Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 29

Văn bản gốc(Tây Tạng)

Trang 20 / 21 (50.000 ký tự/trang)
ི་ངོ་བོ་ཇི་སྲིད་ཡོད་པ་དེ་སྲིད་རྣམ་པར་དག་པའི་ཐབས་སུ་གྱུར་པ་བཅོམ་ལྡན་འདས་ཀྱིས་རིགས་བསྟན་ཏོ། །དེ་བས་ན་གངྒཱའི་ཀླུང་གི་བྱེ་མ་དང་མཚུངས་པའི་རིགས་ཡིན་ཏེ། ཇི་སྲིད་གྲངས་མེད་པའི་རིགས་ཡིན་
པས་རྒྱ་ཆེ་སྟེ། བསྐྱེད་པའི་རིམ་པའོ། །བྱང་ཆུབ་ཀྱི་སེམས་བཤད་པར་བྱ་སྟེ། ཐོག་མ་དང་ཐ་མ་མེད་པ་རང་བཞིན་གྱིས་རྟག་པ་ཆོས་ཀྱི་སྐུའི་ངོ་བོ་སྐྱེ་བ་དང་འཇིག་པ་དང་བྲལ་བ་དེ་ཉིད་ཀྱི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བག་ཆགས་ཀྱི་རྟོག་པ་དང་དྲི་མ་ཞི་བས་ན་ཞི་བའོ། །
དངོས་པོ་ནི་ཁམས་གསུམ་གྱི་རང་བཞིན་ཕུང་པོ་ལྔ་ལྔ་ལ་སོགས་པ་དང་། དངོས་མེད་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། དེ་དག་ཟད་པ་ནི་དེའི་སོ་སོར་སྣང་བ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བ་མ་ལུས་པའི་གཞིར་གྱུར་པ་སྐུ་གཉིས་པོའི་རྒྱུར་གྱུར་པ་ཡིན་པས་གཙོ་བོ་སྟེ་བདག་པོའོ། །
སྟོང་པ་ཉིད་ནི་ཐམས་ཅད་སྟོང་པའོ། །སྙིང་རྗེ་ནི་ཐུགས་རྗེ་ཆེན་པོའོ། །དེ་དག་དབྱེར་མེད་པ་གཅིག་ཏུ་གྱུར་པ་སྟེ། བྱང་ཆུབ་ཀྱི་རང་བཞིན་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། སེམས་ནི་མཆོག་ཏུ་གྱུར་པའི་དེ་ཁོ་ན་ཉིད་རྣལ་འབྱོར་གྱིས་མངོན་སུམ་གྱིས་མྱོང་བ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་

སྟེ་རྫོགས་པའི་རིམ་པའོ། །ཡང་ན་ཐོག་མ་ནི་སྣང་བ་དང་སྣང་བ་མཆེད་པའོ། །ཐ་མ་ནི་སྣང་བ་ཉེ་བར་ཐོབ་པའོ། །དེ་མེད་པ་ནི་ཞི་བ་སྟེ་འོད་གསལ་བའོ། །དངོས་པོ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ། །དངོས་མེད་ནི་མ་རིག་པའི་རང་བཞིན་ནོ། །འོད་གསལ་བས་རྟོག་པ་མེད་པའི་ཕྱིར་
རོ། །དངོས་དང་དངོས་མེད་ཀྱི་རང་བཞིན་དེ་ཟད་པས་ན་ཟད་པ་སྟེ་ཐམས་ཅད་སྟོང་པའོ། །བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སྟེ་འོད་གསལ་བ་ལ་ཞུགས་པའི་སེམས་ནི་རྣམ་པར་ཤེས་པ་གསུམ་སྟེ། བྱང་ཆུབ་ཀྱི་སེམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནི་སེམས་ལ་དམིགས་
པའི་རིམ་པའོ། །ཡང་ན་ཐོག་མ་ནི་ཆགས་པ་དང་ཆགས་པ་དང་བྲལ་བའོ། །ཐ་མ་ནི་ཆགས་པ་བར་པའོ། །དེ་དང་བྲལ་བས་ནི་ཐོག་མ་ཐ་མ་མེད་པའོ། །ཞི་བ་ནི་རང་རིག་པ་སྟེ་ཆོས་ཀྱི་སྐུའོ། །དངོས་པོ་ནི་མཚམས་དང་མཚན་མོ་དང་ཉིན་མོའོ། །དངོས་མེད་ནི་སྨིག་རྒྱུ་ལ་སོགས་
པ་མཚན་མ་ལྔ་སྟེ། དེ་དག་ཟད་ཅིང་ཐོབ་པས་ན་དངོས་དང་དངོས་མེད་ཟད་པའོ། །འབྲས་བུར་གྱུར་པས་ན་གཙོ་བོའོ། །སྟོང་ཉིད་ནི་ཤེས་རབ་དང་། སྙིང་རྗེ་ནི་ཐབས་ཏེ་དེ་དག་མི་ཕྱེད་པ་ནི་སྙོམས་པར་འཇུག་པའི་དབང་གིས་ཐོབ་པའི་བྱང་ཆུབ་ནི་མངོན་པར་བྱང་ཆུབ་པ་སྟེ། དེའི་རང་
བཞིན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །ཡང་ན་རྒྱུན་གྱིས་ཞུགས་པས་ན་ཐོག་མ་ཐ་མ་མེད་པའོ། །སེམས་རྩེ་གཅིག་པ་ཉིད་དུ་སྐྱེད་པར་བྱེད་པས་ན་ཞི་བའོ། །དངོས་དང་དངོས་མེད་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ། དེའི་རང་
བཞིན་ཡིན་ཡང་སྒོམ་པར་གྱུར་པས་ན། དེའི་རྣམ་པར་རྟོག་པ་ཟད་པས་ན་དངོས་དང་དངོས་མེད་ཟད་པའོ། །ཁམས་གསུམ་བསྐྱེད་པས་ན་གཙོ་བོའོ། །སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དང་སྙིང་རྗེ་ནི་ཀུན་རྫོབ་ཀྱི་གཟུགས་ཏེ། མི་ཕྱེད་པ་ནི་དེ་དག་དབྱེར་མེད་པའི་ཀུན་རྫོབ་དང་དོན་
དམ་པ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་སྟེ་འབྲས་བུའོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་གཞན་གྱི་དོན་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ། །ཇི་སྐད་དུ་སེམས་བསྐྱེད་པ་ནི་གཞན་གྱི་དོན་བྱ་བའི་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །

ཅེས་འབྱུང་ངོ་། །དེའི་དབྱེ་བ་གཉིས་ཏེ། སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་དོན་བྱའོ་ཞེས་བྱ་བ་ནི་འདོད་པའི་བློ་དང་སྙིང་རྗེ་དག་གིས་ཟབ་པ་དང་། རྒྱ་ཆེ་བ་དོན་དུ་གཉེར་བ་གང་ཡིན་
པ་དེ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་ཀྱི་སྤྱོད་པ་ཡང་དག་པར་ལེན་པ་ལ་སོགས་པ་ལ་འཇུག་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ཏེ་གཉིས་སོ། །ཇི་སྐད་དུ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་དེ་རྙེད་པར་དཀའ་སྟེ། གང་ཞིག་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དང་། གང་ཞིག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་པར་བགྱིད་པ་དེ་དག་དེ་རྣམས་ལས་ཀྱང་ཤིན་ཏུ་རྙེད་པར་དཀའ་བའོ་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ས་དང་ཕ་རོལ་
ཏུ་ཕྱིན་པའི་དབྱེ་བས་རྣམ་པ་མང་པོར་འགྱུར་ཏེ། འདིར་ནི་རེ་ཞིག་རྣམ་པ་བཅུ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དང་། སྡིག་པ་བཤགས་པ་ལ་སོགས་རྣམ་པ་བདུན་གྱི་མཆོད་པ་དང་། བྱང་ཆུབ་ཀྱི་སེམས་བླང་བ་དང་། བག་མེད་པ་དང་བཅས་པ་དང་། དེ་ཤེས་བཞིན་དུ་
བསྲུང་བ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཡོངས་སུ་བསྔོ་བ་སྟེ་བཅུའོ། །དེ་ནི་རྒྱ་ཆེ་བ་སྟེ་བསླབ་པ་ཀུན་ལས་བཏུས་པ་ལས་བལྟ་བར་བྱའོ། །དེ་བཞིན་དུ་དེ་ཡང་རྣམ་པ་ཉི་ཤུ་གཉིས་སུ་འགྱུར་ཏེ། ཇི་སྐད་དུ། འཕགས་པ་བྱམས་
པས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོའི་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །དེ་ལ་
འདི་ལྟར་བལྟ་བར་བྱ་སྟེ། འདུམ་པའི་སྐབས་ལ་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་བྱའི་སེམས་རྣམས་ནི། །དེ་ཡིས་སེམས་ལ་བཅུ་དགུ་ཡིན། །དེ་ལ་སྨོན་པའི་སེམས་ནི་དབྱེ་བ་རྣམ་པ་གསུམ་སྟེ། འདུན་པ་དང་བཅས་པ་ནི་ཆོས་ཐམས་ཅད་

མངོན་པར་རྟོགས་པར་འདོད་པའི་མཚན་ཉིད་དེ་ས་དང་འདྲ་བའོ། །བསམ་པ་དང་བཅས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་འདོད་པའི་མཚན་ཉིད་དེ། མ་འོངས་པ་དང་འདི་ཉིད་དུ་འགྱུར་བ་ལ་མི་བརྟེན་པས་གསེར་བཟང་པོ་ལྟ་བུའོ། །ལྷག་པའི་བསམ་པ་དང་བཅས་པ་ནི་བྱང་ཆུབ་ཀྱི་ཕྱོགས་
སུམ་ཅུ་རྩ་བདུན་གྱི་ཆོས་སྒོམ་པར་འདོད་པའི་མཚན་ཉིད་དེ། དཀར་པོའི་ཕྱོགས་ཐམས་ཅད་འཕེལ་བས་འགྲོ་བས་ན་ཟླ་བ་སར་པ་ལྟ་བུའོ། །འཇུག་པའི་སེམས་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང་བཅས་པ་དང་། སྦྱིན་པ་ལ་སོགས་པ་དང་བཅས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། མངོན་པར་
ཤེས་པ་དང་བཅས་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་བཅས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་བཅས་པ་དང་། ཞི་གནས་དང་ལྷག་མཐོང་དང་བཅས་པ་དང་། གཟུངས་དང་སྤོབས་པ་དང་བཅས་པ་དང་། ཆོས་སྟོན་པ་དང་བཅས་པ་དང་། ཐེག་པ་གཅིག་གི་ལམ་དང་བཅས་
པ་དང་། ཆོས་ཀྱི་སྐུ་དང་བཅས་པའོ། །དེ་ནས་སྐབས་ནི་བཞི་པོ་ཡིས། །དེ་དག་ཐམས་ཅད་ཁྱབ་པར་བྱེད། །འབྲས་བུ་རྒྱུ་དང་སྦྱོར་སོགས་དང་། །ལས་ཀྱི་དང་པོའི་དབྱེ་བས་སོ། །དེ་ལ་གསུམ་གྱིས་ནི་ལས་དང་པོའི་སྐབས་དང་། བཞི་པས་དེ་དང་། ངེས་པར་འབྱེད་པའི་ཆའི་སྐབས་སོ། །
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སེམས་ཀྱིས་རྒྱུའི་སྐབས་སོ། །མངོན་པར་ཤེས་པ་ལ་སོགས་པ་དང་བཅས་པའི་སེམས་བརྒྱད་ཀྱིས་འབྲས་བུའི་སྐབས་སོ། །སྨོན་པའི་རྣམ་པ་དང་པོར་ནི། །དེ་ལ་མགོན་པོས་ཡང་དག་གསུངས། །སྦྱིན་སོགས་འཇུག་པའི་རྣམ་པ་ནི། །གཉིས་
པར་ཡོངས་སུ་གྲགས་པ་ཡིན། །འདུན་པའི་རྣམ་པ་སྨོན་པའི་སེམས་ནི་རྣམ་པ་གསུམ་དུ་བཤད་དོ། །གང་ནས་བརྩམས་ཏེ་སྡོམ་པ་བླངས་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པའི་སེམས་སོ། །སྡོམ་པ་ཡང་སྡོམ་པ་དང་མཁས་པ་དང་སྟོབས་དང་ལྡན་པའི་
སློབ་དཔོན་ལས་བླང་བར་བྱའོ། །དེ་མི་བཞུགས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མདུན་དུ་གནས་པར་ཡིད་ཀྱིས་དམིགས་པ་ལས་བླང་བར་བྱའོ། །དེ་ཡང་། ཐབས་མེད་པར་ནི་ཤེས་རབ་མེད། །སྦྱིན་སོགས་ཤེས་རབ་མེད་པས་མིན། །གཞན་ཡང་ཞི་གནས་བསྐྱེད་བྱས་ནས། །དེ་ཕྱིར་

ཤེས་རབ་བསྐྱེད་པར་བྱ། །ཅིའི་ཕྱིར་ཞེ་ན། ཤེས་རབ་མེད་པའི་སྦྱིན་པ་ལ་སོགས་པས་ནི། ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་མི་འགྱུར་བ་དང་། ཐབས་སུ་ཡང་མི་འགྱུར་རོ། །དེ་བས་ན་ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར། ཞི་གནས་བསྐྱེད་པ་ལ་འབད་རྩོལ་བྱའོ། །
གང་ཞིག་ཚུལ་ཁྲིམས་དང་ལྡན་སྡུག་བསྔལ་བཟོད་པ་དང་། །གང་ཞིག་བརྩོན་འགྲུས་དང་ལྡན་བརྟན་པ་བག་དང་བཅས། །ཡང་དག་རབ་ཏུ་སྦྱོར་ཞིང་གང་ཚེ་དེ་དང་ནི། །དེ་ཡི་ཏིང་ངེ་འཛིན་དུ་མྱུར་དུ་འགྲུབ་པར་འགྱུར། །ཚུལ་ཁྲིམས་ལ་སོགས་པ་གསུམ་དང་ཞི་གནས་ཀྱི་ཚོགས་ལ་གནས་ཤིང་།
ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་ལུས་པོ་དྲང་པོར་བྱས་ལ་སྟན་འཇམ་པ་ལ་འདུག་སྟེ། སྙིང་རྗེ་ཆེན་པོ་སྔོན་དུ་བྱས་ནས་སེམས་ཅན་ཐམས་ཅད་གདོན་པའི་བསམ་པ་དང་ལྡན་པས་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཀྱི་མདོར་
བསྡུས་པའི་དབྱེ་བའོ། །སྟོང་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །སྙིང་རྗེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔའོ། །དེ་དག་མི་ཕྱེད་པ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །གང་གི་ཕྱིར་ཤེས་རབ་མེད་པས་བྱང་ཆུབ་སེམས་དཔའ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པའི་མིང་ཐོབ་པར་མི་འགྱུར་བ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་པའི་ཤེས་རབ་ནི་མ་ཡིན་ཏེ། ཆད་པའི་ལྟ་བར་གྱུར་པའི་ཕྱིར་རོ། །དེ་བས་ན་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་བྱང་ཆུབ་ཀྱི་སེམས་ལ་དམིགས་ཏེ། ཐོག་མ་དང་ཐ་མ་མེད་པ་དང་དངོས་པོ་དང་
དངོས་པོ་མེད་པ་དང་བྲལ་བ་ཆོས་ཀྱི་སྐུ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་པ་སྟེ་རྫོགས་པའི་རིམ་པའོ། །རིག་པའི་སྐྱེས་བུའི་འདྲི་བའི་ལན་གདབ་པར་བྱ་བའི་ཕྱིར་སྐུ་ཞེས་བྱ་བ་སྨོས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །མི་ཕྱེད་པའི་ངོ་བོ་ནི་དེ་ལ་རྗེས་སུ་ཞུགས་ཤིང་
གཅིག་ཏུ་གྱུར་པའོ། །ཕྱེད་པའི་ངོ་བོ་ནི་ཐ་དད་པར་སྣང་བའོ། །རིག་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ལྡན་པ་ནི་འཁྱུད་པ། སྐྱེས་བུ་ནི་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ། དེ་ནི་རིག་པའི་སྐྱེས་བུ་ཞེས་བརྗོད་དོ། །འདི་སྐད་བཤད་པ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་ཡོངས་གྱུར་ནས།

ཐུགས་རྡོ་རྗེ་འཆང་ལ་སོགས་པ་རིམ་པ་གཉིས་ཀྱིས་བསྒོམ་པར་བྱ་བ་ནི་རིག་པའི་སྐྱེས་བུ་ཞེས་བྱ་སྟེ། བསྐྱེད་པའི་རིམ་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ། །ཕྱུང་བའི་སྔགས་བཅུ་གསུམ་གྱི་དོན་བཤད་དེ། ལྔ་འཛོམ་པ་ཞེས་པ་ནི་རྣམ་པར་ཤེས་པ་ཉོན་མོངས་པ་དང་ལྡན་
པ་ལྔ་འོག་གི་རྩེ་མོ་ལྔའི་རང་བཞིན་དང་དེ་བཞིན་དུ་སྟེང་གི་རྩེ་མོ་ལྔ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ཏེ། མི་མཐུན་པ་དང་གཉེན་པོའི་ཚུལ་དུ་གནས་པ་དེ་ནི་རྡོ་རྗེ་ཞེས་བྱའོ། །གང་གི་ཕྱིར་ལྔ་འཛོམ་པ་ནི་སྤོང་བ་དང་ལྔ་རིག་པ་ནི་ཤེས་པ་དང་། བ་དང་ཛྲ་ཡི་གེ་གཉིས་ཀྱི་
དོན་གྱིས་རྡོ་རྗེ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཆང་སྟེ་རྫོགས་པའི་རིམ་པའོ། །ཡང་ན་རྩ་ལྔ་བྷ་གའི་ནང་དུ་ཆུད་པ་དེ་རྣམས་ཐ་དད་པར་སྤོང་བ་དང་། རིག་པ་ནི་བདེ་བ་ཆེན་པོ་རྟོགས་པས་ན་རྡོ་རྗེ་རྒྱལ་མཚན་ནོ། །དེ་འཛིན་པའི་ལས་སུ་རུང་བ་ཉིད་ཀྱི་འཆང་བ། རྣམ་ཤེས་ཡིད་ནི་བྱང་ཆུབ་ཀྱི་སེམས་
གང་ཡིན་པ་དེ་ནི་རྡོ་རྗེ་འཛིན་ཞེས་བྱ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུའོ། །ཡོད་ཅེས་བྱ་བ་ལ་སོགས་པ་ལ་དབང་ཕྱུག་དམ་པས་སྤྲུལ་པ་དངོས་པོ་རྣམས་ཡོད་དོ་ཞེས་དབང་ཕྱུག་ཏུ་སྨྲ་བ་པའོ། །དུས་གསུམ་ཡོངས་སུ་འགྱུར་བ་དངོས་པོ་ཡོད་དོ་ཞེས་གྲངས་ཅན་པའོ། །བདག་
གིས་བྱིན་གྱིས་བརླབས་པ་ཡོད་དོ་ཞེས་རིགས་པ་པའོ། །ཚངས་པའི་རང་བཞིན་དངོས་པོ་ཡོད་དོ་ཞེས་དཔྱོད་པ་པའོ། །ཞོ་ཡང་སྔ་མོར་འགྱུར་རོ་ཞེས་འགྱུར་བར་སྨྲ་བ་ནི་གཅེར་བུ་པའོ། །དུས་ཀྱི་སེམས་ཅན་སྨིན་པར་འགྱུར་རོ་ཞེས་དུས་སུ་སྨྲ་བ་པའོ། །ཡང་དང་ཡང་དུ་སྐྱེ་ཞིང་ཡང་དང་ཡང་དུ་
ཟག་པས་ན་གང་ཟག་སྟེ། དེའི་རང་བཞིན་དངོས་པོ་ཡོད་དོ་ཞེས་གང་ཟག་ཏུ་སྨྲ་བ་པའོ། །སྒྲ་ནི་ཚངས་པ་དམ་པ་དེའི་རང་བཞིན་དངོས་པོ་ཐམས་ཅད་ཡོད་དོ་ཞེས་པ་སྟེ། བརྡ་སྤྲོད་པ་པའོ། །ནུས་པ་གཅིག་པུས་འདི་དག་ཐམས་ཅད་སྤྲོ་ཞིང་སྡུད་པས་ན། དེའི་རང་བཞིན་དངོས་པོ་ཐམས་
ཅད་ཡོད་ཅེས་ནུས་པ་པའོ། །འདུས་བྱས་པ་ཐམས་ཅད་ནི་རྟག་པ་དང་། སྡུག་བསྔལ་དང་། སྟོང་པ་དང་། བདག་མེད་པ་སྟེ། བྱེ་བྲག་ཏུ་སྨྲ་བ་པའོ། །རྣམ་པར་རིག་པ་ཡོད་ཀྱི་དངོས་པོ་ནི་མེད་དོ་ཞེས་རང་སངས་རྒྱས་པའིའོ། །ཕྱི་རོལ་གྱི་རྣམ་པ་དང་བྲལ་བ་སྤྲིན་མེད་པའི་ནམ་མཁའ་དང་མཚུངས་

པ་རྣམ་པར་རིག་པ་ཉིད་སྣ་ཚོགས་ཡིན་ནོ་ཞེས་རྣམ་པར་དཔྱོད་པ་པའོ། །གཟུང་བ་ནི་འཛིན་པ་དང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་སྟོང་པ་ཡིན་ནོ་ཞེས་དབུ་མ་པ་སྟེ། དེ་དག་ཐམས་ཅད་ཡོད་པ་ཉིད་དུ་སྨྲ་བ་པའོ། །མེད་པར་སྨྲ་བ་ནི་ཇི་ལྟར་འཚོ་བས་བདེ་བ་འཚོ། །འཆི་
འཕོ་བ་ནི་ཁྱོད་ལ་མེད། །ཐལ་བར་གྱུར་པ་ཤི་བ་ནི། །སླར་འོང་བ་ནི་ག་ལ་ཡོད། །ཅེས་བྱ་སྟེ། འབྱུང་བ་ཤེས་པར་བྱ་བ་ནི་འཇིག་རྟེན་རྒྱད་པན་པའོ། །ཡོད་པ་དང་མེད་པ་དེ་དག་དབུས་ནི་གཉིས་ཀའི་ཆའི་རང་བཞིན་ལས་འདས་པ་ནི་བྲལ་བ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འབྱུང་བ་
ནི་ཁམས་ཕྲ་བ་ས་ལ་སོགས་པ་བཞིའོ། །འབྱུང་བ་ལས་གྱུར་པ་ནི་དེ་རྣམས་ཀྱི་བྱས་པར་རིགས་པའོ། །དེ་ལས་བྱུང་བ་ནི་སྐྱེས་པ་སྟེ་དེའི་རང་བཞིན་རྣམ་པར་དག་པ་ནི་རྣམ་པར་དག་པའི་རང་བཞིན་ནོ། །སེམས་ཅན་ཀུན་གྱི་ལུས་ཡིན་ཏེ། །ཞེས་བྱ་བ་ནི་ཁྱད་པར་དུ་འཛིན་ཅིང་འཆིང་བས་ན་ལུས་ནི་
གཏི་མུག་སྟེ། དེ་ཁོ་ན་ཉིད་ཀྱིས་མི་མཐུན་པར་གྱུར་པ་སྟེ། སེམས་ཅན་ལས་རྒྱལ་བས་རྒྱལ་ཏེ། དེ་ལས་ཀྱང་རྒྱལ་ཞིང་ཟིལ་གྱིས་གནོན་པས་ན་ཛི་ན་ཛིཀ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་དེ་རྫོགས་པའི་རིམ་པའོ། །རེ་ཞིག་སེམས་ནི་མཉམ་པ་ཉིད་ཀྱི་རང་
བཞིན་ཡིན་པས་ན་རིན་ཆེན་དང་འདྲ་བས་ན་རིན་ཆེན་ཏེ། དེ་ཉིད་ནམ་མཁའི་ཁམས་རྣམ་པར་དག་པས་ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་གྱིས། དོན་ཀུན་ནི་མངོན་པར་འདོད་པའི་རིམ་པས་འབྱུང་བ་སྟེ་སྐྱེད་པའི་རྒྱུའོ། །དེ་བས་ན་ཚོར་བྱ་དང་ཚོར་བྱེད་དང་ཚོར་བའི་བདག་ཉིད་ཀྱིས་རྣམ་
པར་ཤེས་པ་དག་པར་བྱེད་པས་ན་དེ་ཉིད་རིན་ཆེན་ཏེ། དེ་དང་འདྲ་བའི་རིན་ཆེན་འཛིན་པས་ན། རཏྣ་དྷྲྀཀ་སྟེ། དེ་ནི་རྫོགས་པའི་རིམ་པའོ། །ཐུན་མོང་མ་ཡིན་པ་དེ་ཁོ་ན་ཉིད་ལ་རྣམ་པར་འཇོག་པར་བྱེད་པའི་ཆོས་ནི་མཚན་ཉིད་དེ། དཔེར་ན་ལྟོ་བ་ཆེ་བའི་བུམ་པ་བཞིན་ནོ། །དེ་འཛིན་པར་བྱེད་པའི་
བདག་ཉིད་ནི་འདུ་ཤེས་སོ། །དེའི་ཡུལ་ནི་བུམ་པ་ལ་སོགས་པའི་མཚན་ཉིད་དོ། །གང་གི་མཚོན་པ་དེ་ནི་བྱ་བའི་མཚན་ཉིད་དེ། གསུམ་པོའི་བདག་ཉིད་འདུ་ཤེས་ཀྱི་ཕུང་པོ་དེ་རྣམ་པར་དག་པར་བྱེད་པའི་དངོས་པོའོ། །དེ་བཞིན་དུ་ཀུན་ནི་མེའི་ཁམས་སོ། །ཀུན་གྱིས་ནི་ཁྱབ་པར་བྱེད་

པ་སོ་སོར་རྟོག་པའི་ཡེ་ཤེས་དག་པར་བྱེད་པས་ན་དངོས་པོའོ། །དགའ་བའི་མཚན་ཉིད་ནི་བུད་མེད་ཀྱི་མཚན་པ། མཚན་གཞི་ནི་དམིགས་ཤིང་སྐྱེ་བ་སྟེ། འདོད་ཆགས་སོ། །ཡེ་ཤེས་དེ་ཉིད་ཀྱིས་དེ་ལ་རྒྱལ་བར་བྱེད་པས་ན་ཨཱ་རོ་ལྀཀ་སྟེ། འོད་དཔག་ཏུ་མེད་པའི་རང་བཞིན་
གྱི་ཡེ་ཤེས་ཀྱི་སྟེ་རྫོགས་པའི་རིམ་པའོ། །རྣམ་པར་ཤེས་རབ་མཐར་ཕྱིན་ནི་བྱ་བ་ནན་ཏན་སྒྲུབ་པའི་རང་བཞིན་འགྲོ་བའི་དོན་བྱེད་པ་དེ་ཉིད་ཕྲག་དོག་གི་ཉོན་མོངས་པ་འཇོམས་པར་བྱེད་པས་ན་ཤེས་རབ་ཅེས་བྱའོ། །དེ་བས་ན་འདུ་བྱེད་སེམས་པ་ནི་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དང་།
འཛིན་པ་ནི་རླུང་གི་ཁམས་རྣམ་པར་དག་པར་བྱེད་པས་ཡེ་ཤེས་དེ་ཉིད་པྲཛྙཱ་དྷྲྀཀ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་གྱི་ཡེ་ཤེས་ཏེ་རྫོགས་པའི་རིམ་པའོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། རིགས་ནི་རྒྱུད་དེ་དེ་བཞིན་གཤེགས་པའི་རིགས་ལྔའི་རྒྱུད་དོ། །རྒྱུད་ནི་
ཐོག་མ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །མི་འཇིགས་སྐྱེ་བ་མེད་པ་ནི་མགོན་པོ་དེ་ཉིད་དེ། དེ་ཉིད་ཀྱི་ཁྱད་པར་རོ། །སྤོང་བའི་རིག་པ་ཞེས་བྱ་བ་ལ་སོགས་པས་མི་མཐུན་པ་དང་གཉེན་པོའི་ཕྱོགས་སུ་གྱུར་པ་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ཞེ་སྡང་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་
དང་མི་བསྐྱོད་པར་བཤད་དོ། །དེ་བཞིན་དུ་གཟུགས་དང་ཉོན་མོངས་པ་གཏི་མུག་དང་བེམས་པོ་བཅིངས་པའི་རང་བཞིན་ནི་སའི་ཁམས་ཏེ། དེ་རྣམ་པར་དག་པའི་རང་བཞིན་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་དང་ང་རྒྱལ་དང་དྲེགས་པ་ཉེ་བའི་ཉོན་མོངས་པ་རྣམ་པར་དག་པའི་
རང་བཞིན་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོ་དང་དངོས་པོ་ལ་ཆགས་པ་ནི་ཉོན་མོངས་པའི་འདོད་ཆགས་དང་། མེའི་ཁམས་རྣམ་པར་དག་པའི་རང་བཞིན་ནི་འོད་དཔག་ཏུ་མེད་པའོ། །འདུ་བྱེད་དང་ཕྲག་དོག་དང་རྐྱེན་གྱིས་དྲངས་པའི་རང་བཞིན་ནི་རླུང་གི་ཁམས་རྣམ་པར་
དག་པ་སྟེ། དོན་ཡོད་གྲུབ་པའོ། །དེ་དང་འདྲ་བ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ནི་སྲིད་པ་ཀུན་འབྱུང་ཐམས་ཅད་དེ། སྐྱེ་བ་པོ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་ཤེས་པར་བྱའོ། །རིགས་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཞེ་སྡང་ཉོན་མོངས་ལྡན་པ་ནི་དེའི་ལྷན་ཅིག་བྱེད་པའི་རྒྱུ་

ལས་སྐྱེས་པ་ང་རྒྱལ་ལམ་དྲེགས་པ་གཞོམ་པར་བྱ་བའི་ཕྱིར་དང་། ནོར་གྱི་དྲེགས་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ང་རྒྱལ་གཞོམ་པར་བྱ་བའི་ཕྱིར་ནོར་བུའི་རིགས་ཏེ། རྣམ་པ་སྣ་ཚོགས་ཀྱི་རིན་པོ་ཆེའི་ཆར་གྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་
པར་བྱེད་པ་རིན་ཆེན་འབྱུང་ལྡན་གྱི་རིགས་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་རིགས་ཞེས་བྱ་བ་ནི་འགྲོ་བ་སྣ་ཚོགས་ཀྱི་ལས་ལས་སྐྱེས་པའི་འབྲས་བུ་འདྲ་བ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་དམ་ཚིག་དང་སྡོམ་པ་སྦྱིན་པས་འཇོམས་པས་ན་དམ་ཚིག་གི་རིགས་
ནི་དོན་ཡོད་གྲུབ་པའི་རིགས་ཞེས་བྱའོ། །དེ་བཞིན་དུ་གཉིས་མེད་ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་ཏེ། དེའི་རང་བཞིན་གྱི་དངོས་པོའི་ང་རྒྱལ་བྱེད་པ་ནི་ཁྱབ་པར་བྱེད་པ་རྨོངས་པ་སྟེ། དེ་ལ་ཆགས་པའི་རང་བཞིན་ནི་གཏི་མུག་གི་རིགས་ཞེས་བྱའོ། །དེ་ལ་གཉིས་སུ་མེད་པའི་ཡེ་
ཤེས་དེ་ལ་ཉོན་མོངས་པ་རྣམ་པར་དག་པས་ཕན་ཚུན་འབྱེར་བ་ནི་ཞེ་སྡང་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉེན་པོ་དང་མི་མཐུན་པའི་ཚུལ་གྱིས་བཞག་པ་གང་ཡིན་པ་དེ་ནི་ཞེ་སྡང་སྟེ། ཞེ་སྡང་གི་རིགས་ཞེས་བྱའོ། །འཇིག་རྟེན་པའི་ཆགས་པའི་མཚན་ཉིད་ནི་འདོད་ཆགས་གང་ཡིན་པ་དེ་
ནི་ཡེ་ཤེས་ཀྱི་ཐབས་ཀྱིས་སྦྱོར་བར་མཛད་པས་ན་འདོད་ཆགས་ཀྱི་རིགས་སོ། །གཏི་མུག་ལ་སོགས་པའི་རིགས་དེ་རྣམས་ཉོན་མོངས་པ་རྣམ་པར་དག་པ་ཡེ་ཤེས་ཀྱི་རང་བཞིན་ལ་དགའ་བ་གང་ལ་ཡོད་པ་དེ་ནི་གཏི་མུག་དགའ་མ་ལ་སོགས་པ་སྟེ་དོན་དམ་པའི་ཕྱོགས་སོ། །ཀུན་རྫོབ་ནི་བུད་
མེད་ནི་རང་བཞིན་གྱིས་གཟུགས་ལ་དམིགས་ཤིང་འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་གདོན་པའི་ཐབས་ཀྱིས་གཏི་མུག་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་དང་། ཡང་དག་པར་སྦྱོར་ཞིང་བདེ་བ་ཉམས་སུ་མྱོང་བར་བྱེད་པ་སྤྱན་ལ་སོགས་
པའི་ལྷ་མོ་ནི་གཏི་མུག་དགའ་མ་ལ་སོགས་པར་བཤད་དོ། །དེ་ལྟར་ན་ཉོན་མོངས་པ་གསུམ་དང་། དེ་བཞིན་དུ་རྡོ་རྗེ་སྟེ་ཕྲག་དོག་དང་དེ་དག་རྣམ་པར་དག་པར་བྱ་བའི་ཕྱིར། དགའ་མ་ནི་སྤྱན་ལ་སོགས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་སེམས་ཅན་ཐམས་ཅད་དེ་

སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་ཐབས་ནི་རྒྱུའོ། །དེ་ཉིད་རྡོ་རྗེ་ཐེག་པ་སྟེ་རྒྱུན་མ་ཆད་པའི་སེམས་ཅན་གྱི་དོན་རྫོགས་པར་བྱེད་པ་ལ་མ་ཡིན་ནོ་ཞེས་རྫོགས་པའི་རིམ་པའོ། །སྒོ་སྲུང་རྣམ་པར་དག་པར་བྱ་བ་བཤད་པར་བྱ་སྟེ། མི་འཇིག་པའི་བདག་ཉིད་སྟོང་པ་ཉིད་རྣམ་
པར་ཐར་པའི་སྒོའི་རང་བཞིན་ནོ། །མ་སྐྱེས་པའི་ངོ་བོ་ཉིད་ནི་ཐོག་མ་ནས་མ་སྐྱེས་པའི་རང་བཞིན་ནོ། །ཆོས་རྣམས་ནི་ཕུང་པོ་ལ་སོགས་པའོ། །དེའི་རང་བཞིན་ཡོངས་སུ་མ་ཤེས་པ་ནི་གཤིན་རྗེ་སྟེ། དེའི་དངོས་པོ་ཀུན་གྱི་དམ་ཚིག་ནི་དེ་དག་མཐར་བྱེད་པ་སྟོང་པ་ཉིད་རྣམ་པར་ཐར་པའི་
སྒོའི་རང་བཞིན་ནི་གཤིན་རྗེ་མཐར་བྱེད་དོ། །དེ་བཞིན་དུ་རྣམ་ཤེས་མིན་བདག་ཆོས་རྣམས་ནི་དབང་ཕྱུག་ལ་སོགས་པའི་རྒྱུ་མཚན་དང་བྲལ་བ། དོན་དམ་མི་འགྱུར་དག་འགྱུར་ཉིད་ནི་མཚན་མ་མེད་པའི་རྣམ་པར་དག་པའི་སྒོའི་རང་བཞིན་ནོ། །སེམས་ཀུན་གྱི་ནི་དམ་ཚིག་སྟེ། །དེ་
མི་ཤེས་པའི་མཚན་ཉིད་ནི་ཤེས་རབ་སྟེ། དེ་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དོ། །སྨོན་པ་མེད་པའི་ཕྱིར་བསྟན་དུ་མེད་པས་ན་བརྗོད་དུ་མེད་པའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སྔར་བཤད་པའི་རིག་པས་མིང་དང་གཟུགས་བློ་དངོས་པོ་མེད་པ་ནི་འདུ་བྱེད་ཀྱི་ཕུང་པོ་ལ་
སོགས་པ་དང་བྲལ་བའོ། །དེ་རྣམས་ཀྱི་རང་བཞིན་མི་ཤེས་པས་ན་བེམས་པོ་ཡིན་པས་ན་པདྨའོ། །ཆོས་རྣམས་ཀུན་གྱི་དམ་ཚིག་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ནི་པདྨ་མཐར་བྱེད་དོ། །མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པའི་སྒོའི་རྣམ་པར་
མི་རྟོག་པའི་བདག་ཉིད་དང་། རང་བཞིན་ཡོངས་སུ་དག་པའི་ཆོས་ཐམས་ཅད་དོ། །དེའི་རང་བཞིན་ཡོངས་སུ་མི་ཤེས་པ་ནི་བགེགས་སོ། །དེ་དག་མཐར་བྱེད་པས་ན་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ནི་བགེགས་མཐར་བྱེད་དོ། །མི་འཇིག་
པ་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞི་ཉེ་བར་བསྡུས་པ་སྟེ་རྫོགས་པའི་རིམ་པའོ། །གཏི་མུག་ནི་མ་དད་པའོ། །དེའི་ལོངས་སྤྱོད་ནི་སྤོང་བར་བྱེད་པ་མ་དད་པའོ། །གཏི་མུག་ནི་འཇིག་ཚོགས་སུ་ལྟ་བའོ། །དེ་ཟད་པར་བྱེད་པ་སྟེ་དེ་བཞིན་

དུ་ལུས་ནི་ཕུང་པོའི་བདུད་དོ། །ཤེས་བྱ་ནི་ཤེས་བྱའི་སྒྲིབ་པའོ། །དེ་དག་འཁོར་བ་རྣམས་གསོད་པར་བྱེད་པས་ན་གཤིན་རྗེའོ། །དེ་དག་དད་པས་མཐར་བྱེད་པས་ན་གཤིན་རྗེ་མཐར་བྱེད་པའོ། །ཉེས་པ་ནི་མཐར་འཛིན་པའི་ལྟ་བའོ། །ཉེས་པ་ལོངས་སྤྱོད་ནི་དེ་རྣམ་པར་
དག་པའོ། །ཉེས་པ་ནི་དགེ་བའི་ལས་ལེ་ལོ་སྟེ། དེ་ལ་ཤེས་རབ་ནི་བརྩོན་འགྲུས་ཀྱི་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དོ། །དེ་བས་ན་མཐར་འཛིན་པའི་ལྟ་བ་རྣམ་པར་དག་པས་ཞེ་སྡང་མཐར་བྱེད་ཀྱང་ཡིན་ལ། ལེ་ལོ་རྣམ་པར་དག་པས་ཤེས་རབ་མཐར་བྱེད་ཡིན་ནོ། །སེམས་ནི་
ཉོན་མོངས་པའི་བདུད་དེ། དེ་རྣམ་པར་དག་པས་ན་སེམས་མཐར་བྱེད་དོ། །ཉོན་མོངས་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །དེ་རྣམ་པར་དག་པས་ཉོན་མོངས་པ་མཐར་བྱེད་དོ། །དེ་བས་ན་བརྩོན་འགྲུས་ཀྱི་རང་བཞིན་ནི་ཤེས་རབ་མཐར་བྱེད་དོ། །འདོད་ཆགས་ནི་བརྗེད་ངས་པའོ། །ཡང་
འདོད་ཆགས་ནི་འཆི་བདག་གི་བདུད་དོ། །དེ་དག་ཟད་པ་ནི་པདྨ་མཐར་བྱེད་དོ། །ཡང་འདོད་ཆགས་ནི་ལོག་པའི་ལྟ་བ་སྟེ། དེ་མཐར་བྱེད་པས་ནི་ཆགས་པ་མཐར་བྱེད་དོ། །སྙོམས་འཇུག་ནི་སྲིད་པ་གཞན་ལ་འཕོ་བ་སྟེ། སྐྱེ་བའི་སྒྲིབ་པའོ། །དེ་རྣམ་པར་དག་པས་ན་སྙོམས་འཇུག་
མཐར་བྱེད་ནི་དྲན་པའི་རང་བཞིན་ཏེ། པདྨ་མཐར་བྱེད་དོ། །ཉོན་མོངས་པ་ཐམས་ཅད་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པས་ན་རྣམ་པར་གཡེང་བའོ། །སེམས་ཅན་ཐམས་ཅད་རླག་པར་བྱེད་པས་ན་རྡོ་རྗེ་སྟེ་རྡོ་རྗེ་དང་འདྲ་བས་ལྷའི་བུའི་བདུད་དོ། །སྒྲིབ་པ་ནི་ལས་ཀྱི་སྒྲིབ་པ་དང་ཀུན་ནི་ལྟ་བ་
མཆོག་ཏུ་འཛིན་པ་སྟེ། དེ་རྣམ་པར་དག་པར་བྱེད་པས་ན་བགེགས་མཐར་བྱེད་དོ། །རྣམ་པར་དག་པའི་འབྲས་བུ་བཤད་པར་བྱ་སྟེ། ཉོན་མོངས་པ་ནི་མ་དག་པ་ལ་སོགས་པ་དེ་རྣམས་བརྟན་པས་ན་རྗེའོ། །དེ་རྣམས་ཀྱི་སྒྲིབ་པའི་སེམས་གང་ཡིན་པ་དེ་རྣམ་པར་དག་པར་གྱུར་ན་ལས་ཐམས་
ཅད་ནི་དགེ་བ་དང་མི་དགེ་བའི་ལས་རྣམ་པར་དག་པར་འགྱུར་རོ། །ལས་རྣམ་པར་དག་པར་གྱུར་ན་རྣལ་འབྱོར་པའི་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་མཚན་ཉིད་དག་པ་ཆོས་ཀྱི་སྐུ་རྣལ་འབྱོར་པས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་དོན་བསྡུས་པ་

ནི་འདི་ཡིན་ཏེ། མ་དད་པ་ཕུང་པོའི་བདུད་དང་འཇིག་ཚོགས་ཀྱི་ལྟ་བ་དང་ཤེས་བྱའི་སྒྲིབ་པ་སྟེ། འདི་དག་འཇོམས་པ་དད་པའི་རང་བཞིན་ནི་གཤིན་རྗེ་མཐར་བྱེད་དོ། །ལེ་ལོ་དང་ཉོན་མོངས་པའི་བདུད་དང་འཛིན་པའི་ལྟ་བ་དང་ཉོན་མོངས་པའི་སྒྲིབ་པ་སྟེ་འདི་དག་འཇོམས་པས་བརྩོན་འགྲུས་ཀྱི་
རང་བཞིན་ཤེས་རབ་མཐར་བྱེད་དོ། །བརྗེད་ངས་པ་དང་འཆི་བདག་གི་བདུད་དང་ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པ་སྟེ། འདི་དག་སྤོང་བས་ན་དྲན་པའི་གཞི་སྟེ་པདྨ་མཐར་བྱེད་དོ། །རྣམ་པར་གཡེང་བ་དང་ལྷའི་བུའི་བདུད་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་ལས་ཀྱི་སྒྲིབ་པ་སྟེ། འདི་
དག་རྣམ་པར་དག་པས་ཏིང་ངེ་འཛིན་གྱི་རང་བཞིན་ནི་བགེགས་མཐར་བྱེད་དོ། །དེ་ནི་རྫོགས་པའི་རིམ་པའོ། །གཙུག་ཏོར་ལ་སོགས་པའི་རྣམ་པར་དག་པ་བཤད་པར་བྱ་སྟེ། འདིས་གཟུང་བས་ན་གཟུང་བའི་དབང་པོའོ། །ཆགས་པ་ནི་ཆགས་པ་བསྐྱེད་པ་སྟེ་ཡུལ་ལོ། །རྣམ་
པ་ནི་ཡིད་ལ་བྱེད་པའོ། །མི་གཡོ་བ་ནི་གང་གི་དབང་གིས་རྣམ་པར་ཤེས་པ་གནོད་པ་མེད་པས་དོན་འཛིན་པ་དེ་ནི་སྣང་བའོ། །མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་བཞི་པོ་དེ་དག་ནི་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུའི་དབྱེ་བས་གནས་སོ། །གང་ཞིག་འདས་མ་ཐག་ཏུ་བྱུང་
བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐད་ཅིག་མ་དེ་སྔ་མའི་སྐད་ཅིག་མ་ནི་རྒྱུའོ། །མིག་གི་རྣམ་པར་ཤེས་པ་ནི་འབྲས་བུ་སྟེ། རྒྱུ་དྲུག་ལས་སེམས་ཡང་དག་པར་འབྱུང་བའོ། །ཡང་ན་མིག་ལ་སོགས་པ་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་དབང་པོ་རྣམས་ལས་སེམས་ཡང་དག་པར་
འབྱུང་བའོ། །རྒྱུ་དང་ལྷན་ཅིག་འབྱུང་བ་དང་། །རྣམ་པར་སྨིན་དང་ཡང་དག་ལྡན། །ཀུན་འགྲོ་སྐལ་མཉམ་དང་བཅས་པ། །རྒྱུ་ནི་རྣམ་པ་དྲུག་ཏུ་བཤད། །ཅེས་བྱ་བ་དྲུག་པོ་དེ་དག་ལས་སེམས་ཡང་དག་པར་འབྱུང་བའོ། །དེའི་རྣམ་པར་དག་པ་ནི་འདོད་པའི་རྒྱལ་པོ་ནས་གཙུག་ཏོར་གྱི་
བར་དུ་ཁྲོ་བོ་དྲུག་བཤད་པའོ། །དེ་ནི་རྣམ་པར་ཤེས་པའི་རྣམ་པར་དག་པ་སྟེ། ཁྲོ་བོ་ཞེ་སྡང་རིགས་ལས་བྱུང་། །ཞེས་བཤད་པའི་ཕྱིར་རོ། །དམ་ཚིག་རྡོ་རྗེ་ལ་སོགས་པ་དྲུག་ནི་ལེའུ་དང་པོ་ལས་བཤད་པའི་རིགས་པས་སྒྲིབ་པ་ཐམས་ཅད་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་

དཔའ་དྲུག་སྟེ། ས་ལ་སོགས་པ་འབྱུང་བ་ལྔ་དང་། ས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རང་བཞིན་གྱིས་རྣམ་པར་ཤེས་པའི་ཁམས་ལ་གནས་པ་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རྣམ་པར་དག་པའོ། །བྱམས་པ་དང་ཀུན་དུ་བཟང་པོ་ནི་རྩ་རྒྱུས་
ཐམས་ཅད་དང་ཚིགས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ནོ། །གཟུགས་རྡོ་རྗེ་ལ་སོགས་པ་ནི་ལྷ་མོ་དྲུག་སྟེ། གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པའོ། །དེ་བས་ན་རིག་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་རྒྱལ་པོ་ནི་རིག་པའི་རྒྱལ་པོ་སྟེ། བྱང་ཆུབ་སེམས་
དཔའ་རྣམས་སོ། །རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་དག་གི་བདག་པོ་གང་གི་གཙོ་བོར་གྱུར་པ་དེ་ནི་རྡོ་རྗེའི་བདག་པོ་སྟེ། གཟུགས་རྡོ་རྗེ་མ་ལ་སོགས་པ་བཤད་དོ། །དེ་ནི་རྫོགས་པའི་རིམ་པའོ། །ཀུན་དུ་སྤྱོད་པ་བཤད་པར་བྱ་སྟེ། སྐུ་ལ་སོགས་པ་དང་ཕུང་པོ་ལ་
སོགས་པ་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པར་སྙོམས་པར་འཇུག་པ་ལ་དམིགས་ཏེ། ཅིག་ཅར་དུ་རྡོ་རྗེ་འཆང་ཆེན་པོའི་གཟུགས་དང་ལྡན་པའི་རྣལ་འབྱོར་པས་འགྲོ་བ་འདི་དག་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་མོས་པར་བྱས་ལ།
འཇིགས་པ་ཐམས་ཅད་ནི་སྐྱེ་བ་དང་འཇིག་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ནི་སྤངས་པ་སྟེ། །སེང་གེ་བཞིན་དུ་དོགས་པ་མེད་པར་བཟའ་བ་དང་བཟའ་བ་མ་ཡིན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ཅི་སྙེད་པ་ཟ་བའམ་བསམ་གཏན་གྱིས་ཟས་ཟ་བ་ཅན་མཉམ་པར་མ་
བཞག་པ་ནི་སྤྱོད་ལམ་རྣམ་པ་བཞི་པོར་རང་གི་ལྷའི་རྣལ་འབྱོར་གྱིས་ཐམས་ཅད་ཀྱི་རང་བཞིན་དུ་མཐོང་བས་རྟག་ཏུ་ནི་དུས་ཐམས་ཅད་དུ་མཉམ་པར་འཇོག་ཅིང་སེམས་ཀུན་ནི་ཟག་པ་ཐམས་ཅད་དང་བྲལ་བའི་སེམས་ཀྱིས་སྤྱོད་པ་གང་ཡིན་པ་དེ་ནི་ཀུན་དུ་སྤྱོད་པ་ཞེས་བྱ་སྟེ། ཤིན་
ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ་སྒྲུབ་པའོ། །སྔགས་ཀྱི་སྤྱོད་པ་བཤད་པར་བྱ་སྟེ། དབང་པོ་ཡུལ་རྣམས་ནི་ཤེས་རབ་དང་ཐབས་སྙོམས་པར་འཇུག་པས་རྟེན་ཅིང་བླངས་ན། ཡིད་ནི་བདེ་བའི་རང་བཞིན་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་མི་མཐུན་པའི་ཡིད་ལ་བྱེད་པ་ནུས་པར་བྱེད་

པ་དང་། དེ་ཁོ་ན་ཉིད་སྲུང་བར་བྱེད་པས་སྐྱོབ་པས་ན་སྔགས་ཏེ། ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་ལས་བྱུང་བ་བདེ་བའོ། །དེ་ལ་དམིགས་ནས་འཇིག་རྟེན་སྤྱོད་པ་ནི་ཐ་མལ་པའི་ལུས་རྣམ་པར་རྟོག་པ་དང་བྲལ་བ། ལྷའི་སྐུར་བསྒོམས་པ་བླངས་ནས་འདོད་པའི་ཡོན་ཏན་ལྔ་ཉེ་
བར་སྤྱོད་པའམ། གནས་འཚལ་དུ་སློང་མོ་སློང་བས་ཀུན་དུ་བཟང་པོའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་སྤྱོད་པ་གང་ཡིན་པ་དེ་ནི་སྔགས་ཀྱི་སྤྱོད་པ་ཞེས་བྱ་བ་སྟེ་སྒྲུབ་པའོ། །དེ་ནི་སྤྲོས་པ་མེད་པའི་སྤྱོད་པའོ། །བཟླས་པ་བཤད་པར་བྱ་སྟེ། རང་གི་ངོ་བོ་ཉིད་ནི་འཇུག་པ་དང་གནས་པ་དང་ལྡང་བའི་
རིམ་གྱིས་ཡིན་ན་ཚིག་སྤངས་པའི་རྡོ་རྗེའི་ཚིག་གི་སྙིང་པོ་རྣམ་པར་བསམ་པ་ནི་དོན་རྟོགས་པའི་རྣམ་པར་བསམས་ནས་སོ། །སྤྲོ་དང་བསྡུ་བ་ནི་འཇུག་པ་དང་གནས་པ་དང་ལྡང་བས་སོ། །སྔགས་ནི་ཡི་གེ་གསུམ་སྟེ། དེའི་ཟློས་པ་ནི་འགྲོ་བ་དང་འོང་བའི་སྦྱོར་བའོ། །དེའི་དབྱེ་བས་
ནི་སྟེང་དང་ལོགས་དང་དང་པོ་དང་འོག་གི་དབྱེ་བས་སོ། །ཟློས་པས་བྱེད་པ་ནི་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་རིགས་པས་སློབ་པའོ། །དེ་ལྟར་ཡི་གེ་གསུམ་གྱིས་རིམ་གྱིས་བཟླས་པ་བཤད་དོ། །སངས་རྒྱས་སྣ་ཚོགས་རྡོ་རྗེའི་བདག་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་རང་བཞིན་དེ་བཞིན་
གཤེགས་པ་རྣམས་སོ། །དེ་དག་ཡེ་ཤེས་ས་བོན་དག་གིས་བསྡུ། །ཞེས་པ་ནི་ཡི་གེ་ཨོཾ་གྱི་ནང་དུ་བཞུགས་པར་བྱའོ། །བྱང་ཆུབ་བདག་མེད་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་འོད་དཔག་ཏུ་མེད་པའི་ས་བོན་ཏེ་ཡི་གེ་ཨའོ། །བདག་མེད་ནི་དེའི་རིགས་ཅན་དེ་བཞིན་
གཤེགས་པ་རྣམས་བསྒོམས་ནས་དེའི་སྙིང་གར་གཞུག་པར་བྱའོ། །དེ་བཞིན་དུ་སྣ་ཚོགས་བཞིན་དུ་སྣ་ཚོགས་སྤྲོས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུས་གསུམ་གྱི་དེ་བཞིན་གཤེགས་པ་མི་བསྐྱོད་པའི་རིགས་ཅན་གྱི་ཡི་གེ་ཧཱུཾ་གིས་སྤྲོ་བ་བྱ་སྟེ། དེ་ནི་རྡོ་རྗེ་བཟླས་པ་ཞེས་བྱ་སྟེ།
རྡོ་རྗེ་བཟླས་པའི་རིམ་པའོ། །ངག་གི་བཟླས་པ་བཤད་པར་བྱ་སྟེ། བཟླས་པ་ཞེས་བྱ་བ་ནི་ནམ་མཁའི་ཁམས་ཐམས་ཅད་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོན་ཅིག་ཅེས་བྱ་བར་མོས་པས་ངག་ཀུན་བཟླས་པ་ནི་སྦྲུལ་ལ་སོགས་པའི་སྔགས་ཁྲོ་བོའི་ཚིག་གིས་

བཟླས་པ་གང་ཡིན་པ་དེ་ནི་བཟླས་པ་ཞེས་བྱ་སྟེ། ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །སྔགས་ནི་འབོད་པ་སྟེ། གསང་ནས་བརྗོད་པའོ། །དེ་བཞིན་དུ་དེ་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །དེའི་བསྐུལ་བ་ནི་དེའི་དབྱེ་བ་
ལ་བརྟེན་ཅིང་ཨོཾ་ལ་སོགས་པ་སྨྲ་བ་རྡོ་རྗེ་བཟླས་པ་སྨྲ་བ་བཟླས་པའི་རིམ་པའོ། །དེ་ནས་རྒྱས་གདབ་པ་བཤད་པར་བྱ་སྟེ། དེ་ནི་རྒྱས་གདབ་པ་རྣམ་པ་བཞི་སྟེ། ཡེ་ཤེས་སེམས་དཔའ་གཞུག་པའི་རྒྱས་གདབ་པ་དང་། ཏིང་ངེ་འཛིན་སེམས་དཔའི་རྒྱས་གདབ་པ་དང་། དབང་ཐོབ་ནས་
ཅོད་པན་གྱིས་རྒྱས་གདབ་པ་དང་། མཆོད་པའི་རྒྱས་གདབ་པའོ། །དེ་ཉིད་བཤད་པར་བྱ་སྟེ། ཇི་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་སེམས་དཔའ་བསྒོམ་པ་དེ་བཞིན་དུ་ཐུགས་བྱིན་གྱིས་བརླབ་པ་ནི་ཡེ་ཤེས་སེམས་དཔའི་རྒྱས་གདབ་པར་བྱ་བ་དང་། དེའི་ཐུགས་ཀར་
ཡང་དེ་དང་འདྲ་བའི་ས་བོན་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པའི་རྒྱས་གདབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཐོབ་ནས་སྤྱི་བོར་སེམས་དཔའ་གསུམ་གྱི་བདག་ཉིད་དང་འདྲ་བའི་ཅོད་པན་དུ་དེ་བཞིན་གཤེགས་པས་རྒྱས་གདབ་པར་བྱའོ། །དེ་ནས་མཆོད་
པའི་དུས་སུ་ཡང་སེམས་དཔའ་གསུམ་གྱི་བདག་ཉིད་དང་འདྲ་བར་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་པར་བྱའོ། །དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་པོ་མཆོག་གོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། རྡོ་རྗེ་འཆང་བ་གང་ཡིན་པའི། །ཞེས་པ་སྣང་མཛད་ལ་སོགས་པ་
གང་ཡང་རུང་བ་རིག་མའི་ཤེས་རབ་དང་ལྡན་པ་རྣལ་འབྱོར་པ་ནི་སྒྲུབ་པ་པོས་བསྒོམ་པར་བྱའོ། །དེའི་ལོངས་སྤྱོད་བཞི་ནི་ཡེ་ཤེས་སེམས་དཔའ་དང་། ཏིང་ངེ་འཛིན་སེམས་དཔའ་དང་། བསྟོད་པ་དང་མཆོད་པ་རྒྱས་གདབ་པའི་མཚན་ཉིད་དོ། །བདག་བྱིན་རླབས་ལ་སོགས་པ་ནི་རང་
དང་འདྲ་བར་ཡེ་ཤེས་སེམས་དཔའ་ལ་སོགས་པ་ཤེས་པར་བྱའོ། །དེ་ནི་དཀྱིལ་འཁོར་དང་ལས་ཀྱི་རྒྱལ་པོ་མཆོག་གོ། །སྤྱིར་བཤད་ཅིང་ཁྱད་པར་བཤད་པར་བྱ་སྟེ། དབང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། རྡོ་རྗེ་གཅིག་པུ་ནི་རྡོ་རྗེ་འཆང་ཆེན་པོས། རེ་རེའི་སྤྱི་བོར་དབང་བསྐུར་བ་

ནི་ཅོད་པན་དུ་ཤེས་པར་བྱའོ། །སྔགས་རྣམས་ཐམས་ཅད་རྣམས་ཀྱི་ནི། །རྡོ་རྗེ་སེམས་དཔའ་ཡང་དག་བསྒོམ། །ཞེས་ལེའུ་བཅོ་ལྔ་པ་ལས་གསུངས་པའི་ཕྱིར་རོ། །སྙིང་པོ་ནི་ཡེ་ཤེས་སེམས་དཔའ་དང་ཕྱག་རྒྱ་ནི་ཏིང་ངེ་འཛིན་སེམས་དཔའ་དང་། སྔགས་ཙམ་ནི་མཆོད་པའི་ལྷ་མོ་
སྟེ། དེ་དག་རང་རིག་རིམ་གྱིས་རྒྱས་གདབ་པར་བྱ་སྟེ་ཁྱད་པར་རོ། །དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་པོ་མཆོག་གོ། །རྒྱས་གདབ་པའི་རྣམ་པར་བཤད་པ་བྱ་སྟེ། འབྲས་བུ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྡོ་རྗེ་འཆང་གི་སྐུའོ། །རྒྱུ་ནི་རྡོ་རྗེ་འཆང་ཆེན་པོ། །དེ་ལ་རྗེས་སུ་
ཞུགས་པས་རྒྱས་གདབ་པར་བྱ་སྟེ། འབྲས་བུ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་སྟེ། རྒྱུ་ནི་རྡོ་རྗེ་སེམས་དཔའ་སྔར་གྱིས་བཤད་པའི་རིགས་ཀྱིས་རྒྱས་གདབ་པར་བྱ་སྟེ། དེ་ལྟར་བསྒོམ་པར་བྱའོ། །གཞན་དུ་ནི་རྒྱུ་དང་འབྲས་བུ་ཐ་དད་པ་བསྒོམས་ན་བསྐལ་པ་བྱེ་བ་བརྒྱས་ཀྱང་དངོས་
གྲུབ་ཐོབ་པར་མི་འགྱུར་རོ། །དེ་བཞིན་དུ་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བསྐྱེད་པ་ལ་ཡང་ཤེས་པར་བྱའོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཆོས་འབྱུང་ངེས་པའི་ཚིག་བཤད་པར་བྱ་སྟེ། ལོངས་སྤྱོད་བཞི་ནི་སྤྱན་ལ་སོགས་པ་བཞི་སྟེ། དེ་དང་ཡང་དག་པར་ལྡན་པ་ནི་ཡོངས་སུ་བསྐོར་བ་རིག་
པའི་སྐྱེས་བུ་རེག་བྱ་རྡོ་རྗེ་མ་དང་བཅས་པའི་སྐྱེས་བུ་སྟེ་རྡོ་རྗེ་འཆང་ངོ་། །རྡོ་རྗེ་འཆང་དེ་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེ་དབུས་སུ་བསྒོམས་ནས་གྲུ་གསུམ་དུ་སྐུ་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་བསྒོམ་ཞིང་ཆོས་འབྱུང་དེའི་དབུས་སུ་བྷྲཱུཾ་ལས་སྐྱེས་པའི་འཁོར་ལོ་རྩིབས་བཅུ་པ་སེར་པོ་བསྒོམས་
ཏེ། རྩིབས་བཅུ་ལ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་དགོད་ཅིང་འགོག་པ་རྡོ་རྗེ་སྟེ་ཕ་རོལ་གནོད་པར་བྱེད་པའོ། །བསྒྲུབ་པ་ནི་བསྐྱེད་པའོ། །མཆོག་ཏུ་མཛེས་པ་ནི་མཱ་མ་ཀཱི་མཚོ་སྐྱེས་ཀྱི་ནང་དུ་གནས་པ་དང་། རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པའི་རྡོ་རྗེ་འབར་བ་ནི་མེ་
སྟག་འཕྲོ་བའོ། །འཁོར་བ་ནི་ཀུན་དུ་འཁོར་ཞིང་མི་གཡོ་བ་ནི་ནམ་མཁའ་སྟེ། དེ་དང་མཚུངས་པ་ནི་དེ་ལ་གནས་པའི་འཇའ་ཚོན་དང་མཚུངས་པའོ། །དེ་ལྟ་བུའི་ཆོས་འབྱུང་ནི་ཆོས་འབྱུང་བའི་རྒྱུའོ། །རང་བཞིན་དྲི་མེད་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་

བསྒོམ་པར་བྱ་ཞིང་མངོན་སྤྱོད་ལ་སོགས་པའི་ཕྲིན་ལས་བྱའོ། །བྱ་བ་སྟེ་ཚིག་གི་ལྷག་མའོ། །དེ་ནི་བསྐྱེད་པའི་རིམ་པའོ། །གང་གི་ཚེ་ཆོས་འབྱུང་བ་དེ་ཉིད་སྟོན་ཀའི་ཟླ་བ་ལྟར་དཀར་བ་འོད་གསལ་བའི་ངོ་བོ་དེའི་ལྟེ་བ་ལ་གནས་པ་དེའི་བདུད་རྩི་ཐིག་ལེ་ཡུངས་ཀར་གྱི་འབྲུའི་
ཚད་ཙམ་ཕྲ་མོའི་རྣལ་འབྱོར་བསྒོམས་ན། དེ་བསྒོམས་པས་སྐད་ཅིག་གིས་ཉམས་སུ་མྱོང་བས་ན་སངས་རྒྱས་སྤྱན་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ་ཞེས་པ་སྟེ། རྫོགས་པའི་རིམ་པའོ། །དེ་ལ་དོན་བསྡུས་པ་འདི་ཡིན་ཏེ། མཱ་མ་ཀཱིའི་མཚོ་སྐྱེས་ལ་ཡི་གེ་བྷྲཱུཾ་ལས་བྱུང་བའི་འཁོར་
ལོ་དམར་སེར་རྩིབས་བཅུ་པ་འབར་བ་བསམས་ཏེ། དེའི་ལྟེ་བའི་དབུས་སུ་ཇི་སྐད་བཤད་པའི་ཞེ་སྡང་རྡོ་རྗེར་བདག་བསམས་ཏེ། སྙོམས་པར་འཇུག་པ་ལས་ཁྲོ་བོ་སྤྲོས་ཏེ། ཅུང་ཟད་གཡོ་བ་རྣམ་པར་སྣང་མཛད་ལ་སོགས་པའི་གནས་ལ་བརྟེན་པའི་རྩིབས་བཞི་པོར་འཕགས་པ་གཤིན་
རྗེ་གཤེད་ལ་སོགས་པ་བཞི་པོ་དང་། དེ་བཞིན་དུ་ཅུང་ཟད་ཡོ་བ་ཅན་ལ་སོགས་པའི་གནས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་འཕགས་པ་འདོད་པའི་རྒྱལ་པོ་དང་། དབྱིག་སྔོན་དང་མི་གཡོ་བ་དང་སྟོབས་པོ་ཆེ་རྣམས་དགོད་དེ། ཅུང་ཟད་ཡོ་བ་དབང་པོ་དང་དབང་ལྡན་གྱི་མཚམས་ཀྱི་དབུས་སུ་
གནས་པའི་རྩིབས་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། དེ་བཞིན་དུ་ཆུ་ལྷ་དང་བདེན་བྲལ་གྱི་མཚམས་ཀྱི་དབུས་སུ་གནས་པའི་རྩིབས་ལ་ཁྲོ་བོ་དཔལ་གནོད་མཛེས་ཀྱི་རྒྱལ་པོ་བསམ་མོ་ཞེས་བསྐྱེད་པའི་རིམ་པའོ། །རྩ་བཅུའི་འཁོར་ལོར་རླུང་དང་ཉེ་བའི་རླུང་གི་དབྱེ་བས་རྣམ་པ་བཅུ་བསམས་
ལ། འབྲས་བུ་ཐིག་ལེའི་གཟུགས་སུ་གནས་པར་བྱ་སྟེ། རྫོགས་པའི་རིམ་པའོ། །དེ་ནི་ཆོས་འབྱུང་གི་ཕྱག་རྒྱའི་དབྱེ་བས་སོ། །ད་ནི་རིམ་པ་གཉིས་ཀྱི་དབྱེ་བ་བཤད་པར་བྱ་སྟེ། རིམ་པ་གཉིས་ལ་ཡང་དག་བརྟེན། །ཞེས་བྱ་བ་ལ། ལས་དང་པོ་པ་རྫོགས་པའི་དབྱེ་བས་རྡོ་རྗེ་ཅན་
ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པས་དབྱེ་བ་སྟེ་མདོར་བསྟན་པའོ། །སྒྲུབ་པ་ནི་བསྙེན་པ་ལ་སོགས་པ་ཡན་ལག་སྟེ་རྡོ་རྗེ་བཞིའམ། བུམ་པ་ལ་སོགས་པའི་ཐབས་ཀྱི་རིམ་པའམ། དཀྱིལ་འཁོར་གྱི་རིམ་པས་སོ། །ནན་ཏན་ནི་

དམ་ཚིག་དང་སྡོམ་པའི་མཚན་ཉིད་དེ། དེ་ཡང་བསྐྱེད་པའི་རིམ་པའོ། །སྔར་ནི་གང་རྙེད་པའི་ཡེ་ཤེས་བདུད་རྩི་ཡན་ལག་དྲུག་པའི་རྣལ་འབྱོར་གྱི་མཚན་ཉིད་སྔར་བཤད་པ་རྒྱས་པར་ལེའུ་བཅུ་གཉིས་པ་ལ་སོགས་པར་གསུངས་པ་དེ་ཡང་རྫོགས་པའི་རིམ་པ་ཡིན་ཏེ། རིམ་པའི་དབྱེ་བའོ། །
ཚིག་གི་དོན་བཅུ་དྲུག་བཤད་པའི་སྐབས་སུ་ཇི་ལྟར་རིམ་པ་གཉིས་ཡིན་ནོ་ཞེ་ན། དེ་ནི་སྐྱོན་མ་ཡིན་ཏེ་རྩ་བའི་རྒྱུད་ལས་རིམ་པ་གཉིས་བཤད་པ་དང་། བཤད་པའི་རྒྱུད་ལས་དེ་ལས་གཞན་དུ་གསུངས་པའི་ཕྱིར་རོ། །དེ་ལ་དང་པོ་སྦྱོར་བ་ལ་སོགས་པ་གསུམ་དང་བསྒྲུབ་པ་ནི་བཞི་སྟེ། བསྐྱེད་
པའི་རིམ་པའི་ཡན་ལག་གོ། །རྡོ་རྗེ་བཟླས་པ་ལ་སོགས་པ་དང་། རང་བཞིན་ལ་སོགས་པ་ནི་བཅུ་སྟེ། རྫོགས་པའི་རིམ་པའི་ཡན་ལག་གོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའོ། །དམ་ཚིག་བརྗོད་པར་བྱ་སྟེ། གཟུགས་རྡོ་རྗེ་ལ་སོགས་པ་ཡུལ་ལྔ་པོ་གང་ཡིན་པ་དེ་དག་ནི་དམན་
པ་དང་བར་བ་དང་མཆོག་སྟེ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་། གཉིས་ཀའི་དབྱེ་བས། བདེ་བ་དང་སྡུག་བསྔལ་དང་གཉིས་ཀ་སྟེ་བདེ་བ་དང་སྡུག་བསྔལ་བ་ཡིན་པའི་ངོ་བོ་དེ་དག་ལ་དམིགས་ནས་འོད་གསལ་བ་རྟོགས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཅིང་ལྡོག་
པ་ནི་ཁྱད་པར་དང་ལྡན་པ་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ནི་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པའི་དམ་ཚིག་གོ། །དེ་བཞིན་དུ་འདོད་ཆགས་ཀྱི་སྒོ་ནས་འདོད་ཆགས་ཀྱི་དམ་ཚིག་ནི་འདོད་ཆགས་ཀྱི་རང་བཞིན་ཏེ། འདོད་ཆགས་རྣམ་པར་དག་པ་དང་། དེ་བཞིན་དུ་རྡོ་རྗེ་ནི་ཞེ་སྡང་
གི་དམིགས་པའི་དངོས་པོ་མཐོང་ནས། རྡོ་རྗེ་ནི་ཞེ་སྡང་རྣམ་པར་དག་ཅིང་རིན་ཆེན་ནི་འོད་གསལ་བའི་ཡེ་ཤེས་རྣལ་འབྱོར་པ་ལས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་གཏི་མུག་ཏུ་དམིགས་པའི་མ་རིག་པའི་རང་བཞིན་དངོས་པོ་མཐོང་ནས། དེ་སྦྱངས་ཤིང་རིན་ཆེན་དང་འདྲ་བ་མངོན་པར་
འདོད་པའི་དོན་སྟེར་བ་འོད་གསལ་བ་རྟོགས་པར་འགྱུར་རོ། །དེ་བས་ན་འདོད་པའི་ཡུལ་ནི་ལྔ་སྟེ། དམ་ཚིག་མཚུངས་པར་ཐ་མལ་བར་གནས་ན་ཡང་རྣལ་འབྱོར་པ་ལ་དམ་ཚིག་ཉིད་དུ་འགྱུར་རོ། །དེ་ནི་སེམས་རྣམ་པར་དག་པ་དང་སྒྲུབ་པའོ། །ཚར་བཅད་པ་དང་ཕན་འདོགས་པ་

སྔར་བཤད་པ་དེ་ནི་ཞེ་སྡང་ལ་སོགས་པ་བསྒོམ་པ་བཤད་པར་བྱ་སྟེ། རེ་ཞིག་དང་པོར་རྣམ་བཅས་ནི་དབྱིབས་དང་ཁ་དོག་དང་ལྡན་པའི་ཡི་གེ་གསུམ་སྤྲོ་བ་དང་བསྡུ་བའི་གནས་པའི་རིམ་པ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་བཟླས་པ་ནི་རྡོ་རྗེ་བཟླས་པ་བྱའོ། །དེ་དག་རྣམ་
མེད་ནི་རིམ་གྱིས་ཡི་གེ་བསྡུ་ཞིང་ཀུན་འགྲོ་བ་ནི་ཕྱོགས་དང་ཡུལ་དང་དུས་དང་དབྱིབས་དང་ཁ་དོག་དང་བྲལ་བ་རྣམ་པར་མི་རྟོག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་མ་ནིང་གི་བཟླས་པ་བྱ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རྡོ་རྗེ་བཟླས་པ་སེམས་རྩེ་གཅིག་པ་ཉིད་ཐོབ་ནས་ཡང་བསྐྱེད་པའི་རིམ་པ་བཤད་པར་
བྱ་སྟེ། ཞེ་སྡང་རྡོ་རྗེ་ལ་སོགས་པའི་གཟུགས་གསུམ་ནི་ཁམས་གསུམ་སྐྱེད་ཅིང་གསང་བ་དག་པ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པས་རྒྱས་གདབ་ཅིང་། རྡོ་རྗེ་ཅན་གྱི་དོན་བྱེད་པ་ནི་གདུག་པ་ལ་སོགས་པ་ཚར་གཅོད་པའི་བྱ་བ་བྱེད་དོ། །ཇི་ལྟར་ཞེ་ན། སྔར་བཤད་པའི་རིམ་གྱིས་མཱ་མ་ཀཱིའི་
པདྨར། ཞེ་སྡང་འཁོར་ལོ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པའི་ཁྲོ་བོའི་འཁོར་ལོ་བསྐྱེད་ལ། དེའི་འོད་ཟེར་སྤྲོས་པས་ཁྲོ་བོ་རྣམས་ཕྱུང་ཞིང་དེ་རྣམས་ཀྱིས་རང་གི་ཕྱག་ན་གནས་པའི་ཕྱག་མཚན་གྱིས་གདུལ་དཀའ་བ་གསོད་ཅིང་དེའི་རྣམ་པར་ཤེས་པའི་ཡི་གེ་གསུམ་བདག་ཉིད་ཡི་གེ་ཧོཿ
གཉིས་ཀྱིས་སྤེལ་བ་འོད་ཟེར་དེ་ཉིད་ཀྱིས་དགུག་ཅིང་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ས་བོན་བསྡུ་བར་བྱ་སྟེ། དེའི་ཚེ་འཆི་བར་འགྱུར་རོ། །གཞན་ཡང་ཡི་གེ་གསུམ་གྱི་བདག་ཉིད་གདུལ་དཀའ་བའི་རྣམ་པར་སྔ་མའི་རིམ་གྱིས་སྤྲོ་ཞིང་། གདུལ་དཀའ་བའི་ལུས་ལ་ཞུགས་ཤིང་།
རྟོགས་པ་ནི་སད་པར་བྱས་ན་དེའི་ཚེ་འཚོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྦྱོར་བ་ནི་ཏིང་ངེ་འཛིན་སློབ་པའི་རྣལ་འབྱོར་པ་ཞེ་སྡང་དང་རྡོ་རྗེ་འདྲ་བར་བདག་ཉིད་འགྱུར་བ་སྟེ། ཚར་གཅོད་པ་དང་ཕན་འདོགས་པར་ནུས་པར་འགྱུར་རོ། །ཁམས་གསུམ་པ་ལ་ཡང་སྐད་ཅིག་ཙམ་
གྱིས་ཏེ། ཏིང་ངེ་འཛིན་དེ་བསྒོམས་པ་ཙམ་གྱིས་བསད་པ་ནི་གསོད་པ་དང་། སློང་བ་ནི་སླར་ཡང་ལྡང་བར་བྱེད་དོ་ཞེས་ཐེ་ཚོམ་བྱེད་དོ། །ནུས་པ་ནི་བསམ་གཏན་གསལ་ཞིང་བརྟན་པར་གྱུར་ན་ཞེས་བྱ་བའོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སངས་རྒྱས་སྤྱན་གྱི་པདྨར་གཏི་

མུག་འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའི་ཁྲོ་བོའི་འཁོར་ལོ་བསྐྱེད་ལ། ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་ཁྲོ་བོ་རྣམས་སྤྲོས་ཏེ། སེར་སྣ་ཅན་གྱི་མཛོད་ཀྱི་ནང་དུ་ཞུགས་པར་བསམས་ལ། དེ་དང་མཐུན་པའི་ཁ་དོག་དང་ལྡན་པའི་ཁྲོ་བོ་རྣམས་ཀྱིས་རིན་པོ་ཆེ་
ལ་སོགས་པ་བླངས་ནས་རླུང་གི་དཀྱིལ་འཁོར་གྱི་སྦྱོར་བས་འདྲེན་ཅིང་གཏི་མུག་སེམས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་སྟེ། དེའི་རྒྱ་མཚོ་ནི་དེའི་རང་གི་མཛོད་དེ། རིན་ཆེན་ཐམས་ཅད་ནི་སེར་སྣ་ཅན་གྱི་གང་ཟག་ལས་འཁྲུགས་པའི་ཨིནྡྲ་ནཱི་ལ་ལ་སོགས་པས་རབ་ཏུ་གང་བ་ནི་ཁེངས་
པར་བསྒོམ་པར་བྱའོ། །རྒྱུན་དེ་དག་བླང་ཞིང་བཀའ་འཁོར་ལོ་བསྐུལ་ཏེ། ནོར་ལ་སོགས་པ་དང་བྲལ་བ་ཡོན་ཏན་དང་ལྡན་པའི་གང་ཟག་གི་ཁྱིམ་དུ་གཏི་མུག་འཁོར་ལོ་ཅན་ཀུན་ནི་ཁྲོ་བོ་བསྐུལ་ཞིང་སྦྱིན་པའི་ཆར་ནི་རིན་པོ་ཆེའི་ཚོགས་ཀྱི་ཆར་འབེབས་པར་བྱའོ། །སྦྱིན་པ་དེ་དང་འཕྲོག་པ་
དེ་ཉིད་གང་གི་ཚེ་སེམས་རྡོ་རྗེ་བཞིན་དུ་ཏིང་ངེ་འཛིན་ལ་བརྟན་པར་གྱུར་ན་དེའི་རྫས་ཐམས་ཅད་འཕྲོག་པ་དང་སྦྱིན་པ་ནི་སྐད་ཅིག་ཙམ་གྱིས་བྱའོ། །འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་གོས་དཀར་མོ་པདྨ་རྟ་མགྲིན་ལ་སོགས་པའི་འཁོར་ལོ་བསམས་ལ། དེ་རྣམས་སྤྲོ་ཞིང་ལྷ་དང་ལྷ་མ་ཡིན་
ལ་སོགས་པའི་བུ་མོ་བཀུག་ཅིང་གོས་དཀར་མོ་བཅུག་སྟེ། དེ་དང་གཉིས་སུ་མེད་པའི་སྦྱོར་བས་མཉེས་པར་བྱའོ། །དེ་ཉིད་བཤད་པར་བྱ་སྟེ། དགའ་བ་ནི་སྣང་བ་དང་སྡུག་པ་ནི་སྣང་བ་མཆེད་པ་དང་། བདེ་བ་ནི་སྣང་བ་ཉེ་བར་ཐོབ་པའོ། །རངས་པ་ནི་འོད་གསལ་བའོ། །འདོད་པའི་རྩེད་མོས་
རྣམ་པར་འཕྲུལ་ནི་འཁྱུད་པ་ལ་སོགས་པའི་དབྱེ་བ་རྣམས་ཀྱིས་ཉམས་སུ་མྱང་བར་བྱའོ། །དེ་ནི་ལྷ་མོ་དགུག་པ་ལ་སོགས་པའོ། །དེ་ནས་འོད་ཟེར་གྱི་སྦྱོར་བས་གོས་དཀར་མོའི་ཐུགས་ཀ་ནས་དེ་དག་སྤྲོ་ཞིང་འཁོར་ལོ་ཅན་ཀུན་ནི་འདོད་ཆགས་འདོད་པས་སེམས་ཅན་རྣམས་ལ་གདུལ་
བར་བྱ་བའི་ཕྱིར་ལྷ་མོ་ལ་སོགས་པ་དེ་དག་སྦྱིན་པར་བྱའོ། །ཏིང་ངེ་འཛིན་དེ་ཉིད་ཀྱིས་ཁམས་དག་ཏུ་བྱུང་བའི་བུད་མེད་ཅེས་བྱ་བ་ནི་ཕུལ་དུ་བྱུང་བའི་ཚིག་སྟེ། གང་གི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་ལ་བུད་མེད་མི་སྲིད་དེ། ཆགས་པ་དང་བྲལ་བའི་ཕྱིར་རོ། །ལྷ་དང་ལྷ་

མ་ཡིན་ལ་སོགས་པའི་སྒོ་ནས་འབྲེལ་པ་དང་ལྡན་པ་དེ་དག་སྐད་ཅིག་ནི་ཏིང་ངེ་འཛིན་བརྟན་པས་སྐད་ཅིག་གིས་འདོད་སྤྱོད་པ་ནི་འགུགས་ཤིང་སྤྱོད་ལ་གཞན་རྣམས་ལ་ཡང་སྦྱིན་ན། མིའི་བུད་མེད་སྨོས་ཅི་དགོས་ཏེ་ཏིང་ངེ་འཛིན་ཆེ་བ་བསྟན་ཏོ། །དེ་ནི་བསྐྱེད་པའི་རིམ་
པའོ། །འདོད་ཆགས་ལ་སོགས་པའི་སྒོ་ནས་འགྲོ་བ་འདུལ་བར་བསྟེན་ཅིང་དཀྱིལ་འཁོར་བྲི་བའི་ལན་བསྟན་པར་བྱ་སྟེ། དཀྱིལ་འཁོར་ཞེས་བྱ་བ་དེ་དེ་བཞིན་གཤེགས་པ་ཐམས་ཅད་གཞིར་གྱུར་པ་བྲི་བ་ནི་ཅིའི་ཕྱིར་ཞེ་ན། དབང་བསྐུར་བ་ནི་འོག་ནས་བཤད་པར་འགྱུར་བ་རྣམ་པ་བཞི་
སྟེ། དེ་ཐོབ་པར་བྱ་བའི་ཕྱིར་དང་། དེ་བཞིན་དུ་ལས་ཀྱི་ཚོགས་ཀྱང་བྱ་བའི་ཕྱིར་དང་། ཉམས་སུ་ལེན་པ་ནི་བསྐྱེད་པའི་རིམ་པའི་ལྷའི་སྐུ་བསྐྱེད་པར་བྱ་བའི་ཕྱིར་དང་། བྱིན་གྱིས་བརླབ་པ་ནི་རྫོགས་པའི་རིམ་པས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་བྲི་བ་སྟེ།
རྟོག་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །གྲུབ་པའི་བགྲོད་པ་གཞན་ཡིན་ནོ། །དེ་ནི་རྫོགས་པའི་རིམ་པ་དེར་གནས་པའི་ཕྱིར་རོ། །མཐར་ཕྱིན་པའི་བགྲོད་པ་ནི་དཀྱིལ་འཁོར་ཚུལ་ཏེ། གཞན་ནི་རྣམ་པ་གཞན་གྱི་ཡིན་ནོ། །དེ་ཉིད་བཤད་པར་བྱ་སྟེ། བྷ་ག་ནི་ཆོས་འབྱུང་གི་ཕྱག་
རྒྱ་སྟེ། དེ་ནི་སྙིང་པོར་གྱུར་པ་ན་དཀྱིལ་འཁོར་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ལྷའི་འཁོར་ལོ། བྱང་ཆུབ་ཀྱི་སེམས་ཀྱང་དཀྱིལ་འཁོར་ཏེ། ཀུན་རྫོབ་ཀྱི་ཚུལ་དུ་དེ་ལ་དེ་བཞིན་གཤེགས་པ་ལྔ་གནས་པའི་ཕྱིར་དང་། བདེ་བ་ཆེན་པོའི་ཚུལ་དུ་རྡོ་རྗེ་འཆང་གི་རྟེན་
ཡིན་པའི་ཕྱིར་རོ། །ལུས་ནི་ལུས་ཏེ་དེ་ཡང་དཀྱིལ་འཁོར་ཡིན་ལ། ལྷ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ། །ཕུང་པོ་ལྔ་ནི་མདོར་བསྡུས་པ། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་ལེའུ་བཅུ་བདུན་པ་ལས་གསུངས་པའི་ཕྱིར་རོ། །དེ་ནི་བསྐྱེད་པའི་རིམ་པ་དང་རྫོགས་
པའི་རིམ་པ་དག་གོ། །ཕྱག་རྒྱ་དྲི་བའི་ལན་བསྟན་པ་ནི་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་དང་ཉོན་མོངས་པ་ལ་སོགས་པ་ཡང་ཕྱག་རྒྱས་རྒྱས་གདབ་པ་ནི་བདེ་བ་ཆེན་པོས་ཕྱག་རྒྱས་གདབ་པའོ། །དེ་ཉིད་དཀྱིལ་འཁོར་ནི་འགྲོ་བའི་དཀྱིལ་འཁོར་རྒྱས་བཏབ་པ་སྟེ། དེས་ན་ཕྱག་རྒྱ་ཞེས་བྱའོ། །

དེ་ནི་རྫོགས་པའི་རིམ་པའོ། །ཡང་ན་ཕྱག་རྒྱ་ཞེས་བྱ་བ་ནི་བཙུན་མོའི་མཚན་མའོ། །དེས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའི་རང་བཞིན་གྱི་འགྲོ་བ་རྒྱས་བཏབ་པས་ན་ཕྱག་རྒྱའོ། །དེ་ཡང་རྡོ་རྗེ་དང་པདྨའི་མཚན་ཉིད་དེ། གང་གི་ཕྱིར་རྡོ་རྗེ་དང་པདྨའི་ཕྱག་རྒྱ་དག་གིས། སེམས་ཅན་གྱི་སྐྱེ་
གནས་བཞི་པའི་འབྲེལ་པ་དང་ལྡན་པའི་འགྲོ་བ་ཐམས་ཅད་རྒྱས་བཏབ་པ་སྟེ། དེ་བས་ན་རྡོ་རྗེའི་ཕྱག་རྒྱ་དང་པདྨའི་ཕྱག་རྒྱ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་ནི་རྫོགས་པའི་རིམ་པའོ། །ཡང་ན་ཕྱག་རྒྱ་ནི་ཕུང་པོ་ལ་སོགས་པའི་རང་བཞིན་སྐྱེད་པར་བྱེད་
པ། ཆོས་འབྱུང་གི་ཕྱག་རྒྱ་སྟེ། དེས་རྒྱས་བཏབ་པས་ན་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། དེ་ཉིད་བསྒོམ་པའི་ཤེས་རབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་མཚན་ཉིད་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ཀྱིས་འགྲོ་བ་ཐམས་ཅད་
རྒྱས་བཏབ་པས་ན་ཕྱག་རྒྱའོ། །ཡང་ན་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ཀྱི་རང་བཞིན་ནི་ས་ལ་སོགས་པ་ཁམས་བཞི་པོ་སྟེ། སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ཐམས་ཅད་ནི་ཁམས་གསུམ་པ་རྒྱས་བཏབ་པས་
ན་ཕྱག་རྒྱ་ཞེས་བྱའོ། །དེ་ནི་བསྐྱེད་པ་དང་རྫོགས་པ་དག་གོ། །ཕྱི་རོལ་གྱི་རིམ་པས་མཚན་མའི་ཕྱག་རྒྱ་བཤད་པར་བྱ་སྟེ། ལྕགས་ཀྱུ་ལ་སོགས་པ་བཞི་པོ་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་བཞི་པོའོ། །གྲྭ་ནི་སྒོའི་གྲྭ་རྣམས་སུ་དགོད་པར་བྱའོ། །དེའི་འཁོར་ལོ་དང་རྡོ་རྗེ་ནི་གཙུག་ཏོར་
འཁོར་ལོས་སྒྱུར་བ་དང་གནོད་མཛེས་རྒྱལ་པོའི་མཚན་མ་སྟེ། སྟེང་དང་འོག་ཏུ་དགོད་པར་བྱའོ། །རིག་པའི་རྒྱལ་པོ་དྲུག་པོ་ནི་འདོད་པའི་རྒྱལ་པོ་དྲུག་པོའོ། །ཕྱག་རྒྱ་དྲུག་པོ་སྟེ། མཚན་མ་དྲུག་ཏུ་རབ་ཏུ་གྲགས། །ཞེས་གསུངས་སོ། །ས་ནས་བརྩམས་ཏེ་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་
གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་གང་ཡིན་པ་དེའི་དཀྱིལ་འཁོར་དུ་རིམ་པ་ཇི་ལྟ་བ་བཞིན་དུ་མེ་ལོང་ནི་གཟུགས་བརྙན་གྱི་རང་བཞིན་དང་། པི་ཝཾ་ནི་བྲག་ཅའི་རང་བཞིན་དང་མཚུངས་པའི་སྒྲའི་རང་བཞིན་དང་། དུང་ནི་ཆོས་ཀྱི་ཚུལ་ཁྲིམས་ཏེ་དྲི་བཟང་པོའི་རང་བཞིན་དང་། སྣོད་ནི་བདུད་རྩི་ལྔས་

གང་བ་སྟེ། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཀྱི་རྣམ་པར་དག་པའི་རང་བཞིན་དང་། འདོད་ཆགས་ལས་ནི་འདོད་ཆགས་ལ་སོགས་པའི་ཚ་བ་སེལ་བས། འཇིག་རྟེན་ལས་འདས་པའི་རིག་པའི་བདེ་བའི་རང་བཞིན་དང་། ཆོས་འབྱུང་བ་ནི་སྐུ་གསུང་ཐུགས་དང་། སྐུ་གསུམ་
དང་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་ཕྱག་རྒྱ་དྲུག་པོ་དེ་དག་རྡོ་རྗེའི་བདག་པོ་ནི་རྡོ་རྗེ་བདག་པོ་གང་ལ་ཡོད་པ་དེ་ནི་རྡོ་རྗེའི་བདག་པོ་སྟེ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་དགོད་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་དག་རྡོ་
རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་ཐོ་བ་ལ་སོགས་པ་དང་། དེའི་རིགས་ཀྱི་ཁ་དོག་སྟེ་ཁ་དོག་ལྔ་པ་དགོད་པར་བྱའོ། །དེ་ལས་གཞན་ཡང་དཔའ་བོ་གཅིག་ཅེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པའི་ཕྱག་རྒྱ། ཕྱག་རྒྱ་རིགས་ཀྱི་ཁ་དོག་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་
རྗེས་སུ་འབྲང་བར་བརྟགས་པ་ནི་དགོད་པར་བྱ་སྟེ། དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །མེ་ཏོག་འདྲི་བའི་ལན་བསྟན་པ་བཤད་པར་བྱ་སྟེ། མེ་ཏོག་ཅེས་བྱ་བ་ནི་ལྷ་མོ་ནམ་མཁའི་ཁམས་ཏེ་ཤེས་རབ་ཀྱི་པདྨའི་ལྟེ་བའི་ནང་ན་ཁམས་སར་པ་སྟེ་རཀྟ་ཕྲལ་དུ་དབྱུང་བའོ། །དེ་ནི་སྐུ་གསུང་
ཐུགས་ཀྱི་དབྱེ་བ་སྟེ། སྐུ་ལ་སོགས་པའི་དཀྱིལ་འཁོར་ལས་ལྕེས་བླངས་ཤིང་རིགས་ཀྱི་རིམ་པ་སྟེ། རིགས་གསུམ་གྱི་ས་བོན་གྱིས་བྱིན་གྱིས་བརླབ་ཅིང་དགོད་པ་ནི་སྤྱོད་པར་བྱ་སྟེ་བསྒྲུབ་པའོ། །ཡང་ན་བཙུན་མོའི་ནམ་མཁའི་ཁམས་ནི་ཤེས་རབ་ཀྱི་ནམ་མཁའ་སྟེ། དེ་ལ་རྩ་རེ་རེ་ལ་པདྨ་
འདབ་མ་བརྒྱད་དང་ལྟེ་བ་སྟེ་དགུའོ། །དེ་ལས་བྱུང་བའི་ཁམས་རྣམས་ནི་རཀྟ་དང་ཤུ་ཀྲ་དང་དྲི་ཆབ་བོ། །སྐུ་རྡོ་རྗེ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནོ། །སྔ་མ་བཞིན་དུ་དགོད་པ་ནི་སྤྱོད་པ་སྟེ་སྒྲུབ་པའོ། །ཡང་ན་ལྷ་མོ་ནི་དམིགས་པ་མེད་པའི་ཤེས་རབ་བོ། །དེའི་
ནམ་མཁའི་ཁམས་ནི་ཐམས་ཅད་སྟོང་པའོ། །དེ་ལ་སྐུ་ལ་སོགས་པ་དང་ཁམས་རྣམས་དང་རྣམ་པར་ཤེས་པ་སྟེ། དགོད་པ་ནི་ཉེ་བར་བྱ་སྟེ་མེ་ཏོག་ཅེས་བྱའོ། །དེ་ནི་སེམས་རྣམ་པར་དག་པའོ། །མཆོད་རྟེན་དྲི་བའི་ལན་བསྟན་པའི་ཕྱིར་བཤད་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ནི་

ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱི་གཞི་ནི་བཞུགས་གནས་ཏེ་གཞི་ནི་ལུས་ཞེས་བྱའོ། །དེ་ནི་རྫོགས་པའི་རིམ་པའོ། །ཡང་ན་སངས་རྒྱས་ཐམས་ཅད་ནི་ཤུ་ཀྲ་ལ་སོགས་པ་ཁམས་ལྔ་སྟེ། དེ་རྣམས་ཀྱི་བཞུགས་གནས་ནི་བཞི་
སྟེ་ཤེས་རབ་ཀྱི་པདྨ་ཞེས་བྱའོ། །ཤེས་རབ་ཀྱི་པདྨ་ནི་མཆོད་རྟེན་ཞེས་བྱའོ། །དེ་ཡང་རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས་པའི་རིགས་པ་ནམ་མཁའ་ལྔ་དང་འདབ་མ་བརྒྱད་དང་། ལྟེ་བ་སྟེ་མཆོད་རྟེན་དེ་ཉིད་ཀྱི་འཁོར་ལོ་བཅུ་བཞི་ཞེས་བྱའོ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་
སེམས་ཀྱི་ཐིག་ལེ་འཛིན་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ནི་མཆོད་རྟེན་ཞེས་བྱ་སྟེ་དེ་ནི་རྒྱུའོ། །རང་བཞིན་གྱིས་གྲུབ་པའི་ཡེ་ཤེས་སེམས་དཔའ་ནམ་མཁའི་དབྱིངས་ལ་ཞུགས་པས་རེག་པ་ནི་དེ་དང་ལྡན་པ་འཁོར་ལོ་ནི་དཀྱིལ་འཁོར་པའི་འཁོར་ལོ་སྟེ། དེ་ནི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱའོ། །ལ་ལ་
ན་རེ་སྙིང་ག་ལ་གནས་པ་ཞེས་བྱ་བ་དེ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གོ། །ས་བོན་གྱི་ཡི་གེ་བཤད་པར་བྱ་སྟེ། ས་བོན་གྱི་ཡི་གེ་ནི་བསྐྱེད་པའི་དོན་དུ་ཡི་གེ་རྣམས་སོ། །གནས་ནི་བསྐྱེད་པའི་དོན་ཏེ་མི་འཇིག་པའི་ནུས་པ་དང་ལྡན་པའོ། །རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པར་སྣང་མཛད་
ལ་སོགས་པའི་མི་འགྱུར་བ་ནི་ས་བོན་ཏེ། དེ་བཞིན་དུ་ཡི་གེ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ། ཆོས་ཉིད་རང་བཞིན་གྱིས་རྟག་པ་མི་འཇིག་པས་ན་ཡི་གེ་ནི་ས་བོན་རྣམས་སོ། །དེ་ནི་བསྐྱེད་པའི་རིམ་པའོ། །སྐུལ་བ་བཤད་པར་བྱ་སྟེ། སད་ན་ནི་འོད་གསལ་བ་ལ་བཞུགས་
པ་སེམས་ཅན་གྱི་དོན་དུ་ལྡང་བར་བྱ་བས་སད་པ་སྟེ། སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་ནི་འོད་གསལ་བ་ལས་ལྡང་བར་བྱ་བ་ནི་བསྐུལ་བ་ཞེས་བྱ་སྟེ། ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །ཡང་ན་སྐུ་གསུང་ཐུགས་ནི་འདོད་པའི་གདུགས་ལ་སོགས་པ་སྟེ་གཙོ་བོའི་རྩ་གསུམ་མོ། །དེའི་སད་
པ་ནི་སོར་མོའམ་ལྕེས་བསྐུལ་བ་སྟེ་བསྐུལ་བ་ཞེས་བྱའོ། །ཡང་ན་སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི་ས་བོན་གསུམ་མོ། །དེ་རྣམས་ཀྱི་བདུད་རྩི་ལྔ་སད་པ་ནི་འོད་གསལ་བར་བྱས་པས་བསྐུལ་བ་སྟེ་སྒྲུབ་པའོ། །གཏོང་བ་དྲི་བའི་ལན་བཤད་པར་བྱ་སྟེ། འོད་ཟེར་སྤྲོ་བ་ནི་ཕྱོགས་བཅུའི་འཇིག་རྟེན་

གྱི་ཁམས་སུ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་འོད་ཟེར་འགྱེད་པ་གཏོང་བ་ཞེས་བྱ་སྟེ་ལས་ཀྱི་རྒྱལ་པོ་མཆོག་གོ། །ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་ལྷ་རྣམས་ཀྱི་ནུས་པ་དགུག་པར་བྱ་བའི་ཕྱིར་རམ། གདུལ་དཀའ་གདུལ་བར་བྱ་བའི་ཕྱིར་བཀའ་ཉན་གཏོང་བ་གང་ཡིན་པ་དེ་ནི་
གཏོང་བ་ཞེས་བྱ་སྟེ་སྒྲུབ་པའོ། །སྤྱན་འདྲེན་པའི་དྲི་བའི་ལན་བསྟན་པར་བྱ་བའི་ཕྱིར། སྤྱན་འདྲེན་པ་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ལ་བཞུགས་པའི་རྡོ་རྗེ་ཅན་ཐམས་ཅད་དེ་ཏིང་ངེ་འཛིན་གསུམ་ཅིར་ཡང་དགུག་ཅིང་གཞུག་པ་དེ་ནི་སྤྱན་འདྲེན་པ་ཞེས་བྱ་སྟེ། བསྐྱེད་པའི་རིམ་པའོ། །དེ་དག་གོང་བུའི་
ཚུལ་ནི་སྔགས་ཀྱི་ཡི་གེའི་ཐིག་ལེའི་གཟུགས་སམ། ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་བསྡུས་པ་ནི་གཅིག་ཏུ་བྱས་ཏེ། སྙིང་གའམ་རྡོ་རྗེའི་པདྨའམ་གདོང་གི་སྣའི་རྩེ་མོར་འཆིང་བ་སྟེ། བསྡམས་པའམ་འཛིན་པ་ཞེས་བྱའོ། །དེ་ལས་ཀྱང་མི་གཡོ་བ་དབང་དུ་བྱ་ནི་བཅིངས་པ་ཞེས་བྱ་སྟེ།
དེ་ནི་ལས་ཀྱི་རྒྱལ་པོ་མཆོག་དང་རྣལ་འབྱོར་རོ། །བྲི་བའི་དཀྱིལ་འཁོར་དྲི་བའི་ལན་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐུ་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་
འཁོར་གང་གི་ཚེ་འདྲི་བར་བྱེད་ན། དེའི་ཚེ་ཐིག་སྐུད་འཛིན་པའི་སློབ་མ་རྣམས་སྐུ་ལ་སོགས་པའི་རང་བཞིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་རྒྱས་བཏབ་པས་བསྐྱེད་པར་བྱས་ལ་བྲི་བའི་དཀྱིལ་འཁོར་བརྟག་པ་ནི་ཐིག་གདབ་པར་བྱའོ། །དེ་ལ་དགོངས་པ་འདི་ཡིན་ཏེ་རྣམ་པར་སྣང་
མཛད་ཀྱི་རྣལ་འབྱོར་པས་སྐུའི་དཀྱིལ་འཁོར་བྲི་བར་འདོད་པས་རང་གི་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ལ། སློབ་མ་ནི་འོད་དཔག་མེད་པའམ་མི་བསྐྱོད་པའམ། བདུད་རྩི་འཁྱིལ་པར་བསྒོམ་པར་བྱའོ། །འོད་དཔག་མེད་པའི་རྣལ་འབྱོར་པས་གསུང་གི་དཀྱིལ་འཁོར་བྲི་བར་འདོད་ན་བདག་
ཉིད་ནི་འོད་དཔག་ཏུ་མེད་པར་བསྒོམས་ལ། སློབ་མ་ནི་རྣམ་པར་སྣང་མཛད་དམ། མི་བསྐྱོད་པའམ་བདུད་རྩི་འཁྱིལ་པར་བསྒོམ་པར་བྱའོ། །མི་བསྐྱོད་པའི་རྣལ་འབྱོར་པས་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་འདོད་ན་བདག་ནི་མི་བསྐྱོད་པར་བསྒོམས་ལ། སློབ་མ་ནི་རྣམ་པར་སྣང་མཛད་དམ། འོད་

དཔག་ཏུ་མེད་པའམ། བདུད་རྩི་འཁྱིལ་པར་བསྒོམ་པར་བྱའོ། །ཡང་ན་སློབ་མ་ནི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །དེ་ནི་བསྐྱེད་པའི་རིམ་པའོ། །དབང་བསྐུར་བའི་ལན་བཤད་པར་བྱ་སྟེ། དབང་བསྐུར་བ་ཞེས་བྱ་བ་རྒྱུད་འདི་ལ་ནི་དཔལ་གསང་བ་འདུས་པ་ལ་རྣམ་པ་གསུམ་ཡིན་ཏེ། ལུས་དང་
ངག་དང་སེམས་རྣམ་པར་དག་པའི་ཕྱིར་རོ། །དེ་ལ་བུམ་པའི་དབང་བསྐུར་གྱིས་ནི་ལུས་རྣམ་པར་དག་པར་འགྱུར་ཏེ། བསྐྱེད་པའི་རིམ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །གསང་བའི་དབང་གིས་ནི་ངག་རྣམ་པར་དག་པར་འགྱུར་ཏེ། བདུད་རྩི་མྱང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་དབང་གིས་ནི་
སེམས་རྣམ་པར་དག་པར་འགྱུར་ཏེ། རྫོགས་པའི་རིམ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་དབྱེ་བ་དང་རིམ་པ་ནི་ལེའུ་བཅུ་དྲུག་པ་ལས་བཤད་དོ། །བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཡེ་ཤེས་དེ་ཉིད་ཀྱང་བླ་མས་བསྟན་པ་ནི་བཞི་པ་ཞེས་བྱའོ། །འདིར་ཤེས་རབ་ཡེ་ཤེས་ནི་བདེ་བ་ཆེན་པོ་
ཞེས་བཤད་དེ། དེ་ཡང་རྣམ་པ་གཉིས་ཏེ། དཔེའི་བདེ་བ་དང་དཔེ་ལས་བྱུང་བའི་བདེ་བའོ། །དེ་ལ་དཔེའི་བདེ་བ་ནི་ཤེས་རབ་ཡེ་ཤེས་ཡིན་ལ། དཔེ་ལས་བྱུང་བའི་བདེ་བ་ནི་དེ་ཡང་ཞེས་བྱ་བའི་སྒྲས་བརྗོད་པ་ཡིན་ཏེ། རང་གི་མངོན་སུམ་པའི་ཚད་མས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་རྣམ་པར་མི་རྟོག་པའི་ཕྱིར་རོ། །
དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་སྒྲས་མ་གསུངས་སོ། །འོ་ན་རྟོག་པ་དང་བཅས་པ། དཔེའི་བདེ་བས་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ཇི་ལྟར་འབྱུང་བ་ཡིན་ཏེ། འབྲས་བུ་ནི་རྒྱུ་དང་མཐུན་པའི་ཕྱིར་རོ་ཞེ་ན། དེ་ལྟར་མ་ཡིན་ཏེ་གང་གི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྒྱུ་ཡོད་པ་མ་ཡིན་ཏེ་རྟག་པའི་ཕྱིར་རོ། །རྒྱུ་དང་བཅས་པ་ཡིན་ན་སྐད་ཅིག་
མ་ཅན་དང་འཇིག་པར་ཡང་ཐལ་བར་འགྱུར་ཏེ་བུམ་པ་བཞིན་ནོ། །ཆོས་ཉིད་ནི་རང་བཞིན་གྱིས་རྟག་པ་ཉིད་ཀྱིས་ནམ་མཁའ་བཞིན་དུ་གནས་པའི་ཕྱིར་དང་། དཔེའི་བདེ་བ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་དེ་ཉིད་ལ་རྒྱུ་མི་རིགས་པའི་ཕྱིར་རོ། །དེ་ཉེ་བར་མཚོན་པ་ཉིད་ཀྱིས་དེ་ཁས་བླངས་པ་ཡིན་ལ། ཉེ་བར་མཚོན་པའི་རྒྱུ་
ཉིད་མི་རིགས་ཏེ། ཟླ་བ་བསྟན་པའི་སོར་མོ་ཡང་རྒྱུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་མ་ཡིན་པ་ནི་རང་བཞིན་གྱིས་གྲུབ་པ་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །གློ་བུར་བའི་སྤྲིན་དང་འདྲ་བའི་དྲི་མ་སེལ་བར་བྱེད་པ་དཔེ་ལ་བརྟེན་པའི་རིགས་པ་ཡིན་ནོ། །དེ་ཁས་མ་བླངས་ན་ཐམས་ཅད་ཀྱིས་

སངས་རྒྱས་ཉིད་ཐོབ་པ་ཐལ་བར་འགྱུར་བ་དང་། སྒོམ་པ་ལ་སོགས་པ་དོན་མེད་པ་དང་རྟེན་པར་བྱེད་པ་མེད་པར་འགྱུར་བ་དང་། བསོད་ནམས་དང་སྡིག་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དཔེའི་བདེ་བ་ནི་རྒྱུ་ཉིད་མ་ཡིན་ཏེ་རྟོག་པ་དང་བཅས་པའི་ཕྱིར་
རོ། །ཉེ་བར་མཚོན་པ་ཙམ་ཉིད་ནི་རིགས་ཏེ་མར་མེ་བཞིན་ནོ་ཞེས་སྔར་བཤད་ཟིན་ཏེ། ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། །རིག་པའི་བརྟུལ་ཞུགས་ཀྱི་སྐབས་སུ་དབང་གཉིས་པོ་དཀའ་བ་ཡིན་པའི་ཕྱིར་དེའི་རིམ་པ་བཤད་པར་བྱ་སྟེ། སྔགས་ཀྱི་ཚུལ་དུ་སྣོད་དུ་རུང་བ་ནི་སྔགས་ཀྱི་ཚུལ་དུ་རུང་བའོ། །སྣོད་དུ་
རུང་བ་ཞེས་བྱ་བ་རིགས་ཀྱི་དབྱེ་བས་ཡིན་ནོ། །གང་གི་ཕྱིར་ཞེ་སྡང་གི་རིགས་ཀྱི་བུད་མེད་གང་ཡིན་པ་དེ་ནི་མི་བསྐྱོད་པའི་རིགས་ལ། དེ་བཞིན་དུ་གཏི་མུག་ལ་སོགས་པའི་རིགས་ཅན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཅན་ཡིན་ནོ། །ཁ་དོག་གིས་ཀྱང་གང་ཞིག་ནག་པོ་དེ་ནི་མི་བསྐྱོད་
པའི་རིགས་ཡིན་པ་དང་། དེ་བཞིན་དུ་དཀར་པོ་ལ་སོགས་པའི་ཁ་དོག་དེ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་སུ་ཤེས་པར་བྱའོ། །ལས་ཀྱིས་ཀྱང་རིགས་ཤེས་པར་བྱ་སྟེ། དྲག་པོ་ལ་སོགས་པའི་ལས་བྱེད་པའི་ཕྱིར་རོ། །དེ་ལྟར་རིགས་དཔྱད་ནས་སྔགས་སྣོད་
དུ་རུང་བ་ཤེས་རབ་ཡིན་ནོ། །མིག་ཡངས་སྔགས་ཞེས་བྱ་བ་འདིས་གཟུགས་ཀྱི་ཕུན་སུམ་ཚོགས་པ་ཉིད་དུ་བསྟན་ཏོ། །མེ་ཏོག་བཅས་པ་ཞེས་བྱ་བ་འདིས་ན་ཚོད་དང་ལྡན་པ་ཡིན་ཏེ། ན་ཚོད་དང་མི་ལྡན་ན་མེ་ཏོག་མི་ལྡན་ནོ། །ས་བོན་འབྱུང་ཞེས་བྱ་བ་འདིས་ནི་ས་བོན་འཛག་པ་ཞེས་འཇིག་རྟེན་ལས་
གྲགས་པ་དང་པདྨ་ཅན་ནོ། །ཡང་ན་གང་གི་ཚེ་དེའི་མེ་ཏོག་འབྱུང་བ་དེའི་ཚེ་བླང་བར་བྱའོ། །དེ་དང་འདྲ་བར་ཤེས་པར་བྱ་བ་ནི་དམ་ཚིག་ལ་སོགས་པ་ལེགས་པར་བཟླས་པ་གཟུང་ཞིང་སྔགས་པས་སློབ་མ་ལས་གསང་བའི་དབང་ནི་གསང་བའི་དབང་སྟེ་སྦས་པའི་བཀའ་དྲིན་སྦྱིན་པར་བྱའོ། །དེ་ཉིད་ཀྱི་རིམ་
པ་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་བཤང་གཅི་ལ་སོགས་པ་བདུད་རྩི་ལྔས་གང་བའི་བུམ་པ་རྣམས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསམས་ལ་དེ་དེ་དང་ལྷན་ཅིག་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པས་གནས་པའི་རྡོ་རྗེ་སློབ་དཔོན་གྱིས་མཆོག་ཏུ་དགའ་བའི་སྒྲས་དེ་

དག་དགུག་ཅིང་། །སྙིང་གར་བཅུག་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྩ་གསུམ་རོ་གཅིག་པར་གྱུར་པའི་རྩ་དབུས་མ་ལ་ཞུ་སྟེ། རྡོ་རྗེའི་ལམ་ནས་བྱུང་ཞིང་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་དུང་ཕོར་ལ་སོགས་པར་བླངས་ཏེ། སློབ་མའི་ཁར་སྦྱིན་པར་བྱའོ། །ཁ་ཅིག་ན་རེ་རྡོ་རྗེ་དེ་ཉིད་ཁར་གཞུག་པར་བྱའོ་
ཞེས་ཟེར་རོ། །དབང་བསྐུར་བ་ནི་རྣམ་པར་རྟོག་པ་ཟད་པར་བྱེད་པས་ན་མཆོག་སྟེ་དམ་པའོ། །དེ་བཞིན་དུ་གསང་སྔགས་ཀུན་ནི་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་ཐོབ་པའི་རྒྱུ་ཡིན་པས་ན་གོ་འཕང་ངོ་། །དེ་བས་དབང་བསྐུར་བ་འདི་ཡིས་སྔགས་ཀུན་དང་སྔགས་ཐམས་ཅད་དེ། འཇིག་རྟེན་
ལས་འདས་པའི་དངོས་གྲུབ་དང་། ལས་མཆོག་གི་ཚོགས་རྣམས་ནི་ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་རྣལ་འབྱོར་པས་གྲུབ་པར་འགྱུར་རོ་ཞེས་ཚིག་གི་ལྷག་མའོ། །དེ་ནི་བསྐྱེད་པའི་རིམ་པ་དང་སྒྲུབ་པའོ། །ཡང་ཤེས་རབ་ཀྱི་དབང་བསྐུར་བར་བྱ་སྟེ། མཆོག་ཏུ་དད་པ་ཅན་ནི་
དཀོན་མཆོག་གསུམ་ལ་སེམས་དད་པའོ། །ཤེས་རབ་ཆེན་པོ་ནི་ཐོས་པ་ལ་སོགས་པའི་རིམ་གྱིས་ཕུལ་དུ་བྱུང་བའི་ཡེ་ཤེས་ཐོབ་པའོ། །གཟུགས་བཟང་ནི་མཛེས་པ་དང་སྒེག་པ་དང་། ན་ཚོད་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །སྒྲུབ་པ་པོ་ལ་དགའ་བ་ནི་རྣལ་འབྱོར་དང་མཐུན་པའོ། །
སྦྱོར་བ་གཅིག་ནི་ཟླ་མེད་པའི་སྦྱོར་བ་སྟེ་སྔགས་ཀྱི་ཚུལ་ལོ། །དེ་ལ་བྱ་བ་གོམས་པ་ནི་ལམ་དེ་ཉིད་དུ་སྒོམ་པ་ལ་སོགས་པར་བྱེད་པའོ། །དམ་ཚིག་དག་ནི་བྱ་བའི་རྒྱུད་ལ་སོགས་པའི་དམ་ཚིག་གི་ནང་ནས་དམ་ཚིག་ཅན་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པའི་དམ་ཚིག་གི་སྤྱོད་པ་དང་
ལྡན་པའི་ཤེས་རབ་དེ་བླངས་ནས་མཆོད་པ་དང་། བསྟོད་པ་དང་། བསྙེན་བཀུར་སྔོན་དུ་འགྲོ་བའི་སློབ་མས་བླ་མ་ལ་ཡོན་དུ་ཕུལ་བར་བྱའོ། །སློབ་མ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྡོ་རྗེ་སློབ་དཔོན་གྱིས་ཀྱང་རིགས་ལྔ་དང་སྐུ་གསུང་ཐུགས་ཀྱི་ས་བོན་བྱིན་གྱིས་བརླབ་པར་བྱས་ལ་མཱ་མ་ཀཱི་ལ་
སོགས་པའི་གཟུགས་སུ་བསྐྱེད་ཅིང་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་སྒྲུབ་པ་པོ་ལ་དེ་སྦྱིན་པར་བྱའོ། །དེ་ནས་དམ་ཚིག་དང་སྡོམ་པ་བླང་བ་དང་ལས་སུ་རུང་བའི་རྡོ་རྗེ་ལ་འཇུག་པ་ཤེས་རབ་དང་སྙོམས་པར་འཇུག་པ་དང་ལྡན་པར་སློབ་མ་བལྟས་ཏེ། རང་གི་སྙིང་ག་ནས་གཏི་མུག་

དགའ་མ་ལ་སོགས་པ་སྤྲོ་ཞིང་དེའི་ཁར་གཞུག་པར་བྱའོ། །དེ་ཉིད་བཤད་པར་བྱ་སྟེ། གཏི་མུག་སྦྱོར་བ་ནི་རྣམ་པར་སྣང་མཛད་དང་སྙོམས་པར་འཇུག་པ་གཏི་མུག་དགའ་མ་སྤྲོས་ཤིང་དེའི་ཁ་ལ་བཅུག་ཅིང་ཞུགས་ཏེ། དེ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་དབང་
བསྐུར་ན། སློབ་མ་གཏི་མུག་རྡོ་རྗེར་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་དང་འདོད་ཆགས་དང་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ནི་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་ཞེ་སྡང་དགའ་མ་དང་འདོད་ཆགས་དགའ་མ་དང་། རྡོ་རྗེ་དགའ་མ་དང་སྙོམས་པར་འཇུག་པ་དང་ལྡན་
པར་སྤྲོས་ཏེ། དེའི་ཁར་བཅུག་ཅིང་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་ཞེ་སྡང་ལ་སོགས་པ་དག་པར་བྱ་བའི་ཕྱིར་ཞེ་སྡང་ལ་སོགས་པའི་རྒྱུན་གྱིས་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་ག་སྟེ་བསྐྱེད་པའི་རིམ་པ་དང་འབྲས་བུ་དག་གོ། །
རིག་པའི་བརྟུལ་ཞུགས་བཤད་པར་བྱ་སྟེ། དེ་ནས་ལྷ་མོ་དེ་ཉིད་ནི་སྔར་བཤད་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ་བླངས་ནས་རྡོ་རྗེ་ཅན་གྱི་སློབ་མ་སྟེ། དེའི་ལག་པ་གཉིས་སུ་བཟུང་སྟེ། དེའི་བར་ན་གནས་པའི་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་ལག་པ་བཞག་ཅིང་ནམ་མཁའི་དབྱིངས་ལ་
བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དཔང་པོར་བྱས་ལ། དེ་རྣམས་ཀྱི་སྤྱན་སྔར་དེ་དེ་ལ་སྦྱིན་པར་བྱའོ། །འདི་ཡང་བརྗོད་པར་བྱ་སྟེ། ཐབས་གཞན་ནི་ཉན་ཐོས་པ་ལ་སོགས་པའི་སྦྱངས་པའི་ཡོན་ཏན་དང་། ལུས་ངལ་བ་ལ་སོགས་པ་དང་ཤིན་ཏུ་དཀའ་བ་བྱང་ཆུབ་སེམས་དཔའི་
སྡོམ་པ་ལ་སོགས་པ་དེས་འཚང་མི་རྒྱ་བ་ནི། རྡོ་རྗེ་འཆང་ཉིད་ཐོབ་པར་མི་འགྱུར་ཏེ་མ་དག་པའི་ཐབས་དང་ལྡན་པའི་ཕྱིར་རོ། །དེ་བས་རིག་པ་འདི་ནི་འོད་གསལ་བའི་རིག་པ་འདིས་རིག་པས་ཤེས་རབ་བོ། །འདི་ནི་བདག་གིས་བྱིན་གྱིས་བརླབས་པ་ཡིན་ལ་མཆོག་སྟེ་དམ་ཚིག་དང་སྡོམ་པ་མཆོག་ཏུ་
གྱུར་པ་ལོང་ཤིང་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །གང་ཕྱིར་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ། དེ་དག་གཟུང་བ་དང་འཛིན་པའི་རྟོག་པ་མེད་པས་གཉིས་སུ་མེད་པ་སྟེ་གཉིས་དང་བྲལ་བའོ། །དྲི་ཟའི་གྲོང་ཁྱེར་དང་འདྲ་བར་འཕྲུལ་པས་དངོས་པོ་གཉིས་ཏེ་གཟུང་བ་དང་འཛིན་པའི་

དངོས་པོ་ཉིད་དུ་སྣང་བ་ཡིན་ནོ། །དེ་བས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཞོམ་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོར་རིག་པ་འདི་དང་ཁྱོད་ཀྱིས་ནི་བྲལ་བར་མི་བྱ་སྟེ། འདི་དང་བྲལ་བར་མི་བྱའོ་ཞེས་བྱ་བ་ནི་རིག་པའི་བརྟུལ་ཞུགས་སོ། །འདི་ནི་སངས་རྒྱས་ཐམས་
ཅད་ཀྱི་རྒྱུ་ཡིན་པས་ན་སངས་རྒྱས་ཐབས་ཏེ། མར་ནི་ཚེ་ཞེས་བྱ་བའི་རིག་པས་རིག་པའི་བརྟུལ་ཞུགས་སོ། །བརྟུལ་ཞུགས་ནི་སྡོམ་པའོ། །བླ་ན་མེད་པ་ནི་བྱ་བའི་རྒྱུད་ལ་སོགས་པ་ལ་ཞུགས་པས་རྙེད་པར་དཀའ་བའོ། །གང་ཞིག་རྨོངས་པ་ནི་འཁྲུལ་པའམ་བརྗེད་ངས་པས་འདའ་བ་ནི་སྲུང་བར་
མི་བྱེད་ན་དེའི་དངོས་གྲུབ་མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གི་མཚན་ཉིད་གྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྒྲུབ་པའོ། །བདུད་རྩི་ལྔའི་དྲི་བའི་ལན་བཤད་པར་བྱ་སྟེ། ཐ་མལ་པ་ནི་རང་བཞིན་གྱིས་གྲུབ་པ་དྲི་མ་ནི་བཤང་བ་ལ་སོགས་པ་ལྔ་དང་། ལྔ་ནི་ལྕགས་ཀྱུ་ལྔའོ། །སྣང་བ་ནི་
དག་པ་ཉིད་དུ་སྣང་བ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འཁོར་གསུམ་མི་དམིགས་པའི་རྣལ་འབྱོར་པས་གལ་ཏེ་བདུད་རྩི་དང་། ལྕགས་ཀྱུ་སྤྱོད་ན་དེའི་ཚེ་ཅུང་ཟད་ཀྱང་སྐྱོན་མེད་དེ། འོན་ཀྱང་རྣམ་པར་རྟོག་པའི་འཆིང་བ་ལས་སེམས་གྲོལ་བར་བྱ་བའི་
ཕྱིར་སྒོམ་པའི་ཁྱད་པར་བརྟེན་པར་བྱའོ། །དེ་ཉིད་བཤད་པར་བྱ་སྟེ། ཡེ་ཤེས་ལྔ་ནི་དེ་བཞིན་གཤེགས་པའི་ས་བོན་ལྔ་སྟེ་ཨོཾ་ལ་སོགས་པའོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱས་ལ། བདུད་རྩི་ལྔ་ནི་བདུད་རྩི་དང་འདྲ་བར་རིམས་ལ་སོགས་པའི་སྐྱོན་སེལ་བར་བྱེད་པར་འགྱུར་རོ། །སྦར་བ་ནི་ཡི་
གེ་ཨོཾ་གྱིས་མེ་ཏོག་སྤྲོ་བར་བྱའོ། །སྲེག་པ་ནི་པདྨའི་སྣོད་ཀྱི་འོག་ན་གནས་པའི་རླུང་དང་མེའི་དཀྱིལ་འཁོར་གྱིས་སོ། །སྣང་བ་ནི་སད་པ་སྟེ་གཡོན་དུ་བསྐོར་བས་འཁོར་བ་དང་བེམས་པོ་མ་ཡིན་པར་བྱའོ། །གཟུགས་སྣང་བ་ནི་སྦྱང་བ་སྟེ་དག་པའི་ངོ་བོ་ཉིད་དུ་བྱའོ། །དེ་དག་དང་ཡི་གེ་ཨཱཿདང་ཧཱུཾ་དག་གིས་བྱ་
བའོ། །སྔགས་ཀྱི་སྐུ་རབ་སྦྱོར་བ་སྟེ། རང་གི་ཡི་དམ་གྱི་ལྷའི་སྦྱོར་བས་ལག་པ་དང་ལྐོག་མ་སྦྱང་ཞིང་ནང་གི་སྦྱིན་སྲེག་གི་རིམ་གྱིས་བདུད་རྩི་ལྔ་ནི་རྫས་ལྔ་བསྡུས་པ་ལས་བྱུང་བའི་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བཟའ་བར་བྱའོ། །དེ་ཉིད་རིམ་པར་བཤད་པར་བྱ་སྟེ། བར་སྣང་ནི་སྣོད་ཀྱི་སྟེང་གི་ཆ་

སྟེ། དེ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ། འོག་ཏུ་ནི་ཡི་གེ་ཨཱཿལས་བྱུང་བའི་པདྨ་འདབ་མ་བརྒྱད་པས་མཚན་པའི་སྣོད་བསྒོམས་ཏེ་དེ་ལ་གནས་པའི་བདུད་རྩི་ཡི་གེ་ཨོཾ་གྱིས་ཚིམ་པར་བྱེད་པའི་བདུད་རྩིའི་རང་བཞིན་དུ་བསམས་ལ། ཡཾ་དང་རཾ་ལས་བྱུང་བའི་རླུང་དང་
མེའི་དཀྱིལ་འཁོར་དག་གིས་སྦར་ལ། རྡོ་རྗེ་དང་པདྨ་སྟེང་དང་འོག་ཏུ་མཆོད་པ་བཞིན་དུ་འདུས་པར་བྱས་ལ། ཚིམ་པར་བྱ་བའི་ངོ་བོ་ཤེལ་ལྟར་དག་པ་ཡེ་ཤེས་ཀྱི་བདུད་རྩི་བསམ་སྟེ། རང་གི་སྙིང་ག་ལས་བྱུང་བའི་རྣོ་བའི་འོད་ཟེར་གྱི་ཚོགས་ཀྱི་མཚོན་ཆས་ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་བཀུག་ཅིང་བདུད་རྩི་ལ་བཅུག་སྟེ། ས་བོན་ལྔ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ལྔར་རང་གི་ལྷ་མོ་དང་སྙོམས་པར་ཞུགས་པས་ཡོངས་སུ་གྱུར་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་
དེ་ཉིད་ཀྱིས་སྦྱང་བ་ལ་སོགས་པ་བྱས་པ་ལྐོག་མ་དང་ལྕེ་ལ་སོགས་པ་སྦྱང་བ་ལ་སོགས་པའི་རིམ་གྱིས་བཟའ་བར་བྱ་བ་ནི་སྤྱད་པར་བྱའོ། །གཞན་དུ་ནི་གལ་ཏེ་རྣལ་འབྱོར་པས་དེ་ལྟར་མི་བྱེད་ན། དེའི་ཚེ་འགྲུབ་མི་འགྱུར་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་མི་འགྱུར་ཏེ་སྒྲུབ་པའོ། །ཐ་
མལ་པའི་དངོས་གྲུབ་བཤད་པར་བྱ་སྟེ། མི་སྣང་བ་ལ་སོགས་པ་ནི་རི་ལུ་ལ་སོགས་པ་འཛིན་པའི་སྒོ་ནས་དངོས་གྲུབ་དང་། མིག་སྨན་དང་རྐང་མགྱོགས་དང་འཁོར་ལོའི་རིག་པ་འཛིན་པ