཛད་དོ། །དེ་ཉིད་ལ་ཡང་རྡོ་རྗེ་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་ཆུང་ངུའི་བསྙེན་པ་ལ་སོགས་པ་དང་ཆུང་ངུའི་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱས་ཏེ། འབྲིང་གི་བསྙེན་པ་ལ་སོགས་པའང་ཇི་ལྟ་བ་བཞིན་དུ་རྫོགས་པར་

བྱས་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ཏེ་ཞལ་དུ་ཐིམ་ནས་དབང་པོའི་ལམ་དུ་བྱུང་སྟེ། ཆོས་ཀྱི་འབྱུང་གནས་ཀྱི་དཀྱིལ་དུ་བབས་ཏེ་དེ་ཉིད་དུ་དཀྱིལ་འཁོར་དུ་བསྐྱེད་པར་བྱའོ། །དེ་ལྟར་སྦྱོར་བ་དང་པོ་རྫོགས་པར་མཛད་ནས། དཀྱིལ་འཁོར་རྒྱལ་པོ་མཆོག་ལ་འཇུག་པའི་ཕྱིར་
དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས་ཞེས་འདིར་ཡང་སྦྱར་ཏེ། ཡེ་ཤེས་སྒྲོན་མས་བསྐྱོད་པ་རྡོ་རྗེ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེ་སྡང་གི་
རིགས་མཆོག་གི་སྙིང་པོ་འདི་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་གདོན་པ་མཛད་དོ། །དེ་ལ་ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་སྙིང་པོ་འདིས་དེ་བཞིན་གཤེགས་པ་མི་བསྐྱོད་པ་འབྱིན་པར་མཛད་
པའི་ཡེ་ཤེས་ཀྱི་མིང་སྟེ། དེ་བཞིན་དུ་སྙིང་པོ་གང་དང་གང་དག་གིས་དེ་བཞིན་གཤེགས་པ་གང་དང་གང་དག་འབྱིན་པར་མཛད་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་དེ་དང་དེ་དག་ལ་དེ་སྐད་ཅེས་བྱ་བར་སྦྱར་རོ། །ཞེ་སྡང་གི་རིགས་མཆོག་ཅེས་བྱ་བ་ལ་སོགས་པ་ནི་གང་ཞེ་སྡང་གིས་འདུལ་བ་རྣམས་
ལ་དེའི་གཉེན་པོར་མི་བསྐྱོད་པ་རྡོ་རྗེའི་རིགས་སུ་བསྟན་ཏེ་དེའི་ཕྱིར་རྡོ་རྗེའི་རིགས་ནི་ཞེ་སྡང་གི་རིགས་སོ། །སྙིང་པོའི་སྙིང་པོ་ཞེས་བྱ་བ་ལ་སྙིང་པོ་ནི་བྷ་ག་ལ་བྱང་ཆུབ་ཀྱི་སེམས་གནས་པ་སྟེ་རྒྱུ་ཡིན་པའི་ཕྱིར་གརྦྷ་ཞེས་བྱ་བའི་ཚིག་ནི་སྐྱེ་གནས་དག་ལ་ཡང་འཇུག་པར་སྦྱར་རོ། །སྙིང་པོ་ཞེས་བྱ་བ་ནི་
བྱང་ཆུབ་ཀྱི་སེམས་ལས་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པར་སྨིན་པ་དེ་དམ་པ་ཡིན་པའི་ཕྱིར་ས་ར་ཞེས་བྱ་བའི་ཚིག་ནི་འོ་མའི་སྤྲིས་མ་དག་ལ་ཡང་འཇུག་པར་སྦྱར་རོ། །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་
མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་ནག་པོ་དཀར་པོ་དམར་པོའི་ཚུལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་སོ་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཐུགས་

ཡེ་ཤེས་ཉིད་དོ། །སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་ཞེས་བྱ་བ་ལ་སྐུ་དང་གསུང་དང་ཐུགས་ཉིད་མི་ཕྱེད་པའི་ངོ་བོ་ནི་རིག་པ་སྟེ་དེའི་ངོ་བོའི་སྐྱེས་བུ་ནི་མི་བསྐྱོད་པའོ། །དེའི་ཕྱག་རྒྱ་ཆེན་པོ་ནི་སྐུ་ཕྱག་རྒྱ་སྟེ་དེར་སྦྱོར་བའི་ཐབས་ནི་བྱ་བའོ། །དེ་ཉིད་གང་ཞེ་ན། ནག་
པོ་དཀར་པོ་དམར་པོའི་ཚུལ་དུ་སྟེ་དེ་ཡང་རྩ་བའི་ཞལ་དང་སྐུ་མདོག་ནག་པོའོ། །གཡས་ཀྱི་ཞལ་ནི་དཀར་པོའོ། །གཡོན་པ་ནི་དམར་པོའོ། །དེ་བཞིན་དུ་ཕྱག་དྲུག་ན་ཡང་རྡོ་རྗེ་དང་འཁོར་ལོ་དང་། པདྨ་དང་། དྲིལ་བུ་དང་། རིན་པོ་ཆེ་དང་རལ་གྲི་རྣམས་འཛིན་པར་འགྱུར་ཏེ། སངས་རྒྱས་
ཀྱི་མཛད་པས་སེམས་ཅན་གྱི་དོན་བྱ་བ་ཡོངས་སུ་རྫོགས་པར་མཛད་ནས་སླར་འདུས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་ལ་ཞུགས་པར་མཛད་དོ། །དེ་ལྟར་ཞུགས་པར་མཛད་ནས་བཅོམ་ལྡན་འདས་དེ་ཉིད་ཅུང་ཟད་ཞེ་སྡང་གི་གཟུགས་འཛིན་པར་འགྱུར་ཏེ།མདོག་ཨིནྡྲ་ནཱི་ལ་ལྟ་བུ་ཅུང་ཟད་གཙིགས་པའི་ཞལ་མངའ་
བ་ཕྱག་དང་པོ་ན་རྡོ་རྗེ་རྩེ་དགུ་པ་བསྣམས་པའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ནས་དེ་ཉིད་ཀྱི་སྦྱོར་བས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བར་སྦྱར་རོ། །དེ་དག་གི་ཚིག་གི་ཡན་ལག་ཀྱང་ཞེ་སྡང་གི་རིགས་ཇི་ལྟ་བ་བཞིན་དུ་སྦྱར་རོ། །ཞེ་སྡང་གཏི་མུག་འདོད་
ཆགས་དང་། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས། །འདོད་དང་འགྲོལ་བར་རབ་སྒྲུབ་པའོ། །ཞེས་བྱ་བ་ནི་རིགས་ལྔའི་མཇུག་སྡུད་པའི་ཚིག་སྟེ། དེ་ལ་ཞེ་སྡང་གི་རིགས་ནི་མི་འཁྲུགས་པའོ། །གཏི་མུག་གི་རིགས་ནི་རྣམ་པར་སྣང་མཛད་དོ། །འདོད་
ཆགས་ཀྱི་རིགས་ནི་སྣང་བ་མཐའ་ཡས་སོ། །ཡིད་བཞིན་ནོར་བུའི་རིགས་ནི་དཀོན་མཆོག་དཔལ་ལོ། །དམ་ཚིག་གི་རིགས་ནི་གདོན་མི་ཟ་བར་གྲུབ་པ་སྟེ། རིགས་ལྔ་པོ་འདི་དག་གིས་འདོད་པ་དང་གྲོལ་བ་སྒྲུབ་པའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་ཞེ་ན། འདོད་པ་ལྔ་ཉིད་སྤོང་བར་མི་བྱེད་དེ་རིགས་ཀྱི་
ལོངས་སྤྱོད་དུ་སྤྱོད་ལ། གྲོལ་བ་ཡང་གཞན་མ་ཡིན་ཏེ་དེ་ཉིད་དུ་སྦྱར་བས་དུག་ལྔ་འདོད་པ་ལྔ་ནི་དེ་བཞིན་གཤེགས་པ་ལྔ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནས་དེ་དག་གི་བཙུན་མོའི་ཚོགས་དབྱུང་བར་བྱ་བའི་ཕྱིར་དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་འཛིན་མཉེས་པའི་དམ་ཚིག་

རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་རིགས་མཉེས་པར་བྱེད་པའི་ཡུམ་མཱ་མ་ཀཱི་ཡིན་པས་སོ། །དེ་བཞིན་དུ་འོག་མ་དག་ལ་ཡང་སྦྱར་རོ། །དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་བུད་མེད་ཀྱི་གཟུགས་སུ་སྤྲུལ་ཏེ། གཞན་ཡང་དེ་བཞིན་
དུའོ། །ཤར་ཕྱོགས་ཀྱི་གྲྭར་བཞུགས་ཞེས་པ་ནི་རིམ་པ་མ་ཡིན་པར་སྦྱར་ཏེ་དེ་ནི་ལྷོའི་གྲྭར་བཞུགས་པ་ཡིན་ལ།གཏི་མུག་དགའ་མ་ནི་ཤར་གྱི་གྲྭར་བཞུགས་སོ་ཞེས་མཁན་པོ་དག་གིས་བཤད་དོ། །སླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། །རྡོ་རྗེ་བརྫུན་གྱི་སྒོ་ནས་འགྲོ་བ་རྣམས་ཐབས་ཀྱིས་
འདྲེན་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་དེ་དག་གི་མཇུག་བསྡུ་བ་སྟེ་བུད་མེད་འདི་དག་ནི་བདེ་བའི་མཆོག་ཕུན་སུམ་ཚོགས་པ་དང་ལྡན་ཞིང་གོ་འཕང་ཆེན་པོ་ལ་ཡང་སྦྱོར་བ་ཉིད་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ནས་ཁྲོ་བོ་
ཆེན་པོ་རྣམས་དབྱུང་བར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཁྲོ་བོ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་ལ་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བ་འདིར་སྐུའི་ཁྲོ་བོར་བརྗོད་པས་སོ། །དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་དཀྱིལ་འཁོར་བྱིན་ཆེ་བར་བྱེད་པ་སྟེ་མི་མཐུན་པ་མེད་པར་བྱེད་པས་སོ། །རྣམ་པ་གཅིག་ཏུ་གསང་བའི་དཀྱིལ་འཁོར་དུ་བྱང་ཆུབ་ཀྱི་སེམས་ཕེབས་པར་བྱེད་པའི་
ཕྱག་རྒྱབ་བཞི་ཡིན་པས་སོ་ཞེས་བླ་མའི་མན་ངག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་བསྙེངས་པར་བྱེད་པ་ཞེས་བྱ་བ་ནི་ལོག་པར་རྟོག་པ་མི་གནས་པའི་ཚིག་གོ། །མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ཉིད་དུ་སྦྱར་རོ། །དཀྱིལ་འཁོར་བྱིན་གྱིས་རློབ་པ་ལ་
སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེའི་དམ་ཚིག་བསྙེངས་པར་བྱེད་པ་ནི་ཐུགས་ཀྱི་རྣམ་པར་རྟོག་པ་མི་མངའ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཆོས་རིན་པོ་ཆེ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ནི་གསུང་གི་བདག་ཉིད་དེ་དམ་པའི་ཆོས་དེ་ཉིད་རིན་པོ་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནི་ཕྲིན་ལས་ཀྱིས་བདག་ཉིད་དེ་སྐུ་གསུང་ཐུགས་འདུས་པའི་བདག་ཉིད་རྡོ་རྗེའི་ངོ་བོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་པ་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་སོ་ཞེས་བྱ་
བ་ནི་ཁྲོ་བོ་འདི་བཞི་ཡང་སྐུ་གསུང་ཐུགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ལས་བྱེད་ཀྱི་བདག་ཉིད་ཡིན་པས་སོ། །རྣམ་པ་གཅིག་ཏུ་གསང་བའི་དཀྱིལ་འཁོར་དུ་བྱང་ཆུབ་ཀྱི་སེམས་ལྷ་རྣམས་ཀྱི་ངོ་བོ་འབྱུང་བར་བྱེད་པའི་མཉེས་པའི་ཕྱག་རྒྱ་ཡིན་ཏེ་འདི་ལྟར་གཟུང་བ་དང་འཁྱུད་པ་དང་བསྡམས་པ་
དང་ལྡན་པའི་བདག་ཉིད་གནས་པས་མཉེས་པར་བྱེད་པ་ཞེས་བྱའོ། །དེའི་ངང་ཚུལ་གྱིས་སེམས་དཔའ་རྣམས་ནི་དམ་ཚིག་སེམས་དཔའ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་ཞེས་བྱ་བ་ནི་སྔོན་དུ་བརྗོད་པའི་བྱིན་གྱིས་རློབ་པར་
ཞུས་པ་དང་མཛད་པ་གང་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་དང་པོའོ།། །།ད་ནི་བྱང་ཆུབ་སེམས་ཀྱི་དོན་སྟོན་པ་ལེའུ་གཉིས་པ་འདི་ཞུ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ལ་གསོལ་བ་བཏབ་པ་ལ་སོགས་པ་སྨོས་ཏེ། དེའི་འབྲེལ་པ་ནི་དང་པོ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཚོགས་པ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་དུ། འདུས་པ་གསང་བ་ལས་བྱུང་བ། །ཞེས་པ་ནས་བཤད་
དུ་གསོལ་ཞེས་པའི་བར་དུ་ཞུས་པས། །འདི་ནི་ཐེ་ཚོམ་སྐྱེ་བའི་གནས་ཡིན་ནོ་ཞེས་བཀའ་སྩལ་པ་ནས། བྱིན་གྱིས་རློབ་མཛོད་དེ་བཀའ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པའི་རྗེས་ལ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །བླ་ན་མེད་པའི་བྱང་ཆུབ་སེམས། །བཅོམ་ལྡན་

སྙིང་པོ་བཤད་དུ་གསོལ། །ཞེས་ཡང་ཞུས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ཡང་མཁྱེན་ཅེས་བྱའོ། །དེ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྟེ། དེ་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་
ཡོངས་སུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས་ཞེས་བྱ་བ་ནི་ལེའུ་དང་པོ་ཉིད་དུ་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན།བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨོས་ཞེས་གསུངས་པ་དེ་འདིར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་ཀྱི་དོན་ལ་ཐེ་ཚོམ་
མི་ཟ་བའི་རྟོག་པ་རྣམས་ཀྱང་མཁྱེན་ནས་ཞུས་པའི་དོན་གནང་སྟེ། འདི་སྐད་དུ། འདུས་པ་གསང་བ་ལས་བྱུང་བ། །ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་ཞུས་པའི་དོན་ལ། །ལེའུ་དང་པོར་ནི་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་མཛད་ནས་བྱང་ཆུབ་ཀྱི་སེམས་ཀྱི་
དོན་ནི་འདིར་བཀའ་སྩལ་ཏེ། འདི་ལྟར་ཁྱོད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་དོན་ནི། འདུས་པ་གསང་བ་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་བྱང་ཆུབ་ཀྱི་
སེམས་ཞུ་བའི་བདག་ཉིད་དེ་དེ་ཉིད་སེམས་ཞེས་བྱའོ། །དེ་ཉིད་ལུས་ལྟ་བུ་སྟེ། ཆོ་གའི་ཚུལ་གྱིས་ལྷའི་སྐུར་སྣང་བས་སོ། །སྐུ་དེ་ཡང་བྱང་ཆུབ་སེམས་ཞུ་བའི་ངོ་བོ་ཉིད་ལས་ལུས་ཀྱང་སེམས་ལྟ་བུའོ། །སེམས་དེ་ཉིད་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྒྲའི་རྣམ་པར་སྣང་བས་སེམས་ཀྱང་
ཚིག་བརྗོད་པ་ལྟ་བུའོ། །དེ་ལྟ་བུའི་རྣམ་པ་སྐྱེད་ཅིག་ཅེས་བཀའ་སྩལ་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་ཚད་གསོལ་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུར་སྦྱར་ནས་
ཏེ། ལུས་ངག་ཡིད་གསུམ་དབྱེར་མེད་པར་བྱས་ནས་འདི་སྐད་དུ། ཨེ་མའོ་ཀུན་དུ་བཟང་པོ་ཡི། །རྡོ་རྗེ་སྐུ་དང་གསུང་དང་ཐུགས། །སྐྱེ་བ་མེད་པའི་ཚུལ་གྱིས་སོ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །ཞེས་གསོལ་ཏོ། །དོན་དམ་པར་བྱང་ཆུབ་ཀྱི་སེམས་ཞུ་བ་ལྟ་བུའི་བདེ་བ་ཆེན་

པོ་ནི་སྐྱེ་བ་མེད་བཞིན་ཀུན་རྫོབ་ཀྱི་ཡི་གེ་དང་སྐུ་ལ་སོགས་པ་མཚན་མའི་ཚུལ་དུ་སྐྱེ་བ་འདིར་གྲགས་ཞེས་རྟོགས་ཚད་གསོལ་ཏོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་དོན་ལེའུ་དང་པོར་ཞུས་པ་དེ་འདིར་དང་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་
དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་དོན་བཀའ་སྩལ་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངོ་མཚར་བའི་སྒོ་ནས་མངོན་པར་བསྟོད་དོ། །འདི་ནི་བླ་མའི་མན་ངག་གོ། །ཚིག་གི་རིམ་པ་ནི་བྱང་ཆུབ་ཀྱི་སེམས་བཤད་པར་ཞུས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་ལྟར་
དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་ཡང་མཁྱེན། བྱང་ཆུབ་སེམས་དཔའད་དུང་དུ་བྱང་ཆུབ་ཀྱི་སེམས་མངོན་པར་མ་རྟོགས་པའི་སྒོ་ནས་ཞུ་བར་འདོད་པའི་རྟོག་པ་ཡང་མཁྱེན་ནས། དེ་ལ་དང་པོར་བྱང་ཆུབ་སེམས་ཉན་པར་འདོད་ན་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་ལ།དེ་ནས་
ཉོན་ཅིག་ཅེས་བྱ་བར་འདོམ་པའི་ཕྱིར་ན་ལུས་ངག་ཡིད་གསུམ་ནམ་མཁའ་ལྟར་མཉམ་པ་ཉིད་དུ་སེམས་སྐྱེད་ཅིག་ཅེས་གསུང་བ་ཡིན་ཏེ། དེ་ལ་ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང་ཞེས་བྱ་བ་ནི། སེམས་རྣམ་པ་དང་བྲལ་བ་ཆད་པའི་མཐའ་སེལ་ཞིང་དེ་ཉིད་ཀྱིས་སེམས་དང་ལུས་དབྱེར་མེད་པར་ཡང་
སྟོན་ཏེ། འདི་ཡང་སེམས་ནི་ཀུན་རྫོབ་ཙམ་དུ་བྱ་བ་མི་བྱེད་པ་ལྟ་བུ་ནི་མ་ཡིན་ཏེ་ལུས་ཀྱི་རྣམ་པ་ལྟ་བུར་སྣང་ངོ་། །དེ་བཞིན་དུ་ལུས་ཀྱང་དངོས་པོ་རྟག་པ་ཅན་མ་ཡིན་ཏེ། སེམས་ཀྱི་རང་བཞིན་དུ་དངོས་པོ་མེད་དོ། །དེས་ནི་དངོས་པོར་ལྟ་བ་ཡང་བསལ་ལོ། །སེམས་དེ་ཡང་ཚིག་བརྗོད་པ་ལྟ་བུ་
ཡིན་ཏེ་སྣང་ལ་རང་བཞིན་མེད་པ་ཡིན་ཞིང་སེམས་དང་ངག་དབྱེར་མེད་པར་སྟོན་ཏོ། །དེ་ལྟ་བུར་ཁྱེད་ཀྱིས་སེམས་སྐྱེད་ཅིག་པའི་དོན་ཏོ། །དེ་ནས་ནམ་མཁའ་ལྟ་བུར་སྦྱར་ནས་ཞེས་བྱ་བ་ནི་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབྱེར་མེད་པ་ནམ་མཁའ་ལྟ་བུར་སྦྱར་བའོ། །ཆེད་དུ་གླེང་
བ་འདི་སྨྲས་ཞེས་བྱ་བ་ནི་རྟོགས་ཚད་གསོལ་བ་སྟེ་འདི་ལྟར་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མེད་པ་སྐྱེ་བ་མེད་པའི་ཚུལ་དུ་ཁྱེད་ཀྱིས་སེམས་སྐྱེད་ཅིག་ཅེས་རབ་ཏུ་བསྒྲགས་ཤིང་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཚུལ་བཞིན་དུ་ཉན་པ་དང་བྱང་ཆུབ་སེམས་ཀྱི་

དོན་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ་ཞེས་བྱ་བ་
ལ་སོགས་གསུངས་པ་ཡིན་ནོ། །དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ཞེས་བྱ་བ་ནི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་ཇི་ལྟ་བ་ཉིད་དོ། །དེ་ནི་འདི་ཡིན་ཏེ། དངོས་པོ་མེད་པར་བསྒོམ་པའི་དངོས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་
ལྟར་བྱང་ཆུབ་ཀྱི་སེམས་ནི་དངོས་པོ་མེད་དོ་ཞེས་བྱ་བ་བསྒོམ་པའི་དངོས་གང་ཡིན་པ་དེ་ཡང་ཡང་དག་པའི་བསྒོམ་པ་མ་ཡིན་ན་དངོས་པོ་ལྟ་ཅི་སྨོས། དེ་ལྟ་ན་དངོས་པོ་དང་དངོས་པོ་མེད་པ་གཉི་གས་བསྒོམ་དུ་མེད་དེ། དེའི་ཕྱིར་དམིགས་སུ་མེད་དོ། །འདི་ལྟར་བྱང་ཆུབ་ཀྱི་སེམས་ནི་རྣམ་པར་རྟོག་པ་
དང་། གཉི་གའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་སྐད་ཅེས་སྐུ་དང་གསུང་དང་ཐུགས་རྡོ་རྗེས་གསུངས་སོ། །གཞན་ཡང་རིགས་སོ་སོའི་བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མངོན་པར་རྟོགས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། བྱང་ཆུབ་
ཀྱི་སེམས་མི་རྟོག་པའོ། །དེ་ནི་དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་རྣམ་པར་སྤངས་པ། གཟུང་བ་དང་འཛིན་པའི་མཚན་མའི་རྣམ་པར་རྟོག་པ་སྤངས་ཤིང་ཆོས་བདག་མེད་པའི་མཉམ་པ་ཉིད་ཡིན་པས། རང་གི་སེམས་ཀྱང་གདོད་མ་ནས་མ་སྐྱེས་
པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པའི་རྡོ་རྗེ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། བྱང་ཆུབ་ཀྱི་སེམས་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པས་དངོས་པོ་མེད་པའི་ཕྱིར་མི་ཟད་པའོ། །དེ་ནི་འདི་ཡིན་ཏེ། ཕྱི་ནང་གི་དངོས་པོ་འདི་
རྣམས་ངོ་བོ་ཉིད་ཀྱིས་མ་སྐྱེས་པས་རྟེན་དུ་གྱུར་པའི་ཆོས་དང་། བརྟེན་པར་གྱུར་པའི་ཆོས་གཉིས་མེད་པ་སྟེ། དེ་ལྟ་བུའི་བདག་མེད་པའི་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུ་འདི་ནི་དུས་གསུམ་དུ་མི་འགྱུར་བའི་ཕྱིར་བརྟན་པ་ཞེས་སྨོས་སོ། །བདག་མེད་པའི་རྡོ་རྗེ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་

ཤེས་ཏེ། བྱང་ཆུབ་ཀྱི་སེམས་མི་གནས་པའི་མཚན་ཉིད་དོ། །དེ་ནི་ཕྱི་ནང་གི་ཆོས་རྣམས་ཐམས་ཅད་རང་གི་ངོ་བོ་དངོས་པོ་མེད་ཅིང་མཚན་གཞི་ཉིད་མ་གྲུབ་ན། མཚན་ཉིད་ལྟ་ག་ལ་ཡོད་དེ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བདག་མེད་པའི་རང་བཞིན་ལས་འབྱུང་བ་འདི་ནི་བསྟན་པའོ་ཞེས་
བྱ་བའི་དོན་ཏོ། །འོད་ཟེར་འབར་བ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་བྱང་ཆུབ་ཀྱི་སེམས་མ་འགགས་པའི་མཚན་ཉིད་དོ། །དེ་ནི་འདི་ཡིན་ཏེ། གདོད་མ་ནས་མ་སྐྱེས་པའི་ཆོས་རྣམས་ལ་རང་གི་ངོ་བོ་ཡང་མེད་ན། དེ་བསྒོམ་པ་ལྟ་ག་ལ་ཡང་ཡོད་དེ། དེ་ལྟར་ནམ་མཁའི་མཚན་
ཉིད་དུ་སྦྱོར་བའམ་གནས་པ་ལས་སོ། །ཀུན་རྫོབ་སྣ་ཚོགས་སུ་གྲགས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་བྱང་ཆུབ་ཀྱི་སེམས་མི་དམིགས་པའི་བདག་ཉིད་ཀྱི་ཕྱིར་ཟིལ་གྱིས་གནོན་ཞེས་བྱའོ། །དེ་ནི་འདི་ཡིན་ཏེ། ཆོས་
རྣམས་ཐམས་ཅད་གཉེན་པོས་མ་བཅོས་ཏེ། རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་ལྟར་འོད་གསལ་བས་དག་པ་བྱང་ཆུབ་ཀྱི་ངོ་བོ་མེད་ཅིང་བྱང་ཆུབ་རྟོག་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་ནས་ངོ་མཚར་དུ་གྱུར་ཏེ། འདི་
སྐད་ཅེས་བསྟོད་དོ། །ཨེ་མའོ་སངས་རྒྱས་ཨེ་མའོ་སངས་རྒྱས། །ཞེས་བོས་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་གྱིས་ཆོས་བཤད་པ་ནི་ངོ་མཚར་བ་སྟེ་ཡང་དག་པའི་དོན་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ། །ཞེས་བྱང་ཆུབ་སེམས་ཀྱི་སྤྱིར་བསྟོད་དོ། །བྱང་ཆུབ་ཀྱི་སེམས་རྣམ་པར་མི་
རྟོག་པའི་ཐུགས་ལ་བསྟོད་པ་ནི། །བདག་མེད་པ་ཡི་ཆོས་ལས་བྱུང་། །ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོའི་མཛད་སྤྱོད་ཀྱི་ངོ་བོ་ལ་བསྟོད་པ་ནི། །ཀུན་དུ་བཟང་པོ་དག་པའི་དོན། །ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པ་རྣམས་
ཀྱི་སྐུ་གསུང་ཐུགས་གསང་བའི་དོན་སྟོན་པའི་བདག་ཉིད་གསུང་ལ་བསྟོད་པ་ནི། དག་པ་དེ་བཞིན་གཤེགས་པའི་ཐུགས། །ཞེས་བྱ་བ་ལ་སོགས་པའོ། །འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་ཞེས་བྱ་སྟེ། དེ་ལ་བྱང་ཆུབ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཡིན་ནོ། །འདིའི་སྐད་ཀྱི་

དབྱིངས་འདི་ནི་རྟོགས་པ་དང་ཁོང་དུ་ཆུད་པའི་དོན་ཡིན་ནོ་ཞེས་བྱ་བ་ནི་བརྟག་པའི་སྒོ་ཡིན་པའི་ཕྱིར་རོ། །སེམས་ནི་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་ཏེ་འདིའི་སྐད་ཀྱི་བྱིངས་ནི་སྣ་ཚོགས་པ་ཡིན་པས་ལྡན་པ་དང་དམིགས་པ་ལ་སོགས་པ་ཡིན་ནོ་ཞེས་ཟེར་བ་ཡང་སྔ་མ་བཞིན་ཏེ་འགལ་བ་མེད་དོ། །
ལེའུ་གཉིས་པའོ།། །།ད་ནི་ལེའུ་གསུམ་པ་སྟོན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེའི་འབྲེལ་བ་ནི་ལེའུ་དང་པོར་བྱིན་གྱིས་རློབ་མཛོད་དེ་ཞེས་ཞུས་པ་ལས་བྱིན་གྱིས་བརླབ་པ་མཛད་པའི་ཕྱིར་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་པ་ན། དང་པོར་སྟོང་པ་ཉིད་ཀྱི་སྔགས་འདི་བྱ་སྟེ། དེ་ནས་དབང་ཆེན་གྱི་དཀྱིལ་འཁོར་ལ་སོགས་པ་རྡོ་རྗེའི་གཞལ་ཡས་ཁང་ཇི་ལྟ་བ་བཞིན་བྱས་ནས། དེ་ནས་ཇི་སྐད་སྨོས་པའི་ལྷའི་རིམ་པ་རྣམས་ལེའུ་འདི་ནས་འབྱུང་བ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་ཇི་ལྟ་བར་བསྒོམས་
ནས་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣལ་འབྱོར་དང་ལྡན་པ་དེས། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །ལེའུ་འདིར་ནི་ཏིང་ངེ་འཛིན་གསུམ་རྫོགས་པར་བྱེད་པ་ལ་འདིར་མ་ཚང་བ་རྣམས་ནི་གཞན་དག་ནས་ཁ་བསྐང་བར་བྱ་སྟེ། ཨཱ་ལི་དང་ཀཱ་ལི་ལས་བསྐྱེད་
པའི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་བ་ལས་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་པ་ལ་སོགས་པ་རྣམས་དང་། གཞན་ཡང་ཐིག་ལེ་དང་བཟླས་པ་ལ་སོགས་པ་ཇི་སྙེད་དུ་གཞན་ནས་རྒྱས་པར་འབྱུང་བ་རྣམས་འདིར་བསྡེབས་ཏེ། ལེའུ་དང་པོའི་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་དང་སྦྱར་བར་བྱའོ་
ཞེས་བླ་མའི་མན་ངག་གོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོ་བའི་སྤྲིན་བཀོད་པ་རྡོ་རྗེ་ཞེས་བྱ་བ་ནི་ལྷ་རྣམས་དགོད་པ་སྟེ། དེ་ཉིད་ལ་རྡོ་རྗེ་བཀོད་པ་ཞེས་བྱ་བ་སྨོས་སོ། །དེ་ལ་ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་
བརྟན་པར་བྱིན་གྱིས་རློབ་པ་སྟེ། འདིས་ཡེ་ཤེས་ཙམ་གྱི་བདག་ཉིད་ལས་རྡོ་རྗེའི་དཀྱིལ་འཁོར་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་དུ་བཤད་པ་ལྟར་བསྒོམ་པར་བྱའོ། །འདིར། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སོ། །སངས་རྒྱས་དཀྱིལ་འཁོར་

བསྒོམ་པ་ནི་ལྷ་རྣམས་བསྒོམ་པའོ། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །ཞེས་བྱ་བ་ལ་སོགས་པས་ནི་གཞལ་ཡས་ཁང་གི་མཚན་ཉིད་བསྟན་ཏོ། །གཟུགས་ནི་དབུས་སུ་བསྒོམ་པར་བྱ། །ཞེས་པ་ལ་སོགས་པས་ནི་ལྷ་དགོད་པའི་མཚན་ཉིད་བསྟན་ཏེ། དེ་ལ་གང་དབུས་
སུ་བསྒོམ་པར་བྱ་ཞེ་ན། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཞེས་བྱ་བ་ནི་བསྒོམ་པར་བྱ་ཞེས་བྱ་བར་འབྲེལ་ཏེ་དམ་ཚིག་གམ་ཆོས་ཀྱི་ཕྱག་རྒྱར་བསྒོམ་མོ་ཞེས་བྱ་བ་ཡིན་པའི་དོན་ཏོ། །སྐུ་གསུང་ཐུགས་ནི་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ་ཞེས་བྱ་བ་ནི་དབུས་སུ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་ཆེན་
པོར་བསྒོམ་པའོ། །ལ་ལ་ན་རེ། གཟུགས་ནི་དབུས་སུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྐུ་ཡིན་ཏེ། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཞེས་བྱ་བ་ནི་མདུན་དུ་བསྒོམ་པ་ཡིན་ལ་སྐུ་གསུང་ཐུགས་ཀྱི་མཚན་མ་ཞེས་བྱ་བ་ལ་སོགས་པ་ནི་ལྷ་སྤྱིར་བྱའོ། །གཅིག་ཏུ་སྦྱོར་བ་བསྡུས་པ་
ཡིས། །ཞེས་བྱ་བ་ནི་སེམས་རྩེ་གཅིག་ཏུ་གྱུར་པས་སོ། །ཁ་ཅིག་ན་རེ། ཐབས་དང་ཤེས་རབ་སྦྱོར་བ་ལས། །ཞེས་སོ། །ཁ་ཅིག་ན་རེ་རྡོ་རྗེ་འཛིན་ཆེན་པོ་དང་མི་བསྐྱོད་པ་གཉིས་དབྱེར་མེད་པར་གྱུར་པ་ལས་ཞེས་སོ། །ཅི་ཞེ་ན་མི་བསྐྱོད་པའི་མཆོག་དང་ཞེས་བྱ་བ་ནས། སངས་རྒྱས་དཀྱིལ་འཁོར་
བསྒོམ་པར་བྱ། །ཞེས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པས་ནི་ལྷ་རྣམས་ཀྱི་ཁ་དོག་དང་ཕྱག་མཚན་བསྟན་ཏེ། དེ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ། དེའི་ཁ་དོག་ནི། ཨིནྡྲ་ནཱི་ལའི་ཁ་དོག་འདྲ། ཕྱག་མཚན་ནི་ཕྱག་ན་རྡོ་རྗེ་
བསྣམས། །ཆ་ལུགས། རྣམ་པར་གཙིགས་པ་འཇིགས་འཇིགས་བལྟ། །ཞེས་བྱའོ། །འདི་ནི་མི་བསྐྱོད་པའི་ཚུལ་ཡང་ཡིན་ཏེ། འདི་གཉིས་ཀྱི་ཁྱད་པར་ནི། རྡོ་རྗེ་འཛིན་ནི་ཁ་དོག་ཨིནྡྲ་ནཱི་ལ་འདྲ། །མི་བསྐྱོད་པ་ནི་ཅུང་ཟད་མཐིང་ཤུན་འདྲ། །ཆ་ལུགས་ཅུང་ཟད་མི་བསྐྱོད་པ་ཁྲོ་བོ་སྟེ། །དེ་
ནས་མི་བསྐྱོད་པ་རྡོ་རྗེ་འཛིན་ལ་ཐིམ་པའི་དུས་ན། ཅུང་ཟད་ཞེ་སྡང་གི་གཟུགས་སུ་གྱུར་པ་སྟེ། མཚན་མ་གཞན་ནི་འདྲ། གཡས་ཀྱི་དང་པོའི་རྡོ་རྗེ་ནི་རྩེ་དགུ་པར་འགྱུར་ཏེ། རྡོ་རྗེ་ལས་སངས་རྒྱས་ཀྱི་སྤྲིན་འཛམ་བུ་ནཱ་དའི་གསེར་ལྟར་ཤིན་ཏུ་སེར་བ་རྣམས་ཀྱིས་འཁྲིགས་ཤིང་གཏམས་པ་སྟེ་དེ་ལྟ་

བུ་རྣམས་སོ། །དེ་ཕན་ཆད་ནི་ཞེ་སྡང་རྡོ་རྗེ་ཞེས་བྱ་བའི་མིང་དུ་གྱུར་ཏེ། དེ་ནི། འཛམ་བུ་ནཱ་དའི་གསེར་འོད་འདྲ། །སངས་རྒྱས་སྤྲིན་གྱིས་རབ་ཏུ་འཁྲིགས། །དེ་ཡི་ཕྱག་ན་རྡོ་རྗེ་ཆེ། །རྩེ་མོ་དགུ་པ་བསྣམས་པར་བསྒོམ། །ཞེས་བྱ་བ་འདི་ཡིན་ནོ། །གཞན་ཡང་། ཤེལ་དང་ཟླ་བའི་འོད་
འདྲ་བ། །ཐོར་ཚུགས་ཅོད་པན་རྣམས་ཀྱིས་བརྒྱན། །རབ་འབར་ཕྱག་ན་འཁོར་ལོ་བསྣམས། །སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །མ་ར་ཀ་ཏའི་འོད་འདྲ་བ། །ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་དཔལ་གྱི་སྟེ་རིན་པོ་ཆེ་མ་ར་ཀ་ཏ་ལྟར་
སེར་བ་རྡོ་རྗེ་འབར་བའི་འོད་ཟེར་གྱིས་བརྒྱན་པའི་རིན་པོ་ཆེ་བསྣམས་པའོ། །པདྨ་རཱ་གའི་འོད་འདྲ་བ། །ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་མཐའ་ཡས་ཀྱིའོ། །འོད་ཟེར་སྣ་ལྔའི་འོད་འདྲ་བ། །ཞེས་བྱ་བ་ནི་གདོན་མི་ཟ་བ་སྟེ་ལྗང་གུ་ཉིད་ཐམས་ཅད་འདུས་པའོ། །ཁ་ཅིག་ན་རེ། སྐུ་
གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་ལྷ་ཐམས་ཅད་དོ། །ཨིནྡྲ་ནཱི་ལ་ཞེས་བྱ་བ་ལ་སོགས་པ་ནི་མི་བསྐྱོད་པའོ། །ཤེལ་དང་ཟླ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཀྱིའོ། །འཛམ་བུ་ནཱ་དའི་འོད་འདྲ་བ། །ཞེས་བྱ་བ་ནས། ཕྱག་ན་རིན་ཆེན་བསྣམས་པར་བསྒོམ། །ཞེས་བྱ་བའི་
བར་དུ་རིན་ཆེན་དཔལ་གྱི་སྟེ། རིན་པོ་ཆེ་ཟུར་དགུ་པ་ཉིད་རྡོ་རྗེ་རྩེ་དགུ་པའོ་ཞེས་ཟེར་རོ། །འདི་ནི་རང་གི་འདོད་པ་སྨྲ་བ་སྟེ། འདིའི་དོན་ནི་བརྟག་པར་བྱའོ། །རྡོ་རྗེ་འཛིན་པ་ཡང་སྐུ་མདོག་ནི་རྣམ་པར་སྣང་མཛད་དང་མཐུན་ལ། ཕྱག་མཚན་ཡང་མི་འཁྲུགས་པ་དང་མཐུན་པས་མ་སྨོས་སོ་ཞེས་
འདོད་དོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་གསང་སྔགས་ནི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་སྟེ། གོང་དུ་བསྟན་པ་རྣམས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་ཤེས་པར་བྱའོ། །ད་ནི་ཕྲ་མོའི་སྦྱོར་བ་བསྟན་ཏེ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་
ནན་ཏན་དུ། །རྣལ་འབྱོར་པས་ནི་རྟག་པར་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རིན་པོ་ཆེ་ནི་མཚན་མ་རྣམས་སོ། །དེ་པདྨའི་སྣའི་རྩེ་མོ་ལ་བསྒོམས་ཏེ་བརྟན་པའི་མཚན་མ་སྨིག་རྒྱུ་དང་དུ་བ་ལ་སོགས་པ་རྟགས་རྣམ་པ་ལྔ་མཐོང་ནས་སྤྲོ་བར་བྱ་སྟེ། རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་

པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་འབར་བ་འདྲ་བའི་འོད། །ཅེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་སོ། །དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྲོ་བར་བྱའོ་ཞེས་ཤེས་པར་བྱ་སྟེ། ཇི་ལྟ་བའི་མཚན་ཉིད་ནི་རྗེས་སུ་དྲན་པའི་སྐབས་སུ་ཤེས་པར་བྱའོ། །
ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ནི་ལྷ་རྣམས་ཀྱི་གནས་དང་གདན་བསྟན་པ་སྟེ། དེ་ལ་ནམ་མཁའི་དབྱིངས་ཆོས་ཀྱི་འབྱུང་གནས་སོ། །དེར་ཟླ་བའི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་བསྒོམ་མོ། །དེ་བཞིན་གཤེགས་པ་པདྨ་ལ་སོགས་པ་ཇི་སྐད་དུ་སྨོས་པའི་
གདན་རྣམས་ལ་ཇི་སྐད་སྨོས་པའི་སངས་རྒྱས་རྣམས་བཞུགས་པར་བསྒོམས་ན་དངོས་གྲུབ་ཏུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ལེའུ་གསུམ་པའོ།། །།དེ་ལྟར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ལས། དེ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་བརྙན་གྱི་དཀྱིལ་
འཁོར་གྱིས་ཕན་གདགས་པའི་ཆེད་གཟིགས་ནས་བཅོམ་ལྡན་འདས་ལ་བསྟོད་པའི་རྒྱལ་པོ་འདིའི་སྒོ་ནས་བསྟོད་དེ་གསོལ་བ་འདི་བཏབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དོན་དམ་པའི་དཀྱིལ་
འཁོར་བཤད་པར་ཞུས་པ་སྟེ། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །ཞེས་བྱ་བ་ལ་སོགས་པས་ནི། །སྐུའི་དཀྱིལ་འཁོར་ཏེ་དེ་བཞིན་གཤེགས་པའི་སྐུ་ནི་མཚན་བཟང་པོ་ལ་སོགས་པ་ཐམས་ཅད་ནི་ཡང་དག་པར་རྫོགས་ཤིང་མཚན་ཉིད་ངན་པ་སྤངས་པ་ནི་ཀུན་དུ་བཟང་པོའི་སྐུ་སྟེ།
དེ་ཡི་དཀྱིལ་འཁོར་བཤད་དུ་གསོལ། །ཞེས་སོ། །གསུང་གི་དཀྱིལ་འཁོར་ནི། ཞི་བའི་ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བརྗོད་དུ་མེད་པའི་གསུང་ནི། སྤྲོས་པ་དང་བྲལ་བའི་རང་བཞིན་ཡིན་པའི་ཕྱིར། ཞི་བའི་ཆོས་ནི་མཆོག་ལས་འབྱུང་། །ཞེས་སོ། །སེམས་ཅན་
རྣམས་མྱ་ངན་ལས་འདའ་བའི་བདག་ཉིད་པས། ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཞེས་སོ། །དེ་ནི་ཀུན་དུ་བཟང་པོ་མཆོག་གསུང་སྟེ་དེའི་དཀྱིལ་འཁོར་བཤད་པར་གསོལ་བའོ། །ཐུགས་ནི། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཀུན་དུ་བཟང་པོའི་

ཐུགས་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཆེན་པོའི་བདག་ཉིད་དུ་གནས་པས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །ཞེས་སོ། །དེ་ཉིད་ལས་འདས་པས་རང་བཞིན་དག་པ་དྲི་མ་མེད་པ་སྟེ། དེ་ནི་ཀུན་དུ་བཟང་པོའི་ཐུགས་ཏེ། བྱང་ཆུབ་ཀྱི་སེམས་ནི་དཀྱིལ་འཁོར་གྱི་སྙིང་པོ་ཡིན་ལ། དེ་
བཤད་དུ་གསོལ་ཞེས་པའི་དོན་ཏོ། །ཚུལ་འདི་དང་སྦྱར་ན་ཀུན་དུ་བཟང་པོའི་སྐུ་ཡང་རང་བཞིན་མེད་པ་ཉིད་དུ་འོས་ཏེ། དེས་ན་མཚན་མིན་ཞེས་སྨོས་པའི་དགག་པ་འདི་ཡང་མཚན་ཉིད་ཀྱི་ངོ་བོ་ཉིད་མ་གྲུབ་པར་སྦྱར་བར་རིགས་སོ། །དེ་སྐད་ཅེས་གསོལ་བ་བཏབ་པ་དང་། བཅོམ་ལྡན་
འདས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བཤད་པར་སྣང་ངོ་། །དེ་ལ་ཐུགས་ནི་འདི་ཉིད་བཤད་ལ། གསུང་དང་སྐུ་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་བ་འདིར་སྦྱར་རོ། །དེ་ལ། ཐུགས་ཀྱི་དཀྱིལ་འཁོར་འདྲ་བ་ཞེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ནི་རྡུལ་ཚོན་ཡིན་ལ། དེ་ཡེ་ཤེས་ཀྱི་
དཀྱིལ་འཁོར་དང་འདྲ་ཞེས་པའི་དོན་ཏེ། འདི་ལྟར་རང་བཞིན་དང་ཡོན་ཏན་དང་མཚན་དག་བྱེ་བྲག་ཏུ་གྱུར་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྐུ་དང་གསུང་དག་ཀྱང་ཐུགས་ཀྱི་དཀྱིལ་འཁོར་དང་འདྲ་སྟེ་དབྱེར་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་འདིར་ནི་ཐུགས་ཀྱི་དཀྱིལ་འཁོར་སྟོན་པ་ཡིན་
པས་དང་པོར་དེའི་ཚད་དང་ཐིག་གདབ་པ་ལ་སོགས་པ་སྟོན་ཏོ། །དེ་ལ་ཐིག་སྐུད་སར་པ་ནི་གཞན་ལ་མ་བཏབ་པའོ། །གཙང་བ་ནི་རྒྱུ་དང་སྦྱོར་བ་ལ་སྐྱོན་མེད་པའོ། །ཚད་ནི། སྲིད་དུ་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམས་སུ་སྒོ་ཡི་ཉི་ཤུ་ཆ། །གྲངས་ནི་ལྔ་འམ་གཟུགས་ཀྱི་གྲངས། །
ཞེས་སོ། །མཛེས་པ་ནི་འཇུར་མདུད་དང་སྦོམ་ཕྲ་མ་ཤོར་བའོ། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ཞེས་བྱ་བ་ནི་ཁོར་ཡུག་ཏུའོ། །དེ་ཡི་དབུས་སུ་འཁོར་ལོ་ནི། །རབ་ཏུ་ཟླུམ་པོ་བྲི་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་སྐུད་པ་བཞི་ཡིས་དཀྱིལ་འཁོར་དུ་རེའུ་མིག་དགུ་པར་གྱུར་པའོ། །ཕྱག་རྒྱ་དགོད་པ་ནི་གོ་སླའོ། །
མཱ་མ་ཀཱི་ནི་རིགས་འབྱུང་བའི། །ཞེས་བྱ་བ་ནི་གཙོ་བོའི་ཡུམ་ཡིན་པའི་ཕྱིར་དཀྱིལ་འཁོར་འབྱུང་བར་གྱུར་པའོ། །དེ་ལྟར་དཀྱིལ་འཁོར་བཀོད་དེ་ཡོངས་སུ་གསལ་བར་བྱས་ནས་མཆོད་པར་བྱའོ་ཞེས་སྦྱར་བར་བྱའོ། །དེ་ལ། ལུས་དང་ངག་སེམས་མཆོད་པ་ཡིས། །ཞེས་བྱ་བ་ནི་གསང་བ་བྱང་ཆུབ་

སེམས་ཀྱི་མཆོད་པའོ། །ལ་ལ་ན་རེ་ལུས་དང་ངག་སེམས་ཞེས་བྱ་བ་ནི་དཀྱིལ་འཁོར་ཡིན་ཏེ་ལུས་གཟུགས་བརྙན་དག་ཏིང་ངེ་འཛིན་སེམས་རང་བཞིན་གྱི་དཀྱིལ་འཁོར་ཏེ་འདི་ལྟར་རྡུལ་གྱི་ངོ་བོ་ནི་ལུས་ཏེ། དེ་ལས་སྒྲ་དང་ཡི་གེའི་ཚུལ་བསྐྱེད་པ་ནི་ངག །དེ་ལ་ཡེ་ཤེས་སེམས་
དཔའ་གཞུག་པ་ནི་ཐུགས་ཡིན་ཏེ་དེ་ལ་མཆོད་དོ་ཞེས་ཟེར་རོ། །དེ་ལ་མཆོད་པ་ནི་འདི་ཡིན་ཏེ། །བུད་མེད་རབ་ཏུ་མདངས་བཟང་བ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་དེ་ལ་འདི་ནི་ལོ་གྲངས་བཅུ་གཉིས་ཀྱི་ཚད་དུ་སྨོས་པས་སངས་རྒྱས་སྤྱན་དུ་བྱིན་གྱིས་བརླབས་པ་ཡིན་ཏེ། འདིས་མཆོད་
པའམ་མཱ་མ་ཀཱིར་བྱིན་གྱིས་བརླབས་ཀྱང་རུང་སྟེ། ཕྱག་རྒྱ་ཆེན་པོའི་མཆོད་པ་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་གོང་མ་ནི་བུད་མེད་ཀྱི་ཕྱག་རྒྱ་ཉིད་ཡིན་ལ་མཱ་མ་ཀཱི་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ཏེ། འདི་གཉིས་རང་བཞིན་གྱི་ཕྱག་རྒྱ་ཡེ་ཤེས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་པ་ཡིན་ཏེ་འདི་ལ་བྱེ་བྲག་
མེད་དོ་ཞེས་ཟེར་རོ། །སངས་རྒྱས་ཞི་བ་ཚུལ་སྤྲོས་པས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་སྤྲུལ་པས་དོན་བྱེད་པ་དང་སྦྱར་རོ། །བཤང་དང་གཅི་བ་ཁུ་བ་ཁྲག །ཅེས་བྱ་བ་ནི་བདུད་རྩི་ལྔའི་མཆོད་པ་སྟེ་རོལ་ཞིང་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་
བཞི་པའོ།། །།ད་ནི་དེ་ལྟ་བུའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་སྣོད་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལ། རྣམ་པར་མི་རྟོག་ལས་བྱུང་བ། །འདོད་ཆགས་ཞེ་སྡང་གཏི་མུག་རིགས། །
ཞེས་བྱ་བ་ལ། རྣམ་པར་མི་རྟོག་པ་ལས་བྱུང་བའི་འདོད་ཆགས་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ། དེ་ལ་མི་རྟོག་པའི་བདག་ཉིད་ཀྱི་དུག་གསུམ་གྱིས་ཐེག་པ་འདིར་འགྲུབ་པར་བསྟན་ཏོ། །གཞན་ཡང་རིགས་ངན་སྨེ་ཤ་ཅན་ལ་སོགས་པ་ཡང་སྣོད་དུ་རུང་བར་བསྟན་ཏེ་བླ་ན་མེད་པའི་ཐེག་
པ་ནི་བླང་དོར་མི་བྱེད་པའི་ཕྱིར་རོ། །མཚམས་མེད་བྱེད་པའི་སེམས་ཅན་ཡང་དེ་བཞིན་ནོ། །འདིར་མི་ཆུད་པ་གང་ཞེ་ན། །སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡང་མི་འགྱུར། །ཞེས་བྱ་བ་ཡིན་ནོ། །སྲོག་གཅོད་པ་ལ་སོགས་པའི་སེམས་ཅན་ཡང་དེ་བཞིན་

ནོ། །དེ་བཞིན་དུ་མ་དང་སྲིང་མོ་དང་བུ་མོ་ལ་སོགས་པ་ཡང་སྦྱར་ཏེ། འདི་དག་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་ནི་དེ་བཞིན་གཤེགས་པའི་མཛད་སྤྱོད་འདི་ལྟར་ཐབས་དང་ཤེས་རབ་འབྲེལ་བའི་བདག་ཉིད་དེ། ཆོས་ཐམས་ཅད་ནི་མཉམ་པ་ཉིད་ཀྱི་ཕྱིར་དགེ་བ་ནི་བླང་དུ་མེད་ལ་སྡིག་པ་ནི་
དོར་དུ་མེད་དོ། །དེ་བས་ན་ཆོས་གང་ཡང་མི་འགྲུབ་པའི་རྒྱུར་བསྟན་པ་མེད་དོ། །རྡོ་རྗེ་སློབ་དཔོན་སྨོད་པ་ལ་སོགས་པ་ནི་དམ་ཚིག་ཆེན་པོ་ལ་གཏོགས་པ་ཡིན་པས་འདི་དང་ལྡན་ན་མཉམ་པ་ཉིད་དང་འགལ་བའི་ཕྱིར་འདི་ནི་གནང་བ་མ་མཛད་དོ། །རྣམ་པ་གཅིག་ཏུ་ན་འདོད་ཆགས་ནི་གསུང་
གི་དམ་ཚིག་སྟེ། ཡང་དག་པའི་སྦྱོར་བ། ཞེ་སྡང་ནི་ཐུགས་ཀྱི་སྟེ་བླ་ན་མེད་པའི་གནས་སུ་སྒྲོལ་བ། གཏི་མུག་ནི་སྐུའི་སྟེ་ནོར་གྱི་རྒྱ་མཚོས་དོན་བྱེད་པ་སྟེ། འདི་ལྟ་བུའི་དུག་གསུམ་མོ། །སྨེ་ཤ་ཅན་ནི་ཕྲད་པ་མེད་པའི་ཡེ་ཤེས་ཅན་ནོ། །དེ་ལྟ་བུའི་མི་རྟོག་པའི་གསོད་པ་དོན་
དུ་གཉེར་བ་དག་གོ། །མཚམས་མེད་པ་ཡང་སེམས་ཅན་ཡོངས་སུ་བསྐྱེད་པའི་ཆགས་སྡང་གི་བདག་ཉིད་དང་། སྡུག་བསྔལ་གྱི་བདག་ཉིད་ཕུང་པོ་ལ་སོགས་པ་གསོད་པ་ལ་སོགས་པའི་ལས་བྱེད་པ་མི་རྟོག་པའི་ཡེ་ཤེས་དང་། གཞན་ཡང་རྣམ་པར་རྟོག་པའི་སྲོག་གཅོད་པ་དང་།
བྱང་ཆུབ་ཆེན་པོར་དམ་འཆའ་བའི་བརྫུན་དུ་སྨྲ་བ་དང་། བྱང་ཆུབ་སེམས་དཔའི་རྫས་ལེན་པའི་གཞན་གྱི་ནོར་སྤྱོད་པ་དང་། རང་གི་རིག་མ་དང་ལྷན་ཅིག་གནས་པའི་འདོད་པ་སྤྱོད་པ་དེ་ལྟ་བུའི་ཕས་ཕམ་པ་བཞི་དང་ལྡན་པ་དང་། གཞན་ཅི་ཡང་མ་ཡིན་པའི་བདག་ཉིད་ཀྱི་བཤང་བ་དང་། ཕན་
པའི་དོན་གྱི་རྗེས་སུ་གནས་པའི་གཅི་བ་དང་། ཡེ་ཤེས་ཆེན་པོའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དང་། ཡོངས་སུ་ཆགས་པའི་བདག་ཉིད་དེ་རཀྟ་འཐུང་བ་ལ་སོགས་པའི་སེམས་ཅན་རྣམས་དང་། གཞན་ཡང་མ་དང་སྲིང་མོ་བུ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། །དེ་ལ་མའི་དོན་ནི་
དང་པོ་ཨཱ་ལི་ཀཱ་ལི་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་བའི་བྷ་ག་ལ་སེམས་ཅན་ཐམས་ཅད་བསྡུས་ཏེ། དེ་རྣམས་དབང་བསྐུར་བའི་ཡུམ་ལ་བྱ་སྟེ་འདི་ནི་གསང་བའི་དབང་ནོད་པའི་ཡུམ་ཡིན་ནོ། །སྲིང་མོའི་དོན་ནི་དེ་ནས་སེམས་འོད་འབར་ཧོའི་བར་དུ་ཞུགས་ནས། བྱང་

ཆུབ་ཀྱི་སེམས་འོད་ཀྱི་གོང་བུར་གྱུར་པར་བྱེད་པའི་ཆགས་པའི་བདག་ཉིད་ཀྱི་ཡུམ་ནི་སྲིང་མོ་སྟེ་འདི་ཤེས་རབ་ཀྱི་དབང་གི་ཡུམ་མོ། །བུ་མོ་ནི་དེ་ལྟར་ཞུ་བ་ལས། དབྱངས་ཀྱིས་བསྐུལ་ནས་སྐུར་བཞེངས་པའི་ཡུམ་ཡིན་ཏེ། དེ་ནི་གཞན་ལ་ཡང་དབང་བསྐུར་བའི་
ཡུམ་ཡིན་པས་བུ་མོ་ཡིན་ནོ། །དེ་ལ་དང་པོ་ནི་མཱ་མ་ཀཱིའི་བདག་ཉིད་དོ། །གཉིས་པ་ནི་གོས་དཀར་མོའི་བདག་ཉིད་དོ། །གསུམ་པ་ནི་སྒྲོལ་མའི་བདག་ཉིད་དོ། །དེ་ལྟར་ན་ཏིང་ངེ་འཛིན་གསུམ་གྱི་ཡུམ་གསུམ་དང་། སྐུ་གསུང་ཐུགས་ཀྱི་ཡུམ་གསུམ་རིམ་པ་བཞིན་དུ་སྦྱར་ཏེ། དེ་ལ་མ་
དང་སྲིང་མོ་བུ་མོ་ཞེས་སྦྱར་རོ། །དེ་ལ་གསང་བའི་དབང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཏིང་ངེ་འཛིན་གྱི་དབང་བསྐུར་བ་འདི་ཏིང་ངེ་འཛིན་མ་རྫོགས་པའི་ཉེས་པ་ཡོད་དོ་ཞེ་ན། དེ་ནི་འདི་ལྟར་དགོངས་པ་ཡིན་ཏེ། གོང་དུ་དབང་བསྐུར་བའི་ཚེ་སློབ་དཔོན་གྱིས་ཏིང་ངེ་འཛིན་གསུམ་ཆར་
ཡོངས་སུ་རྫོགས་པར་བསྒོམས་ཏེ་གནས་པ་ལས། སློབ་མས་གསང་བའི་དབང་བསྐུར་བར་ཞུས་པ་ལས། དེ་ནས་བླ་མས་ཀྱང་། ཆོས་ཀྱི་འབྱུང་གནས་ཀྱི་ཏིང་ངེ་འཛིན་ནས་བཟུང་སྟེ་སྙོམས་པར་ཞུགས་ནས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་བསྐྱེད་ལ་གསང་བའི་དབང་བསྐུར་བར་བྱའོ། །དེའི་
ཕྱིར་ཉེས་པ་མེད་དོ། །དེ་ནི་འདི་ལྟར་དགོངས་པ་ཡིན་ཏེ། ལེའུ་དང་པོར་སྟོན་པ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སེམས་ཅན་རྣམས་བསྡུས་ཏེ་དབང་བསྐུར་བ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་གསང་བའི་དབང་བསྐུར་བར་བསྟན། འདིར་ཡང་དེ་བཞིན་ནོ་
ཞེས་སོ། །གཞན་ཡང་ཧོས་ཞུ་བའི་བྱང་ཆུབ་ཀྱི་སེམས་ནི་ཡེ་ཤེས་བདུད་རྩིའི་ངོ་བོ་བས་ཤེས་རབ་ཀྱི་དབང་སྟེ། འདི་ནི་བླ་མས་ཇི་ལྟར་བསྟན་པ་བཞིན་དུ་རང་གི་རིག་པས་རིག་པར་བྱའོ། །དེའི་ཕྱིར། སངས་རྒྱས་གཙོ་བོའི་ཡུམ་དག་ལ། །ཞེས་སྨོས་ཏེ། དེ་ལྟ་བུའི་གཙོ་བོའི་ཡུམ་རྣམས་
ལ་གོང་དུ་སྨོས་པའི་ཚུལ་ལྟར་མཉེས་པར་བྱས་ན་སངས་རྒྱས་སུ་འགྱུར་རོ་ཞེས་བླ་མའི་མན་ངག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་སྐྲག་པར་གྱུར་ཏེ་འདི་ལྟ་བུའི་ཚིག་ཅིའི་སླད་དུ་གསུངས་ཞེས་གསོལ་བ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་

སྙིང་པོ་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་ཏེ། དེ་ཉིད་དམ་པར་བསྔགས་པ་མཛད་པས་དེ་དག་བརྒྱལ་བར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་ལ་ཡེ་ཤེས་སྙིང་པོ་ཅན་རྣམས་ནི་སངས་རྒྱས་རྣམས་ཏེ། དེའི་ཆོས་ཉིད་ནི་གོང་དུ་བསྟན་པ་རྣམས་སོ། །ཆོས་ཉིད་དེ་
ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཆོས་རྣམས་ཀྱི་དོན་ཏོ། །སྤྲོས་པ་མེད་པ་ལས་འབྱུང་སྟེ་དེའི་ཕྱིར་ཆོས་ཉིད་འདི་རྣམས་ནི་སྤོང་བ་མ་ཡིན་གྱི་བྱང་ཆུབ་སྤྱོད་པའི་གནས་ཡིན་ནོ་ཞེས་གསུངས་སོ། །དེ་སྐད་ཅེས་བཀའ་སྩལ་པས། བྱང་ཆུབ་སེམས་དཔའ་རྣམས་བརྒྱལ་བར་གྱུར་པ་དེ་དེ་བཞིན་
གཤེགས་པ་རྣམས་ཀྱིས་གཟིགས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་དེ་དག་བསླང་བར་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་བསླང་བའི་ཕྱིར་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་འོད་ཀྱིས་དེ་
དག་བསླང་བར་མཛད་དོ། །ནམ་མཁའ་དང་མཉམ་པ་ནི་རྣམ་པར་རྟོག་པའི་གཉེན་པོ་ཡིན་ཏེ། དེས་གང་ལ་ཁྱབ་ཅིང་རེག་པ་དེ་མི་རྟོག་པར་གྱུར་ཏེ། མི་རྟོག་ན་སྐྲག་པ་ཉིད་མེད་ན་བརྒྱལ་བ་ལྟ་ག་ལ་སྲིད། དེ་ནས་དེ་དག་དགའ་བར་གྱུར་ནས་ཆོས་ཀྱི་དབྱིངས་གསུངས་པ་ནི། ཨེ་མའོ་ཆོས་
ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨེ་མའོ་ཆོས་ཞེས་བྱ་བ་རྣམ་པར་དག་པའི་བདག་ཉིད་ཀྱི་ཆོས་ལ་ངོ་མཚར་བའི་སྒོ་ནས་བོས་ཏེ་བསྟོད་པའོ། །ཆོས་ཀྱི་དོན་འབྱུང་བ་ནི་དག་པ་སྟེ། དེ་ནི་བདག་མེད་པའི་དོན་གྱི་གསུང་སྟེ། དེ་ལྟ་བུ་ལ་ཕྱག་འཚལ་ལོ་ཞེས་སོ། །སྐུ་དང་གསུང་དང་ཐུགས་
ཞེས་བྱ་བ་ལ་སོགས་པ་ནི་སྐུ་མི་འགྱུར་བའི་གནས་མ་སྐྱེས་པའོ། །ཐུགས་ནི་དེ་བཞིན་གཤེགས་པའི་གཙོ་ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ཀྱི་རྣམ་པར་དག་པའོ། །ནམ་མཁའི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྐུ་གསུང་ཐུགས་ཀྱི་སྤྱི་ལའོ། །སྔགས་ཐམས་ཅད་ཀྱི་སྤྱོད་པའི་ལེའུ་ཞེས་བྱ་
བ་སྟེ། ལེའུ་ལྔ་པའོ།། །།ད་ནི་ལེའུ་གསུམ་པར་བསྟན་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བྱིན་གྱིས་བརླབ་པར་བྱ་དགོས་པའི་ཕྱིར་དེའི་གསང་སྔགས་དང་གཞན་ཡང་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱི་ཁ་སྐོང་བ་རྣམས་སྟོན་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་

དེ་བཞིན་གཤེགས་པ་མི་བསྐྱོད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བའི་ཐུགས་ཀྱི་བདག་ཉིད་ཀྱི་གསང་བའི་དེ་ལ་དེ་སྐད་ཅེས་བྱའོ། །ཐུགས་བྱིན་གྱིས་རློབ་
པའི་སྔགས་ནི། དེའི་རང་བཞིན་དང་ལྡན་པར་བྱེད་པའི་སྔགས་སོ། །གཞན་མ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་དག་ཇི་ལྟར་བྱ་ཞེ་ན། དེ་དེ་བཞིན་གཤེགས་པའི་རྡོ་རྗེ་གསང་བ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་གསང་བ་གསུམ་ནི། སྐུ་གསུང་
ཐུགས་རྡོ་རྗེ་གསང་བ་གསུམ་སྟེ། ཐབས་དེས་སྐུ་གསུང་ཐུགས་སུ་སྒྲུབ་པའི་ཐབས་སུ་རྣམ་པར་བསྒོམ་པར་བྱ་ཞེས་སོ། །དེ་ཡང་ཇི་ལྟ་ཞེ་ན། སྔགས་ཀྱི་མཚན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ལྷའི་གནས་གསུམ་དུ་ཟླ་བ་དང་པདྨ་དང་ཉི་མའི་གདན་རྣམས་ལ་
ཨོཾ་ཨཱཿཧཱུཾ་ཞེས་པ་བཀོད་དེ། དེ་ལ་ཇི་ལྟ་བ་བཞིན་དུ་སྐུའི་རྡོ་རྗེ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་རིམ་པ་བཞིན་དུ་བསྐྱེད་ནས། དེ་རྣམས་ཀྱི་ཐུགས་ཀར་ཡང་ཇི་ལྟ་བའི་གདན་སྟེང་དུ་འཁོར་ལོ་དང་པདྨ་དང་རྡོ་རྗེའི་ལྟེ་བ་རྣམས་ལ་སྔོན་དུ་བརྗོད་པའི་ཡི་གེ་ཉིད་བསམས་ཏེ། དེ་
དག་གི་འོད་ཟེར་གྱིས་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་སྤྱན་དྲངས་ཏེ། གསོལ་བ་གདབ་པ་བྱས་ནས་དབྱེར་མེད་པར་ཞུགས་པར་བྱས་ནས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྒྲོན་མ་ཞེས་བྱ་བ་ནི། རྡོ་རྗེ་རིན་པོ་ཆེའི་བདག་ཉིད་དེ། གསང་སྔགས་འདི་ནི་གཉིས་སུ་མེད་པའི་
བདག་ཉིད་པས་རིན་པོ་ཆེའི་རིགས་ཀྱི་བདག་ཉིད་དུ་སྦྱར་རོ། །རྗེས་སུ་ཆགས་པའི་བདག་ཉིད་འདི་ནི་འབྲིང་གི་མཐར་ཡུམ་རྗེས་སུ་མཉེས་པར་བྱ་བའི་ཐ་ཚིག་གོ། །མཆོད་པའི་གསང་སྔགས་ནི་ལས་ཀྱི་རིགས་ཀྱི་བདག་ཉིད་དེ། འདི་ནི་ཆེན་པོའི་དུས་ན་བྱང་ཆུབ་ཀྱི་སེམས་འཕྲོ་བའི་
བདག་ཉིད་དོ། །རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་ལྔའི་མཆོད་པའི་རང་བཞིན་བསྟན་ཏེ། འདིས་ནི་རྗེས་སུ་ཆགས་པ་དང་མཆོད་པའི་སྔགས་གཉིས་ཀྱི་དོན་བསྟན་པ་ཡིན་ཏེ། འདི་ལྟར་གསང་སྔགས་འདི་དག་ནི་འདོད་པ་ལྔའི་ལྷ་མོའི་མཆོད་

པར་བྱ་ཞེས་པའི་ཐ་ཚིག་གོ། །སྔགས་ལ་དམིགས་པའི་ལུས་དང་ནི། །ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བསྟན་པའི་སྐུ་གསུང་ཐུགས་ཀྱི་གནས་ལ་གོང་དུ་བསྟན་པ་ལྟར་དམིགས་ནས་དེ་ཉིད་ཀྱི་གསང་སྔགས་ཀྱི་ཡི་གེ་བསྐུལ་ཏེ། ཇི་ལྟ་བར་གསོལ་བ་བཏབ་པ་ལ་སོགས་པ་བྱས་ནས་
བསྒྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དང་པོར་ལུས་ངག་ཡིད་གསུམ་མཉམ་པ་ཉིད་ནམ་མཁའ་ལྟ་བུར་སྦྱར་ནས། དེ་ནས་བསྔགས་ཀྱིས་བརྟགས་པའི་ལྷའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། སེམས་ལ་དམིགས་པ་བདག་མེད་པར། །ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེ་ལ་ཇི་ལྟར་སེམས་ལ་བདག་མེད་པར་དམིགས་པ་དེ་བཞིན་དུ། ངག་དང་ལུས་ལ་ཡང་བདག་མེད་པར་དམིགས་ཏེ་ནམ་མཁའ་ལྟ་བུར་སྦྱོར་རོ། །གང་གིས་ཇི་ལྟར་སྦྱོར་ཞེ་ན། ལུས་དང་ངག་དང་སེམས་དམིགས་ན། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཅེས་བྱ་བ་ལ་
སོགས་པ་སྨོས་ཏེ། འདི་ལྟར་ལུས་ངག་ཡིད་གསུམ་བློས་བརྟགས་ན་གང་གི་ངོ་བོར་ཡང་མ་གྲུབ་སྟེ་དམིགས་སུ་མེད་པས་དེའི་ཕྱིར་སྔགས་ཀྱི་ལས་སུ་སྦྱོར་བའོ། །བསྒོམ་པ་ཡང་མེད་ལ། དེས་བསྒྲུབས་པའི་བྱང་ཆུབ་ཀྱང་མེད་དོ་ཞེས་དེ་ལྟར་རྣམ་པར་དཔྱད་ནས། དེ་ནས་སྔགས་ཀྱིས་
བརྟགས་པའི་ལྷའི་ཏིང་ངེ་འཛིན་དུ་སྦྱོར་བའི་གནས་ཀྱི་ཆོ་ག་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་ཕྲ་མོའི་སྦྱོར་བ་བསྟན་པའི་ཕྱིར། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ནས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་
སོགས་པ་ནི་གཞལ་ཡས་ཁང་དུ་ལྷའི་དཀྱིལ་འཁོར་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་དང་ལྡན་པ་ལ་ཕྲ་མོའི་སྦྱོར་བ་འདི་བརྩམ་མོ་ཞེས་པའི་དོན་ཏོ། །སྣའི་རྩེ་མོར་ཡུངས་ཀར་བསམ། །ཞེས་བྱ་བ་ནི་པདྨའི་སྣ་རྩེར་རོ། །འགྲོ་དང་