Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 29

Văn bản gốc(Tây Tạng)

Trang 9 / 21 (50.000 ký tự/trang)
ིན་གཤེགས་པ་ཐམས་ཅད་བསྡུས་པའི་བདག་ཉིད་ཀྱི་བློས། བཟའ་བར་བྱ་བ་ནི་བླང་བར་
བྱ་ཞིང་བཏུང་བར་བྱ་སྟེ། ཨེ་མའོ་བདེ་བ་ཆེན་པོ་ཞེས་ལན་གསུམ་དུ་བརྗོད་ནས་སོ། །དེ་ནི་སྒྲུབ་པའོ། །འབྲས་བུ་བསྟན་པར་བྱ་སྟེ། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཐམས་ཅད་ནི་རྣལ་འབྱོར་པ་རྣམས་ཀྱི་སྐུ་གསུང་ཐུགས་ནི་

ཐ་མལ་པའི་ལུས་ལ་སོགས་པ་ལྡོག་ཅིང་། མཆོད་པ་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་བྱེད་པའོ། །སྔགས་རྣམས་ནི་ཡི་གེ་ཨོཾ་ལ་སོགས་པའོ། །དངོས་གྲུབ་བྱེད་པ་ནི་དེ་རྣམས་ཀྱི་སྒོ་ནས་ཞི་བ་ལ་སོགས་པའི་ལས་གྲུབ་པར་བྱེད་པ་སྟེ། གསང་བའི་དབང་ཐོབ་
པའི་རྣལ་འབྱོར་པས། སྔགས་ཐམས་ཅད་འགྲུབ་པར་འགྱུར་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །གསང་བ་ནི་སྦ་བར་བྱའོ། །ཡང་ན་ར་རྡོ་རྗེ་རྩེ་མོ་དང་འདྲ་བ་ཡིན་པའི་ཕྱིར་དང་། ཧ་ནི་བྱའི་གདོང་དང་འདྲ་བའི་ཕྱིར་དང་། ཧ་རྡོ་རྗེ་དང་པདྨའོ། །ས་ནི་འཛག་པའོ། །ར་དང་
ཧ་ལས་འཛག་པས་ན་ར་ཧ་ས་ནི་གསང་བ་སྟེ། རྡོ་རྗེ་དང་པདྨ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །ཡེ་ཤེས་ནི་ལྔ་དང་། རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཏེ་ཡེ་ཤེས་ཀྱི་རང་བཞིན་ཡང་ཡིན་ལ། རྡོ་རྗེ་ཅན་ཡང་ཡིན་པས། ཡེ་ཤེས་རྡོ་རྗེ་ཅན་ཏེ། བར་གྱི་
ཚིག་མི་མངོན་པའི་ལས་འཛིན་པའི་བསྡུ་བའོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །བཤང་གཅི་དག་གིས་ཉེ་བར་མཚོན་པའི་བདུད་རྩི་བཤང་གཅིའོ། །དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་བཤང་གཅིའི་ལེའུ་ཞེས་བྱ་བའོ། །རྒྱུད་འགྲེལ་ལས་ལེའུ་བརྒྱད་པའི་ཚིག་གི་དོན་
བཅུ་དྲུག་གི་བཤད་པའོ། །ལེའུ་བརྒྱད་པའི་ཚིགས་སུ་བཅད་པའི་གྲངས་ནི་ཉིས་བརྒྱ་ཉི་ཤུ་རྩ་ལྔའོ།། །།གསང་བའི་དབང་ཐོབ་ནས་རྡོ་རྗེ་འཆང་ཆེན་པོ་ཉིད་དེའི་དུས་སུ་གྲུབ་པར་བྱ་བའི་ཕྱིར། དྲག་ཤུལ་གྱི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་ལེའུ་དགུ་པ་
བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་ཆོས་ཀྱི་སྐུ་དེ་འཛིན་པས་ན་རྡོ་རྗེ་འཛིན་ཏོ། །མཚན་དང་དཔེ་བྱད་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུས་མཛེས་པས་ན་རྒྱལ་པོའོ། །སྤྲུལ་པའི་སྐུ་རྣམས་ཀྱིས་ནམ་མཁའ་མ་ལུས་པར་ཁྱབ་པར་
མཛད་པས་ན། ཐམས་ཅད་ནམ་མཁའོ། །རྣམ་པ་བཅུ་གཉིས་ཀྱི་འཁོར་ལོ་བསྐོར་བས་ན་མི་འགྱུར་བ་ཆེའོ། །སློབ་དཔོན་དང་གསང་བ་དང་ཤེས་རབ་མ་སྟེ་ཐམས་ཅད་དབང་བསྐུར་བའོ། །དེ་རྣམས་ཀྱི་སྤྱོད་པ་ནི་ཇི་བཞིན་དུ་ནན་ཏན་ནོ། །དེ་ཉིད་ཀྱི་མཆོག་ནི་བཞི་པ་སྟེ།

དེ་ཡང་དེ་བཞིན་གྱི་རང་བཞིན་ནོ། །ཀུན་དོན་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཏེ། དེ་རྣམས་ཀྱི་དབང་ཕྱུག་དམ་པ་ནི་སྤྲུལ་པར་མཛད་པའོ། །དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་རབ་ཏུ་བཤད་པའོ། །ཚིག་གི་འབྲེལ་པའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་གསུམ་ནི་དེ་བཞིན་
གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་མི་ཕྱེད་པ་ནི་ཡོན་ཏན་དང་གཙོ་བོའི་དངོས་པོས་གནས་པའོ། །དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་རོ། །སྐུ་གསུང་ཐུགས་ནི་རྣལ་འབྱོར་པའི་ལུས་ལ་སོགས་པ་སྟེ། དེ་ལ་ལོངས་སྤྱོད་པ་ནི་རྡོ་རྗེ་འཆང་ཆེན་པོའི་
གོ་འཕང་གི་ཏིང་ངེ་འཛིན་གྱི་ལོངས་སྤྱོད་ཀྱི་བདེ་བ་སྟེར་བའོ། །མཆོག་ནི་ཐམས་ཅད་སྐྱོང་བའོ། །གསང་བ་ནི་སྲོག་གཅོད་པ་ལ་སོགས་པའི་འགལ་བའི་སྒྲས་བསྟན་པར་བྱ་བའོ། །སངས་རྒྱས་ཡེ་ཤེས་ནི་ཡེ་ཤེས་ལྔ་སྟེ། དེ་རྣམས་ཐོབ་པའི་ཕྱིར་སངས་རྒྱས་ཡེ་ཤེས་ཅན་
ནོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་སྙིང་གའོ། །དེའི་དབུས་སུ་གནས་པ་སངས་རྒྱས་དཀྱིལ་འཁོར་ནི། རབ་ཏུ་སད་པར་བྱེད་པའི་དཀྱིལ་འཁོར་ཏེ། ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་
སྟེང་དུ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཡི་གེ་གསུམ་ལས་བྱུང་བའི་རྡོ་རྗེ་མི་བསྐྱོད་པའི་ལེའུ་དང་པོ་ལས་བཤད་པའི་ཞལ་དང་ཕྱག་མཚན་དང་སྐུ་མདོག་ལྡན་པར་བསྒོམ་ཞིང་དེ་ཉིད་ཀྱི་ལག་ཏུ་རྡོ་རྗེ་ནི་ཕྱག་མཚན་གཙོ་བོ་སྟེ། གཞན་རྣམས་ཀྱང་ཇི་ལྟར་བྱུང་བ་བསྒོམ་པར་
བྱའོ། །ཇི་ལྟ་བུ་ཞེ་ན། འོད་འཕྲོ་མང་པོ་ནི་མཱ་མ་ཀཱི་སྟེ་དེས་འཁྱུད་པའོ། །འོད་ཟེར་སྣ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་གྱི་དཀྱིལ་འཁོར་པ་རྣམས་སོ། །རབ་ཏུ་གང་བ་ནི་དེ་དག་གིས་རིམ་པ་ཇི་ལྟ་བ་བཞིན་དུ་བསྐོར་བའོ། །དེའི་རྗེས་ལ་མཱ་མ་ཀཱི་དང་གཉིས་
སུ་མེད་པའི་སྦྱོར་བས་འདོད་ཆགས་ཆེན་པོའི་སྒྲས་སངས་རྒྱས་ནི་ནམ་མཁའི་དབྱིངས་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་། དུས་གསུམ་པ་ནི་ལུས་ངག་ཡིད་ཀྱིས་མི་དགེ་བ་བཅུ་བྱེད་པའི་སེམས་ཅན་རྣམས་ཁར་ཞུགས་ཏེ། ཡེ་ཤེས་སེམས་དཔའི་ཁ་

ལས་རྩ་དབུས་མ་ནས་ལྷ་མོའི་པདྨར་སྤྲོས་ཏེ། དེར་ཡང་རིམ་པ་བཞིན་དུ་བསམས་ལ། རྡོ་རྗེ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་གསང་བའི་རྡོ་རྗེས་ཕྱེ་མར་བརླག་པར་ནི་འཇིག་པར་བྱའོ། །དེའི་ཚེ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ནི་མཚམས་མེད་པ་ལ་སོགས་པའི་
བྱེད་པའི་ལུས་ལ་སོགས་པ་ལོངས་སྤྱོད་ནི་རྣམ་པ་དང་བཅས་པ་སྟེ། རྡོ་རྗེས་ཕྱེ་མར་བརླག་ཅིང་མེད་པར་གྱུར་པ་ནི་སྟོང་པ་ཉིད་དུ་བསམ་པར་བྱའོ། །དེའི་རྗེས་ལ་མཆོག་ནི་སངས་རྒྱས་ཐམས་ཅད་དང་། གདུལ་བར་དཀའ་བའི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་སྟེ། དེ་
ཉིད་བསམ་གཏན་ནི་ཡི་གེ་གསུམ་གྱི་རྣམ་པ་རྩ་གསུམ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་གནས་པར་བསམས་ཏེ། ཐུགས་ནི་ཡི་གེ་ཧོ་གཉིས་ལྷ་སྦྱིན་མ་དང་། ནོར་རྒྱལ་མའི་རྩ་གཉིས་པོ་ལ་གནས་པས་དག་པ་ཐོབ་པར་གྱུར་པ་ནི་བསྐོར་བ་བསྒོམ་པར་བྱའོ། །རྡོ་རྗེ་གསང་བ་འདི་ལྟ་
བུས། །ཞེས་པ་ནི། བདག་ཉིད་ཀྱི་གསང་བའི་རྡོ་རྗེས་སོ། །སེམས་ཅན་ཐམས་ཅད་ནི་ཡི་གེ་ལྔ། དེ་དག་བསད་པ་ནི་ཡེ་ཤེས་སེམས་མའི་པདྨའི་རྩ་རྣམས་ལ་བསྐྱོད་ཅིང་། དེ་ཉིད་ཀྱི་སྟེང་གི་ལམ་ནས་ཞལ་ནས་ཕྱུང་སྟེ། དམ་ཚིག་སེམས་མའི་ཞལ་དུ་ཞུགས་ལ་དེ་
ཉིད་ཀྱི་པདྨ་ལས་དམ་ཚིག་སེམས་དཔའི་རྡོ་རྗེར་ཕྱིན་ལ་དེ་ཉིད་ཀྱི་སྟེང་གི་ལམ་ནས་དམ་ཚིག་སེམས་དཔའི་ཞལ་ནས་ཕྱུང་ཞིང་ནམ་མཁའི་དབྱིངས་ལ་ཐིམ་སྟེ། དེ་བཞིན་གཤེགས་པ་མི་བསྐྱོད་པ་འཁོར་དང་བཅས་པ་བསམ་པར་བྱའོ། །མི་བསྐྱོད་པ་སངས་རྒྱས་ཀྱི་ཞིང་
དག་ཏུ་ཞེས་པ་ནི་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ལས་རྒྱལ་བ་ནི་དེ་བཞིན་གཤེགས་པ་རྣམས་དང་། སྲས་ནི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བར་འགྱུར་རོ། །ཞེ་སྡང་གི་རིགས་ནི་མི་བསྐྱོད་པའི་རིགས་ཀྱི་དམ་ཚིག་འདི་ནི་བསྒོམ་པའི་རིམ་པ་སྟེ། དེ་ཁོ་ན་
ནི་བསྐྱེད་པའི་རིམ་པ་ཇི་བཞིན་དུ་ཤེས་པར་བྱ་བ་ནི་བསྒོམ་པར་བྱ་སྟེ་བསྐྱེད་པའི་རིམ་པའོ། །དེ་ཉིད་ཀྱི་ཕྱིར་གསང་བའི་མཛོད་ཀྱི་ནོར་བུའི་ཐིག་ལེའི་རྒྱུད་ལས། བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བས། རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སྤྲོས་ཏེ་ལྷ་ཆེན་པོ་བསད་

ལ་སླར་ཡང་གསོ་བར་བྱ་སྟེ་ཐལ་བས་གཡོགས་པའི་འཇིག་རྟེན་གྱི་ཁམས་ལ་ཐལ་བའི་དབང་ཕྱུག་ཅེས་བྱ་བའི་དེ་བཞིན་གཤེགས་པ་རབ་ཏུ་གཞག་གོ། །ཏིང་ངེ་འཛིན་འདི་ཉིད་ཀྱིས་སྙིང་རྗེ་ཆེན་པོས་དཀོན་མཆོག་གསུམ་ལ་གནོད་པ་ཅན་གལ་ཏེ་བསད་ན་དེའི་ཚེ་སྡོམ་པ་ཉམས་པར་
མི་འགྱུར་རོ། །སྲོག་གཅོད་པ་ནི་ཡན་ལག་ལྔ་པ་སྟེ། ཡན་ལག་གཅིག་མེད་ན་ཡང་སྲོག་གཅོད་པར་མི་འགྱུར་ཏེ། འོན་ཀྱང་སྙིང་རྗེ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་དུ་བྱེད་པ་སྨོས་ཅི་དགོས། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གཏི་མུག་གི་རིགས་ཀྱི་དམ་ཚིག་
བཤད་པར་བྱ་སྟེ། རྡོ་རྗེ་འཛིན་ནི་རྡོ་རྗེ་སེམས་དཔའོ། །ཡེ་ཤེས་དང་ཐར་པ་ནི་ཡེ་ཤེས་ཐར་པ་སྟེ། དེ་དག་རབ་ཏུ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །དག་པ་ཀུན་གྱི་རང་བཞིན་ཡིན་པའི་ཕྱིར་ངོ་བོ་ཉིད་དག་པའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་
མས་མ་གོས་པ་མེད་པའོ། །བྱང་ཆུབ་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པ་སྟེ། དེ་ཉིད་ལ་བྱ་བའི་རྒྱུད་ཀྱི་རྣལ་འབྱོར་པ་རྣམས་ཞུགས་པར་བྱེད་པ་ནི་བྱང་ཆུབ་སྤྱོད་པ་རབ་ཞུགས་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་དམ་ཚིག་བཀའ་སྩལ་ཏོ་ཞེས་སྦྱར་རོ། །དམ་ཚིག་ནི་སེར་སྣ་
ཅན་གྱི་སེམས་ཅན་གྱི་ཁམས་འདུལ་བའི་དམ་ཚིག་གོ། །ཡང་དག་པ་ནི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པའོ། །སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་ཉིད་དུ་བྱེད་པ་སྟེ། དེ་ཉིད་སྒྲུབ་པར་བྱེད་པའོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་
ལྟེ་བ་སྟེ། དེའི་དབུས་སུ་གནས་པའི་ཡི་གེ་གསུམ་ལས་བྱུང་བའི་འཁོར་ལོའི་དཀྱིལ་འཁོར་ནི། ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་སྤྲོ་བ་དང་བསྡུ་བའི་རིམ་པས་ཡི་གེ་གསུམ་ཁོ་ན་ལས་འབྱུང་བའི་རིམ་པས་ཇི་ལྟར་བཤད་པའི་སྐུ་མདོག་ལ་སོགས་པ་དང་
ལྡན་པ་དང་། ལྷ་མོ་སྤྱན་དང་བཅས་པ་རྣམ་པར་སྣང་མཛད་བསམས་ཏེ། སངས་རྒྱས་ཐམས་ཅད་ནི་སྔ་མ་བཞིན་དུ་དཀྱིལ་འཁོར་པ་རྣམས་ཀྱང་བསྒོམ་པ་ནི། རིམ་པ་ཇི་བཞིན་དུ་དགོད་པར་བྱའོ། །དེའི་རྗེས་ལ་རིན་ཆེན་ཀུན་ནི་ཁ་དོག་ལྔའི་རིན་ཆེན་རྣམས་སོ། །དེ་རྣམས་

ཀྱི་སྦྱོར་བ་ནི་སྐུ་མདོག་དེ་དང་འདྲ་བའི་རྡོ་རྗེ་གཟུགས་ཁྲོ་བོའི་རྒྱལ་པོ་བཅུའི་སྐུ་བསམས་ཏེ། ཡེ་ཤེས་སེམས་མའི་པདྨ་ལས་སྔ་མ་བཞིན་དུ་ཕྱི་རོལ་དུ་སྤྲོས་ཏེ། སེར་སྣ་ཅན་གྱི་བསྐྱེད་པའི་མཛོད་ལ་ཞུགས་ཤིང་ཉིད་ཀྱི་སྐུ་མདོག་དང་མཚུངས་པའི་
རིན་པོ་ཆེ་ལ་སོགས་པ་རླུང་གི་དཀྱིལ་འཁོར་གྱི་སྦྱོར་བས་ཞགས་པ་དང་ལྕགས་ཀྱུ་དག་གིས་འདྲེན་ཅིང་རང་གི་མཛོད་ལ་ཞུགས་པར་བསམས་ཏེ། ཁྲོ་བོའི་སྐུ་དེ་རྣམས་ཀྱང་སྔ་མ་བཞིན་དུ་དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ། །ནོར་རྣམས་ཐམས་ཅད་ནི་རིན་པོ་ཆེ་ལ་སོགས་
པ་སྟེ། དེ་རྣམས་རྡོ་རྗེ་གསུམ་ནི་ཁྲོ་བོའི་རྒྱལ་པོའི་སྐུ་རྣམས་ཀྱིས་འཕྲོགས་པ་ནི་འགུགས་པར་བསམས་ལ། དེ་ནས་སེམས་ཅན་དེ་རྣམས་ནོར་གྱི་རྒྱ་མཚོས་གང་བ་ནི་ནོར་གྱི་བདག་པོ་དང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་གྱུར་ཅིང་། སངས་རྒྱས་སྐུའི་སྲས་ཛམྦྷ་ལ་ལ་སོགས་པའི་བྱང་
ཆུབ་སེམས་དཔའ་དང་འདྲ་བ་དང་། ཐོབ་པའི་སྐྱེས་བུ་ནི་རིན་ཆེན་འབྱུང་ལྡན་དང་འདྲ་བར་འགྱུར་རོ། །འདི་ནི་གཏི་མུག་གི་རིགས་ཀྱི་དམ་ཚིག་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་བསྒོམ་པའི་རིམ་པ་ཤེས་པར་བྱའོ། །རིགས་ཀྱི་རྒྱ་མཚོ་ཐམས་ཅད་ལས་ཞེས་པ་ནི་གལ་ཏེ་མི་བསྐྱོད་
པ་ལ་སོགས་པའི་རྣལ་འབྱོར་རྣམས་ཀྱིས་སྒོམ་ན་དེའི་ཚེ་སྐྱོན་གང་ཡང་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །འོ་ན་ཇི་ལྟར་ནོར་གྱི་བདག་པོ་དེ་རྣམས་ནི་ཛམྦྷ་ལ་ལ་སོགས་པ་དང་འདྲ་བར་གྱུར་པ་སྟེ། འོན་ཀྱང་དེ་རྣམས་ཀྱིས་ནི་དད་པས་སྦྱིན་པ་མ་བཏང་
བས་སྟོབས་ཀྱིས་བླང་བའི་རྫས་དེ་ཐོབ་ནས་འོན་ཀྱང་སེམས་སྡུག་བསྔལ་བ་དང་ལྡན་པར་གྱུར་ཏེ། འབྲས་བུ་དང་འབྲེལ་པ་ཇི་ལྟར་ཡིན། ཇི་སྐད་དུ། གང་ཞིག་ཡིད་ཀྱིས་བསམས་ནས་ནི། །སླར་ཡང་མི་དེས་མི་སྦྱིན་ན། །དངོས་པོ་ཆུང་བ་ཙམ་གྱིས་ཀྱང་། །དེ་ནི་ཡི་
དགས་ཉིད་དུ་འགྱུར། །ཞེས་གསུངས་པ་དང་། དད་པ་ཡིས་ནི་སྦྱིན་པར་བྱ། །ཞེས་གཞན་ལས་ཀྱང་གསུངས་སོ་ཞེ་ན། འདིར་སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཐམས་ཅད་ལས་ཀྱང་ཐམས་ཅད་དུ་མ་སྦྱིན་པར་ལེན་པ་ལས་ཐམས་ཅད་དུ་ལྡོག་པར་བྱའི་སེར་སྣ་ཅན་

ནི་མ་གཏོགས་སོ་ཞེས་གསུངས་སོ། །འདིར་ཡང་རིགས་པ་ནི་གང་གི་ཚེ་རྣལ་འབྱོར་པས་ཁྲོ་བོའི་རྒྱལ་པོའི་སྒོ་ནས་ནོར་འཕྲོག་པ་དེའི་ཚེ་ས་བཅུའི་དབང་ཕྱུག་གི་ལག་ན་ཐོབ་པས་ནོར་གྱི་བདག་པོ་འབྲས་བུ་དང་འབྲེལ་པར་འགྱུར་རོ། །རྐུན་མ་ལ་སོགས་པས་ཀྱང་
འཕྲོག་པ་ཡང་ཚེ་ཕྱི་མར་དྲུག་འགྱུར་དུ་འགྱུར་ཏེ། མེས་ཚིག་པ་དང་ཆུས་ཁྱེར་བ། །རྒྱལ་པོ་རྣམས་ཀྱིས་གང་ཕྲོགས་ཏེ། །རང་གི་སྦྱིན་པ་གང་ཡིན་པ། །ཚེ་ཕྱི་མར་དེ་དྲུག་འགྱུར་འགྱུར། །ཞེས་སྨོས་པ་ན་བྱང་ཆུབ་སེམས་དཔའི་ལག་ན་གནས་པ་སྨོས་ཅི་དགོས།
བསམ་པ་མེད་དོ་ཞེ་ན་བསམ་པས་ཅི་ཞིག་བྱ། སེར་སྣ་ཅན་ལ་བསྐལ་པ་བརྒྱ་སྟོང་གིས་སྦྱིན་པའི་བསམ་པ་ནི་མེད་དེ། དེ་བས་ན་ཡི་དྭགས་ཉིད་དུ་རུང་བའམ། འོན་ཏེ་བྱང་ཆུབ་སེམས་དཔའ་ཉིད་དུ་རུང་། གསད་བྱའི་ལག་པ་བཅད་ནས་ནི། །གཏོང་བ་ཡིན་ན་ཅི་མ་
རུང་། །མི་ངལ་བས་ནི་དམྱལ་བ་ལས། །གཏོང་བ་ཡིན་ན་ཅི་མ་རུང་། །ཞེས་འབྱུང་ངོ་། །ཡང་ན་རྣལ་འབྱོར་པས་ནི་ནོར་དགུག་ཅིང་དེའི་སྡུག་བསྔལ་བལྟས་ཏེ་ཡང་དེ་ལ་སྦྱིན་ཞིང་། སྦྱིན་པ་བསྟན་པས་འདུལ་ཏེ་ནོར་ཀུན་གཏོང་བ་ལ་འཇུག་ཅིང་ལམ་ལ་གནས་ཤིང་སེར་
སྣ་ཅན་ནི་སངས་རྒྱས་ཉིད་ལ་གཞག་པར་བྱ་སྟེ། ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་ཡེ་ཤེས་ཀྱི་ལྷ་མོའི་པདྨོའོ། །དེ་ལ་སྔ་མ་
བཞིན་དུ་པདྨའི་དཀྱིལ་འཁོར་ནི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པ། པདྨ་དང་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེའི་དབུས་སུ་ཡི་གེ་གསུམ་ལས་འབྱུང་བ་ཚེ་དཔག་ཏུ་མེད་པ་དབྱིབས་དང་ཁ་དོག་ཇི་ལྟར་ལྡན་པ། སངས་རྒྱས་ཐམས་ཅད་ནི་དཀྱིལ་འཁོར་པ་
རྣམས་ཀྱིས་སྔ་མ་བཞིན་དུ་བསྐོར་བར་བསམ་མོ། །གང་ཞིག་བུད་མེད་དང་སྐྱེས་པའི་རྣམ་པ་དཀྱིལ་འཁོར་པ་དེ་རྣམས་ཐམས་ཅད་བུད་མེད་ལྟ་བུ་ནི་གོས་དཀར་མོའི་རིགས་ཅན་གྱི་ལྷ་མོ་རྣམས་བསམ་མོ། །ཕྱི་རོལ་དུ་ཡང་དམ་ཚིག་བཞི་ནི། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་

ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པའི་བུད་མེད་རྣམས་འོད་ཟེར་གྱི་ལྕགས་ཀྱུས་དགུག་པ་དང་གཞུག་པ་དང་དབང་དུ་བྱས་ཏེ། དེའི་སྦྱོར་བས་གཅིག་ཏུ་བྱས་ཤིང་ཡང་གོས་དཀར་མོ་དང་གཉིས་སུ་མེད་པའི་སྦྱོར་བས་དེ་
བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་པའི་སྔགས་བརྗོད་བཞིན་པས་དེ་ཀུན་སྤྱོད་པར་བྱའོ། །ཡང་དེ་ཀུན་སྤྲོས་ཏེ་བདེ་བ་ཅན་གྱི་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་གཞག་པར་བྱའོ། །འདི་ནི་ཚུལ་མཆོག་སྟེ་བྱང་ཆུབ་ཀྱི་ལམ་འདོད་ཆགས་ཀྱི་ཚུལ་
གྱིས་བྱང་ཆུབ་ཐོབ་པར་བྱེད་པའི་བསམ་གཏན་ནོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་ནི་སེམས་ཅན་གྱི་རིགས་རྣམ་པ་བཞིའོ། །རྡོ་རྗེ་མི་ཕྱེད་གསུམ་ཞེས་བྱ་བ་འོད་དཔག་ཏུ་མེད་པའི་སྒོམ་པ་སྟེ་དེའི་གོ་འཕང་ཐོབ་པར་བྱེད་པའོ། །འདི་ནི་འདོད་ཆགས་ཀྱི་རིགས་ཀྱི་
དམ་ཚིག་སྟེ། གསུང་གི་རིགས་ཀྱི་དམ་ཚིག་བསྔགས་པ་རྣམས་བོར་བས་བསྒོམ་པར་བྱ་སྟེ་བསྐྱེད་པའི་རིམ་པའོ། །ལས་ཀྱི་རིགས་ཀྱི་དམ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་འཛིན་པས་ན་རྡོ་རྗེ་འཛིན་ནོ། །ལས་
ཐམས་ཅད་པ་ཡིན་པས་ན་རྒྱལ་པོའོ། །སྔགས་ཐམས་ཅད་ནི་བརྫུན་གྱི་ཚིག་སྟེ། དེ་རྣམས་ཀྱི་དོན་ནི་ངོ་བོ་ཉིད་མེད་པ་དེ་སྒྲུབ་པ་ནི་སྟོན་པའོ། །ཡེ་ཤེས་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པས་བདག་མེད་པ་ནི་ཐམས་ཅད་སྟོང་པ་ཉིད། འབྱུང་བ་ནི་བསྐྱེད་པར་མཛད་
པ་དེ་ལ་དེ་སྐད་ཅེས་བྱའོ། །གསུངས་ནི་འདི་སྐད་བཀའ་སྩལ་ཏེ། འོག་ནས་བཤད་པའི་མན་ངག་གསུངས་པའོ། །ནམ་མཁའི་དབྱིངས་ནི་རྩ་དབུས་མ་སྟེ་དེ་ལ་གནས་པ་སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་སྔར་བཤད་པའི་རིམ་གྱིས་དོན་ཡོད་
གྲུབ་པ་བསམས་ཏེ། སངས་རྒྱས་ཐམས་ཅད་ནི་དཀྱིལ་འཁོར་པ་རྣམས་ཀྱང་བསམས་ལ། དེར་ཁམས་གསུམ་པ་ཡང་ཞུགས་ལ་དཀྱིལ་འཁོར་པ་ཡང་གཅིག་ཏུ་བྱས་ཤིང་སྐུ་དེ་ཀུན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཏེ། བརྫུན་སྨྲ་བ་ནི་འདུས་བྱས་པ་ཐམས་ཅད་མི་

རྟག་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་སྟོང་པ་ཞི་བ་སྟེ། རྟོན་པ་བཞི་འམ། རྣམ་པར་ཐར་པའི་སྒོ་བཞིའི་ཚིག་གིས་དངོས་པོ་ཐམས་ཅད་བརྫུན་པ་ཉིད་དུ་རྗོད་པར་བྱེད་པ་བསམ་
པར་བྱའོ། །འདིས་ནི་འདི་བཤད་པ་ཡིན་ཏེ། རྒྱལ་བ་ནི་དེ་བཞིན་གཤེགས་པ་དང་། རྒྱལ་བའི་གནས་ནི་དཀྱིལ་འཁོར་པ་སྟེ། དེའི་བདག་ཉིད་གཅིག་ཏུ་གནས་པ་འདི་ལྟར་བསླུ་བར་བྱ་སྟེ། ཆོས་རྣམས་སྒྱུ་མ་ལྟ་བུར་སློབ་ཏུ་གཞུག་གོ། །དེ་ནི་སངས་རྒྱས་ཐམས་
ཅད་ནི་འགྲོ་བ་ཐམས་ཅད་ཀྱི་དྲི་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ནམ་མཁའ་ནི་ངག་གི་ལམ་གྱི་བྱང་ཆུབ་བོ། །སྔགས་ནི་སྒྲུབ་པོ་རྣམས་ཏེ། ཡེ་ཤེས་བློ་ཅན་ནི་གཉིས་སུ་མེད་པའི་ཡེ་ཤེས་འདོད་པ་རྣམས་ཀྱིས་གསང་བ་ནི་བླང་བར་བྱ་བའོ། །དམ་ཚིག་
འགུགས་པའི་རིགས་ནི་དོན་ཡོད་གྲུབ་པའི་རིགས་ཀྱི་དམ་ཚིག་ནི་བསྒོམ་པའི་རིམ་པ་སྟེ། སྤྲོ་བ་ནི་ཤེས་པར་བྱའོ། །དེ་ནི་བསྐྱེད་པའི་རིམ་པའོ། །རིན་ཆེན་རིགས་ཀྱི་དམ་ཚིག་བཤད་པར་བྱ་སྟེ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་
མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ཏོ། །ནམ་མཁའ་མཛོད་ཉིད་ཀྱིས་མཛེས་པས་ན་རྒྱལ་བའོ། །རྡོ་རྗེ་གསུམ་མི་ཕྱེད་པས་ན། རྡོ་རྗེ་མི་ཕྱེད་གསུམ་མོ། །རྒྱལ་བ་ནི་རྒྱལ་བ་སྟེ་དེ་ཉིད་ཀྱི་གནས་ནི་འབྱུང་གནས་སོ། །དངོས་གྲུབ་ནི་ཚིག་རྩུབ་མོ་ལ་
སོགས་པའི་སྐྱོན་གྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བྱེད་པའོ། །རྡོ་རྗེ་ནི་འཇིག་རྟེན་པའི་དངོས་གྲུབ་སྟེ་དེ་ཉིད་རབ་ཏུ་སྟོན་པ་ནི་གསུང་བ་སྟེ་དེ་བཞིན་ནོ། །ནམ་མཁའི་དབྱིངས་ནི་རང་གི་ཕྱག་རྒྱ་མའི་ཆོས་འབྱུང་ངོ་། །དེའི་དབུས་སུ་གནས་པ་ནི་དམ་ཚིག་གི་དཀྱིལ་འཁོར་ནི་ཉི་མའི་
དཀྱིལ་འཁོར་བསམས་ཏེ། དེ་ནས་སྔ་མ་བཞིན་དུ་དེ་ཉིད་དུ་ཡི་གེ་གསུམ་གྱི་རིམ་པས་རིན་ཆེན་འབྱུང་ལྡན་ཕྱག་རྒྱ་མ་དང་དཀྱིལ་འཁོར་པ་རྣམས་དང་བཅས་པ་བསམས་ཏེ། ཁམས་གསུམ་པ་ཡང་དེ་ཉིད་དུ་ཞུགས་ནས་དཀྱིལ་འཁོར་པའི་རྣམ་པས་བསྲེས་ལ་ཚིག་རྩུབ་མོ་ལ་

སོགས་པ་དང་། སློབ་དཔོན་དང་། བདེ་བར་གཤེགས་པའི་བཀའ་ལས་འདས་པ་ལ་སོགས་པ་ལས་འབྱུང་བའི་མནར་མེད་པ་ལ་སོགས་པའི་སྡུག་བསྔལ། དམ་ཚིག་ལས་འདས་པས་འདི་ནི་དམྱལ་བའི་ཆུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ་
ཉན་དུ་བཅུག་ལ་དེའི་ནན་ཏན་གྱིས་བྱང་ཆུབ་ཐོབ་པའི་སེམས་ཅན་རྣམས་ཕྱི་རོལ་དུ་ནམ་མཁའ་ལ་དེ་བཞིན་གཤེགས་པའི་ངོ་བོ་སྤྲོ་བ་སྟེ། ཏིང་ངེ་འཛིན་དེ་ཉིད་ལ་བརྟེན་ནས་ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་
པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་ལྔ་སྟེ། དེ་རྣམས་རྡོ་རྗེ་ནི་སྲོག་གཅོད་པ་ལ་སོགས་པའི་རིམ་པས་རྡོ་རྗེ་འཆང་ཉིད་དུ་བྱེད་པ་སྟེ། དེ་ཉིད་ཀྱི་བཀོད་པ་ནི་ཐ་དད་པའི་བསྒོམ་པའི་ཚོགས་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་ལྟར་བཀའ་
སྩལ་ཏོ་ཞེས་སྔ་མ་དང་སྦྱར་རོ། །དེ་ནི་བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། །ཡང་ན་ནམ་མཁའི་དབྱིངས་ནི་གནས་གསུམ་སྟེ། སྤྱི་བོ་དང་ལྐོག་མ་དང་སྙིང་ག་རྣམས་སོ། །དེའི་དབུས་སུ་གནས་པའི་སངས་རྒྱས་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པའི་ས་
བོན་རྣམས་ཡི་གེ་ཨོཾ་ཨཱཿཧཱུཾ་བསྒོམས་ལ། རྡོ་རྗེ་མི་བསྐྱོད་ནི་ཡི་གེ་ཧཱུྃ་སྟེ། གཉི་ག་ཞུགས་པས་དེ་ཉིད་གཅིག་པུ་བསམ་ཞིང་། ཡི་གེ་ཧཱུྃ་དེ་ཉིད་ཀྱི་ལག་པ་ནི་ཆ་གསུམ་སྟེ། མགོ་བོ་དང་མགོ་བོ་མེད་པ་དང་དབྱངས་རྣམས་སོ། །དེ་རྣམས་རྡོ་རྗེ་ནི་ཐིག་ལེ་བསྒོམ་པར་བྱའོ། །
ཇི་ལྟ་བུ་ཞེ་ན། འོད་འཕྲོ་ནི་འོད་ཟེར་རྣམས་ཀྱིས་ཁྱབ་པའོ། །འབར་བ་ནི་སྐར་མ་དང་འདྲ་བའོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར། འོད་ཟེར་སྣ་ལྔས་རབ་ཏུ་གང་བའོ། །དེ་ལྟ་བུ་བསྒོམས་ནས་དུས་གསུམ་པའི་སངས་རྒྱས་ནི་ནམ་མཁའ་ལ་
བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བཀུག་ལ། རྡོ་རྗེ་ནི་ཐིག་ལེ་དེ་ཉིད་ཀྱིས་ཕྱེ་མར་བརླག་པ་ནི་གཅིག་ཏུ་བྱའོ། །གཞན་ཡང་སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ཅེས་པ་ནི་བདག་ཉིད་ཀྱི་ལུས་ལ་སོགས་པ་ཡང་། རྡོ་རྗེ་ནི་ཐིག་ལེས་ཕྱེ་མར་བརླག་པ་ནི་དེ་ཉིད་དུ་ཐིམ་

པ་རོ་གཅིག་པར་བྱའོ། །མཆོག་དེ་ནི་ཕྲ་མོའི་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་བསམ་གཏན་བསྒོམས་ན། ཐུགས་ནི་སེམས་ཀྱི་སྤྲོས་པའི་རྣམ་པར་རྟོག་པ། དག་པ་ཐོབ་པར་གྱུར་པ་ནི་སྤྱད་པར་གྱུར་ཏོ། །རྡོ་རྗེ་གསང་བ་འདི་ལྟ་བུས་ཞེས་པ་ནི་ཡུངས་ཀར་གྱི་འབྲུའི་ཚད་
ཙམ་གྱི་ཐིག་ལེ་འདིས་བསྒོམ་པའོ། །སེམས་ཅན་ཐམས་ཅད་ནི་ཨཱ་ལི་དང་ཀཱ་ལི་ལས་འབྱུང་བའི་རྣམ་པར་རྟོག་པ་ཐམས་ཅད་ལས། བསད་པ་ནི་རྒྱལ་བར་འགྱུར་རོ། །མི་བསྐྱོད་པའི་ཞིང་ནི་སྙིང་གའོ། །རྒྱལ་བའི་སྲས་རྣལ་འབྱོར་པ་རྣམས་ཏེ། སྐྱེ་བར་གྱུར་
པ་ནི་བརྟན་པར་འགྱུར་རོ། །ཞེ་སྡང་གི་རིགས་ཀྱི་དམ་ཚིག་ནི་ཡི་གེ་ཧཱུྃ་ངོ་། །དེ་ཉིད་ཀྱི་ཁོ་ན་ཉིད་ནི་ཐིག་ལེ་ཙམ་བསྒོམ་པའོ། །དེ་ཡང་དོན་ཇི་ལྟ་བ་བཞིན་དུ་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ལྷ་མོ་བཞིས་ཡེ་ཤེས་ཞུས་པ་ལས་ཀྱང་ཇི་སྐད་དུ། ཆ་གཉིས་པ་དང་
ཞེས་པ་ལ་སོགས་པ་གསུངས་སོ། །རབ་ཏུ་བྱེད་པ་ལས་ཀྱང་། དང་པོ་གཅིག་དང་བར་དུ་དགུ། །ཞེས་བྱ་བ་ནས། ངོ་བོ་དང་ངོ་བོ་ལས་སྐྱེས་པའི་བར་འབྱུང་ངོ་། །དེ་བཞིན་དུ། དོན་རྟོགས་པ་ཡི་བཟླས་པ་ཡིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་
འབྱུང་ངོ་། །དེ་ནི་རྡོ་རྗེའི་བཟླས་པའི་རིམ་པའོ། །ནམ་མཁའི་དབྱིངས་ནི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའོ། །དེའི་དབུས་སུ་གནས་པ་འཁོར་ལོ་ནི་ཟླ་བ་དང་། དཀྱིལ་འཁོར་ནི་ཉི་མ་དང་། རྣམ་པར་སྣང་མཛད་ནི་རྗེས་སུ་འཇུག་པའི་དབྱངས་དང་། སངས་
རྒྱས་ཐམས་ཅད་ནི་ཚེག་དྲག་བསྒོམས་ཏེ། རིན་ཆེན་ཀུན་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་སྦྱོར་བ་ནི་སྣང་བ་ལ་སོགས་པའི་རིམ་པས་རྡོ་རྗེ་གཟུགས་ནི་འོད་གསལ་བ་སྟེ། རབ་ཏུ་བརྟགས་པ་ནི་བསྒོམ་པར་བྱའོ། །ནོར་རྣམས་ཐམས་ཅད་ནི་རང་བཞིན་བརྒྱ་དྲུག་ཅུའོ། །
རྡོ་རྗེ་གསུམ་ནི་ཐབས་དང་ཤེས་རབ་དང་མ་རིག་པའི་ངོ་བོས་བསྒོམ་པ་ནི་འོད་གསལ་བ་དེ་ཉིད་ལ་ཞུགས་པར་བྱའོ། །དེ་ལྟར་བྱས་ནས་ཡིད་བཞིན་ནོར་བུ་དང་འདྲ་བར་ནི་རེ་བ་ཐམས་ཅད་རྫོགས་པར་བྱེད་པའི་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་རོ། །ནོར་ནི་ས་བཅུ་དང་། ཕ་རོལ་ཏུ་

ཕྱིན་པ་རྣམས་སོ། །དེ་དག་གིས་གང་བ་ནི་དེ་རྣམས་རྫོགས་པར་འགྱུར་རོ། །ཇི་སྐད་དུ། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་ནི་མཐོང་བ་ཡིས། །བཅུ་པ་ལ་ནི་རབ་ཏུ་གནས། །ཞེས་འབྱུང་ངོ་། །སངས་
རྒྱས་ཀུན་ནི་དེ་བཞིན་གཤེགས་པ་ལྔའི་ནང་ན། སྲས་ནི་ཐུགས་ལས་སྐྱེས་པ་སྟེ་བྱ་བ་ཐམས་ཅད་བྱེད་པས་སོ། །དེ་ཉིད་ཀྱི་ཕྱིར་ཐུབ་པའི་སྐྱེས་བུ་ནི་ཇི་སྲིད་རྡོ་རྗེ་འཆང་ཆེན་པོ་ཡིན་ནོ། །གཏི་མུག་གི་རིགས་ནི་དེའི་རང་བཞིན་གྱི་རྣམ་པར་ཤེས་པ་གསུམ་དང་། རིགས་ཀྱི་རྒྱ་མཚོ་ནི་རང་
བཞིན་གྱི་ཚོགས་ཏེ། དེ་རྣམས་ཀྱི་དམ་ཚིག་ནི་མི་སྣང་བར་བྱེད་པའི་མཚན་ཉིད་ཅན་གྱི་བསྒོམ་པའི་ཁྱད་པར་ཤེས་པར་བྱ་བ་ནི་བསྒོམ་པར་བྱ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །ནམ་མཁའི་དབྱིངས་ནི་སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བ་སྟེ། དེའི་
དབུས་སུ་གནས་པ་ནི་དེ་ཉིད་ལས་ཅིག་ཅར་དུ་ལྡང་བ་སྟེ། པདྨ་བཞིན་དུ་མི་གོས་པའི་དཀྱིལ་འཁོར་ནི་པདྨའི་དཀྱིལ་འཁོར་སྟེ། རྡོ་རྗེ་འཆང་ཆེན་པོའི་སྐུའོ། །ཇི་ལྟ་བུ་ཞེ་ན། འཁོར་བའི་བར་དུ་སེམས་ཅན་གྱི་དོན་མཛད་པའི་ཕྱིར། དཔག་མེད་ཚེ་ནི་ཡུན་རིང་
བཞུགས་པའོ། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་གང་བ་ནི། །དེ་བཞིན་གཤེགས་པ་ཀུན་གྱི་རང་བཞིན་ནོ། །བུད་མེད་ནི་སྒྱུ་མ་སྟེ། དེ་དང་འདྲ་བའི་སྦྱོར་བ་ལ་ནི་དེའི་རང་བཞིན་གྱི་སྐུའོ། །ཐམས་ཅད་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་སྐུ་དེ་ཉིད་དུ་བསྒོམ་པར་བྱའོ། །དམ་ཚིག་
བཞི་ནི་ཕྱག་རྒྱ་བཞི་སྟེ། སྐུ་ནི་ཕྱག་རྒྱ་ཆེན་པོ་དང་གསུང་ནི་དམ་ཚིག་གི་ཕྱག་རྒྱ་དང་། ཐུགས་ནི་ལས་ཀྱི་ཕྱག་རྒྱ་དང་། ལྷ་མོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །སྦྱོར་བ་དེ་ཉིད་ཀྱིས་རྡོ་རྗེ་ཚུལ་ནི་མི་ཕྱེད་པའི་ཏིང་ངེ་འཛིན། མཆོག་ནི་དམ་པར་བསྒོམ་པར་བྱའོ། །དབང་པོ་གཉིས་ནི་ཀུན་རྫོབ་
དང་དོན་དམ་པ་སྟེ། བདེན་པ་གཉིས་སོ། །རབ་ཏུ་སྦྱོར་བ་ནི་དེ་དག་སྒྱུ་མ་ལྟ་བུར་སྣང་བའོ། །དེ་ཉིད་ཀྱིས་དེ་དག་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་ཉེ་བར་སྤྱད་པ་ནི་བལྟ་བར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བའི་

ལྷ། །གཟུགས་དང་དེ་བཞིན་ཚོར་བ་དང་། །འདུ་ཤེས་དེ་བཞིན་འདུ་བྱེད་དང་། །རྣམ་པར་ཤེས་པ་ལྔ་པོ་དང་། །དེ་བཞིན་ཁམས་ནི་བཞི་པོ་དང་། །དབང་པོ་དེ་བཞིན་ཡུལ་རྣམས་དང་། །ཡེ་ཤེས་ལྔ་ནི་དེ་བཞིན་དུ། །ཕྱི་དང་ནང་གི་ཐ་དད་པ། །ཐམས་ཅད་སྒྱུ་མ་གཞན་དུ་
མིན། །མེ་ལོང་ལ་ནི་གཟུགས་བརྙན་བཞིན། །སྒྱུ་མའི་སྐུ་ནི་མཚོན་པར་བྱ། །མདོག་ནི་འཇའ་ཚོན་དང་འདྲ་བ། །ཁྱབ་པ་ཉིད་ཀྱི་ཆུ་ཟླ་བཞིན། །དྲི་མེད་གསལ་བ་མེ་ལོང་ལ། །གཟུགས་བརྙན་རབ་ཏུ་སྣང་བ་སྟེ། །དངོས་དང་དངོས་མིན་དང་བྲལ་བ། །རྡོ་རྗེ་སེམས་
དཔའ་ལེགས་བྲིས་པ། །རྣམ་པ་ཐམས་ཅད་མཆོག་དང་ལྡན། །མཆོག་ནི་མི་ཤེས་སྐུ་མངའ་བ། །སློབ་མ་བཟང་ལ་གང་བསྟན་པ། །དེ་ནི་བདག་བྱིན་བརླབ་པར་བཤད། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །ཞེས་བྱ་བ་ནི། རྫོགས་པའི་རིམ་པའི་
རྣལ་འབྱོར་པ་རྣམས་ཀྱི། མི་ཕྱེད་སྐུ་གསུམ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །བསྒོམ་པ་ནི་ལྡང་བའོ་ཞེས་ཚིག་གི་ལྷག་མའོ། །འདོད་ཆགས་ནི་སྙིང་རྗེ་སྟེ་དེ་ཉིད་ཀྱི་རིགས་ནི་སེམས་ཅན་དང་ཆོས་དང་དམིགས་པ་མེད་པའི་དབྱེ་བ་རྣམས་སོ། །སྙིང་རྗེ་དེ་ལྟ་བུ་རྣམ་པ་གསུམ་གྱིས་གང་
ཞིག་དམ་ཚིག་ནི་སྒྱུ་མ་ལྟ་བུའི་སྐུ་བླང་བ་སྟེ། དེ་ཉིད་རྣལ་འབྱོར་པས་བསྒོམ་པར་བྱ་སྟེ། བདག་ལ་བྱིན་གྱིས་བརླབ་པའོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་འོད་གསལ་བའོ། །དེའི་དབུས་སུ་གནས་པའི་སངས་རྒྱས་ནི། འདོད་
ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་རྣམས་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་དེ་དག་གསུམ་པོ་བསྒོམ་པར་བྱ་བ་ནི་བཞུགས་པར་བྱའོ། །རྡོ་རྗེ་ཐོགས་མེད་ནི་བཞི་པ་སྟེ་ལྷན་ཅིག་སྐྱེས་པ་བསྒོམས་ལ། སངས་རྒྱས་ཐམས་ཅད་ནི་སྨིག་རྒྱུ་ལ་སོགས་པའི་
མཚན་མ་ལྔ་བསྒོམ་པར་བྱ་བ་ནི་མཚོན་པར་བྱ་བའོ། །དེའི་རྗེས་ལ་ཐམས་ཅད་གཟུགས་ནི་འདོད་ཆགས་ལ་སོགས་པའི་མིང་དུ་བྱས་ལ་དུས་མཚམས་དང་མཚན་མོ་དང་ཉིན་མོ་རྣམས་ཏེ། དེ་དག་རྡོ་རྗེ་ཚིག་གི་བརྫུན་སྨྲ་བ་ནི་བདེན་པ་མ་ཡིན་པའི་འདུ་ཤེས་ཀྱིས་སྟོང་པ་ཉིད་དུ་བསྒོམ་པར་

བྱའོ། །དེ་ལྟར་བྱས་ནས་རྒྱལ་བ་ནི་ཕུང་པོ་རྣམས་དང་། རྒྱལ་བའི་གནས་ནི་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་དག་བསླུ་བར་བྱ་བ་ནི་འོད་གསལ་བ་ལ་ཞུགས་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་
སྐད་ཅིག་མ་རྣམས་ཀྱི་གསུང་ནི་མན་ངག་གིས་ཐོབ་པའི་ནམ་མཁའ་ནི་བཞི་པའོ། །ཇི་ལྟ་བུ་ཞེ་ན། དྲི་མ་མེད་པ་ཞེས་པ་ནི་རང་བཞིན་གྱིས་དག་པའོ། །དེ་བཞིན་དུ་སྔགས་ནི་རྣལ་འབྱོར་པ་རྣམས་ཏེ། དེ་རྣམས་ཀྱི་དངོས་གྲུབ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་སྟེ། དེ་སྟེར་བས་ན་
སྔགས་ཀྱི་དངོས་གྲུབ་ཐོབ་པའོ། །ཡེ་ཤེས་བློ་ཅན་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །གསང་བ་ནི་དེ་དག་ལ་སྦ་བར་བྱ་བའོ། །དམ་ཚིག་ནི་ཕུང་པོ་ལ་སོགས་པ་ལ་འགུགས་པ་ལ། རིགས་ནི་ཕུལ་དུ་བྱུང་བ་སྟེ། རིལ་པོར་འཛིན་པའི་ཏིང་ངེ་འཛིན་ནོ། །དམ་ཚིག་
གི་དེ་ཁོ་ན་ཉིད་ནི་རྗེས་སུ་འཇིག་པའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་དེ་དག་གི་སྤྲོ་བ་ནི་རིལ་པོ་འདི་བསྒོམ་པར་བྱའོ། །དོན་ཇི་བཞིན་དུ་ནི་གལ་ཏེ་འདོད་ཆགས་ལ་སོགས་པའི་རིམ་པས་བསྟན་པར་མ་གྱུར་ན་དེའི་ཚེ་ཏིང་ངེ་འཛིན་གཉིས་པོས་བསྟན་པར་བྱ་སྟེ། མངོན་པར་བྱང་ཆུབ་པའི་རིམ་
པའོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་མངོན་པར་བྱང་ཆུབ་པའི་རིམ་པས་ཐོབ་པའི་ཐམས་ཅད་སྟོང་པ་ཉིད་ཀྱི་གོ་འཕང་ངོ་། །དེའི་དབུས་སུ་གནས་པ་དམ་ཚིག་གི་དཀྱིལ་འཁོར་ནི་དེ་ལས་ལྡང་བའི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱའོ། །
ཇི་ལྟ་བུ་ཞེ་ན། དཀོན་མཆོག་ནི་ཀུན་རྫོབ་དང་དོན་དམ་པ་སྟེ། དེ་དག་གི་དཔལ་ནི་གཉིས་སུ་མེད་པར་བྱེད་པའི་རྟགས་སོ། །སངས་རྒྱས་ཐམས་ཅད་ནི་སྤྲོ་བ་དང་བསྡུ་བ་བསྒོམ་པར་བྱའོ། །རྩུབ་པའི་ངག་ནི་ཁྲོས་པའི་ཚིག་རྣམས་དང་། སོགས་པའི་སྒྲས་ནི་སྙན་པའི་ཚིག་རྣམས་ཏེ། དེ་དག་
བརྟེན་པ་ནི་དབྱེར་མེད་པས་བལྟ་བར་བྱའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ལ། རྙེད་པ་དང་མི་རྙེད་པ་ལ་སོགས་པའི་ཆོས་རྣམས་དང་། བྲམ་ཟེ་ལ་སོགས་པའི་རིགས་དང་། གཙང་བ་དང་མི་གཙང་བ་ལ་སོགས་པའི་རྫས་རྣམས་མཉམ་པར་བལྟས་ནས། ཡེ་ཤེས་ནི་མི་

གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་ནི་རྙེད་པར་འགྱུར་བ་སྟེ་ཟུང་འཇུག་གི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིམ་པ་ལྔས་ཐོབ་པའི་བྱང་ཆུབ་བོ། །དེ་ཉིད་མི་སློབ་པའི་ཕྱིར་རྡོ་རྗེ་སྟེ། དེ་ཉིད་དགོད་པ་ནི་རིམ་གྱིས་བསྒོམ་པ་གང་ལས་བྱུང་བ་དེ་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཀོད་པ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སྔ་མ་དང་འབྲེལ་ཏོ། །རབ་ཏུ་བྱེད་པ་ལས་ཀྱང་། ཟུང་འཇུག་ཏིང་འཛིན་ལ་གནས་པར། །སླར་ཡང་ཅུང་ཟད་མི་སློབ་པ། །འདི་ནི་རྫོགས་པའི་རྣལ་འབྱོར་
གྲགས། །དེ་ཡང་རྡོར་འཆང་ཆེན་པོ་ཉིད། །རྣམ་པ་ཐམས་ཅད་མཆོག་དང་ལྡན། །ཐམས་ཅད་མཁྱེན་པ་དེ་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དམ་ཚིག་ལྔ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅི་སྨྲ་བ་དེ་ཉིད་བཤད་པར་བྱ་བའི་ཕྱིར།
དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལས་བྱུང་བའི་དམ་ཚིག་རྡོ་རྗེའི་དཔལ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །དེ་དང་པོ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་དང་
ལྡན་པའོ། །དེ་རྣམས་སྲོག་གཅོད་པ་ལ་སོགས་པའི་སྒྲ་ཐོས་ནས་ངོ་མཚར་དུ་གྱུར་པའོ། །དེ་བྱས་ན་ཡང་བྱང་ཆུབ་ཐོབ་སྟེ་རྨད་དུ་གྱུར་པའོ། །འདི་ནི་ངག་གི་ལམ་གྱིས་རྡོ་རྗེའི་ཚིག་ནི་ཁྲོས་པ་གཙོ་བོར་གྱུར་པའི་ཚིག་སྟེ། མ་རྟོགས་པས་བྱས་པའི་ཀུ་ཅོ་སྨྲས་སོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་རྡོ་རྗེ་སེམས་དཔའ་རྡོ་རྗེའི་ཚིག་འདི་ཅིའི་སླད་དུ་གསུང་བ་ནི་བསྟན་པར་མི་རིགས་སོ་ཞེས་པ་དང་སྦྱར་རོ། །རྡོ་རྗེའི་ཚིག་ཇི་ལྟ་བུ་ཞེ་ན། འཇིག་རྟེན་ཐམས་ཅད་ནི་ཉན་ཐོས་པ་ལ་སོགས་པ་ནས་བྱ་བའི་རྒྱུད་ལ་སོགས་པའི་ཚུལ་ལ་ཞུགས་པ་སྟེ།
དེ་ལས་འདས་པ་ནི་དེ་རྣམས་ཀྱིས་སྤངས་པའོ། །དེ་བཞིན་དུ་ཁམས་གསུམ་ནི་སྐུ་གསུམ་གྱི་ངོ་བོ་བཅོམ་ལྡན་འདས་ཀྱིས་ཀྱང་སྤངས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ནི་ས་བོན་ཐོབ་པའི་འཁོར་གྱི་ནང་དུ་ངོ་མཚར་བ་ནི་སྔར་མ་ཐོས་པའི་

ཚིག་གི་ལམ་ནི་ཉིད་ཀྱི་ཞལ་གྱིས་གསུང་བ་དེ་ནི་མི་རིགས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་རྟོགས་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་བཞིན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་གཅོད་པ་དེ་བཞིན་དུ་བཤད་པར་བྱ་བའི་
ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་
བཀའ་སྩོལ་ཏེ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ་རིགས་ཀྱི་ནི་རྡོ་རྗེའི་རིགས་ལ་སོགས་པ་སྟེ། དེ་ལ་བུ་ནི་དེའི་རིགས་དང་ལྡན་པའོ། །དམན་པའི་འདུ་ཤེས་ནི་ཉན་ཐོས་ཀྱི་ཐེག་པ་པ་བཞིན་དུ་ཆུང་བའི་ཡིད་དང་སྨད་པའི་འདུ་ཤེས་ནི་མི་སྡུག་པ་བསྒོམ་པ་བཞིན་དུ་སྨོད་པའི་འདུ་ཤེས་
མ་བསྐྱེད་ཅིག་ཅེས་པ་ནི་སྐྱེད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལ་སོགས་པའི་རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱ་ཆེ་བ་རྣམས་ཀྱིས་མཚན་ཉིད་ཀྱི་སྤྱོད་པ་གང་ཡིན་པ་དེ་ཉིད་ནི། རེ་ཞིག་ཉན་ཐོས་ལ་སོགས་པ་ལ་ལྟོས་ནས་སྤྱོད་པ་མཆོག་གོ། །དེའི་
རྗེས་ལ་དེ་བཞིན་གཤེགས་པ་ནི་དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱི་གང་ཞིག་སྤྱོད་པ་ནི་སྤྲོས་པ་ལ་སོགས་པའི་དབྱེ་བ་རྣམ་པ་གསུམ་སྟེ། དེ་ཉིད་སྔགས་ཀྱི་ཚུལ་ལ་དེ་ཉིད་སྤྱོད་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་དེ་བཞིན་གཤེགས་པའི་སྤྱོད་པ་
སྟེ། སྤྱོད་པ་གཉིས་ཁོ་ན་སྔགས་ཀྱི་སྤྱོད་པ་བསྟན་ཏོ། །ཉན་ཐོས་པ་ལ་སོགས་པའི་སྤྱོད་པ་དེས་ནི། སྔགས་ཀྱི་སྤྱོད་པ་མ་ཡིན་ནོ་ཞེས་ཚིག་གི་དོན་ཏོ། །དེ་ནི་འདི་བཤད་པ་ཡིན་ཏེ། ཁྱེད་རྣམས་ནི་བྱང་ཆུབ་སེམས་དཔའ་སྟེ་ས་བཅུའི་དབང་ཕྱུག་གོ། །དེ་བས་ན་ཁྱེད་
རྣམས་ཀྱི་རིགས་ནི་སྤྱོད་པས་ཤེས་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་རིགས་དང་ལྡན་པའི་ཕྱིར་ཁྱེད་རྣམས་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དགོངས་པ་ཡིན་ནོ། །ལང་ཀར་གཤེགས་པ་ལས་ཀྱང་། དུ་བ་ལ་ནི་མེར་ཤེས་དང་། །ཆུ་སྐྱར་ལས་

ནི་ཆུར་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་པའི། །མཚན་མ་རྣམས་ནི་རིགས་ཞེས་འགྱུར། །ཞེས་འབྱུང་བ་སྟེ་སྒྲུབ་པའོ། །དེ་བས་ན་སྔགས་ཀྱི་སྤྱོད་པ་ཞེས་བྱ་བ་གལ་ཏེ་འགལ་བའི་ཚིག་གི་སྒོ་ནས་བསྟན་ན་དེ་ཙམ་གྱིས་དམན་པ་དང་། སྨོད་པའི་འདུ་ཤེས་སྐྱེ་
བ་ནི་མི་རིགས་སོ། །དེ་བཞིན་གཤེགས་པ་རྣམས་ནི་ཟུར་གྱི་ཚིག་གིས་སྔགས་ཀྱི་སྤྱོད་པ་བསྟན་གྱི། རབ་ཏུ་གྲགས་པའི་སྒྲའི་སྒོ་ནས་ནི་མ་ཡིན་ནོ། །དཔེར་ན། ཕ་དང་མ་ནི་བསད་པ་དང་། །རྒྱལ་པོ་དང་ནི་གཙང་སྦྲ་གཉིས། །ཡུལ་འཁོར་བཅས་པ་བསད་ན་ནི། །མི་དེ་
དག་པར་འགྱུར་ཞེས་བཤད། །ཅེས་འབྱུང་ངོ་། །འོ་ན་རྣལ་མོའི་དོན་སྤངས་ནས་གཙོ་བོ་མ་ཡིན་པ་དོན་ཅིའི་ཕྱིར་བརྟེན་པར་བྱ་ཞེ་ན། སྨྲས་པ་དགོས་པའི་དབང་གིས་ནི། དེ་ལ་མཚོན་པར་བྱེད་པའི་སྒྲ་ནི་རྣམ་པ་གསུམ་སྟེ། གཙོ་བོའི་དོན་འགལ་བ་དང་རྒྱུ་དང་མཚན་དང་
དགོས་པའོ། །དཔེར་ན་མིའི་སེང་གེ་བཞིན་ནོ། །སེན་མོ་ལ་སོགས་པ་དང་ལྡན་པ་ལ་མི་མི་འཇུག་ན་ཡང་དེའི་ངོ་བོ་གཞི་མཐུན་པས་བརྗོད་དེ། གཙོ་བོ་མི་དེ་དང་འགལ་བའོ། །དཔའ་བོ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་གྱིས་དེའི་ངོ་བོ་ཡིན་ནོ་ཞེས་རྒྱུ་མཚན་ནོ། །དེའི་གཟུགས་
སེང་གེ་བཞིན་དུ་མཐོང་ནས་གཞན་རྣམས་འཇིགས་པར་འགྱུར་རོ་ཞེས་དགོས་པའོ། །དེ་ལྟར་མཚོན་པར་བྱེད་པའི་སྒྲ་རྣམས་ནི་རྣམ་པར་གནས་སོ། །འདིར་སྲེད་པ་ལ་སོགས་པ་ཉོན་མོངས་པ་གང་ཡིན་པ་དེ་རྣམས་མ་མ་ལ་སོགས་པའི་སྒྲ་རྣམས་ཀྱིས་བསྟན་ཏོ་ཞེས་གཙོ་བོའི་
དོན་དང་འགལ་བའོ། །མ་ལ་སོགས་པ་བཅིངས་པར་བྱེད་པས་ན་དེའི་ངོ་བོ་ཡིན་ནོ་ཞེས་རྒྱུ་མཚན་ནོ། །ཉན་ཐོས་པ་ལ་སོགས་པའི་རིགས་ཀྱིས་དེའི་དོན་མ་རྟོགས་པ་དེ་དགོངས་པའོ། །དེ་བས་ན་མཚོན་བྱེད་ཀྱི་སྒྲའི་སྒོ་ནས་གལ་ཏེ། བཅོམ་ལྡན་འདས་ཀྱིས་གསང་བའི་
དོན་སྟོན་ན། དེའི་ཕྱིར་ཁྱེད་རྣམས་ངན་པར་གསུངས་པའོ་ཞེས་རྟོགས་པ་ཡིན་ནོ། །ཀྱེ་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་ཉོན་ཅིག །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟ་སྟེ་ཞེས་པ་ནི་ཚིག་ཕྲད་ཀྱི་ཚོགས་སོ། །དཔེར་ན་

ཞེས་པས་ནི་དོན་བཤད་པ་ཡིན་ཏེ། རིགས་ཀྱི་བུ་ཞེས་པ་ནི་བོད་པའི་ཚིག་གོ། །ནམ་མཁའ་ནི་འབྱུང་བ་ཆེན་པོ་ལྔ་པ་སྟེ། ཐམས་ཅད་ནི་འགྲོ་བ་དང་མི་འགྲོ་བའི་བདག་ཉིད་ཀྱི་ཁམས་གསུམ་ལ་རྗེས་སུ་སོང་བ་ནི་ཁྱབ་ཅིང་གནས་པའོ། །ཆོས་ཐམས་ཅད་ཀྱང་
ཞེས་པ་ནི། བེམས་པོ་དང་བེམས་པོ་མ་ཡིན་པའི་དངོས་པོ་དེ་རྣམས་ནམ་མཁའི་ཁོངས་སུ་གཏོགས་པ་ནི་ནམ་མཁའ་དེ་ཉིད་ལ་བརྟེན་ཏེ་གནས་པ་ཡིན་ནོ། །དེ་ལྟར་ན་ཆོས་ཐམས་ཅད་ནམ་མཁའ་དང་ལྷན་ཅིག་ཏུ་དེའི་བདག་ཉིད་ཀྱིས་འབྲེལ་པ་བསྟན་ཏོ། །ཆོས་དེ་རྣམས་དཔྱད་པ་
ཡིན་ན། འདོད་པའི་ཁམས་ནི་གནས་ཉི་ཤུའི་བདག་ཉིད་དེ། དེ་ལ་མི་གནས་པའོ། །གཟུགས་ཀྱི་ཁམས་ནི་རྣམ་པ་བཅུ་བདུན་ཏེ། དེ་ལ་ཡང་མི་གནས་པའོ། །གཟུགས་མེད་པའི་ཁམས་ནི་རྣམ་པ་བཞི་སྟེ། དེ་ལ་ཡང་མི་གནས་པ་སྟེ། ཆོས་ཐམས་ཅད་ནམ་མཁའི་རང་
བཞིན་ཡིན་པའི་ཕྱིར་དེ་ལས་སོ་སོར་མི་དམིགས་སོ། །གལ་ཏེ་དེ་རྣམས་སོ་སོར་དམིགས་པར་གྱུར་པ་ཡིན་ན་དེའི་ཚེ་ནམ་མཁའ་ཁྱབ་པར་བྱེད་པར་མ་གྱུར་པ་ཡིན་པ་དང་། མེད་པ་མི་འབྱུང་བ་ཡང་འཇིག་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འབྱུང་བ་ཆེན་པོ་བཞི་ནི་ས་ལ་སོགས་
པ་བཞི་པོ་ལ་ཡང་སོ་སོར་གནས་པར་མི་དམིགས་པ་སྟེ། དེའི་བདག་ཉིད་ཀྱི་འབྲེལ་པ་ཁོ་ནས་སོ། །དེའི་ཕྱིར་རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་ཡང་དེ་ལྟར་རྗེས་སུ་རིག་པར་བྱ་བ་ནི་ཤེས་པར་བྱའོ། །དཔེ་བསྟན་ནས་དཔེ་ལས་བྱུང་བ་བཤད་པར་བྱ་སྟེ། དོན་གྱི་དབང་
འདི་ནི་ནམ་མཁའ་གཉིས་སུ་མེད་པར་མཁྱེན་ནས་དཔེ་ཉིད་དུ་བླངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོས་སེམས་ཅན་རྣམས་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་གྱི་བསམ་པ་ནི་སྣ་ཚོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སེམས་མཁྱེན་ནས། ཆོས་
བསྟན་པར་མཛད་དེ། ནད་པ་ལ་ནད་དང་རྗེས་སུ་མཐུན་པའི་སྨན་སྨན་པས་སྦྱིན་པ་བཞིན་ནོ། །དེ་བས་ན་རིགས་ཀྱི་བུ་རྣམས་དེ་བཞིན་གཤེགས་པའི་དམ་ཚིག་ནི་ལྔ་སྟེ། གང་ཞིག་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་ཀྱི་ལམ་དུ་བསྟན་པ་སྟེ། དེ་རྣམས་ཀྱི་ནམ་མཁའི་ཚིག་

ངེས་པར་བརྗོད་པ་ནི་དངོས་པོ་མེད་པའི་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་དུ་ཤེས་པར་བྱའོ། །དཔེར་ན་དམ་ཚིག་ལྔའི་ལམ་གྱིས་བསྒྲུབ་བྱ་རྣམས་དང་། སྒྲུབ་པར་བྱེད་པ་གང་ཡིན་པ་དེ་དག་འོད་གསལ་བ་ལ་ཐིམ་པར་འགྱུར་རོ། །གང་ཞིག་དམ་ཚིག་ནི་བསྒོམ་པའི་ངོ་
བོ་དང་། གང་ཞིག་བསྒྲུབ་བྱ་ནི་བསྒོམ་པ་དང་། གང་ཞིག་སྒྲུབ་བྱེད་ནི་བསྒོམ་པ་པོ་སྟེ། དེ་དག་ཐམས་ཅད་འོད་གསལ་བ་དེའི་བདག་ཉིད་ཀྱིས་གནས་པར་གྱུར་ཏེ། དངོས་པོ་མེད་པོའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་གསད་བྱ་དང་། གསོད་པར་བྱེད་པ་དང་། འཕྲོག་བྱ་དང་། འཕྲོག་
བྱེད་དང་། འདོད་བྱ་དང་འདོད་པར་བྱེད་པ་ལ་སོགས་པའི་བྱ་བ་རྣམས་མི་དམིགས་པའི་ཕྱིར་ཏེ། སྒྱུ་མའི་རྣམ་པ་བཞིན་དུ་དངོས་པོ་ཐམས་ཅད་མཐོང་བས་སོ། །བཅོམ་ལྡན་འདས་མ་ལས་ཀྱང་། ཇི་ལྟར་སྤྲུལ་པས་སྤྲུལ་པ་ཡི། །གྲོང་ཁྱེར་མཐོང་བར་གྱུར་པ་སྟེ། །ལས་
ཀྱི་སྤྲུལ་པའི་འགྲོ་བ་ཡིས། །གཟུགས་རྣམས་དེ་ལྟར་མཐོང་བ་ཡིན། །ཞེས་གསུངས་སོ། །གཞན་ལས་ཀྱང་། དྲག་པོ་ཉེར་འགྲོ་རིག་པ་ནི། །སྐད་ཅིག་ཉིད་ལའང་མི་འདོད་ན། །གསད་བྱ་མེད་ཅིང་གསོད་བྱེད་མེད། །ཚུལ་འདི་ལ་ནི་སྨོས་ཅི་དགོས། །ཞེས་བྱ་བ་ལ་སོགས་པ་འབྱུང་
ངོ་། །དེའི་བདག་ཉིད་ཀྱི་འབྲེལ་པ་བསྟན་ནས། དེ་ལས་བྱུང་བའི་འབྲེལ་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙུབ་སྟན་ནི་འོག་མའི་ཤིང་ངོ་། །གཙུབ་ཤིང་ནི་སྟེང་གི་ཤིང་ངོ་། །མིའི་
ལག་པ་བསྐྱོད་པས་ནི་མེ་སྐྱེད་པར་བྱེད་པའི་ཐབས་ཏེ། དེ་དག་གསུམ་པོ་ལ་བརྟེན་ཏེ། མེ་འབྱུང་བར་འགྱུར་རོ། །མེ་དེ་ཉིད་དཔྱད་ན་གང་ལས་ཀྱང་དེ་མ་བསྐྱེད་པར་བལྟ་བ་ཡིན་ཏེ། དཔེར་ན་མེ་དེ་ཉིད་གཙུབ་སྟན་ལ་མི་གནས་པ་ནི་གཙུབ་ཤིང་མེད་པ་ན་དེ་ལས་མི་འབྱུང་བའི་ཕྱིར་རོ། །
གཙུབ་ཤིང་ལ་ཡང་མི་གནས་པ་ནི་གཙུབ་སྟན་མེད་ན་དེ་མེད་པའི་ཕྱིར་རོ། །དེ་ཉིད་མེད་ན་མིའི་ལག་པ་བསྐྱོད་པས་བསྐྱེད་པར་མི་འགྱུར་ཏེ། དེ་ལ་ཡང་མི་གནས་པའོ། །འོན་ཀྱང་ཚོགས་པ་ལ་བརྟེན་ནས་མེ་སྐྱེད་པར་འགྱུར་ཏེ། གཅིག་ནི་གང་ཡང་རུང་བ་སྐྱེད་པར་བྱེད་པ་མ་ཡིན་ཏེ།

ཚོགས་པ་ནི་སྐྱེད་བྱེད་ཡིན་ནོ། །དེའི་ཕྱིར་གང་ཞིག་འདི་ཚོགས་པས་སྐྱེད་པ་དེ་ནི་འབྱུང་བ་མ་ཡིན་ཏེ་ཕན་ཚུན་དུ་ལྟོས་པའི་ཕྱིར་རོ། །ཇི་སྐད་དུ། དེ་དེ་རྟེན་ལས་གང་བྱུང་བ། །དེ་ནི་ངོ་ཉིད་མ་སྐྱེས་པ། །གང་ཞིག་ངོ་ཉིད་ཀྱིས་མ་བྱུང་། །དེ་ནི་བྱུང་བ་ཇི་
ལྟར་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དཔེ་ལས་མ་བྱུང་བ་བཤད་པར་བྱ་སྟེ། དེ་བཞིན་དུ་རིགས་ཀྱི་བུ་ཞེས་པ་ནི་བོད་པའི་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ལྔ་སྟེ། དེ་རྣམས་དེ་བཞིན་དུ་ཤེས་པར་བྱའོ། །དཔེར་ན་བསྒྲུབ་བྱ་དང་། སྒྲུབ་བྱེད་
དང་། སྒྲུབ་པ་རྣམས་མི་དམིགས་པའི་ཚུལ་གྱིས་བྱ་བར་གྱུར་པ་གང་ཡིན་པ་ཐམས་ཅད་དེ་ནི་འོད་གསལ་བའི་གོ་འཕང་ཐོབ་པར་བྱེད་པ་ཡིན་ཏེ། འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་བཞིན་ནོ། །འགྲོ་བ་དང་འོང་བ་ལ་སོགས་པ་ཡང་དེ་བཞིན་
དུ་ཤེས་པར་བྱ་སྟེ། འགྲོ་བ་ནི་ཆོས་ཐམས་ཅད་འོད་གསལ་བ་ལ་ཞུགས་པ་དང་། འོང་བ་ནི་དེ་ཉིད་ལས་བྱུང་བའོ། །རབ་ཏུ་བྱེད་པ་ལས་ཀྱང་། ཇི་ལྟར་དངས་པའི་ཆུ་དག་ལས། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟ་བུ་དཔྱད་ཅིང་རྣལ་འབྱོར་པས་བཅིངས་པ་གྲོལ་
བ་དང་། བསོད་ནམས་དང་། སྡིག་པ་དང་། དེ་བཞིན་གཤེགས་པ་དང་སོ་སོའི་སྐྱེ་བོ་རྣམ་པར་གཞག་པ་ནི་རྟོགས་པར་མི་འགྱུར་ཏེ། སྤྲུལ་པ་བཞིན་དུ་དེས་ནི་ཆོས་ཐམས་ཅད་སྣང་བའི་ཕྱིར་རོ། །ཇི་སྐད་དུ། སྨིག་རྒྱུ་རྨི་ལམ་སྒྱུ་མ་ཆུ་ཟླ་འདྲ་བའི་སྲིད་པ་གསུམ། །ཐ་མར་
འགག་ཕྱིར་ཡོད་མིན་བྱུང་ཕྱིར་གཞན་མིན་གཉིས་ཀ་མིན། །འབྱུང་དང་གནས་དང་འཇིག་འབྲེལ་དང་བྲལ་དངོས་དེ་དེ་ཕྱིར་བརྟག །རྟེན་མེད་པའི་བློའི་འཁོར་དང་ཐར་པ་ཅུང་ཟད་དབྱེ་བྱ་མེད། །ཅེས་འབྱུང་ངོ་། །འོན་ཀྱང་གློ་བུར་བའི་དྲི་མ་སྦྱང་བར་བྱ་བའི་ཕྱིར་རྩོལ་བ་དང་བླ་མ་དང་
སློབ་མའི་རིམ་པས་བཅོམ་ལྡན་འདས་ཀྱིས་རབ་ཏུ་བསྟན་ཏོ། །དམིགས་པ་མེད་པའི་བསྟོད་པ་ལས་ཀྱང་། ཇི་ལྟར་འོ་མ་དངས་པ་ཡིས། །མར་གྱི་སྙིང་པོ་མཐོང་མི་འགྱུར། །དེ་བཞིན་ཉོན་མོངས་དང་འདྲེས་པའི། །ཆོས་ཀྱི་དབྱིངས་ནི་མཐོང་མི་འགྱུར། །ཇི་བཞིན་འོ་མ་

སྦྱངས་པ་ལས། །མར་གྱི་རྫས་ནི་དྲི་མེད་འབྱུང་། དེ་བཞིན་ཉོན་མོངས་སྦྱངས་ནས་ནི། །ཆོས་ཀྱི་དབྱིངས་ནི་དྲི་མེད་འབྱུང་། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་བས་ན་རིགས་ཀྱི་བུ་རྣམས་སྔགས་ཀྱི་སྤྱོད་པ་དེ་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་ཚིག་གི་ལྷག་མའོ། །
རྫོགས་པའི་རིམ་པའོ། །དེ་བཞིན་གཤེགས་པའི་གསུང་འདས་མ་ཐག་ཏུ་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཅེས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་སྟེ། ངོ་མཚར་དུ་གྱུར་པ་ནི་དེའི་བདག་ཉིད་ཀྱི་འབྲེལ་པའི་དཔེ་ཉེ་བར་མཚོན་པའི་དངོས་པོ་མེད་པས་སོ། །
རྨད་དུ་བྱུང་བ་ནི་དེ་ལས་བྱུང་བའི་འབྲེལ་པའི་དཔེ་ཉེ་བར་མཚོན་པའི་དངོས་པོ་མེད་པས་སོ། །དེའི་དོན་ཐོས་ནས་ངོམས་ཤིང་ཚིམ་པ་སྟེ། དེ་ཉིད་བསམས་ནས་མིག་གདངས་ཏེ། དེ་ཉིད་བསྒོམས་པའི་སྟོབས་ཀྱིས་ཚིག་འདི་ནི་བསྒོམ་པར་བྱ་བ་ཡིན་ན་ཡང་། དགའ་བའི་དབང་གིས་
ཕྱི་རོལ་དུ་བྱུང་བའི་ཆོས་ཉིད་སྟོན་པར་བྱེད་པའི་ཚིག་སྨྲས་སོ་ཞེས་སྟོན་ཏོ། །རྨད་བྱུང་ཆེན་པོའི་ཆོས་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་འདིར་ཆོས་རྣམས་ནི་ཕུང་པོ་ལྔ་ལ་སོགས་པ་སྟེ། དེ་རྣམས་རྨད་བྱུང་ཆེན་པོ་ནི་སྐྱེ་བ་དང་འཇིག་པ་དང་གནས་
པའི་ཚུལ་གྱིས་གནས་པའོ། །དེ་རྣམས་དོན་དམ་པར་དཔྱད་ན། ནམ་མཁའ་དང་མཚུངས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ནོ། །མཚན་མ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའོ། །སྨོན་པ་མེད་པའི་ཕྱིར་དག་པ་སྟེ། དེ་ལྟ་བུའི་དངོས་པོ་རྣམས་ལ་འགྲོ་བའི་དོན་མཛད་
པའི་ཕྱིར་དང་། གློ་བུར་གྱི་དྲི་མ་དག་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་སྐྱེ་བ་ནི་ལྷའི་རྣམ་པ་རྫོགས་པ་དང་། དམ་ཚིག་དང་སྔགས་ཀྱི་རྣམ་པ་སྣ་ཚོགས་པ་ཉིད་དང་། སྤྲོས་པ་ནི་ཕུལ་དུ་བྱུང་བས་རིགས་ལ་སོགས་པའི་དབྱེ་བས་གདུལ་བར་དཀའ་བ་དང་། སེར་སྣ་
ཅན་དང་། འདོད་ཆགས་དང་ལྡན་པ་དང་། དམ་ཚིག་ཉམས་པའི་སེམས་ཅན་རྣམས་གསོད་པ་ལ་སོགས་པའི་ལས་དང་སྒོམ་པ་གསུངས་པ་དེ་ནི་ངོ་མཚར་བའོ། །བདག་ཅག་གི་དེ་ཁོ་ན་ཉིད་རྟོགས་པ་སྟེ། ཐེ་ཚོམ་དང་བྲལ་བའོ། །དྲིན་ནི་མཆོག་ཡིན་ནོ། །སྙིང་

རྗེ་ཆེན་པོ་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་འདུད་ཅེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་ཏེ། ཅི་ཡང་མ་གསུངས་སོ། །དེ་ནི་རྫོགས་པའི་རིམ་པ་དང་། བདག་ལ་བྱིན་གྱིས་རློབ་པ་དང་། སྒྲུབ་པ་རྣམས་སོ། །དོན་དམ་པ་ནི་
དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་དག་པའི་དེ་ཁོ་ན་ཉིད་ནི་རིགས་ཀྱི་དབྱེ་བས་སྲོག་གཅོད་པ་ལ་སོགས་པ་བྱེད་པ་རྣམས་ཕྱེ་མར་བརླག་པ་ལ་སོགས་པ་སྟེ། དེ་ཉིད་དེ་ཁོ་ན་ཉིད་ཀྱི་དོན་ནི་ངེས་པའི་དོན་གང་ཞིག་དམ་ཚིག་ནི་ཏིང་ངེ་འཛིན་ལྔའི་ལེའུ་གང་ལ་ཡོད་པ་དེ་
བསྟན་པར་བྱེད་པའི་གཞུང་གི་ཚོགས་ནི་དོན་དམ་པའི་དག་པའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུ་ཞེས་བྱའོ། །རྒྱུད་འགྲེལ་ལས་ལེའུ་དགུ་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་དགུ་པའི་ཚིགས་སུ་བཅད་པའི་གྲངས་ནི་ཉིས་བརྒྱ་དྲུག་ཅུའོ།། །།
དྲག་ཤུལ་གྱི་རྣལ་འབྱོར་གྱིས་ཀྱང་གང་གིས་དངོས་གྲུབ་མ་ཐོབ་ན་དེ་རྣམས་སྔགས་ལ་མོས་པ་དང་ལྡན་པས་སྙིང་པོ་བསྐུལ་བའི་ལམ་གྱིས་བྱང་ཆུབ་འགྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བའི་ལེའུ་བསྟན་པར་བྱ་
བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ཡང་འདུས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་གསོལ་བ་གདབ་པའི་ཚིག་སྨྲས་སོ་ཞེས་འབྲེལ་
པའོ། །ཉོན་མོངས་པའི་བདུད་ལ་སོགས་པ་འཇོམས་པར་མཛད་པས་ན། བཅོམ་ལྡན་འདས་སོ། །དེ་ཇི་ལྟ་བུ་ཞེ་ན། དམ་ཚིག་ཆེན་པོ་ནི་ཡི་གེ་ཨོཾ་ལ་སོགས་པའི་སྔགས་རྣམས་སོ། །རྡོ་རྗེ་ནི་དེ་རྣམས་ཀྱིས་དེ་བསྐུལ་བས་དེ་ཁོ་ན་ཉིད་མངོན་པར་རྫོགས་པའི་བྱང་
ཆུབ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་སྐུ་གསུང་ཐུགས་ཀྱི་སྙིང་པོ་འགུགས་པར་མཛད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ལས་ཀྱི་དབང་ཉིད་ཐོབ་པའོ། །དེ་ལྟ་བུའི་རྡོ་རྗེ་འཛིན་ལ་

ཕྱག་འཚལ་བ་ནི་དེ་དང་གཉིས་སུ་མེད་པའི་ངོ་བོར་ཞུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །དེ་ཉིད་སྔགས་སྙིང་ཀུན་བསྡུས་པ། །ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་བཅོམ་ལྡན་འདས་དེ་ཉིད་ནི་དོན་དམ་པ་བཤད་དུ་གསོལ། ཇི་ལྟ་བུ་ཞེ་ན། སྔགས་ནི་ཨཱ་ལི་དང་ཀཱ་ལིའི་
ངོ་བོ་ཡི་གེ་ཕྱི་མོ་དེ་ཉིད་ཀྱི་སྙིང་པོ་ནི་ཨཱ་ལ་སོགས་པ་བརྒྱད་དོ། །དེ་རྣམས་བསྡུས་པ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ། དེ་རྣམས་ཀྱང་བསྡུས་པ་ནི་བུད་མེད་ལ་སོགས་པའི་དབྱེ་བས་ཡི་གེ་གསུམ་མོ། །དེ་ཉིད་ཀྱི་ཕྱིར་སྐུ་གསུང་ཐུགས་ནི། དེ་བཞིན་གཤེགས་པ་གསུམ་
སྟེ། དེ་རྣམས་ཀྱིས་གསང་བར་བསྒྲགས་པ་ནི་གསང་བའི་སྙིང་པོའོ། །དེ་བཞིན་དུ་དངོས་གྲུབ་ཆེན་པོ་ནི་རྡོ་རྗེ་འཆང་གི་དངོས་གྲུབ་སྟེ། དེ་ཉིད་ཀྱི་ཚུལ་གྱི་མཆོག་ནི་ཕུལ་དུ་བྱུང་བའི་ལམ་ཡིན་ནོ་ཞེས་སྟོན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་རྣམས་
ཀྱིས་གསོལ་བ་བཏབ་མ་ཐག་ཏུ་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ་ཞེས་སྡུད་པ་པོས་བཤད་པར་བྱ་བའི་ཕྱིར་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་ཡི་གེ་གསུམ་འཛིན་པས་ན་རྡོ་རྗེ་འཛིན་ཏེ་བསྐྱེད་པའི་རིམ་པའོ། །རྡོ་རྗེ་ནི་སྔགས་ཀྱིས་བསྐུལ་བས་ནུས་པ་འགུགས་པ་
འཛིན་པ་མཛད་པ་སྟེ་རྡོ་རྗེ་འཛིན་ནོ། །དེ་ནི་ལས་རྒྱལ་བ་མཆོག་གོ། །རྡོ་རྗེ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་སྐུ་སྟེ། དེ་ཉིད་འཛིན་པ་ནི་སྐྱེད་པར་མཛད་པས་ན་རྡོ་རྗེ་འཛིན་ནོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པ་
འགུགས་པས་ནི་རྒྱལ་བའོ། །ཉོན་མོངས་ཀུན་ནི་དེའི་རྣམ་པར་དག་པའི་ངོ་བོ་དེ་བཞིན་གཤེགས་པ་རྣམས་ཏེ། དེ་ཉིད་རིགས་བརྒྱའི་དབྱེ་བ་མང་བའི་ཕྱིར་རྒྱ་མཚོ་སྟེ། དེ་རྣམས་ཀྱི་གཙོ་བོ་ནི་སྤྲོ་བ་དང་བསྡུ་བ་ལས་དབང་དང་ལྡན་པའོ། །འབར་བ་ནི་འབར་བའི་ངོ་བོ་ལྷ་མོ་རྣམས་
བསྐྱེད་པའི་ཕྱིར་རོ། །དྲག་པོ་ནི་ཁྲོ་བོ་རྣམས་ཏེ། དེ་བསྐྱེད་པའི་ཕྱིར་དྲག་པོའོ། །སྤྱན་ནི་ཡངས་པ་ལྔ་པོ་གང་ལ་ཡོད་པ་དེ་ནི་སྤྱན་ཡངས་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། ལུས་དང་ངག་དང་ཡིད་རྣམས་དང་། །ཞེས་བྱ་བ་ལ་

སོགས་པ། ལུས་ལ་སོགས་པ་གསུམ་པོ་གང་ཡང་ཡིན་པ་དེ་ཉིད་དེ་བཞིན་གཤེགས་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་ཉིད་སྐུ་གསུང་ཐུགས་ཀྱི་རང་བཞིན་དེ་བཞིན་གཤེགས་པར་བསྒོམ་པར་བྱའོ། །གཞན་ཡང་ལྷའི་རྣམ་པ་
བརྟན་པར་གྱུར་ན། རྣམ་པར་མི་རྟོག་པ་ནི་སྤྲོས་པ་མེད་པའི་སེམས་སོ། །མི་དམིགས་པ་ནི་དམིགས་པ་དང་བྲལ་བའི་ངག་གོ། །ཁམས་གསུམ་པ་མཉམ་པའི་ཕྱིར་མཉམ་པ་ཉིད་ཀྱི་ངོ་བོ་ནི་ལུས་སོ། །དེ་རྣམས་དེ་ལྟ་བུར་སྒོམ་པར་བྱ་སྟེ། བསྐྱེད་པ་དང་རྫོགས་
པའི་རིམ་པ་དག་གོ། །ཡང་ན་ལུས་ལ་སོགས་པ་ནི་ཐ་མལ་པའི་ཕྱིར་རྡོ་རྗེ་སྟེ་བསྟན་པའོ། །དེ་རྣམས་སྐུ་ལ་སོགས་པའི་སྟོང་པ་ཉིད་ཀྱིས་བསྒོམ་པ་ནི་བསམ་བྱའོ། །ཇི་ལྟར་ཞེ་ན། རྣམ་པར་མི་རྟོག་པ་ནི་སྟོང་པ་ཉིད་དོ། །མི་དམིགས་པ་ནི་མཚན་མ་མེད་པའོ། །
མཉམ་པ་ཉིད་ནི་སྨོན་པ་མེད་པའོ། དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་གྱིས། ལུས་ལ་སོགས་པ་བསྒོམ་པར་བྱ་བ་ནི་གང་དུ་ཡང་མི་གནས་ཞེས་སྒོམ་མོ། །དེ་ནི་དང་པོ་སྦྱོར་བའོ། །ཡང་ན་ལུས་ལ་སོགས་པ་ནི་དང་པོ་ཏིང་ངེ་འཛིན་གྱིས་སྟོང་པ་ཉིད་དུ་འགྱུར་བའི་
ཕྱིར་མི་ཕྱེད་པས་ན་རྡོ་རྗེའོ། །དེ་རྣམས་སྐུ་གསུང་ཐུགས་ཀྱི་ངོ་བོ་ཞལ་གསུམ་དང་ཕྱག་དྲུག་གི་རྣམ་པའི་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་ཏུ་དབྱེར་མེད་པར་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་ནི་དེ་བཞིན་གཤེགས་པ་རྣམས་དང་མི་དམིགས་པ་ནི་ལྷ་མོ་རྣམས་
དང་། མཉམ་པ་ཉིད་ཀྱི་ངོ་བོ་ནི་ཕྱོགས་བཅུ་ལ་མཉམ་པ་ཉིད་ཀྱིས་གནས་པའི་ཁྲོ་བོ་རྣམས་དང་ལྷན་ཅིག་ཏུ་བསྒོམས་ལ། གང་ན་ཡང་མི་གནས་པ་ནི་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཆོས་འབྱུང་གི་ཕྱག་རྒྱ་གཞིར་གྱུར་པའི་གཞལ་ཡས་ཁང་པ་ལ་ཟླ་བ་དང་ཉི་མ་ལ་སོགས་
པའི་གདན་ལ་ཞུགས་པའི་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། དཀྱིལ་འཁོར་རྒྱལ་བ་མཆོག་གོ། །ལུས་ལ་སོགས་པའི་རྡོ་རྗེ་ནི་བདག་དང་དཀྱིལ་འཁོར་པ་རྣམས་སྐུ་གསུང་ཐུགས་བསྒོམ་པ་ནི་སྐུ་ལ་སོགས་པའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་ལ་དེའི་རྗེས་ལ་

རྣམ་པར་མི་རྟོག་པ་ནི་གསུམ་མི་དམིགས་པའི་བསམ་པས་བསྟོད་ལ། མི་དམིགས་པ་ནི་མཆོད་བྱ་དང་མཆོད་བྱེད་དང་མཆོད་པ་དང་བྲལ་བའི་བསམ་པས་མཆོད་པ་བྱས་ལ། མཉམ་པ་ཉིད་ནི་སྦྱང་བ་ལ་སོགས་པའི་རིམ་པས་བདུད་རྩི་ལྔ་རོ་གཅིག་པར་བྱས་ལ།
གང་ན་ཡང་མི་གནས་པ་ནི་དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་མྱང་བར་བྱ་སྟེ། ལས་རྒྱལ་བ་མཆོག་གོ། །དེ་བཞིན་དུ་ལུས་ལ་སོགས་པ་ནི་ཡི་གེ་གསུམ་སྟེ། དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་རྣམས་སྐུ་གསུང་ཐུགས་
ནི་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་པས་བསྒོམས་ལ། རྣམ་པར་མི་རྟོག་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མི་དམིགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང་། མཉམ་པ་ཉིད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་རྣམ་པར་རྟོག་
པ་ཡང་སྤངས་ལ་འཇུག་པ་ལ་སོགས་པ་ལ་ཉེ་བར་བསྡུས་ཏེ། གང་ན་ཡང་མི་གནས་པ་ནི་མ་ནིང་གི་བཟླས་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་། དོན་རྟོགས་པ་ཡི་བཟླས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་བཟླས་པའི་རིམ་པའོ། །ཡང་ན་
ལུས་ལ་སོགས་པ་རྒྱུ་ཡིན་པའི་ཕྱིར། ལུས་ངག་ཡིད་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་ཉིད་ཉོན་མོངས་པ་དང་ལྡན་པའི་ཕྱིར་རྡོ་རྗེའོ། །དེ་རྣམས་སྐུ་ལ་སོགས་པ་ཉ་བར་བསྡུ་བའི་རང་བཞིན་འོད་གསལ་བ་བསྒོམ་པ་ནི་ཞུགས་པར་བྱའོ། །ཇི་ལྟར་ཞེ་ན། རྣམ་པར་མི་
རྟོག་པ་ནི་སྣང་བའི་ཡེ་ཤེས་དང་། མི་དམིགས་པ་ནི་སྣང་བ་མཆེད་པའི་ཡེ་ཤེས་དང་། མཉམ་པ་ཉིད་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཏེ། ཡེ་ཤེས་གསུམ་པོ་དེ་དག་གི་རིམ་པས་རྣམ་པར་ཤེས་པ་དེ་རྣམས་འོད་གསལ་བ་ལ་བཞུགས་ཤིང་གང་ན་ཡང་མི་གནས་པ་ནི།
འོད་གསལ་བ་དེ་ཉིད་ཀྱི་ངོ་བོར་བསྒོམ་པར་བྱ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །དེ་བཞིན་དུ་སྐུ་ལ་སོགས་པ་ནི་སྒྱུ་མ་ལྟ་བུའི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་སྟེ་སྐུ་ལ་སོགས་པ་ཉེ་བར་བསྡུ་བའི་རང་བཞིན་འོད་གསལ་བ་ལས་ཅིག་ཅར་དུ་བསྒོམ་པ་ནི་སྤྲོ་བར་བྱའོ། །རྣམ་པར་

མི་རྟོག་པ་ནི་སྒྱུ་མ་ལྟ་བུ་དང་མི་དམིགས་པ་ནི་མེ་ལོང་གི་གཟུགས་བརྙན་དང་འདྲ་བ་དང་། མཉམ་པ་ཉིད་ནི་ཆུ་ཟླ་དང་འདྲ་བ་དང་། གང་ན་ཡང་མི་གནས་པ་ནི་ཡོད་པ་དང་མེད་པ་ལས་འདས་པའི་ཡེ་ཤེས་ཀྱི་སྐུ་སྟེ། དེ་ཉིད་བསྒོམ་པར་བྱའོ། །བདག་ལ་བྱིན་
གྱིས་བརླབ་པའི་རིམ་པའོ། །ཡང་ན་ལུས་ལ་སོགས་པ་ནི། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་པའི་རང་བཞིན་རྣམས་སོ། །དེ་ཉིད་འཁོར་བ་པ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་རྣམས་སྐུ་གསུང་ཐུགས་རོ་གཅིག་པར་གྱུར་
པའི་བཞི་པ་དང་ལྷན་ཅིག་ཏུ་བསྒོམ་པར་བྱའོ། །གལ་ཏེ་དེ་ལྟར་བྱས་ན་ཡང་དེ་ཁོ་ན་ཉིད་བརྟན་པར་མི་འགྱུར་ན། དེའི་ཚེ་རྣམ་པར་མི་རྟོག་པ་ནི་རིལ་པོར་འཛིན་པ་དང་། མི་དམིགས་པ་ནི་རྗེས་སུ་གཞིག་པས་བསྒོམ་ཞིང་མཉམ་པ་ཉིད་ཀྱི་ངོ་བོ་འདོད་ཆགས་དང་། འདོད་ཆགས་
བྲལ་བ་དང་བསྲེ་བར་གྱུར་པ་གང་དུ་ཡང་མི་གནས་པ་ནི་དེ་ཁོ་ན་ཉིད་རྣལ་འབྱོར་པས་སྣང་བར་འགྱུར་ཏེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པའི་ཕྱིར་རྡོ་རྗེ་སྟེ། ལུས་ངག་ཡིད་ནི་ཁམས་གསུམ་པ་དང་ལྷན་
ཅིག་ཏུ་བྱས་ནས་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། མི་དམིགས་པ་ནི་དོན་དམ་པའི་བདེན་པ་དང་། དེ་དག་མཉམ་པ་ཉིད་ནི་དབྱེར་མེད་པར་བྱེད་པར་དེའི་ངོ་བོ་དང་། གང་ན་ཡང་མི་གནས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དག་
ལ་མི་གནས་པར་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱ་སྟེ་ཟུང་འཇུག་གི་རིམ་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་རྡོ་རྗེ་ནི་ཆོས་འབྱུང་གི་ཕྱག་རྒྱ་དང་ལྡན་པའི་ཤེས་རབ་མའོ། །ལུས་ལ་སོགས་པ་སྐྱེད་པར་བྱེད་པའི་རྡོ་རྗེས་ཉེ་བར་མཚོན་པའི་རྣལ་འབྱོར་པས་བསྒོམ་
པ་ནི་ཡང་དག་པར་སྦྱོར་བའོ། །རྣམ་པར་རྟོག་པ་འཇོམས་པར་བྱེད་པའི་ཕྱིར་རྣམ་པར་མི་རྟོག་པ་ནི་ཨ་ལིངྒ་ནའོ། །ཡིད་མི་བདེ་བའི་དམིགས་པ་ལ་གཉེན་པོ་ཡིན་པའི་ཕྱིར། མི་དམིགས་པ་ནི་ཙུམྦ་ནའོ། །རྩ་རྣམས་རོ་གཅིག་པར་བྱེད་པའི་ཕྱིར་མཉམ་པ་ཉིད་

བསྐྱོད་པའོ། །གང་ན་ཡང་མི་གནས་པ་ནི་འཇའ་ཚོན་དང་འདྲ་བ་བསྒོམ་པའོ། །དེ་རྣམས་བྱ་བ་སྟེ་རང་བཞིན་ནོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟེ། ལུས་ངག་ཡིད་ནི་རྡོ་རྗེ་སྟེ། དེ་ཉིད་ཀྱི་བསྒོམ་པ་ནི་དེ་དང་ཡང་དག་པར་སྦྱོར་ཞིང་།
དེའི་ཚེ་རྣམ་པར་མི་རྟོག་པ་ནི་རྩ་ཟླ་བ་མ་དང་། མི་དམིགས་པ་ནི་རུས་སྦལ་མ་སྟེ། དེ་དག་མཉམ་པོར་བྱས་ལ། མཉམ་པ་ཉིད་ནི་འདོད་པའི་གདུགས་མ་སྟེ། དེ་རྣམས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས། གང་ན་ཡང་མི་གནས་པ་ནི་དམིགས་པ་མེད་པར་སྐྱེད་
པར་འགྱུར་ཏེ་རྒྱུའོ། །དེ་བཞིན་དུ་སྐུ་གསུང་ཐུགས་ནི་ཁམས་རྣམས་ཀྱི་གནས་ཡིན་པས་སྐུ་གསུང་ཐུགས་ནི་པདྨའོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །དེ་དག་ལུས་ངག་ཡིད་ནི་ཧཱུཾ་དང་ཕཊ་ལ་སོགས་པའི་ས་བོན་གྱིས་བྱིན་གྱིས་བརླབ་པར་བྱས་ལ། རྣམ་པར་མི་རྟོག་པ་
ནི་པདྨ་བསྐྱོད་པ་དང་། མི་དམིགས་པ་ནི་རྡོ་རྗེ་བསྐྱོད་པ་དང་། མཉམ་པ་ཉིད་ནི་གཉི་ག་བསྐྱོད་པ་སྟེ། དེ་རྣམས་བྱས་ལ་གང་དུ་ཡང་མི་གནས་པའི་བདེ་བ་ཆེན་པོ་ཐོབ་པར་གྱུར་ཏེ་ལས་སོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟེ། དེ་ཉིད་ལུས་
ངག་ཡིད་ནི་རྡོ་རྗེའི་རྩེ་མོར་བསྒོམ་པ་ནི་འཛིན་པར་བྱའོ། །རྣམ་པར་མི་རྟོག་ནི་དགའ་བ་ཟད་པས་མི་དམིགས་པ་ནི་མཆོག་ཏུ་དགའ་བ་མེད་པ་དང་། མཉམ་པ་ཉིད་ནི་དགའ་བྲལ་དང་མི་དམིགས་པས། གང་ན་ཡང་མི་གནས་པ་ནི་བདེ་བ་ཆེན་པོའི་རང་རིག་པར་བསྒོམ་
པར་བྱ་སྟེ་འབྲས་བུའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དབང་པོ་རྣམས་ཏེ། དེ་དག་ལུས་ངག་ཡིད་ནི་ཡུལ་རྣམས་དང་གཅིག་ཏུ་བྱས་ལ། བསྒོམ་པ་ནི་འདོད་པ་སྤྱད་པར་བྱའོ། །རྣམ་པར་མི་རྟོག་པ་ནི་དམན་པའི་འདུ་ཤེས་དང་བྲལ་བ་དང་། མི་དམིགས་པ་ནི་བར་
པའི་འདུ་ཤེས་དང་བྲལ་བ་དང་། མཉམ་པ་ཉིད་ནི་མཆོག་གི་འདུ་ཤེས་དང་བྲལ་ཞིང་གང་ན་ཡང་མི་གནས་པ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོས་ཡུལ་དེ་རྣམས་སྤྱད་པར་བྱ་སྟེ། སོ་སོར་སྡུད་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཡུལ་དང་དབང་པོ་རྣམས་ཏེ། དེ་

དག་ལུས་ངག་ཡིད་ནི་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་བྱས་ལ་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་དང་། མི་དམིགས་པ་དང་མཉམ་པ་ཉིད་དང་། གང་ན་ཡང་མི་གནས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རྟོག་པ་དང་། དཔྱོད་པ་དང་།
དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་གོང་ནས་རིམ་པས་ཡོངས་སུ་སྤངས་ཏེ། བསམ་གཏན་ལ་གནས་པར་བྱ་སྟེ་བསྟན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཐིག་ལེ་སྟེ། དེ་ཉིད་ལུས་ངག་ཡིད་ནི་རྣམ་པ་གསུམ་གྱི་སྣའི་རྩེ་མོར་བསྒོམ་པར་བྱ་བ་ནི་འཛིན་
པར་བྱའོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་པ་ནི་ཡུངས་ཀར་གྱི་འབྲས་བུའི་འབྲུའི་ཚད་ཙམ་མོ། །མི་དམིགས་པ་ནི་དོན་དམ་པའི་རང་བཞིན་ནོ། །མཉམ་པ་ཉིད་དུ་སྟེང་དུ་རྒྱུ་བ་དང་ཡང་ཉེ་བར་བསྡུ་བ་སྟེ། ཉིན་མོ་དང་མཚན་མོ་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་རྒྱུ་བའོ། །གང་
ན་ཡང་མི་གནས་པ་ནི། ཀུན་དུ་འགྲོ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བལྟ་བར་བྱ་སྟེ། སྲོག་དང་རྩོལ་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཐིག་ལེ་ཙམ་དེ་ཉིད་དེ། ལུས་ངག་ཡིད་ནི་འཇུག་པ་ལ་སོགས་པའི་བྱ་བ་དང་བྲལ་བ། བསྒོམ་པ་ནི་འཛིན་པར་བྱ་སྟེ། དེའི་ཚེ་རྣམ་
པར་མི་རྟོག་པ་ནི་འཇུག་པའི་རྟོག་པ་དང་བྲལ་བ་དང་། མི་དམིགས་པ་ནི་གནས་པའི་རྟོག་པ་དང་བྲལ་བ་དང་། མཉམ་པ་ཉིད་ནི་ལྡང་བའི་རྣམ་པར་རྟོག་པ་དང་བྲལ་བ་དང་། གང་ན་ཡང་མི་གནས་པ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་མི་འགྱུར་བ་བསྒོམ་པར་བྱ་སྟེ་
འཛིན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། ལུས་ངག་ཡིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་ལྷན་ཅིག་ཏུ་བྱས་ལ། བསྒོམ་པ་ནི་བསམ་པའོ། །རྣམ་པར་མི་རྟོག་པ་ནི་ས་ཐིམ་པས་ན་སྨིག་རྒྱུ་ལྟ་བུའོ། །མི་དམིགས་པ་ནི་ཆུ་ཐིམ་
པས་ན་དུ་བ་ལྟ་བུའོ། །མཉམ་པ་ཉིད་ནི་མེ་ཐིམ་པས་ན་སྲིན་བུ་མེ་ཁྱེར་ལྟ་བུའོ། །གང་དུ་ནི་རླུང་ཐིམ་པས་ན་མར་མེ་ལྟ་བུའོ། །མི་གནས་པ་ནི་ཁམས་བཞིའོ། །རྣམ་པར་རྟོག་པ་ཐིམ་པས་ན་སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །དེ་ལྟ་བུའི་སྐུ་མཐོང་བས་ཤིན་ཏུ་གསལ་བ་རྗེས་

སུ་དྲན་པ་སྐྱེ་བར་འགྱུར་ཏེ། རྗེས་སུ་དྲན་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་ནི་ཀུན་རྫོབ་བོ། །ཡང་ལུས་ངག་ཡིད་ནི་དོན་དམ་པའོ། །བསྒོམ་པ་དེ་ནི་དེ་དག་གཉིས་སུ་མེད་པར་བསྒོམ་པ་ལྟ་བུའོ། །རྣམ་པར་མི་རྟོག་པ་ནི་གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་
པ་དང་བྲལ་བའོ། །མི་དམིགས་པ་ནི་རྣམ་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །མཉམ་པ་ཉིད་ནི་དགྲ་དང་ཟིན་ལ་སོགས་པ་ལ་རང་བཞིན་མཉམ་པའོ། །གང་ན་ཡང་མི་གནས་པ་ནི་ཟུང་འཇུག་གི་བདག་ཉིད་ཀྱི་ཏིང་ངེ་འཛིན་
བསྒོམ་པར་བྱ་སྟེ་ཏིང་ངེ་འཛིན་ནོ། །དེ་ལྟར་རྣལ་འབྱོར་རོ། །སྐུ་གསུང་ཐུགས་གསུམ་ནི་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་སྡོམ་པ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཕྱི་ལ་སོགས་པ་དམ་པའི་ཆོས་ཉན་པ་དང་རྡོ་རྗེ་ལ་སོགས་པ་དང་། ཁ་ཟས་
ལ་སོགས་པ་སྦྱིན་པ་དང་། མཆོད་པ་ལ་སོགས་པའོ། །ལུས་ངག་ཡིད་ལས་བྱུང་བའི་བདུད་རྩི་ནི་ལུས་ངག་ཡིད་དོ། །དེ་ཉིད་བསྒོམ་པ་ནི་བདུད་རྩི་མྱང་བ་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་དང་། མི་དམིགས་པ་དང་། མཉམ་པ་ཉིད་རྣམས་ནི་ཤ་གསུམ་མོ། །གང་
ཡང་ཞེས་པ་ནི་རྟའོ། །མི་གནས་པ་ནི་མིའོ། །ལྕགས་ཀྱུ་འདི་རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་འདུས་བྱས་ཏེ་བཟའ་བར་བྱའོ། །དེ་ནི་སྒྲུབ་པའོ། །དེ་ལྟར་སྙིང་པོ་བསྐུལ་བའི་དང་པོ་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་བསྟན་ཏེ། སྙིང་པོ་བསྐུལ་བ་ལ་རྗེས་སུ་མཐུན་
པ་ཏིང་ངེ་འཛིན་ཐོབ་པའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་དག་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །སྔགས་ནི་
སྙིང་པོའི་སྔགས་རྣམས་སོ། །ཚུལ་ནི་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས་དེ་རྣམས་དགུག་པར་བྱའོ། །དེ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་

ལ་འདི་སྐད་བཀའ་སྩལ་ཏེ། བསྐྱེད་པའི་རིམ་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ལ་སོགས་པ་ཞེས་པ་ནི་བོད་པའི་དོན་དུ་བྱེད་ཚིག་དང་པོའོ། །གཞན་ཡང་དེ་བཞིན་གཤེགས་པ་ཞེས་
པ་ནི་རྟགས་ཀྱི་དོན་ཙམ་ལ་བྱེད་ཚིག་དང་པོའོ། །ཡོད་ཅེས་པ་ནི་འོག་ནས་བཤད་པར་འགྱུར་བའི་གཞལ་བྱ་ཡོད་པའོ་ཞེས་སྟོན་ཏོ། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་བཞིན་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་
ཞུགས་ཏེ། དུ་མ་ནི་རིགས་ཀྱི་དབྱེ་བས་བཞུགས་པ་གང་ཞིག་རིགས་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཞི་བ་དང་དྲག་པོ་ལ་སོགས་པའི་དབྱེ་བས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ལྷན་ཅིག་ཏུ་སེམས་ཅན་ནི་འདོད་ཆགས་ལ་སོགས་པའི་རིགས་ཅན་གྱི་འདོད་ཆགས་ལ་
སོགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་གང་ཞིག་དོན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ཉིད་ཀྱི་བྱ་བ་ནི་སྨིན་པ་དང་གྲོལ་བ་དང་བརྟན་པ་ལ་སོགས་པ་སྟེ། དེ་ཉིད་རོལ་པ་ནི་མཐའ་ཡས་པའི་ལུས་དང་། ངག་དང་། ཡིད་དང་། ཆ་ལུགས་ལ་སོགས་པའི་དབྱེ་བས་
དབྱེ་བར་གྱུར་པ། ཕྱག་རྒྱ་དང་། སྔགས་དང་། ཏིང་ངེ་འཛིན་དང་། བརྟུལ་ཞུགས་ལ་སོགས་པ་དང་ལྡན་པའི་རོལ་མོ་དང་འདྲ་བའི་རོལ་མོ་སྟོན་པར་མཛད་པ་ནི་གསལ་བར་མཛད་དེ། དེ་ལྟར་རེ་ཞིག་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་
གཙོ་བོ་ཉིད་དུ་བཞུགས་པའོ། །དེ་རྣམས་ལ་ནི་བདག་ཉིད་ཀྱི་དོན་འདི་མ་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐའ་ཀླས་པ་ནི་འདོད་པའི་ཁམས་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཏེ། དེ་རྣམས་ལ་འདོད་པའི་ཡོན་ཏན་ལྔ་ནི་གཟུགས་
རྡོ་རྗེ་མ་ལ་སོགས་པས་རོལ་པ་སྟེ། སྤྲོས་པ་དང་བཅས་པས་སྤྱོད་པ་མཛད་པའོ། །གཞན་ཡང་དགྱེས་པ་ནི་སྤྲོས་པ་མེད་པའི་སྤྱོད་པས་སོ། །ཡོངས་སུ་སྤྱོད་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མའི་རིམ་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་སོ། །དེ་བས་ན་སེམས་ཅན་གྱི་

དོན་དུ་དེ་རྣམས་རྩོལ་བ་མཛད་པ་ཡིན་གྱི། བདག་ཉིད་ཀྱི་དོན་དུ་ནི་མ་ཡིན་ནོ། །སེམས་ཅན་དེ་རྣམས་འདུལ་བར་དཀའ་བ་ཡིན་པ་སྟེ། བསྐལ་པ་དུ་མས་གལ་ཏེ་སེམས་ཅན་གཅིག་ཅིག་སྣོད་དུ་རུང་བར་མཛད་ན་དེའི་ཚེ་བཅོམ་ལྡན་འདས་དེ་རྣམས་སྐྱོ་བར་མི་འགྱུར་རོ། །
ཇི་སྐད་དུ། སངས་རྒྱས་ཀུན་གྱི་སྙིང་པོ་ཀུན། །རྡོ་རྗེ་འཆང་ཆེན་གོ་འཕང་སྟེ། །དགེ་བ་འདིས་ནི་ཐོབ་འགྱུར་དང་། །དེ་ཡང་འགྲོ་བས་བདག་ཐོབ་འཇུག །ཅེས་འབྱུང་བ་དང་། དེ་བཞིན་དུ། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། །སེམས་ཅན་གྱི་དོན་མཛད་
པའི་ཕྱིར། །ཇི་ལྟར་འཇམ་དཔལ་གྱིས་སྤྱོད་པ། །དེ་བཞིན་སྤྱོད་པ་བདག་ལ་ཤོག །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་བཞིན་གཤེགས་པ་དེ་རྣམས་ཀྱང་སྔགས་ཀྱི་སྤྱོད་པ་ལ་རྩོལ་བ་དང་ལྡན་པའི་རྣལ་འབྱོར་པ་ལ་སྤྱན་རས་ཀྱིས་མི་གཟིགས་སོ། །སྔགས་
དང་སྤྱོད་པ་ནི་སྔགས་སྤྱོད་པ་སྟེ། དེ་དག་ཚུལ་ནི་ལམ་མོ། །དེ་ལ་སྔགས་ཀྱི་ཚུལ་ནི་མདོར་བསྡུས་པས་རྣམ་པ་གཉིས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །དེ་ལ་ཤེས་རབ་ཀྱི་བདག་ཉིད་ནི་དབྱངས་རྣམས་དང་། ཐབས་ཀྱི་བདག་ཉིད་ནི་གསལ་བྱ་རྣམས་སོ། །
དེ་རྣམས་ཀྱང་ཟླ་བ་དང་ཉི་མའི་བདག་ཉིད་ཡིན་ནོ། །གཞན་ཡང་དེ་རྣམས་སྡེ་ཚན་བརྒྱད་པོས་རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པའི་ངོ་བོར་བྱུང་བ་སྟེ། དེ་རྣམས་ཀྱང་འབྱུང་བ་ཆེན་པོ་བཞིའི་རང་བཞིན་གྱི་ཨ་ཀ་ཡ་ཤའི་ངོ་བོར་བྱུང་ངོ་། །དེ་རྣམས་ཀྱང་བུད་མེད་དང་
སྐྱེས་པ་དང་། མ་ནིང་གི་ངོ་བོར་ཡི་གེ་གསུམ་གྱི་རྣམ་པ་འབྱུང་ངོ་། །ཡི་གེ་གསུམ་པོ་དེ་རྣམས་ཀྱང་ཆ་ཤས་དང་ཆ་ཤས་ཀྱི་དབྱེ་བས་འོད་གསལ་བ་ལ་ཐིམ་པར་འགྱུར་ཏེ། དེ་ནི་སྔགས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་སྔགས་ཀྱི་བརྡ་ནི་རྣམ་པ་བཅུ་གཅིག་ཡིན་ཏེ།
དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཀྱང་། ཇི་སྐད་དུ། ཁ་སྦྱར་བཅིངས་དང་ཟོས་པ་དང་། །མ་བལྟས་རྣམ་པར་སྤེལ་བ་དང་། །གནོད་དང་དེ་ལས་ཐོག་མཐར་ལྡན། །དབུས་གནས་ཀུན་ནས་བསྐོར་བ་དང་། །དེ་བཞིན་རྣམ་པར་སྤེལ་ལྡན་དང་། །དེ་བཞིན་རྣམ་སྤེལ་བཅིངས་

ཞེས་པ། །སྔགས་ནི་རྣམ་པ་བཅུ་གཅིག་གོ། །ལས་རྣམས་སྒྲུབ་ཕྱིར་སྦྱར་བར་བྱ། །དབུས་གནས་དེ་བཞིན་ཟོས་པ་དང་། །ཀུན་ནས་བསྐོར་བ་གང་བཤད་དང་། །གནོན་པ་རྣམ་པ་གཉིས་བརྗོད་དེ། །བྲི་དང་དེ་བཞིན་གདོན་པར་བྱ། །གསུམ་པོར་
བཤད་པ་གང་ཡིན་པ། །བྲི་དང་གདོན་པར་མི་བྱའོ། །གནོད་པ་ཀུན་ནས་མིང་གི་ནི། །སྔགས་ཀྱིས་ཡོངས་སུ་བསྐོར་བར་བྱ། །དབུས་གནས་དེ་བཞིན་ཟོས་པ་ལ། །སྔགས་ནི་ཕྱོགས་སུ་སྤེལ་བར་བྱ། །གནོན་པ་ལ་ནི་ཇི་སྐད་བཤད། །དེ་བཞིན་ཀུན་ནས་བསྐོར་
ཤེས་བྱ། །དེ་ནི་བྲི་བའི་ཆོ་གར་བཤད། །བཟླས་པའི་ཆོ་གར་བཤད་བྱ་སྟེ། །ཐོག་མཐར་སྔགས་ནི་གང་ཡང་རུང་། །དབུས་སུ་མི་ལྡན་ཁ་སྦྱར་ཡིན། །དང་པོར་སྔགས་ཀྱི་ཡིག་ལྡན་ཞིང་། །ཐ་མར་བསྒྲུབ་བྱའི་མིང་ཡིག་བཅས། །རྣམ་པ་དེ་ལྟར་བཟླས་པའི་
སྔགས། །དེ་ནི་བཅིང་བར་བརྗོད་པ་ཡིན། །དང་པོ་ཨོཾ་ལྡན་ན་མཿམཐར། །མ་ལུས་རང་བཞིན་ཤེས་པར་བྱ། །དང་པོར་སྔགས་དང་མིང་ལན་ཅིག །བརྗོད་པ་རྣམ་སྤེལ་གཅིག་པར་བྱ། །དང་པོར་ཨོཾ་དང་བཅས་པ་ཡི། །བསྒྲུབ་བྱ་ངེས་པར་སྦྱར་བར་བྱ། །དེ་ནས་
ལས་དང་དེ་ནས་སྔགས། །གནོད་པ་དམ་པར་གྱུར་པ་ཡིན། །ཐོག་མཐར་ཁ་སྦྱར་དང་མཚུངས་ཤིང་། །དབུས་ན་སྔགས་བཅས་ཡང་ན་ནི། །དང་པོར་སྔགས་ལྡན་བསྒྲུབ་བྱའི་མིང་། །ལན་གསུམ་སྦྱར་བ་མཁས་པ་ཡིས། །ལས་རྣམས་བསྒྲུབ་པར་བྱ་བའི་ཕྱིར། །དེ་ནི་
རྣམ་སྤེལ་ཡིན་ཞེས་བྱ། །སྔགས་ནི་ལན་གསུམ་བསྒྲུབ་བྱ་གསུམ། །དང་པོར་ཨོཾ་དང་ན་མཿམཐར། །དེ་ནི་རྣམ་པར་སྤེལ་ལྡན་པའི། །སྦྱོར་བ་ཡང་དག་བརྗོད་པ་ཡིན། །དེ་ནི་ཐུན་མོང་བར་མའོ། །ཆོ་ག་རུ་ནི་རབ་ཏུ་བསྒྲགས། །མཆོག་ཏུ་གྱུར་པའི་སྔགས་རྣམས་ལ། །
རྡོ་རྗེ་སེམས་དཔའ་ངེས་པར་སྦྱར། །སྟོབས་ཆེན་རང་བཞིན་བསལ་བ་སྟེ། །དེ་འདྲའི་སྔགས་ནི་རྣམ་བཅུ་གཅིག །གང་གིས་ཤེས་དེ་དངོས་གྲུབ་སྣོད། །ཅེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་ལས་ཀྱི་ཚོགས་ཀྱི་རྗེས་སུ་འབྲང་ནས་སྦྲུལ་ལ་སོགས་པའི་བརྡ་གཞན་རྣམས་ཀྱང་

ཤེས་པར་བྱའོ། །དེ་བཞིན་དུ་ཨའི་སྡེ་ཚན་ལས་ཐུང་ངུ་ལྔའི་དོན་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །རིང་པོའི་སྡེ་ཚན་ནི་སྤྱན་ལ་སོགས་པ་རྣམས་སོ། །འབྲེལ་པའི་ཡི་གེ་ནི་ཁྲོ་བོ་རྣམས་སོ། །ཀའི་སྡེ་ཚན་ནི་སའོ། །ཙའི་སྡེ་ཚན་ནི་ཆུའོ། །ཊའི་སྡེ་ཚན་ནི་
མེའོ། །ཏའི་སྡེ་ཚན་ནི་རླུང་ངོ་། །པའི་སྡེ་ཚན་ནི་ནམ་མཁའོ། །ཡའི་སྡེ་ཚན་ནི་རྣམ་པར་ཤེས་པའི་ཁམས་སོ། །ཤའི་སྡེ་ཚན་ནི་སེམས་ཅན་གྱི་རིགས་རྣམ་པ་བཞིའོ། །ཨཾ་ཨཱ་ནི་ཀུན་རྫོབ་བོ། །ཀྵ་ནི་དོན་དམ་པའོ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་དོན་ཡིན་
ནོ། །སྔགས་བཏུ་བ་ཡི་གེ་ཕྱི་མོ་སྟེ། དེ་ཡང་དཀྱིལ་འཁོར་བཞི་རུ་དགོད་པར་བྱའོ། །དེ་ལ་དབུས་སུ་ནི་དབྱངས་བཞི་དང་ཡི་གེ་ཧའོ། །འདབ་མ་རྣམས་ལ་གསལ་བྱ་བརྒྱད་དོ། །འདི་ལྟ་སྟེ་ཨ་ཨཱ་ཨི་ཨཱི་ཧ་ནི་སའི་རང་བཞིན་གྱི་གསང་བའི་དཀྱིལ་འཁོར་གྱི་
དབུས་དང་ཤར་ལ་སོགས་པའི་ཕྱོགས་རྣམས་སུའོ། །འདབ་མ་བརྒྱད་ལ་ནི་ཀ་ཁ་ག་གྷ་ཙ་ཚ་ཛ་ཛྷ་རྣམས་སོ། །དེ་བཞིན་དུ་ལྟེ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧ། ཕྱོགས་རྣམས་སུ་ཨུ་ཨཱུ་རྀ་རཱྀ། འདབ་མ་རྣམས་ལ་ཊ་ཋ་ཌ་ཌྷ་ཏ་ཐ་ད་དྷའོ། །དེ་བཞིན་དུ་སྙིང་གའི་
དཀྱིལ་འཁོར་གྱི་དབུས་སུ་ཧ། ཕྱོགས་རྣམས་སུ་ལྀ་ལཱྀ། ཨེ་ཨཻ། འདབ་མ་རྣམས་ལ་པ་ཕ་བ་བྷ་ཡ་ར་ལ་ཝ་རྣམས་སོ། །དེ་བཞིན་དུ་ལྐོག་མའི་དཀྱིལ་འཁོར་གྱི་དབུས་སུ་ཡ་གེ་ཧ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ཨོ་ཨཽ་ཨཾ་ཨཱ། འདབ་མ་རྣམས་ལ་ང་ཉ་ཎ་ན་ཤ་
ཥ་ས་མའོ། །དཀྱིལ་འཁོར་བཞི་པོ་དེ་རྣམས་ལ་བརྟེན་ནས་བཅོམ་ལྡན་འདས་མ་ཡི་གེ་ཕྱི་མོ་དེ་ཉིད་བྱ་བ་ཐམས་ཅད་བྱེད་དེ། འདི་ལྟ་སྟེ་སའི་དཀྱིལ་འཁོར་ལས་བྱུང་བའི་འོད་ཟེར་ཁ་དོག་སེར་པོ་གཉི་ག་ནས་རྒྱུ་བས་ནི་རྒྱས་པའོ། །གཡོན་ནས་བྱུང་བའི་ལྗང་སེར་གྱིས་ནི་
དགུག་པའོ། །དལ་བར་རྒྱུ་བའི་དཀར་པོ་གཉི་ག་ནས་བྱུང་བས་ནི་ཞི་བའོ། །གཡས་ནས་བྱུང་བའི་དམར་པོས་ནི་དབང་ངོ་། །དེ་རྣམས་ཉིད་ལ་གོ་རིམས་བཞིན་དུ་རིན་ཆེན་འབྱུང་ལྡན་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་དང་། འོད་དཔག་ཏུ་མེད་པ་སྟེ་ལྷ་རྣམས་

སོ་སོར་བཞུགས་སོ། །ལུས་ཐམས་ཅད་ལ་ཁྱབ་པའི་རྣམ་པར་སྣང་མཛད་གང་ཡིན་པ་དེ་ནི་ཡི་གེ་ཀྵའི་གཟུགས་སུ་ཁྱབ་བྱེད་ལ་བརྟེན་ནས་བཞུགས་ཏེ། དེ་ལ་འོད་ཟེར་གྱི་རྣམ་པར་དབྱེ་བ་དང་བསྡུ་བ་ཡང་མེད་དོ། །དེ་ནི་འཆི་བའི་དུས་སུ་ཕྱི་རོལ་
དུ་འབྱུང་བ་འབའ་ཞིག་ཏུ་ཟད་དེ། ཟད་པའི་ཕྱིར་ན་ཀྵ་ཞེས་བྱ་བའི་ཕྱིར་རོ། །རབ་ཏུ་བྱེད་པ་ལས་ཀྱང་། །ལུས་ཀུ