Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 29
Văn bản gốc(Tây Tạng)
Trang 8 / 21 (50.000 ký tự/trang)
ོ། །དེའི་རྗེས་ལ་ཆོས་རྗེས་སུ་དྲན་པའི་ཡུལ་དང་དབང་པོ་རྣམས་ལྷ་རུ་བྱས་ཏེ། དེ་བཞིན་གཤེགས་པ་ལྔའི་ངོ་བོར་བསྒོམ་པར་བྱའོ། །དེ་བཞིན་དུ་སྐུ་གསུང་ཐུགས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་བསྡུས་ཏེ། རྡོ་རྗེ་ ནི་རྡོ་རྗེའི་རྩེ་མོར་རྗེས་སུ་དྲན་པ་ནི་འཛིན་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་རིགས་ནི་སྣ་གསུམ་གྱི་རྩེ་མོར། རྗེས་སུ་དྲན་པ་ནི་དེ་བཞིན་དུ་སྤྲོ་བ་དང་བསྡུ་བའི་རིམ་པས་དེ་ཉིད་དུ་སྲོག་དང་རྩོལ་བ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཁྲོ་བོ་ནི་ཤིན་ཏུ་གསལ་བའི་དཀྱིལ་འཁོར་རྣམས་ རྗེས་སུ་དྲན་པ་ནི་ཕྱི་རོལ་དུ་སྤྲོ་བར་བྱའོ། །དེ་བཞིན་དུ་ལྷ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ངོ་བོར་བསྒོམས་ན་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཏེ། སོ་སོར་སྡུད་པ་དང་། བསམ་ གཏན་དང་། སྲོག་དང་། རྩོལ་བ་དང་། འཛིན་པ་དང་། རྗེས་སུ་དྲན་པ་དང་། ཏིང་ངེ་འཛིན་རྣམས་ཏེ་རྣལ་འབྱོར་རོ། །ཡང་ན་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པར་བྱས་ན་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པར་འགྱུར་རོ། །ལུས་རྣམ་པར་དག་པ་བྱུང་ཞིང་དེའི་རྗེས་ལ་ ཆོས་ནི་ངག་སྟེ། འཇུག་པ་ལ་སོགས་པའི་རིམ་པས་དེ་ཉིད་རྗེས་སུ་དྲན་པར་བྱས་ན་ངག་རྣམ་པར་དབེན་པ་ལ་འཇུག་གོ། །དེའི་རྗེས་ལ་སྐུ་གསུང་ཐུགས་ཀྱི་ངོ་བོ་རྣམ་པ་གསུམ་ལ་སྟོང་པ་དང་སྣང་བ་གསུམ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་ནི་སེམས་ཏེ། དེ་ཉིད་རྗེས་སུ་དྲན་པར་ བྱས་ན་སེམས་རྣམ་པར་དབེན་པ་ལ་འཇུག་གོ། །དེ་བཞིན་དུ་རིགས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་ཉིད་རྗེས་སུ་དྲན་པ་ནི་སྒྱུ་མ་ལྟ་བུའི་སྐུ་བསྒོམས་ན་བདག་ལ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེའི་རྗེས་ལ་ཆགས་པ་དང་ཆགས་པ་དང་བྲལ་བ་དང་ ཆགས་པ་བར་པ་རྣམས་སྤང་བའི་ཕྱིར་ཁྲོ་བོ་ནི་དེ་རྣམས་འཇིག་པར་བྱེད་པས་མན་ངག་བཞི་པའི་རིམ་པ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་ཕྱི་རོལ་གྱི་དུས་མཚམས་ལ་སོགས་པའི་དཔེ་དང་ནང་གི་སྨིག་རྒྱུ་ལ་སོགས་པའི་དཔེ་རྣམས་ཀྱིས་རྣམ་པར་དབེན་པ་བྱས་ན་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་ དག་པ་ཐོབ་པར་འགྱུར་རོ། །དེ་ནས་ལྷ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། དེ་བསྒོམས་ན་བྱང་ཆུབ་ནི་ཀུན་དུ་འོད་ཀྱི་ས་ལ་གནས་པའི་རྡོ་རྗེ་འཛིན་གྱི་གོ་འཕང་རྣལ་འབྱོར་པས་ཐོབ་པར་འགྱུར་ཏེ། རྡོ་རྗེའི་བཟླས་པ་དང་། སེམས་ རྣམ་པར་དག་པ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་འཇུག་གི་རིམ་པ་རྣམས་སོ། །གཉི་གའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་གྱི་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པས། བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བུད་མེད་གཟུགས་ལྡན་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། ལོ་གྲངས་བཅུ་དྲུག་ཅེས་པ་ནི་ན་སོ་གཞོན་པས་དགའ་བ་མ་ཉམས་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་གཞོན་ནུ་མ་ཐོབ་སྟེ། བུད་མེད་ནི་གར་མཁན་མ་དང་། ཁྲུས་མཁན་མ་དང་། སྨྱིག་མ་མཁན་ཏེ་རིགས་ཀྱི་དབྱེ་བས་རྣམ་པ་གསུམ་མོ། །ཇི་ལྟ་བུ་ཞེ་ན། མདངས་ནི་མདངས་དང་ལྡན་པའོ། །བཟང་བ་ནི་རིགས་ཀྱི་དབྱེ་བས་དཀར་པོ་ལ་སོགས་པའི་མདོག་དང་ལྡན་པའོ། །དེ་ལྟར་བུད་མེད་ཐོབ་ནས་དབེན་པའི་ལེའུ་བཞི་པ་ལས་གསུངས་པའི་རིམ་པས་ཐུགས་རྡོ་རྗེ་ལ་སོགས་པའི་རིམ་པས་དཀྱིལ་འཁོར་ལས་གང་ཡང་རུང་ བའི་གནས་ལ་མཆོད་པ་ནི་གསང་བའི་མཆོད་པ་རབ་ཏུ་བརྩམ་པ་ནི་སྤྱོད་པར་བྱའོ། །ཇི་ལྟ་ཞེ་ན། བྱིན་གྱིས་བརླབ་པ་ནི་ཡི་གེ་གསུམ་སྟེ། དེ་དག་གིས་བདག་དེ་ཉིད་ལ་དགོད་པར་བྱས་པས་སོ། །ཡང་ན་བྱིན་གྱིས་བརླབས་པ་གསུམ་ནི་བུད་མེད་དང་སྐྱེས་པའི་དབང་པོ་རྣམ་ པ་གསུམ་སྟེ། དེ་དག་མཉམ་པ་པོས་སོ་ཞེས་སྟོན་ཏོ། །དཔེར་ན་སྐྱེས་པ་གསུམ་ནི་རི་བོང་དང་ཁྱུ་མཆོག་དང་རྟ་རྣམས་སོ། །རི་དགས་མོ་དང་རྒོད་མ་དང་གླང་པོ་སྟེ་བུད་མེད་གསུམ་མོ། །དེ་ལ་སོར་མོ་བདུན་དང་དགུ་དང་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་རྟགས་ནི་རི་བོང་ལ་སོགས་ པའོ། །ཆུང་བ་དང་བར་པ་དང་རགས་པའི་རྟགས་དང་ལྡན་པ་ནི་རི་དྭགས་མོ་ལ་སོགས་པའོ། །དེའི་ཕྱིར་རང་དང་ཡུལ་དང་དུས་དང་རྟགས་མཉམ་པོར་ཤེས་ནས་སྙོམས་པར་ཞུགས་པར་བྱ་སྟེ། གཞན་དུ་ན་འགལ་བའི་འབྲེལ་བས་དགའ་བ་ཟད་པར་འགྱུར་ རོ། །ཡང་ན་གལ་ཏེ་མཚུངས་པ་རྣམས་རྙེད་པར་མ་གྱུར་ན་དེའི་ཚེ་རྒོད་མ་ལ་སོགས་པའི་བྱེད་པའི་སྦྱོར་བས་རགས་པ་དང་ཆུང་བ་ལ་སོགས་པ་མཉམ་པོར་སྦྱོར་བ་སྙོམས་པར་ཞུགས་པ་བརྩམ་པར་བྱའོ། །གཞན་ཡང་བུད་མེད་དེ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་ པའི་བཙུན་མོ་མཆོག །སྤྱན་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དང་། སོགས་པའི་སྒྲས་ནི་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་དེ་ཉིད་མཱ་མ་ཀཱི་ལ་སོགས་པའི་ངོ་བོར་བསྒོམ་པར་བྱའོ། །དེ་ནས་བསྐྱེད་པའི་རིམ་པ་བསམ་པར་བྱའོ་ཞེས་སྟོན་ ཏོ། །དབང་པོ་གཉིས་ནི་རུས་སྦལ་མ་དང་ཟླ་བ་མ་སྟེ་རྩ་གཉིས་སོ། །དེ་དག་མཉམ་སྦྱོར་ནི་ལྕགས་ཀྱུ་ལ་སོགས་པའི་ལག་པའི་ཕྱག་རྒྱས་བསྐྱོད་པ་སྟེ། དེ་བྱས་ན་སངས་རྒྱས་ནི་བྱང་ཆུབ་ཀྱི་སེམས་ཀྱི་དངོས་གྲུབ་ནི་ཞུ་བ་ཉིད། ཐོབ་པར་གྱུར་པ་ནི་དྲོ་བའི་རེག་པ་རྙེད་པར་ འགྱུར་རོ་ཞེས་སྟོན་ཏོ། །རེག་པ་དེ་ཉིད་ཐོབ་ནས་ལྕེའི་རྩེ་མོར་བལྡག་སྟེ། རྡོ་རྗེ་བཅིང་བ་བརྩམ་པར་བྱའོ། །ཇི་ལྟར་ཞེ་ན། ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་ཏེ། དེ་ཉིད་ཀྱི་ལྟེ་བ་ཡི་གེ་ཨོཾ་གྱིས་མཚན་པར་བྱས་ལ་པདྨ་ཡང་ཡི་གེ་ཧཱུཾ་ལས་སྐྱེས་ཏེ་ངག་གི་དབང་ཕྱུག་གི་ས་ བོན་གྱིས་ལྟེ་བར་བྱིན་གྱིས་བརླབས་ཏེ། དགའ་བ་ལ་སོགས་པའི་རིམ་གྱིས་དེ་སྲིད་དུ་ལྷན་ཅིག་སྐྱེས་པ་མཚོན་པར་བྱའོ། །ཇི་སྲིད་དུ་སེམས་རྩེ་གཅིག་པ་ཉིད་དུ་འགྱུར་རོ། །དེ་ཁོ་ན་ཉིད་མཚོན་པས་དེའི་རྗེས་ལ་གཞན་གྱི་དོན་བྱ་བའི་ཕྱིར་ཕཊ་ཀྱི་སྒྲས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱའོ། །དེའི་དང་པོར་ནི་འོད་ཟེར་རྣམ་པ་ལྔས་ཉེ་བར་མཚོན་པའི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོས་བརྒྱན་པ་པདྨ་དང་རྡོ་རྗེ་བསྒོམ་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ་ཞེས་ཚིག་གི་ ལྷག་མའོ། །རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་ཀྱང་པདྨ་དང་རྡོ་རྗེ་ནི་ཟླ་བའི་འོད་ནང་དུ་འབར་བ་དང་བཅས་པ་ནི་དཀར་པོའི་འོད་ཀྱི་ཚོགས་སྤྲོ་བ་དང་། དེ་བཞིན་དུ་ཡིད་དུ་འོང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཕྱིར་བདེ་བ་ཆེན་པོའི་ངོ་བོ་བསམ་པར་བྱའོ། །དེ་ལྟར་བྱས་ན་ ཅིར་འགྱུར་ཞེ་ན། སངས་རྒྱས་རྗེས་དྲན་སྦྱོར་བ་ལ་སོགས་པ། །ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་དྲུག་གི་ཕྱག་རྒྱའི་དངོས་གྲུབ་སྟེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་དང་། ཡན་ལག་དྲུག་གི་རྣལ་འབྱོར་གྱི་དངོས་གྲུབ་རྣམས་དང་། ལུས་རྣམ་པར་དབེན་པ་ལ་ སོགས་པའི་དངོས་གྲུབ་རྣམས་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱ་ན་ཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ། དེ་འདོད་པ་ནི་གཞན་རྣམས་ལ་འདོད་པ་སྔོན་དུ་འགྲོ་བས་སྟེར་བས་ན་བྱང་ཆུབ་འདོད་པ་སྟེ། གཉི་ གའི་རྣལ་འབྱོར་པ་རྣམས་ཀྱིས་སོ་ཞེས་སྟོན་ཏོ། །དེས་ནི་འདི་བཤད་པ་ཡིན་ཏེ། གཉི་གའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། ། ལ་ལ་ན་རེ། སངས་རྒྱས་རྗེས་སུ་དྲན་པར་སྦྱོར། །ཞེས་བྱ་བ་ལ་སོགས་པའི་ཚིག་ནི་མདོར་བསྟན་པ་ཡིན་ལ། དེ་བཞིན་དུ་དེ་ལས་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་གང་གི་ཕྱིར་མདོར་ བསྟན་པ་དང་རྒྱས་པར་བཤད་པ་དག་རིམ་པ་དང་གྲངས་ཀྱིས་བཤད་པ་ཡིན་ཏེ། དཔེར་ན་རབ་ཏུ་བྱེད་པ་ལས་ནི་རླུང་གི་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན་ཉིད་མདོར་བསྟན་ནས། རིམ་པ་དེ་ཉིད་རྒྱས་པར་བཤད་པ་དང་། ཡང་བཤད་པ་དག་བསྟན་ཏོ། །འདིར་ནི་སངས་རྒྱས་ རྗེས་སུ་དྲན་པ་ལ་སོགས་པ་གལ་ཏེ་དྲུག་མདོར་བསྟན་པ་ཡིན་ན་དེའི་ཚེ་ཕྱི་དུས་སུ་བཅུ་དྲུག་གིས་ཇི་ལྟར་རྒྱས་པར་བཤད་པ་ཡིན་ནོ། །གལ་ཏེ་དེའི་ནང་ནས་དྲུག་རྒྱས་པར་བཤད་ན། དེའི་ཚེ་གཞན་རྣམས་ལ་མདོར་བསྟན་པར་མི་རིགས་སོ། །གལ་ཏེ་དེ་རྣམས་རང་དབང་དུ་བཤད་ན་ དེའི་ཚེ་དྲུག་པོ་ཡང་དེ་བཞིན་དུ་སྟོན་ཅིག །ངེས་པ་གང་ཡིན། དེ་མ་བཤད་པས་མདོར་བསྟན་པ་དང་རྒྱས་པར་བཤད་པའི་རིམ་པ་ནི་མ་ཡིན་ནོ། །འོན་ཀྱང་བཅོམ་ལྡན་འདས་ཀྱི་གསུང་གི་དགོངས་པ་གཙོ་བོ་ཡིན་པས་གྲངས་ནི་ལྡན་པ་ཡིན་ནོ་ཞེས་ཧ་ཅང་ ཐལ་བར་འགྱུར་བས་ཆོག་གོ། །འདིར་བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་ལས་རྗེས་སུ་དྲན་པ་བཅུ་དྲུག་བསྟན་ཏེ། སངས་རྒྱས་དང་། ཆོས་དང་། རྡོ་རྗེ་དང་། རིགས་དང་། ཁྲོ་བོ་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། སྐུ་དང་། གསུང་དང་། ཐུགས་དང་། སེམས་ཅན་དང་། སྔགས་ཀྱི་སྐུ་ཐམས་ཅད་སྐུ་གསུང་ཐུགས་དང་། དམ་ཚིག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་དང་། སྐྱེ་བ་མེད་པ་དང་། །ཞེ་སྡང་དང་རིགས་ལ་མཆོད་པ་དྲན་པ་སྟེ་བཅུ་དྲུག་གོ། །དེ་ཉིད་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་ བ་མཆོག་དང་། ལས་ཀྱི་རྒྱལ་བ་མཆོག་དང་། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། རྡོ་རྗེའི་བཟླས་པ་དང་། སེམས་རྣམ་པར་དག་པ་དང་། བདག་ལ་བྱིན་གྱིས་བརླབས་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་འཇུག་དང་། རང་བཞིན་དང་། རྒྱུ་དང་། ལས་དང་། འབྲས་བུ་དང་། རྣལ་འབྱོར་དང་། སྒྲུབ་པ་རྣམས་ཏེ་ཚིག་གི་དོན་ཏོ། །གང་གིས་མོས་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །ཉན་ཐོས་པའི་རིགས་ཅན་གྱི་ཕྱོགས་སུ་དབུགས་འབྱུང་བ་དང་རྔུབ་པ་ རྗེས་སུ་དྲན་པ་བཅུ་དྲུག་གི་རྣམ་པར་དག་པ་དང་། ཐེག་པ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་བཅུ་དྲུག་གི་རྣམ་པར་ཤེས་པ་དེ་དག་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བཤད་པར་བྱ་སྟེ། སངས་རྒྱས་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དེ། དེའི་རྗེས་སུ་དྲན་པ་ནི་ཞུགས་པ་ སྟེ། དེ་བསྒོམ་པ་ནི་བསམ་པ་ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་འཇོམས་པས་ན་བྷ་ག་ནི་སྟོང་པ་ཉིད་དོ། །བྷ་ག་དེ་ལ་ལིངྒ་བཞག་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་གཞུག་པར་བྱས་ལ། སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའི་རང་ བཞིན་དུ་བསྒོམ་པ་ནི་བསམ་པར་བྱའོ། །བ་སྤུ་རྣམས་ནི་རྩ་བདུན་ཁྲི་ཉིས་སྟོང་གི་བདག་ཉིད་ཀྱི་ལུས་ཀྱི་བུ་ག་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེའི་རྩེ་མོ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་བར་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཏེ། དེ་དག་ཐམས་ཅད་སངས་རྒྱས་སྤྲིན་ནི་སྟོང་ པ་ཉིད་ཆེན་པོ་སྟེ། དེའི་རང་བཞིན་དུ་སྤྲོ་བ་ནི་ཤེས་པར་བྱ་སྟེ་དང་པོ་སྦྱོར་བའོ། །དེ་ལ་ཆོས་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ནི་དཀྱིལ་འཁོར་གྱི་དབང་ཕྱུག་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་བསྐྱེད་པ་སྟེ། དེ་བསྒོམ་པ་ནི་བསམ་པ་སྟེ། ཇི་ལྟར་ཞེ་ན། བྷ་ག་ལ་ཞེས་ བྱ་བ་ལ་སོགས་པ་ལ། བྷ་ག་ནི་སྟོང་པ་ཉིད་དེ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་རང་གི་སེམས་སྐར་མ་དང་འདྲ་བའོ། །ལིངྒ་ནི་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་གྱུར་པ་ཡི་གེ་གསུམ་མོ། །འཇུག་པ་ནི་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་རྡོ་རྗེ་ བསམ་ཞིང་དེ་ལས་བྱུང་བ་ཆོས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་བསྒོམ་པར་བྱ་བ་ནི་བསྐྱེད་པར་བྱའོ། །དེ་བསྐྱེད་ནས་བ་སྤུ་རྣམས་ནི་ཕུང་པོ་རྣམས་སོ། །བུ་ག་ནི་ཁམས་རྣམས་སོ། །རྩེ་མོ་ནི་སྐྱེ་མཆེད་རྣམས་སོ། །བར་ནི་སྒོ་རྣམས་སོ། ། ཆོས་ཀྱི་སྤྲིན་ནི་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་སྤྲོ་བ་ནི་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ཉིད་དུ་རྟོགས་པར་བྱ་སྟེ། དཀྱིལ་འཁོར་རྒྱལ་བ་མཆོག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་དཀྱིལ་འཁོར་ པ་རྣམས་རྗེས་སུ་དྲན་པ་ནི་སྤྲོ་བའི་སྦྱོར་བ་དང་། དེ་བཞིན་དུ་སྒོམ་པ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ཇི་ལྟ་བུ་ཡིན་ཞེ་ན། བྷ་ག་ནི་ཕྱག་རྒྱ་མའི་པདྨར་ལིངྒ་རྡོ་རྗེ་སྟེ་སྔགས་ལས་སྐྱེས་པ་དང་། སྔགས་ཀྱིས་བྱིན་གྱིས་བརླབ་པར་བཞག་པ་ནི་ཞུགས་ཏེ། རྡོ་རྗེ་སེམས་དཔའ་ནི་ བྱང་ཆུབ་ཀྱི་སེམས་ཏེ་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཁྱད་པར་དུ་ལེའུ་དང་པོ་ལས་གསུངས་པའི་བཛྲ་དྷྲྀག་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚུལ་དུ་བསྒོ་བ་ནི་པདྨའི་ལྟེ་བར་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བར་བྱའོ། །དེའི་རྗེས་ལ་བ་སྤུ་རྣམས་ཀྱི་བུ་ག་ནི་རྩ་བའོ། །རྩེ་མོ་ནི་ མཐའོ། །བར་ནི་སྤུ་གཉི་གའི་བར་རོ། །དེ་རྣམས་ལས་རྡོ་རྗེ་སྤྲིན་ནི་དཀྱིལ་འཁོར་པའི་ཚོགས་ཏེ། ཡེ་ཤེས་སེམས་མའི་ཞལ་དང་། དམ་ཚིག་སེམས་མའི་བ་སྤུའི་བུ་ག་ནས་ཕྱི་རོལ་དུ་ཟླ་བ་དང་ཉི་མའི་གདན་རྣམས་ལ་སྤྲོ་བ་ནི་སྔོན་དུ་འགྲོ་བ་དང་། སྐུ་ ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བ་དགོད་པར་བྱ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། རིགས་ནི་ལུས་ཏེ་དེ་ཉིད་རྗེས་སུ་དྲན་པ་ནི་བསྐྱེད་པ་སྟེ། དེ་བསྒོམ་པ་ནི་དེ་བཞིན་གཤེགས་པའི་བརྟགས་པའོ། །དེ་ཡང་ཇི་ལྟར་ཡིན་ཞེ་ན། བྷ་ག་ནི་ཕུང་པོ་ལྔའི་བདག་ཉིད་ཀྱི་ལུས་ལ། ལིངྒ་ནི་རྩའི་འཁོར་ལོ་བཞག་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། སངས་རྒྱས་གཟུགས་ནི་དེ་ཉིད་ལས་འབྱུང་བའི་འགྲོ་བ་དང་མི་འགྲོ་བའི་བདག་ཉིད་ཀྱི་ཁམས་གསུམ་པ་དང་། རང་གི་བདག་ཉིད་བསྒོམ་པ་ནི་ཤེས་པར་བྱའོ། ། རྩའི་འཁོར་ལོ་དེ་ཉིད་བ་སྤུ་རྣམས་ཀྱི་བུ་ག་ལ་སོགས་པའི་དབྱེ་བས་ཕྱེ་བར་འགྱུར་བ། རིགས་ཀྱི་སྤྲིན་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རང་བཞིན་དུ་སྤྲོ་བར་བྱ་བ་ནི་མོས་པར་བྱ་སྟེ་བསྐྱེད་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོ་ནི་ཕུང་པོ་ལ་སོགས་པ་ཡེ་ ཤེས་ཀྱི་མེས་བསྲེག་པའོ། །དེ་ཉིད་རྗེས་སུ་དྲན་པ་ནི་འབྱུང་བ་སྟེ། དེ་བསྒོམ་པ་ནི་ཡང་དང་ཡང་དུ་བསྒོམ་པ་སྟེ། དེ་ཇི་ལྟར་ཡིན་ཞེ་ན། བྷ་ག་ནི་སྣའི་རྩེ་མོར་ལིངྒའི་ཐིག་ལེ་སྟེ། བཞག་པ་ནི་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། ཁྲོ་བོ་ནི་ཤིན་ཏུ་རྣོ་བའི་འོད་ཟེར་རྣམས་ཏེ། །དེའི་ དབང་པོ་ནི་ཐིག་ལེ་དེ་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལ་བ་སྤུའི་བུ་ག་རྣམས་ནས་ཁྲོ་བོའི་སྤྲིན་ནི་ཤིན་ཏུ་རྣོ་བའི་འོད་ཟེར་རྣམས་ཏེ། ལུས་པོ་གསལ་བར་བྱེད་པ་སྤྲོ་བར་བྱ་སྟེ་རྫོགས་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ནི་ཡི་གེ་གསུམ་སྟེ། དེ་ཉིད་རྗེས་སུ་དྲན་ པ་ནི་འཇུག་པ་ལ་སོགས་པའི་རིམ་པས་བཟླས་པ་སྟེ། དེ་བསྒོམ་པ་ནི་དཀྱིལ་འཁོར་བཞིའི་རིམ་གྱིས་སྤྲོ་བ་དང་བསྡུ་བའོ། །དེ་ཡང་ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་ནི་ཡི་གེ་ཧཱུཾ་ངོ་། །པདྨ་ནི་ཡི་གེ་ཨཱཿའོ། །ལྡན་པ་ནི་ཡི་གེ་ཨོཾ་མོ། །དབང་པོ་གཉིས་ནི་སྲོག་དང་རྩོལ་བའོ། །སྦྱོར་བ་ནི་ གནས་པའི་རླུང་སྟེ་མཉམ་པའོ། །འཇུག་པ་ལ་སོགས་པའི་རླུང་རྣམས་ཀྱིས་བཟླས་པར་བྱའོ། །དེ་བཞིན་དུ་རང་གི་ཁུ་བ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་སྔགས་རྣམས་སོ། །ཐིག་ལེ་ནི་དེ་རྣམས་ཀྱི་སྤྱོད་པ་ཐ་མར་གནས་པའི་རྗེས་སུ་འཇུག་པའི་དབྱངས་དང་ཚེག་དྲག་དག་གོ། །སངས་ རྒྱས་ནི་དཀྱིལ་འཁོར་བཞི་དང་། རྡོ་རྗེ་སེམས་དཔའ་ནི་བདག་པོ་སྣང་བ་མཐའ་ཡས་ལ་སོགས་པ་སྟེ། དེ་རྣམས་ཀྱིས་མཆོད་པ་ནི་ཁ་དོག་དམར་པོ་ལ་སོགས་པའི་དབྱེ་བས་གཡས་པ་ལ་སོགས་པའི་རིམ་གྱིས་སྤྲོ་བར་བྱ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་ སོགས་པ་ལ། དཀྱིལ་འཁོར་ནི་སེམས་ཀྱི་འཁོར་ལོ་སྟེ་རྣམ་པ་གསུམ་མོ། །རྗེས་སུ་དྲན་པ་ནི་སྣང་བ་ལ་སོགས་པའི་དབྱེ་བས་དེ་ཉིད་འོད་གསལ་བ་ཉིད་དུ་བྱེད་པའོ། །དེ་བསྒོམ་པ་ནི་ཡང་དང་ཡང་དུ་སློབ་པ་སྟེ་ཇི་ལྟར་ཡིན་ཞེ་ན། དབང་པོ་གཉིས་ནི་མཉམ་གཞག་ སྟེ། ཞེས་བྱ་བ་ལ་དབང་པོ་གཉིས་ནི་སྣང་བ་དང་སྣང་བ་མཆེད་པའི་ཡེ་ཤེས་དག་གོ། །མཉམ་གཞག་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །རྣམ་པར་ཤེས་པ་གསུམ་སྟེ་དེ་རྣམས་དང་རང་གི་རང་བཞིན་རྣམས་ཏེ་ཁུ་བ་ནི་འོད་གསལ་བ་ལའོ། །མཁས་པ་ནི་རྣལ་འབྱོར་ པས་འབད་པ་ནི་ཉེ་བར་བསྡུ་བར་བྱའོ། །དཀྱིལ་འཁོར་ནི་དེ་ཉིད་འོད་གསལ་བ་ལ་ཞུགས་པའི་མཚན་ཉིད་ཡིན་ཏེ། དཀྱིལ་ནི་སྙིང་པོ་སྟེ་དེ་ལེན་པར་བྱེད་པས་ན་དཀྱིལ་འཁོར་རོ། །དེ་བཞིན་དུ་ཁམས་གསུམ་བརྒྱན་པར་བྱེད་པས་ན་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ ཀྱི་ཚུལ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཐིམ་པའོ་ཞེས་སྟོན་ཏོ། སེམས་རྣམ་པར་དག་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ནི་སྒྱུ་མ་ལྟ་བུ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་འོད་གསལ་བ་ལས་གཅིག་ཏུ་སྤྲོ་བའོ། །བསྒོམ་པ་ནི་བདག་ལ་ བྱིན་གྱིས་བརླབ་པའི་རིམ་པའི་བསྒོམ་པའོ། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་བྱ་བ་ལ། སྐུ་གང་ཡིན་ཞེས་པ་ནི་ཇི་ལྟར་སྒྱུ་མའི་རང་བཞིན་གྱི་སྐུའོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གང་ཞིག་སྐུ། ཕུང་པོ་ལྔ་ཉེ་བར་མཚོན་པར་གྱུར་ པས་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་ཀྱང་རབ་ཏུ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་རྒྱས་པ་ནི་དཔེར་བྱས་པར་བསྒོམས་ལ། སངས་རྒྱས་ཀྱི་སྐུ་ནི་མིག་འཕྲུལ་དང་འཇའ་ཚོན་དང་འདྲ་བའི་སྐུའི་རང་བཞིན་བདག་དང་ཀྱང་གི་སྒྲས་འགྲོ་བ་རྣམས་ཀྱང་དེ་དང་ འདྲ་བར་གྱུར་ཅིག་པའོ་ཞེས་བདག་ཉིད་དང་འགྲོ་བ་དག་སྒྱུ་མའི་རང་བཞིན་དུ་བལྟ་བར་བྱ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། གསུང་ནི་རྣམ་པ་བཞི་སྟེ། མཆོག་དང་ལྟ་བར་བྱེད་པ་དང་། བར་མ་དང་གསལ་བ་རྣམས་སོ། །དེ་ ལ་རླུང་དང་རྣམ་པར་ཤེས་པ་དག་ཕྲད་ཅིང་གང་ཞིག་ནང་གི་རྣམ་པར་རྟོག་པ་འབྱུང་བ་ཙམ་འདོད་པ་དེ་ནི་མཆོག་གོ། །ཇི་སྐད་དུ། བདག་ནི་བློ་ཡི་ཡུལ་བརྟགས་ཤིང་། །ཡིད་ནི་སྨྲ་བར་འདོད་པས་སྦྱར། །ཡིད་ཀྱི་ལུས་ཀྱི་མེ་རེག་སྟེ། །དེས་ཀྱང་རླུང་རབ་སྐུལ་བར་བྱེད། །ཅེས་ འབྱུང་ངོ་། །དེའི་རྗེས་ལ་རླུང་ལ་ཞོན་པའི་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་དེ་ཉིད་རླུང་གི་ངོ་བོ་གང་གི་ཚེ་གཡོན་དང་གཡས་པའི་རྩ་དག་ལས་རྒྱུ་ཞིང་མི་གསལ་བ་ཉིད་དུ་འགྲོ་བར་འདོད་པ་དེ་ནི་ལྟ་བར་བྱེད་པའོ། །དེའི་རྗེས་ལ་རླུང་དེ་ཉིད་ཀྱིས་གནས་བརྒྱད་དུ་ རེག་སྟེ་ཡི་གེ་ཕྱི་མོའི་ངོ་བོ་ཉིད་ཐོབ་ཅིང་རྣ་བའི་དབང་པོས་ཅུང་ཟད་ཉན་པར་གྱུར་པ་གང་ཡིན་པ་དེ་ནི་བར་མའོ། །ཇི་སྐད་དུ་ནམ་མཁའི་རླུང་ལས་འབྱུང་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་འབྱུང་ངོ་། །དེ་བཞིན་དུ་ཡི་གེའི་ཕྱི་མོ་དེ་ཉིད་ཡི་གེ་དང་ངག་དང་ངག་ཆེན་པོ་ལ་སོགས་ པའི་དབྱེ་བས་བགྲངས་ཤིང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། ཇི་སྲིད་སྐད་དྲུག་ལ་སོགས་པའི་དབྱེ་བས་ཉན་པར་གྱུར་པ་གང་ཡིན་པ་ནི་གསལ་བའོ། །ངག་ཀྱང་ཤེས་པ་ལ་རག་ལུས་པའི་ཕྱིར། གསལ་བ་ནི་ཆགས་པའི་རྣམ་པར་ཤེས་པའི་ངོ་བོའོ། །བར་པ་ནི་ཆགས་ པ་བར་པའི་རྣམ་པར་ཤེས་པའི་ངོ་བོའོ། །ལྟ་བར་བྱེད་པ་ནི་ཆགས་པ་དང་བྲལ་བའི་རྣམ་པར་ཤེས་པའི་ངོ་བོའོ། །མཆོག་ནི་ཆགས་པ་དང་། ཆགས་པ་དང་བྲལ་བ་དང་། ཆགས་པ་བར་པ་དང་། ཤེས་པ་དང་། ཤེས་བྱ་རྣམས་དང་བྲལ་ཞིང་རང་བཞིན་གྱིས་འོད་གསལ་བའི་སྣང་བ་ བཞི་པའི་ངོ་བོ་ཡིན་ནོ། །དེ་ལྟ་བུའི་སྣང་བ་བཞིའི་གསུང་རྗེས་སུ་དྲན་པ་ནི་བཞི་པ་ཉིད་དུ་བྱེད་པའོ། །དེ་བསྒོམ་པ་ནི་མངོན་དུ་བྱ་བའོ། །ཇི་ལྟར་ཞེ་ན། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ཞེས་བྱ་བ་ལ་རྡོ་རྗེ་ནི་འདོད་ཆགས་སོ། །ཆོས་ནི་འདོད་ཆགས་དང་བྲལ་བའོ། །གསུང་གི་ངེས་ ཚིག་ནི་འདོད་ཆགས་བར་པའོ། །ཕུན་སུམ་ཚོགས་པ་དེ་ནི་དེ་རྣམས་རིལ་པོར་འཛིན་པ་དང་། རྗེས་སུ་འཇུག་པ་དག་གིས་ལྷན་ཅིག་སྐྱེས་པ་ཉིད་དུ་བྱེད་པ་སྟེ། དེ་ནི་བདག་དང་ཀྱང་གི་སྒྲས་འགྲོ་བ་ཀུན་གྱིས་དེ་ལྟ་བུ་བསྒོམ་པར་བྱའོ། །ཆོས་འཛིན་ནི་ནམ་མཁའི་དབྱིངས་སོ། ། དེ་དང་འདྲ་བ་ནི་དེ་དང་མཉམ་པའོ་ཞེས་ཚིག་གི་དོན་ཏེ་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ངོ་བོ། རྗེས་སུ་དྲན་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་གྱི་འོག་ཏུ་དྲན་པའོ། །བསྒོམ་པ་ནི་དེ་ཉིད་མངོན་དུ་བྱའོ། ། ཇི་ལྟར་ཞེ་ན། གསང་བའི་བདག་པོ་བློ་ལྡན་པ། །ཞེས་བྱ་བ་ལ། ཀུན་དུ་བཟང་པོ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་ཏེ། དེ་ཉིད་ཀྱི་ཐུགས་ནི་གཉིས་དང་གཉིས་མ་ཡིན་པ་དང་བྲལ་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གསང་བ་ནི་དོན་དམ་པའི་བདེན་པ་དང་། བདག་ པོ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་དག་གཉིས་སུ་མེད་པར་བྱེད་པའི་མཚན་ཉིད་ཅན་གྱི་བློ་ནི་དམིགས་པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་བློ་ལྡན་ནོ། །དེ་ལྟ་བུའི་ཐུགས་ནི་བདག་དང་ཀྱང་གི་སྒྲས་འགྲོ་བ་ཀུན་གྱིས་འགྱུར་བ་ནི་བསྒོམ་པར་བྱའོ། །ད་ནི་དོན་འདི་བཤད་པ་ཡིན་ཏེ། སྒྲ་དང་གྲོགས་པོ་དང་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་བཞིན་དུ་སེམས་འདྲ་བར་བསྒོམ་པར་བྱའོ། །ཟུང་འཇུག་གི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཤེས་རབ་མའོ། ། རྗེས་སུ་དྲན་པ་ནི་ཐབས་སོ། །བསྒོམ་པ་ནི་དེ་དག་ཡང་དག་པར་སྦྱོར་བའོ། །ཇི་ལྟར་ཞེ་ན། སེམས་ཅན་གྱི་སེམས་གང་ཡིན་ཞེས་བྱ་བ་ལ། སྐུ་གསུང་ཐུགས་ནི་ཡི་གེ་གསུམ་གྱིས་མཚན་པ་ནི་བྱིན་གྱིས་བརླབས་པའི་སེམས་ནི་ཡིད་དུ་འོང་བའི་ཤེས་རབ་མ་སྟེ། སེམས་ ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་མོའོ། །བདག་གི་ཞེས་བྱ་བའི་དྲུག་པ་ནི་དང་པོའི་དོན་དུ་སྟེ། དེས་ན་བདག་ཀྱང་སེམས་དེ་དང་འདྲ་བ་ནི་དེ་དང་འདྲ་བར་བྱས་ལ་བྱིན་གྱིས་བརླབ་པའོ། །ནམ་མཁའ་དང་མཚུངས་པ་ནི་དམིགས་པ་མེད་པའི་ཡེ་ཤེས་ཀྱི་ རྒྱུར་གྱུར་པ་ཡང་དག་པར་སྦྱོར་བ་སྟེ། དེ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་གྱུར་ཏེ་རང་བཞིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཐམས་ཅད་ནི་ཐབས་ཤེས་རབ་སྟེ་དེ་དག་གི་གང་ཞིག་གཟུགས་ནི་པདྨ་དང་རྡོ་རྗེའི་ ཚུལ་ཏེ། དེ་ཉིད་ཀྱང་སྐུ་གསུང་ཐུགས་ནི་ཁྲག་དང་ཆུ་དང་ས་བོན་རྣམས་ཀྱི་གནས་ཡིན་པའི་ཕྱིར་སྐུ་གསུང་ཐུགས་སོ། །རྗེས་སུ་དྲན་པ་དེ་ཉིད་སྦྱོར་བའོ། །བསྒོམ་པ་ནི་ལྷའི་རྣམ་པ་སྔོན་དུ་འགྲོ་བ་དེ་ཉིད་མཉེས་པའོ། །ཇི་ལྟར་ཞེ་ན། སྔགས་ཀྱི་རྡོ་རྗེ་སྐུ་གང་ཡིན། །ཞེས་ བྱ་བ་ལ་སོགས་པ་ལ། སྔགས་ནི་པདྨའོ། །རྡོ་རྗེ་ནི་ལིངྒའོ། །སྐུ་ནི་དེ་དག་སྔ་མ་བཞིན་དུ་ཚད་མཉམ་པའོ། །གསུང་གི་སྐུ་ཡང་ཞེས་པ་ནི་དེ་དག་སྣང་བ་མཐའ་ཡས་དང་རྣམ་པར་སྣང་མཛད་དེ། དེ་ཉིད་རྣམ་པར་བསྒོམ་པ་ནི་དེའི་རང་བཞིན་ཉིད་དོ། །དེ་བཞིན་དུ་ པདྨ་ནི་དམར་པོ་ཡིན་པའི་ཕྱིར་སྣང་བ་མཐའ་ཡས་དང་། རྡོ་རྗེ་ནི་སྲ་བ་ཉིད་ཡིན་པའི་ཕྱིར་རྣམ་པར་སྣང་མཛད་བསམས་ལ། བདག་ཅེས་པ་ནི་སྔ་མ་བཞིན་དུ་ཐབས་དང་ཤེས་རབ་དག་སེམས་འདྲ་བར་གྱུར་པ་ནི་སྦྱོར་བར་བྱའོ། །དེ་ལྟར་བྱས་ནས་སྔགས་འཛིན་པ་ནི་རྡོ་རྗེ་ འཆང་ཆེན་པོ་སྟེ། དེ་དང་འདྲ་བའི་རྣལ་འབྱོར་པ་འབྱུང་བ་ཡིན་ཏེ་རྒྱུའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་ཞིང་བསྐྱོད་པའོ། །རྗེས་སུ་དྲན་པ་ནི་དེ་ཉིད་དུ་ཧཱུཾ་དང་ཕཊ་ལ་སོགས་པའི་ས་བོན་བཀོད་པའོ། །དེ་ཉིད་བསྒོམ་པ་ནི་ཇི་ ལྟར་ཞེ་ན། ཁུ་བ་ཕྱུང་སྟེ་ཆོ་ག་བཞིན། །ཞེས་བྱ་བ་ལ། དམ་ཚིག་ནི་ཧཱུཾ་དང་ཕཊ་ཀྱི་ས་བོན་བཀོད་པའོ། །ཁུ་བ་ཕྱུང་བ་ནི་ཡན་ལག་དང་ཉིང་ལག་ཐམས་ཅད་ལས་འཛག་པ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་བཏུང་བར་བྱེད་པ་ནི་ཡི་གེ་དེ་ཉིད་ཀྱིས་བསྲུང་བར་བྱའོ། །ཇི་ལྟར་ ཞེ་ན། ཆོ་ག་བཞིན་ཞེས་པ་ནི་ཆར་རེངས་པའི་ས་བོན་གྱིས་སོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་འདོད་པ་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་འབྲས་བུ་འདོད་པས་སོ། །དེ་ལྟར་བྱས་ནས་དེ་བཞིན་གཤེགས་པའི་ཚོགས་ནི་ནམ་མཁའི་དབྱིངས་ལ་གནས་པའི་སངས་ རྒྱས་ཀྱི་ཚོགས་གསོད་པ་ནི་དེ་ཉིད་དུ་ཐིམ་པར་བྱའོ། །དེའི་རྣལ་འབྱོར་པས་འོག་ནས་བཤད་པར་འགྱུར་བའི་དངོས་གྲུབ་ནི་འབྲས་བུའི་རང་བཞིན་གྱི་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་པ་སྟེ་ལས་སོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱི་ཕ་རོལ་ དུ་ཕྱིན་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་བཞིན་ཉིད་དོ། །དེ་ཉིད་ཀྱི་དམ་ཚིག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེ་རྗེས་སུ་དྲན་པ་ནི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །དེ་ཉིད་བསྒོམ་པ་སྟེ། ཐོས་པ་དང་བསམ་པའི་ཤེས་རབ་དག་གིས་བསྒོམ་པའི་ངོ་ བོ་ཤེས་རབ་དག་གོ། །དེ་ཇི་ལྟར་ཞེ་ན། རང་བཞིན་གྱིས་ནི་འོད་གསལ་བ། །ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་གཡོ་བ་དང་མི་གཡོ་བ་སྟེ། དེ་རྣམས་རང་བཞིན་གྱིས་འོད་གསལ་བ་ནི་བདེ་བ་ཆེན་པོའི་ངོ་བོ་ཡིན་ནོ་ཞེས་བསྒོམས་པ་དམིགས་པར་བྱའོ། །གཡོ་དང་མི་གཡོ་བ་ གང་ཞིག་འདི་སྐྱེ་བ་དང་འཇིག་པའི་མཚན་ཉིད་ལྟ་བ་དེ་ནི་དོན་དམ་པར་མ་ཡིན་ཏེ། གང་གི་ཕྱིར་མ་སྐྱེས་པ་ནི་ཐོག་མ་ནས་མ་སྐྱེས་པ་སྟེ། དེ་རྣམས་གང་ལས་འཇིག་སྟེ། སྐྱེ་བ་ཡོད་ན་འཇིག་པ་རིག་པའི་ཕྱིར་རོ། །འོ་ན་གལ་ཏེ་དེ་ལྟར་ཡིན་ན་དགའ་བ་ལ་སོགས་པ་ཡང་ཉོན་ མོངས་པའི་རང་བཞིན་ཏེ། རྣམ་པར་རྟོག་པ་དང་ལྡན་པའི་ཕྱིར་ཡོད་པ་ཁོ་ན་ཡིན་ཏེ། དེ་ལས་བྱུང་བའི་འོད་གསལ་བའི་བདེ་བ་ཆེན་པོ་ཡང་། དེ་དང་འདྲ་བའི་ཕྱིར་ཟག་པ་དང་བཅས་པས་མི་རྟག་པའི་ཕྱིར། དེ་ཁོ་ན་ཉིད་མ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། ཟག་པ་མེད་པ་ཞེས་པ་ ནི་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་པའོ། །དེ་རྣམས་དཔྱད་ན་ཕྱི་དང་ནང་དང་གཉི་གའི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་དུ་མེད་པའི་ཕྱིར་དང་། ནམ་མཁའི་མེ་ཏོག་བཞིན་དུ་མེད་པ་སྟེ། བྱིས་པ་རྣམས་ཀྱིས་བརྟག་ པའི་ཕྱིར་རོ། །ཇི་སྐད་དུ། དབང་པོའི་ཚོགས་ལ་འདོད་ཆགས་མེད། །དོན་ལ་མེད་ཅིང་སེམས་ལ་མེད། །གཞན་ལ་གནས་མིན་བདག་ལ་མིན། །ཡོད་པ་དེ་མིན་མེད་པ་མིན། །མ་རྟོགས་པ་ཡི་འབྲེལ་པ་ཡི། །རྒྱུ་ཅན་སེམས་ཀྱི་འཁྲུལ་པ་ ལས། །གང་ཡང་སྤྲིན་གྱི་བུ་ག་ལས། །ཐོག་དང་འདྲ་བ་སྐྱེ་བར་འགྱུར། །དེ་བཞིན་ཞེ་སྡང་གཏི་མུག་དང་། །ཉོན་མོངས་རིགས་ནི་གང་གཞན་རྣམས། །ཁམས་གསུམ་ལ་ནི་ཁྱབ་པ་སྟེ། །རྟོག་པའི་དུག་ལས་ཡང་དག་བྱུང་། །ཞེས་འབྱུང་ངོ་། །དེ་བས་ན་རྒྱུ་ མེད་པས་ཟག་པ་དང་བཅས་པའི་འབྲས་བུ་ག་ལ་ཡོད། འོ་ན་དེ་ལྟར་ཡིན་ན། རྡོ་རྗེ་པདྨ་སྦྱོར་བ་ཡིས། །ཁྱོད་ཀྱི་བྱང་ཆུབ་འདོད་པ་སྟེ། །དེ་ཡང་རྣམ་རྟོག་དང་བཅས་ཕྱིར། །དེ་ཉིད་རྣམ་རྟོག་དང་བཅས་འགྱུར། །ཞེ་ན། བྱང་ཆུབ་མེད་ཅེས་པ་ནི། ཐབས་དང་ཤེས་ རབ་ཡང་དག་འབྱུང་། །ཞེས་འབྱུང་ངོ་། །དཔེའི་མཚན་ཉིད་ཀྱི་བྱང་ཆུབ་ནི་བདེ་བ་སྟེ། དེ་ཉིད་བྱང་ཆུབ་མ་ཡིན་ཏེ། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །འོན་ཀྱང་དཔེ་ལས་བྱུང་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཡིན་ནོ། །འོ་ན་དེ་ཡང་དེ་རྩོད་པ་མ་ཡིན་ནམ་ཞེ་ན་མངོན་རྟོགས་ མེད་ཅེས་པ་ནི། མངོན་རྟོགས་ནི་རྒྱུ་དང་འབྲས་བུའི་འབྲེལ་པ་སྟེ། དེ་ནི་དེར་མེད་པ་ཡིན་ཏེ་གང་གི་ཕྱིར་དཔེའི་བྱང་ཆུབ་ཀྱི་དཔེ་ལས་བྱུང་བའི་བྱང་ཆུབ་མེ་དང་དུ་བ་བཞིན་དུ་སྐྱེད་པར་བྱེད་པ་མ་ཡིན་ནོ། །འོན་ཀྱང་དེའི་ཕྱིར་དུས་སུ་སྐྱེས་པའི་ལག་པའི་རྩོལ་བ་མེད་པའི་འཁོར་ལོ་ བཞིན་དུ་དེ་ནི་རང་གི་ངང་གིས་གསལ་བའི་ཕྱིར་རོ། །ཡང་ན། སྐྱེ་དང་གནས་དང་གསལ་བ་དང་། །འགྱུར་བ་ཤེས་པ་ཐོབ་པ་དང་། །སྦྱོར་བ་གཞན་ཉིད་འཛིན་རྣམས་ཏེ། །རྒྱུ་ནི་རྣམ་པ་བཅུ་རུ་འདོད། །ཅེས་བྱ་བ་འབྱུང་བའི་ཕྱིར་དཔེའི་བདེ་བ་ནི་གསལ་བའི་རྒྱུ་ཡིན་པ་སྟེ་བུམ་ པ་ལ་སོགས་པ་ལ་མར་མེ་བཞིན་དུའོ། །འོ་ན་གལ་ཏེ་དེ་ལྟར་ཡིན་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་བརྟེན་ཏེ། ལྷན་ཅིག་སྐྱེས་པར་མཚོན་པར་འགྱུར་ཏེ། དེ་ཡང་ཁམས་ཀྱི་ངོ་བོ་ཡིན་པའི་ཕྱིར་མི་རྟག་པ་ཡིན་ཏེ་དེ་ཉིད་ཀྱི་གཞི་ཅན་ཡང་མི་རྟག་པ་ཉིད་དུ་ཐལ་བར་ འགྱུར་རམ་ཞེ་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། ཁམས་ཀྱང་མེད་ཅེས་པ་ནི་ཁམས་ནི་ཐིག་ལེའི་ངོ་བོ་སྟེ། དེ་ཡང་ཀུན་རྫོབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ནོ། །འོན་ཀྱང་དེ་ལ་བརྟེན་ནས་དོན་དམ་པའི་ངོ་བོ་གང་ཞིག་མཚོན་པ་དེ་ནི་རྟག་པ་ཉིད་ཡིན་ཏེ། ཆོས་ཉིད་ གང་ཡང་མི་འཇིག་པའི་ཕྱིར་རོ། །གང་གི་ཕྱིར་གཞི་འཇིག་ན་གཞི་ཅན་མི་འཇིག་པ་སྟེ། ཤིང་བཅད་ན་བྱ་རོག་བཅད་པར་མི་འགྱུར་བའི་ཕྱིར་རོ། །དེ་བས་ན་ལྷན་ཅིག་སྐྱེས་པ་ནི་མི་འཇིག་པའི་ངོ་བོ་ཡིན་ནོ། །འོན་ཀྱང་དགའ་བ་ལ་སོགས་པའི་རིམ་པས་དེ་ཉིད་འབྱུང་བ་ བསྟན་པ་གང་ཡིན་པ་དེ་ནི་འབྱུང་བ་མ་ཡིན་ཏེ། དེ་ནི་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །འོན་ཀྱང་ལས་དང་པོ་པའི་བྱིས་པ་རྣམས་ཀྱིས་ཐབས་ཀྱི་ཁྱད་པར་གྱིས་མཚོན་པ་ཡིན་ཏེ། སོར་མོ་ཟླ་བ་བཞིན་དུའོ། །དེ་ལ་སོར་མོས་ཟླ་བ་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེས་ནི་དེ་ཉིད་ ཉེ་བར་མཚོན་པའི་ཕྱིར་རོ། །ཉེ་བར་མཚོན་པ་ནི་སྐྱེད་པར་བྱེད་པ་ཡིན་ན། བྱ་རོག་དང་ཁང་བཟངས་ཉེ་བར་མཚོན་པས་སྐྱེད་པར་བྱེད་པ་ཉིད་ཐལ་བར་འགྱུར་བའི་ཕྱིར་རོ། །བསྒོམ་པ་ལ་སློབ་པ་ནི་གློ་བུར་བའི་དྲི་མ་སྦྱང་བའི་ཕྱིར་ཏེ། དེ་ཁོ་ན་ཉིད་ནི་རང་བཞིན་གྱིས་གྲུབ་པ་ཁོ་ ན་ཡིན་ནོ། །ཇི་སྐད་དུ། སེམས་ནི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བའོ། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་འབྱུང་ངོ་། །དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་རང་གི་བདེ་བ་དང་ཞི་བའི་ངོ་བོ་དེ་ཁོ་ན་ ཉིད་རྣལ་འབྱོར་པས་བསྒོམ་པར་བྱ་སྟེ་འབྲས་བུའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། མ་བསྐྱེད་པ་ནི་བསྐྱེད་པའི་རིམ་པའི་བསྒོམ་པས་རྒྱབ་ཀྱིས་ཕྱོགས་པའོ། །རྗེས་སུ་དྲན་པ་ནི་དེ་ཉིད་བརྟན་པར་བྱེད་པའོ། །བསྒོམ་པ་ནི་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པའོ། ། ཇི་ལྟར་ཞེ་ན། ཐམས་ཅད་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ལ། ཡུལ་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ངོ་བོར་ཤེས་ཏེ། ནམ་མཁའ་ནི་ནམ་མཁའ་བཞིན་དུ་མི་གོས་པས་ཡུལ་དེ་རྣམས་ལ་མིག་ལ་སོགས་པ་དེ་རྣམས་བསྐུལ་ཏེ་སྤྱོད་པར་བྱའོ། །དེའི་ རྗེས་ལ་མཚན་མ་ནི་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་སྤངས་ནས་དེ་བཞིན་གཤེགས་པའི་ངོ་བོར་ཤེས་པར་བྱའོ། །དེ་ནས་མི་འགྱུར་བ་ནི་སྔགས་ཀྱི་རྣམ་པར་སྤངས་པའི་ཐིག་ལེའི་ངོ་བོ་ཙམ་བསྒོམས་ཏེ། སྲོག་དང་རྩོལ་བ་དག་ཅིང་དེའི་ རྗེས་ལ་ཐིག་ལེ་ཙམ་དེ་ཉིད་རྡོ་རྗེའི་རྩེ་མོར་འཛིན་ཏེ། གཉིས་དང་གཉིས་སུ་མེད་པ་བྲལ་བའི་དེ་ཁོ་ན་ཉིད་མངོན་དུ་བྱས་ཏེ། དེ་ནས་སྤྲོ་བ་བྱས་ལ་ནམ་མཁའི་ཁམས་བདག་དང་འདྲ་བའི་ལྷའི་སྐུ་རྣམས་ཀྱིས་ཁྱབ་ཅིང་ཉེ་བར་བསྡུས་ཏེ། ཤིན་ཏུ་གསལ་བའི་བདེན་པ་གཉིས་སུ་ དབྱེར་མེད་པའི་མཚན་ཉིད་ཅན་དང་། མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱ་སྟེ་རྣལ་འབྱོར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་གི་རིགས་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཐུགས་ཀྱི་རིགས་སོ། །སོགས་པའི་སྒྲས་ ནི་རིགས་གཞན་རྣམས་གཟུང་བའོ། །དེ་བས་ན་རིགས་ལྔ་མཆོད་པ་ནི་གསང་བའི་མཆོད་པའོ། །དེ་ཉིད་རྗེས་སུ་དྲན་པ་ནི་རྟག་ཏུ་བརྟན་པའོ། །བསྒོམ་པ་ནི་ཕྱིན་ཅི་མ་ལོག་པའི་སེམས་ཀྱིས་ནན་ཏན་ཏོ། །ཇི་ལྟར་ཞེ་ན། བུད་མེད་སེམས་ནི་རབ་ཏུ་བརྟན། །ཞེས་བྱ་བ་ལ། ལོ་གྲངས་བཅུ་གཉིས་ལོན་པའི་བུད་མེད་ནི་རིགས་ཀྱི་ལྷ་མོ་སྟེ། ཐོས་པ་ལ་སོགས་པའི་རིམ་པས་སེམས་བརྟན་པ་ནི་སེམས་རྩེ་གཅིག་པར་གྱུར་པ་རྙེད་ལ། རིགས་ནི་ཐུགས་ལ་སོགས་པའི་རིགས་རྣམས་ཀྱི་སྦྱོར་བ་ནི་འདྲ་བ་ཉིད་དོ། །དེ་ལྟ་བུའི་དབྱེ་བས་གར་མཁན་མ་དང་། ཁྲུས་མཁན་མ་དང་། གདོལ་པ་ལ་སོགས་པའི་དབྱེ་བས་ཐོབ་ཅིང་བདག་གི་ཁུ་བ་ནི་བྱང་ཆུབ་ཀྱི་སེམས་སྤྲོ་བས་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བ་འམ། བདུད་རྩི་རི་ལུ་ཁར་བཅུག་པས་མཆོད་པར་བྱ་བ་མཉེས་པར་བྱ་སྟེ་སྒྲུབ་པའོ། །དེ་ལྟར་རྗེས་སུ་དྲན་པ་བཅུ་དྲུག་བསྟན་ནས། དེའི་སྒོམ་པ་པོའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བའི་རིགས་ལ་གཅིག་གི་ཚིག་སྟེ། དེས་ན་རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པ་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་གསུམ་གྱི་རང་བཞིན་གྱི་སྐུ་གསུང་ཐུགས་ཐོབ་པར་འགྱུར་རོ། ། གལ་ཏེ་དེ་ལྟར་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ལས་འདི་ལ་ཁྱད་ཇི་ལྟར་ཞེ་ན། ཚེ་འདི་ཉིད་ནི་མཐོང་བའི་ཆོས་ལ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ནི་ཐབས་མ་ཚང་བས་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པ་ཡིན་ཏེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་བསྟན་ནས་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་ནི་རིགས་གསུམ་མམ། ཁམས་གསུམ་མམ། ཡེ་ཤེས་གསུམ་མམ། འདོད་ཆགས་ལ་སོགས་པའམ། ཡི་གེ་ གསུམ་ཡང་དག་པར་ཕྱིན་ཅི་མ་ལོག་པའི་དངོས་གྲུབ་ནི་མི་སྣང་བའི་མཚན་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣལ་འབྱོར་པ་དེས་འགྲུབ་པར་འགྱུར་རོ། །དེ་བཞིན་གང་གཞན་ཕྲ་མོ་ནི་ཚོགས་ཀྱི་དངོས་གྲུབ་སྟེ་ས་འོག་གི་དངོས་གྲུབ་བོ། །དེ་བཞིན་དུ་བཤད་པའི་སྒྲས་ནི་བར་ པའི་དངོས་གྲུབ་སྟེ། སྨན་མཆོག་དང་དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། ཁམས་སྨྲ་བ་དང་། སྦྱོར་བ་དང་། དབང་དུ་བྱེད་པ་དང་། ནམ་མཁའ་ལྡིང་དང་། སྒོམ་པར་སྨྲ་བ་དང་། རོ་ལངས་དང་། རལ་གྲི་དང་། རི་ལུ་དང་། མིག་སྨན་དང་། སྔགས་སྨྲ་བ་ལ་སོགས་པ་ཞེས་ པ་སྟེ། དེ་རྣམས་འགྲུབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། བཟླས་པ་ཙམ་ཞེས་པ་ནི་སེམས་རྩེ་གཅིག་པར་གྱུར་པས་སོ། །སྐུ་གསུང་ཐུགས་གསུམ་པོ་ནི་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་གསུམ་ཤེས་པ་ཡང་འགྲུབ་པར་འགྱུར་བ་སྟེ་སྒྲུབ་པའོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྔགས་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །སྤྱོད་པ་ནི་སྤྲོས་པ་མེད་པའི་སྤྱོད་པའོ། །མཆོག་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ། དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་སྔགས་ཀྱི་སྤྱོད་པའི་མཆོག་ཅེས་བྱའོ། །རྒྱུད་འགྲེལ་ ལས་ལེའུ་བདུན་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བདུན་པའི་ཚིགས་སུ་བཅད་པའི་གྲངས་ནི་སུམ་བརྒྱ་ལྔ་བཅུའོ།། །།སྤྱོད་པ་ཐོབ་པའི་རྣལ་འབྱོར་པས་གཙང་བ་དང་མི་གཙང་བའི་རྣམ་པར་རྟོག་པ་སྤང་བའི་ཕྱིར་གསང་བའི་དབང་བསྐུར་བ་དོན་དུ་གཉེར་ བ་སྟེ་དེའི་ཕྱིར་ལེའུ་བརྒྱད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཁྱད་པར་གྱི་ནོར་བུའོ། །དེ་ཉིད་དཔལ་ནི་མཚན་མ་གང་ལ་ཡོད་པ་དེ་ནི་རིན་ཆེན་དཔལ་ ལོ། །ནམ་མཁའི་མཛོད་ཉིད་ཀྱི་དབང་ཕྱུག་ཉིད་སྦྱོར་བས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་དབང་ཕྱུག་དམ་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཁྱབ་འཇུག་དང་ལྷ་ཆེན་དང་ཚངས་པ་ལ་སོགས་པ་གདུལ་བར་བྱ་བའི་ཕྱིར་དམ་པའོ། ། ཉན་ཐོས་པ་ལ་སོགས་པ་ལ་སྟོན་པ་ཡིན་པའི་ཕྱིར་དབང་ཕྱུག་གོ། །བསྟོད་པ་འདི་ནི་མཆོག་གིས་བསྟོད་པས་གསོལ་བ་གདབ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དྲུག་པའི་རང་བཞིན་ནོ། །ཐེག་པ་ཆེ་ཞེས་པ་ནི་མེ་ལོང་ ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཀྱི་ངོ་བོའོ། །དེ་བཞིན་དུ་ནམ་མཁའ་ལ་སྤྱོད་པ་ནི་མཛོད་གང་ལ་ཡོད་པ་དེ་ནི་ནམ་མཁའི་སྤྱོད་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་ནོ། །སེམས་ཅན་གྱི་ཁམས་སྦྱོར་བར་བྱེད་པ་ནི་སྨིན་པར་བྱེད་པ་སྟེ། ཕྱི་དང་ནང་དང་གསང་བ་དང་། ཐེག་པ་གསུམ་གྱི་ཆོས་བསྟན་པས་ན། སྦྱང་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཐའ་ཡས་ཏེ་དེའི་ངོ་བོའོ། །ཀུན་ནི་ཆོས་ཀྱི་ཡེ་ཤེས་སོ། །བཟང་པོ་ནི་ཐར་པ་གང་ལས་བྱུང་བ་དེ་ནི་ཀུན་དུ་བཟང་པོ་སྟེ། མི་བསྐྱོད་པའི་ངོ་བོའོ། །མཆོད་ པ་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པ་བསྲུང་བ་དང་། བཟའ་བར་བྱ་བའི་མཚན་ཉིད་ཅན་དེ་ལ་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱི་མཆོག་ནི་ཕུལ་དུ་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་རྒྱལ་བ་ནི་ལྔ་པོའི་མཆོག་སྟེ་གཙོ་བོའོ། །མཆོད་པ་ནི་གསང་བའི་དབང་བསྐུར་བའི་མཚན་ཉིད་ ཅན་བཤད་དུ་གསོལ་བ་གདབ་པ་སྟེ་རིགས་དྲུག་གི་ངོ་བོ་བཅོམ་ལྡན་འདས་ལ་བསྟོད་པའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དང་སྒྲུབ་པ་རྣམས་སོ། །ད་ནི་རིགས་གསུམ་གྱི་སྒོ་ནས་གསོལ་བ་གདབ་པར་བྱ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རིགས་ གསུམ་གྱི་མཆོག་ཡིན་པའི་ཕྱིར་རོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ་ནི་ཐུགས་རྡོ་རྗེའོ། །རྡོ་རྗེ་བཞིན་དུ་མི་ཕྱེད་པའི་ཡེ་ཤེས་ནི་ཆོས་ཀྱི་ཡེ་ཤེས་ཏེ། དེ་ལ་འགྲོ་བ་ཞུགས་པར་མཛད་པས་ན་རྡོ་རྗེ་ཡེ་ཤེས་ལ་ཞུགས་པའོ། །ནམ་མཁའི་དབྱིངས་ནི་འདོད་པའི་ གདུགས་ཏེ། དེ་དང་མཚུངས་པ་ནི་འདྲ་བ་སྟེ་ཆུའི་ངོ་བོ་ལ་བཞུགས་པའོ། །རིགས་གསུམ་ལས་ཕུལ་དུ་བྱུང་བའི་ཕྱིར་མཆོག་གོ། །རྒྱལ་བ་ནི་སྐུ་གསུང་ཐུགས་ཀྱི་རིགས་ཅན་བསྐྱེད་པར་བྱ་བའི་ཕྱིར་རྒྱལ་བ་བཞིའོ། །མཆོད་པ་ནི་འོག་ནས་འཆད་པར་འགྱུར་བ་སྟེ། བཤད་ དུ་གསོལ་ཞེས་ཏེ་ཐུགས་རྡོ་རྗེ་འཛིན་གྱི་སྒོ་ནས་བསྟོད་པའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །ཐར་པའི་ལམ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་རབ་ཏུ་སྟོན་པ་ནི་གསལ་བར་མཛད་པའོ། །དེ་བཞིན་དུ་ཐེག་པ་གསུམ་ནི་ཕྱི་ནང་གསང་བ་དང་ཐེག་པ་གསུམ་ གྱི་ཆོས་ཀྱི་ཕུང་པོ་སྟེ། དེ་ཉིད་ཀྱི་ལམ་ནི་ཨཱ་ལི་ཀཱ་ལི་སྟེ། དེ་དག་སྟོན་པར་མཛད་པས་ན་ཐེག་པ་གསུམ་གྱི་ལམ་ལ་གནས་པའོ། །ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་མཆོག་ཀྱང་ཡིན་ལ། སངས་རྒྱས་སྐལ་མཆོག་ནི་བྱང་ཆུབ་ཀྱི་སེམས་ཏེ། དེས་དག་པ་ནི་དེའི་རང་ བཞིན་གྱི་བདག་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་མི་ནི་ཁམས་ལྔ་སྟེ་དེ་རྣམས་ཀྱི་མཆོག་ནི་ས་བོན་ཏེ་དེའི་རང་བཞིན་ནོ། །ན་དང་ར་ནི་ན་ར་སྟེ་ན་ནི་ཐབས་སོ། །ར་ནི་ཤེས་རབ་བོ། །དེ་དག་ཡང་དག་པར་སྦྱོར་བས་ཡེ་ཤེས་ཀྱི་ཆུའི་ངོ་བོ་ནི་མཆོག་གོ། །མཆོད་པ་བཤད་ དུ་གསོལ་ཞེས་པ་ནི་རིམ་པ་གཉིས་ཀྱི་ངོ་བོའོ། །དེ་ནི་གསུང་རྡོ་རྗེ་འཆང་གི་སྒོ་ནས་བསྟོད་པའོ། །བྱང་ཆུབ་སེམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཉིད་ཀྱི་རྒྱས་པ་ནི་ཡངས་པ་སྤྱན་ལྔ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཆོས་ཀྱི་འཁོར་ལོ་ནི་རྩིབས་བརྒྱད་པའི་འཁོར་ལོ་ བསྐོར་བ་ནི། ཕྱག་ན་འཛིན་པས་ན་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །སྐུ་གསུང་ཐུགས་ནི་ནད་ཀྱིས་གདུངས་པའི་སེམས་ཅན་རྣམས་ལ་ཞི་བའི་ལས་མཛད་པའི་ཕྱིར་ཤིན་ཏུ་དག་པའོ། །རྡོ་རྗེ་ཐེག་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོ་ལ་དང་པོ་ཡིན་པའི་ཕྱིར་ཐ་མི་དད་པས་དེ་ ཉིད་རྡོ་རྗེ་ཐེག་པ་སྟེ་ཚེ་ནི་མར་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཁྱོད་ལ་ཕྱག་འཚལ་ལོ་ཞེས་པ་ནི་སྐུ་རྡོ་རྗེ་འཛིན་གྱི་སྒོ་ནས་བསྟོད་པའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །བསྟོད་པ་འདི་ཉིད་གནས་ནས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་ཉིད་བཤད་པར་བྱ་བའི་ཕྱིར། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་རྩེ་དགུ་པ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །རྒྱལ་པོ་ནི་གཙོ་བོའོ། །ཐམས་ཅད་ནམ་མཁའ་ནི་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་མཛད་པས་ན་ཐམས་ཅད་ནམ་ མཁའོ། །མི་འགྱུར་ཆེ་བ་ནི་བདུན་ཁྲི་ཉིས་སྟོང་སྔགས་ཀྱི་དབྱེ་བ་གསུངས་པས་ན་མི་འགྱུར་ཆེའོ། །ཐམས་ཅད་དབང་བསྐུར་བ་ནི་རྗེས་སུ་གཟུང་བས་ན་ཐམས་ཅད་དབང་བསྐུར་བར་བྱའོ། །ཀུན་གྱི་དོན་ནི་ཞི་བ་ལ་སོགས་པའི་འཇིག་རྟེན་པ་དང་སྟོབས་དང་མི་འཇིགས་པ་ལ་ སོགས་པས་འཇིག་རྟེན་ལས་འདས་པ་སྟེ། དོན་དེ་རྣམས་མཛད་པས་ན་ཀུན་གྱི་དོན་ནོ། །ཀུན་ནི་སངས་རྒྱས་ལྔ་སྟེ་དེ་རྣམས་ཀྱི་དབང་པོ་སྟེ་བདག་པོའོ། །རྡོ་རྗེ་རིན་ཆེན་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཆེན་པོ་སྟེ་དེ་ཉིད་འཛིན་པ་ནི་ལྷ་མོའི་གཟུགས་ལ་ལོངས་སྤྱོད་པས་ན་རྡོ་རྗེ་རིན་ ཆེན་འཛིན་ནོ། །དེ་ལྟ་བུའི་བཅོམ་ལྡན་འདས་མཆོད་པ་ནི་གསང་བའི་དབང་བསྐུར་བའི་མཚན་ཉིད་ཅན་དང་། དེ་བཞིན་གཤེགས་པའི་གོ་འཕང་སྟེར་བར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པ་དང་། དེ་ཉིད་ཀྱི་ཕྱིར་མཆོག་ནི་གསང་བ་དང་རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཏེ། དེ་རྣམས་ ཀྱི་མི་ཕྱེད་པ་སྟེ་གཉིས་སུ་མེད་པ་ཉིད་དུ་གནས་པ་ནི་དེ་ཉིད་བྱེད་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་སྐལ་བ་ནི་རྒས་པ་ལ་སོགས་པའི་སྐྱོན་དང་བྲལ་བ་ཉིད་དུ་བྱེད་པས་ན་སྐུ་གསུང་ཐུགས་སྐལ་མཆོག་དང་། དེ་བཞིན་དུ་རྒྱལ་བ་ནི་ཕུང་པོ་ལྔ་སྟེ་དེ་རྣམས་ལས་བྱུང་བས་ན་རྒྱལ་བ་ བྱུང་བར་གྱུར་པའི་མཆོད་པ་བཤད་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ་ཞེས་ཚིག་གི་དོན་ཏོ། །དེ་ནི་བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། །ཡང་ན་རྡོ་རྗེ་ནི་རེངས་པའི་རྡོ་རྗེ་སྟེ། དེ་ཉིད་པདྨའི་ནང་དུ་འཛིན་པས་ན་རྡོ་རྗེ་འཛིན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོ་ ཉིད་དུ་མཛེས་པ་ནི་རྒྱལ་བའོ། །ཐམས་ཅད་ནི་ནམ་མཁའ་ནི་ནམ་མཁའ་ལྔའོ། །དེ་རྣམས་འདབ་མ་བརྒྱད་པའི་པདྨའི་ནང་དུ་བྱིན་གྱིས་བརླབས་ལ། གནས་པའི་ཕྱིར་ཐམས་ཅད་ནམ་མཁའོ། །རྡོ་རྗེ་བདུད་རྩི་ལས་ཀྱང་། བྷ་གའི་དབུས་སུ་ནམ་མཁའ་གང་། ནམ་ མཁའ་ལྔ་ཡིས་རྣམ་པར་བརྒྱན། །ལྟེ་བ་གེ་སར་དང་བཅས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆེ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཉིད་གཡོ་བར་མི་འགྱུར་བས་མི་འགྱུར་བའོ། །མི་འགྱུར་བ་ཡང་ཡིན་ལ། ཆེན་པོ་ཡང་ཡིན་པས་ན་མི་འགྱུར་ ཆེའོ། །ཆེན་པོ་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་དང་། མི་འགྱུར་བ་ནི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་གང་ལ་ཡོད་པ་དེ་ནི་མི་འགྱུར་ཆེའོ། །ཐམས་ཅད་ནི་རྩའི་འཁོར་ལོ་བདུན་ཁྲི་ཉིས་སྟོང་སྟེ། དེ་རྣམས་ཀྱི་སེམས་ནི་རྒྱུན་རྣམས་ཀྱིས་དབང་སྐུར་བར་ བྱེད་པས་ན་ཐམས་ཅད་དབང་བསྐུར་བའོ། །ཀུན་ནི་དགའ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དོན་ནི་བདེ་བ་ཆེན་པོ་སྟེ་དེའི་རང་བཞིན་ནོ། །ཀུན་ནི་རུས་སྦལ་མ་ལ་སོགས་པ་བཞིའོ། །དབང་པོ་ནི་འདོད་པའི་གདུགས་སོ། །རྡོ་རྗེ་ནི་རྡོ་རྗེའི་རྩེ་མོར་སྟེ་དེ་ལ་རིན་ཆེན་ནི་ཡུངས་ ཀར་གྱི་འབྲས་བུའི་ཚད་ཙམ་ཐིག་ལེ་འཛིན་པས་རྡོ་རྗེ་རིན་ཆེན་འཛིན་ཏོ། །དེ་བཞིན་གཤེགས་པའི་རིགས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་བཙུན་མོ་སྟེ། དེ་ཉིད་ལས་འབྱུང་བའི་མཆོད་པ་ནི་དེ་བཞིན་གཤེགས་པའི་མཆོད་པའོ། །རིག་པ་ དང་ཕྱིར་མི་ལྡོག་པ་དག་ལས་ཕུལ་དུ་བྱུང་བའི་ཕྱིར་མཆོག་གོ། །རྡོ་རྗེ་གསུམ་ནི་གཡོན་དང་གཡས་དང་དབུས་ཀྱི་རྩ་རྣམས་སོ། །དེ་དག་མི་ཕྱེད་པ་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་རོ་གཅིག་པར་གྱུར་པ་ཉིད་དུ་གནས་པ་ནི་བསྐྱེད་པའོ། །དེའི་རྗེས་ལ་སྐུ་གསུང་ཐུགས་ནི་ སློབ་མའི་ལུས་པོ་ལ་སོགས་པ། སྐལ་མཆོག་ནི་རྣམ་པར་མི་རྟོག་པའི་གོ་འཕང་ཐོབ་པར་བྱེད་པའོ། །ཟླ་གསང་ཐིག་ལེ་ལས་ཀྱང་། དེ་དུས་བརྩམས་ཏེ་དེ་ནི་རྣམ་མི་རྟོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱལ་བའི་སྒྲས་ནི་སངས་རྒྱས་ཐམས་ཅད་རྗེས་སུ་ཞུགས་པ་ སྟེ། དེ་ལས་བྱུང་བས་ན་རྒྱལ་བ་འབྱུང་བའོ། །དེས་ནི་དོན་འདི་བཤད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། ལྷ་མོ་རྣམས་རྡོ་རྗེ་སློབ་དཔོན་དང་ལྷ་མོའི་ཞལ་ནས་རང་གི་བདག་ཉིད་ལ་ཞུགས་ཏེ། རྡོ་རྗེའི་རྩེ་མོར་བསྡུས་ལ་ཐིག་ལེའི་ངོ་ བོས་ཕྱི་རོལ་དུ་སྤྲོས་ཏེ་སྐྱེས་པའོ་ཞེས་སྟོན་ཏོ། །དེ་ལྟ་བུའི་མཆོད་པ་རྡོ་རྗེ་འཛིན་གྱིས་བཀའ་སྩལ་པའོ་ཞེས་ཚིག་གི་འབྲེལ་པའོ། །དེ་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་དང་སྒྲུབ་པ་རྣམས་སོ། །ད་ནི་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་ཇི་བཞིན་སྟེར་བ་དེ་བཞིན་བཤད་པར་ བྱ་བའི་ཕྱིར། ན་ཆུང་གཞོན་ནུ་མིག་ཡངས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱིས་རང་གི་བདག་ཉིད་ཀྱི་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ བདག་པོ་ཉིད་དུ་བཞག་ཅིང་དེའི་རྗེས་སུ་གཟུང་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཐུགས་ཀྱི་སེམས་ཅན་ཐམས་ཅད་ལ་དམིགས་ཏེ། རིམ་པ་འདིས་དམ་ཚིག་གི་ཕྱག་རྒྱ་མ་བྱིན་གྱིས་བརླབ་པར་བྱས་ཏེ། དེ་ལ་རེ་ཞིག་མཚན་ཉིད་བཤད་པ་ཡིན་ཏེ། ན་ཆུང་གཞོན་ནུ་ཞེས་པ་ནི་ སྐྱེ་གནས་མི་ཟད་པ་འམ་ཟད་པའི་བུ་མོ་ལོ་གྲངས་བཅུ་གཉིས་ལོན་པ་ཐོབ་ནས། གཟུགས་བཟང་བ་ནི་མདངས་དང་གཞོན་པ་དང་རྒྱན་རྣམས་དང་ལྡན་པའོ། །དེ་མེད་ན་ལོ་གྲངས་ཉི་ཤུ་རྩ་ལྔ་ལོན་པའོ། །དེ་ཡང་མེད་ན་བླང་བར་བྱ་བ་མ་ཡིན་ཏེ། བླ་མ་རྣམས་ཀྱིས་ གསུངས་སོ། །གལ་ཏེ་ལོ་ཉི་ཤུ་རྩ་ལྔ་ལོན་པ་མ་རྙེད་ན་དེའི་ཚེ་དགོས་པའི་དོན་དུ་བྱོལ་སོང་དང་འདྲ་བ་རྨོངས་པའི་རིགས་ཅན་ལས་ཀྱི་ཕྱག་རྒྱ་མ་རབ་ཏུ་བརྟག་པ་ནི་བླང་བར་བྱའོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་རྒྱུད་འདི་ལ་ཏིང་ངེ་འཛིན་གཙོ་བོར་གྱུར་པ་སྟོན་པ་ཡིན་གྱི་ དངོས་པོ་ནི་མ་ཡིན་ནོ། །དེ་བས་ན་སློབ་དཔོན་གྱི་བསྒོམ་པའི་སྟོབས་ཀྱིས་དངོས་པོ་བེམས་པོ་ཡང་བེམས་པོ་མ་ཡིན་པར་འགྱུར་བ་སྟེ་ཕྱག་རྒྱ་མ་སྨོས་ཅི་དགོས། དེ་ཉིད་ཀྱི་ཕྱིར་ལ་ལ་ན་རེ་ཀུན་མེད་པས་བྱོལ་སོང་མངོན་དུ་བླང་བར་བྱ་སྟེ་ཚིག་གི་དོན་ཏོ། །དེ་ནི་སྒྲུབ་པའོ། ། ཕྱག་རྒྱ་མ་བླངས་ཏེ་གནས་བཤད་པར་བྱ་སྟེ། ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ། །ཞེས་བྱ་བ་ལ་སོགས་པ་ལ། ཕུབ་མ་དང་རྡེའུ་ལ་སོགས་པ་མེད་པ་གཙང་བའོ། །སྐྱེ་བོ་མེད་པས་ན་རྣམ་པར་དབེན་པའོ། །ས་ཕྱོགས་ནི་རི་བོ་དང་ནགས་ཚལ་དང་། ཡུལ་ལ་སོགས་པ་ལས་གང་ཡང་རུང་བའོ། །རྒྱལ་བའི་གནས་ནི་ལྷ་ཁང་ངོ་། །གལ་ཏེ་དེ་ཉིད་དུ་ཡང་ཀུན་རྫོབ་དང་བསྲུང་བར་བྱ་བའི་ཕྱིར་སེམས་བརྟན་པར་མི་འགྱུར་ན། དེའི་ཚེ་ཞི་བ་ནི་སྟོང་པ་གང་ཡིན་པ་ཞི་བའི་གནས་ཏེ། ལྷ་ཆེན་པོའི་ཁང་པ་འམ་མ་མོ་ རྣམས་ཀྱི་ཁང་པ་སྟེ་དེ་ལའོ། །དེ་ལ་ཡང་མུ་སྟེགས་པའི་གནས་འདི་ཡིན་ནོ་ཞེས་རྣམ་པར་རྟོག་པར་མི་བྱ་སྟེ། གང་གི་ཕྱིར་དེ་རྣམས་རྡོ་རྗེ་སེམས་དཔའི་སྤྲུལ་པའི་ཁྱད་པར་ཡིན་ནོ། །ཇི་སྐད་དུ། ཕ་རོལ་རྒོལ་བ་གང་ཡང་རུང་། །རྟགས་ཀྱི་དབྱེ་བས་རྣམ་པར་ གནས། །དེ་རྣམས་འདིར་ནི་སྨོད་མི་བྱ། རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན། །ཞེས་འབྱུང་ངོ་། །གནས་དེ་རྣམས་སུ་བཤང་གཅི་ལ་སོགས་པ་བདུད་རྩི་ལྔ་དང་། ཆུ་ལ་སོགས་པ་ནི་ཆུ་དང་བ་ཡུ་ལ་སོགས་པས་བྱུགས་པས། རྟག་པ་ནི་དུས་ཐམས་ཅད་དུ་རྒྱལ་བ་དེ་ ཉིད། རྣམ་པར་སྣང་མཛད་མཆོད་པའི་ཕྱིར། །ཞེས་པ་ནི་སློབ་མ་དང་བདག་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་མཆོད་པར་བྱ་བའི་ཕྱིར་བྱུག་པར་བྱ་སྟེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། །གནས་དེ་ལྟ་བུ་གནས་བྱིན་གྱིས་བརླབས་ལ་དེར་གནས་པའི་རྡོ་རྗེ་ སློབ་དཔོན་གྱིས་ཕྱག་རྒྱ་མའི་ཡན་ལག་དགོད་པར་བྱ་བ་ཡིན་ཏེ། དེ་བཤད་པར་བྱ་བའི་ཕྱིར་ནུ་མའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུ་མའི་དབུས་ནི་སྙིང་གར་ཡི་གེ་ཧཱུཾ་ངོ་། །སྤྱི་གཙུག་མཐའ་ནི་སྤྱི་བོར་ཡི་གེ་ཨོཾ་མོ། །བར་ནི་ནུ་མ་དང་སྤྱི་བོའི་བར་དེ་མགྲིན་ པར་ཡི་གེ་ཨཱཿའོ། །རྐང་པའི་བར་ནས་བརླའི་མཚམས་ཀྱི་བར་ཏེ་གསང་བའི་གནས་ལ་ཡི་གེ་ཧཱའོ། །ལྟེ་བ་དང་རྐེད་པ་ནི་ལྟེ་བ་དང་རྐེད་པ་སྟེ་གློ་གཡས་གཡོན་གཉིས་སོ། །དེ་དག་གི་གསང་བ་ནི་ལྟེ་བ་ཁོ་ན་སྟེ་དབུས་སུ་གནས་པའི་ཕྱིར་རོ། །དེ་ལ་ཡི་གེ་སྭཱའོ། །དེ་ལྟ་ བུའི་རྒྱལ་བའི་སྲས་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་སྐྱེས་པ། གང་ཞིག་རིགས་ལྔ་ནི་ཡི་གེ་ཨོཾ་ལ་སོགས་པའི་ས་བོན་ལྔ་སྟེ། དེ་རྣམས་རབ་ཏུ་ནི་ཟླ་བའི་དཀྱིལ་ལ་སོགས་པའི་གདན་གྱི་སྟེང་དུ་དེ་བཞིན་གཤེགས་པའི་གཟུགས་ཀྱིས་སྐུ་ མདོག་དང་། སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། རྒོད་པ་དང་། དྲག་པོའི་ང་རོའི་རང་བཞིན་དུ་དགོད་པར་བྱ་སྟེ་བསྐྱེད་པའི་རིམ་པའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ལ། གཞན་ཡང་སྔར་བཤད་པའི་རིམ་པས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ས་ བོན་རྣམས་ཀྱིས་སྐྱེ་མཆེད་རྣམས་དང་ལྷ་མོ་སྤྱན་ལ་སོགས་པའི་ས་བོན་རྣམས་ཀྱིས་ཁམས་རྣམས་དང་། རྡོ་རྗེ་རོ་ལངས་མ་ལ་སོགས་པའི་ས་བོན་གྱིས་ཡན་ལག་དང་ཉིང་ལག་དགོད་པར་བྱ་སྟེ། བསྐྱེད་པའི་རིམ་པའོ། །བདག་དང་ལྷ་མོ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱས་ ཤིང་སློབ་མ་ལ་ཡང་འདུས་བྱས་པའི་ཕྱིར་བསྒོམ་པར་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དང་པོ་རྣལ་འབྱོར་པས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ས་བོན་ལས་བྱུང་བའི་རྣོ་བའི་མེ་འབར་བའི་ཚོགས་ ཀྱིས་སློབ་མ་ཐལ་བར་བྱས་ལ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་ནི། ནམ་མཁའི་དབུས་བཞིན་དུ་སྟོང་པ་ཉིད་ཀྱི་ངོ་བོར་བསམས་ཏེ། དེའི་འོག་ཏུ་ཡེ་ཤེས་རྒྱ་མཚོ་ནི་སྤྲོ་བ་དང་བསྡུ་བའི་བྱ་བ་བྱེད་པ་ཡི་གེ་གསུམ་བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཟླ་ བ་བསམས་ཤིང་། དེའི་སྟེང་དུ་ཡི་གེ་གསུམ་བཀོད་ལ། བདག་ཉིད་ནི་སློབ་མའི་བདག་ཉིད་ཟླ་བའི་དབུས་སུ་གནས་པ་སྟེ། ཁྱད་པར་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོར་བསྒོམ་པར་བྱའོ། །དེའི་རྗེས་ལ་བསྡུ་བ་དང་ཀྱང་གི་སྒྲས་སྤྲོ་བ་ཡང་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་སངས་ རྒྱས་ཀྱི་ཞིང་ལ་སེམས་ཅན་ཐམས་ཅད་འོད་ཟེར་གྱིས་ཕྱིན་པར་བྱས་ལ། སླར་ཡང་དེ་རྣམས་ཞི་བ་རྡོ་རྗེ་འཛིན་ནི་རྡོ་རྗེ་སློབ་དཔོན་གྱིས་བསྡུ་བར་བྱའོ། །འདོད་ན་ཞེས་པ་ནི་གལ་ཏེ་འདོད་པ་མཉམ་པོར་ཡོད་པ་དེའི་ཚེ་དེའི་སློབ་མ་ཡང་རྣམ་པར་སྣང་མཛད་ཀྱི་བསྒོམ་པ་ལ་ཞུགས་པར་ བྱའོ། །སློབ་མ་དེ་ཉིད་ལ་ཡང་རིན་ཆེན་སྣ་བཞིའི་མཆོད་རྟེན་ཞེས་པ་ནི་ས་ལ་སོགས་པའི་ཁམས་བཞིའི་དཀྱིལ་འཁོར་ལ་གནས་པ་གཞལ་ཡས་ཁང་པ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། འོད་ཟེར་གྱི་ཕྲེང་བ་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟེ་དེ་ཉིད་ཀྱི་གདན་དུ་གྱུར་པར་རྣམ་ པར་བརྒྱན་པའོ། །ཡང་ཇི་ལྟ་བུ་ཞེ་ན། ཡེ་ཤེས་རྒྱ་མཚོ་ནི། དབུས་ཀྱི་གཙོ་བོ་དང་དུས་གསུམ་གནས་པའི་དེ་བཞིན་གཤེགས་པ་རྣམས་དང་། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་ཏེ། དེ་དག་གི་གནས་ནི་གཞིར་གྱུར་པའོ། །མཁས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ བདག་ཉིད་བ་སྤུའི་བུ་ག་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བའི་ཕྱིར། མཆོད་པའི་སྤྲིན་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་ཚོགས་ནམ་མཁའི་དབྱིངས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་མཆོད་པའི་ཕྱིར་སྤྲོ་བར་བྱའོ་ཞེས་སྟོན་ཏོ། །མཆོད་བྱ་ རྣམས་བཤད་པར་བྱ་སྟེ། པདྨ་རྣམ་པ་ལྔ་ཞེས་པ་ནི་རིགས་ལྔའི་དེ་བཞིན་གཤེགས་པའོ། །ཨུཏྤལ་རྣམ་པ་ལྔ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔའོ། །མེ་ཏོག་ཀརྞི་ཀ་དང་། མ་ལི་ཀ་དང་། ཡུ་ཏི་ཀ་དང་། ཀ་ར་བཱི་ར་རྣམས་ནི་རེ་རེ་ཞིང་རྣམ་པ་ལྔ་ཡིན་པའི་ཕྱིར་ཉི་ཤུའོ། ། ཛཱ་ཏི་ཡང་རྣམ་པ་གསུམ་ཡིན་ཏེ་བསྡུས་ནས་ཉི་ཤུ་རྩ་གསུམ་མོ། །དེ་ལ་དབྱེ་བ་ནི་ལྷ་མོ་སྤྱན་ལ་སོགས་པ་བཞི་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་། ཁྲོ་བོ་བཅུ་དང་། རེག་བྱ་རྡོ་རྗེ་མ་ནི་བཅོམ་ལྡན་འདས་ལ་འཁྱུད་པ་སྟེ། ནམ་མཁའ་ལ་དཀྱིལ་འཁོར་གྱི་འཁོར་ལོ་ བསམས་ལ་ལྷ་དེ་རྣམས་མཆོད་པར་བྱ་བའི་ཕྱིར། རབ་ཏུ་བརྟག་པ་ནི་སློབ་མ་བསྒོམ་དུ་གཞུག་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཡང་ན་ནམ་མཁའི་དབྱིངས་ནི་འོད་གསལ་བ་སྟེ། དེའི་དབུས་སུ་གནས་པ་ནི་དེ་ལས་ཅིག་ཅར་སྤྲོ་བའི་ཡེ་ཤེས་རྒྱ་མཚོ་ནི་འཇའ་ཚོན་ལྟ་བུ་སྤྲོ་ བར་བྱ་སྟེ། སློབ་མ་དེ་ལྟ་བུའི་སྒོམ་པ་བྱེད་དུ་གཞུག་གོ། །བདག་ཉིད་ནི་སློབ་མའི་ལུས་ཏེ། ཟླ་བའི་དབུས་གནས་པ་ནི་འོད་ཟེར་གྱི་འཁོར་ལོའི་དབུས་སུ་གནས་པ་དང་། སྙིང་གར་ཡང་དེ་བཞིན་དུ་སྣང་བའི་ངོ་བོ་བསྒོམ་པ་དང་། བསྡུ་བ་ནི་སྒྱུ་མའི་དཔེ་བཅུ་གཉིས་བསྒོམ་ པ་རྡོ་རྗེ་འཛིན་ནི་སློབ་དཔོན་གྱིས་སློབ་མ་དེ་ཉིད་བྱེད་དུ་གཞུག་གོ། །དེའི་རྗེས་ལ་རིན་ཆེན་སྣ་བཞི་ནི་ཁམས་བཞིའི་ངོ་བོ་མཆོད་རྟེན་ནི་དཀྱིལ་འཁོར་བཞིའི་མགྲིན་པ་ལ་སོགས་པར་གནས་པ་སྟེ། འོད་ཟེར་ཕྲེང་བ་ནི་དམར་པོ་དང་དཀར་པོ་དང་ལྗང་གུ་དང་སེར་པོའི་ འོད་ཟེར་རྣམས་ཀྱིས་རྣམ་པར་བརྒྱན་པར་བསམས་ཏེ། ཡེ་ཤེས་རྒྱ་མཚོ་ནི་སྣང་བ་མཐའ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་། དུས་གསུམ་ནི་ཡི་གེ་གསུམ་མམ་འཇུག་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གནས་ནི་གཞིར་གྱུར་པ་བསམ་པ་ནི་ཤེས་པར་ བྱའོ། །བདག་གི་བ་སྤུ་ནི་གདོང་གི་སྣ་སྟེ། དེ་ཉིད་ཀྱི་བུ་ག་ནི་གཡོན་དང་གཡས་ཀྱི་སྣ་ཁུང་ངོ་། །དེ་དག་ལས་གཡས་དང་གཡོན་དང་གཉི་ག་དང་དལ་བུས་དམན་པར་གྱུར་པའི་རིམ་པས་མཆོད་པའི་སྤྲིན་ནི་དམར་པོ་ལ་སོགས་པའི་འོད་ཟེར་རྣམས་སྤྲོ་བ་ནི་སྣའི་རྩེ་མོར་འཛིན་པར་ བྱའོ། །པདྨ་དང་ཨུཏྤ་ལ་རྣམས་ནི་རླུང་བཅུའོ། །དེ་བཞིན་དུ་ཛཱ་ཏི་ནི་རྣམ་པ་གསུམ་སྟེ། དེ་རྣམས་ཉེ་བར་བསྡུས་པས་སྲོག་དང་རྩོལ་བ་དང་མཉམ་པ་སྟེ། འཇུག་པ་ལ་སོགས་པའི་རང་བཞིན་གྱི་རླུང་གསུམ་མོ། །ཀརྞི་ཀ་ར་ལ་སོགས་པ་བཞི་པོ་ནི་དཀྱིལ་འཁོར་བྱིན་གྱིས་ རློབ་པར་བྱེད་པ་ལྷ་མོ་སྤྱན་ལ་སོགས་པའོ། །དེ་རྣམས་བསམས་ནས་མཆོད་པ་ནི་རྡོ་རྗེ་བཟླས་པའི་མཚན་ཉིད་ཅན་འོད་གསལ་བའི་མཆོད་པ་བྱས་ཏེ། སློབ་མ་བྱེད་དུ་གཞུག་གོ། །དེ་ནི་བདག་ལ་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་བཟླས་པའི་རིམ་པ་དག་གོ། །ཡང་ན་པདྨ་ནི་ གསང་བའི་པདྨའོ། །དེ་ཡང་རྣམ་པ་ལྔ་ནི་ནམ་མཁའ་ལྔས་བརྒྱན་པའི་ཕྱིར། ཨུཏྤ་ལ་དང་འདྲ་བས་ནི་ཨུཏྤ་ལ་ནི་རྡོ་རྗེ་སྟེ། དེ་ཡང་ཤིན་ཏུ་ཤེས་ནས་ཛཱ་ཏི་ཞེས་པ་ནི་ཕྱག་རྒྱ་མའི་རིགས་ཏེ། དེ་ཡང་རིགས་ཀྱི་དབྱེ་བས་སྨེ་ཤ་ཅན་དང་། ཁྲུས་མཁན་དང་། གར་མཁན་མ་སྟ་རྣམ་པ་ གསུམ་ཤེས་ནས་ལྷ་རྣམས་ནི་ལྷ་མོ་དེ་རྣམས་ལ་དབུལ་བ་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱར་བར་བྱའོ། །ཡང་ན་རིགས་དགའ་མོ་དང་། རྒོད་མ་དང་། གླང་མོ་སྟེ་བུད་མེད་རྣམས་ཀྱི་རིགས་རྣམ་པ་གསུམ་ཤེས་ནས། དབུལ་བར་བྱ་བ་ནི་དེ་དང་འདྲ་བའི་བྱེད་པ་བཅིངས་པས་ ཞུགས་པར་བྱའོ། ཀརྞི་ཀ་ནི་དགའ་བའོ། །མ་ལི་ཀ་ནི་མཆོག་ཏུ་དགའ་བའོ། །ཀ་ར་ཝཱི་ར་ནི་དགའ་བྲལ་ལོ། །ཡུ་ཏི་ཀ་ནི་ལྷན་ཅིག་སྐྱེས་པ་སྟེ་དེ་དག་བསམ་ཞིང་མཚོན་ལ། མཆོད་པ་རབ་ཏུ་བརྟག་པ་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ལ་བྱེད་དུ་གཞུག་གོ། །དེ་ནི་རང་ བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །དེ་ལྟར་བླ་མ་དང་ཕྱག་རྒྱ་མ་དང་སློབ་མའི་འདུས་བྱས་ནས་མཆོད་བྱའི་དཀྱིལ་འཁོར་བསྒོམ་པར་བསྟན་པར་བྱ་སྟེ། དཔག་ཚད་ཅེས་བྱ་བ་ལ་སོགས་པ་ལ། དཔག་ཚད་བརྒྱ་པ་རྒྱ་ཆེ་བ་འཁོར་ལོའི་དཀྱིལ་འཁོར་ནི་འཁོར་ ལོ་ལས་སྐྱེས་པ་སྟེ་རྟག་པའི་དཀྱིལ་འཁོར་རོ། །དེ་བསྒོམ་པ་འམ་བྲི་བར་བྱའོ། །འོན་ཀྱང་ལེའུ་བཅུ་དྲུག་པ་ལས་གསུངས་པའི་ཆོ་གས་བྲིན་ཁྲུ་བཅུ་དྲུག་པ་བྲིའོ། །དེ་ལ་རིགས་རྣམས་ཞེས་བྱ་བ་ནི་ཞེ་སའི་དོན་དུ་མང་པོའི་ཚིག་སྟེ། དེས་ན་འབྲས་བུ་རྣམ་པར་སྣང་ མཛད་དགོད་པར་བྱའོ། །མཁས་པ་ཞེས་བྱ་བ་ནི་སྔར་བཤད་པའི་སྒོམ་པའི་སྤྲོས་པས་སོ། །དེ་ནས་པདྨ་དང་རྡོ་རྗེ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་རྣམས་སོ། །དེ་བཞིན་གྱི་སྒྲས་ནི་མིག་ལ་སོགས་པ་ཡང་ཕྱོགས་དང་མཚམས་ཀྱི་དབྱེ་བས་བསྒོམ་ པའམ་དགོད་པའོ། །གལ་ཏེ་བསྒོམ་པའི་དཀྱིལ་འཁོར་ཡིན་ན་དེའི་ཚེ་རྣལ་འབྱོར་པའི་བསམ་པ་རྒྱ་ཆེ་བས་དཔག་ཚད་བྱེ་བའི་ཁྱོན་ཙམ་ནི་ཁམས་གསུམ་པའི་དཀྱིལ་འཁོར་ནས་བརྩམས་ཏེ་སྲིད་པའི་རྩེ་མོའི་བར་དུའོ། །དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ ལས་ཀྱང་། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁམས་གསུམ་པ་ནི་མ་ལུས་པ། །དེ་ཉིད་ཀྱི་ནི་ལོངས་སྤྱོད་ཡིན། །ཞེས་འབྱུང་ངོ་། །ཡང་གསུངས་པ། ཀུན་དུ་ཕྱག་དང་ཞབས་ལྡན་པ། །ཀུན་དུ་སྤྱན་དང་ཞབས་དང་དབུ། ། ཀུན་དུ་སྙན་ལྡན་འཇིག་རྟེན་ལ། །ཐམས་ཅད་ཁྱབ་ནས་ཞུགས་པའོ། །ཞེས་འབྱུང་ངོ་། །གལ་ཏེ་བྲི་བའི་དཀྱིལ་འཁོར་ཡིན་ན་དེའི་ཚེ་གྲུ་བཞི་ལ་སོགས་པ་ཡོན་ཏན་དང་ལྡན་པ་དང་ཤིན་ཏུ་མཛེས་པ་ནི་རྡུལ་ཚོན་གྱིས་མཛེས་པ་བསྒོམ་པར་བྱ་བའམ། དགོད་པར་བྱའོ་ཞེས་ ཚིག་གི་ལྷག་མའོ། །དཀྱིལ་འཁོར་རྫོགས་ནས་གསང་བ་དང་ཕྱིའི་དབྱེ་བས་མཆོད་པའི་སློབ་མས་བྱ་བའི་ཕྱིར་བཤད་པར་བྱ་སྟེ། རིན་ཆེན་སྣ་བཞི་ནི་གཟུགས་དང་སྒྲ་དང་དྲི་དང་། རོ་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །གསལ་བ་ནི་རེག་བྱ་རྡོ་རྗེ་ མའོ། །རང་བཞིན་དྲི་མ་མེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའོ། །དེ་རྣམས་ཁོ་ན་མཆོད་རྟེན་ནི་སྣ་ཚོགས་པའི་བདེ་བའི་ཕུང་པོའོ། །དེ་དག་བསྒོམས་ནས་རིགས་རྣམས་ནི་དཀྱིལ་འཁོར་པ་རྣམས་མཆོད་པའི་ཕྱིར་ནི་ཚིམ་པར་བྱ་བའི་ཕྱིར་རོ། །ཤེས་རབ་ཅན་ནི་བསྐྱེད་པའི་རིམ་ པའི་བསྒོམ་པ་བརྗེད་མི་ངས་པའི་རྣལ་འབྱོར་པས་བསྒོམ་པ་ནི་སྤྲོ་བར་བྱའོ། །ཕྱིའི་མཆོད་པ་བཤད་པར་བྱ་སྟེ། འདོད་པ་ལྔ་ནི་མེ་ཏོག་ལ་སོགས་པའོ། །ཡོན་ཏན་ནི་རོལ་མོ་ལ་སོགས་པའོ། །དེ་དག་གིས་མཆོད་པ་རྒྱ་མཚོ་ནི་མཆོད་པ་དུ་མ་བརྩམ་པ་ནི་དད་པས་ཕུལ་ བར་བྱའོ། །རིན་ཆེན་ན་བཟའ་ལ་སོགས་པ་ནི་བུམ་པ་ལ་གནས་པ་དང་། འབའ་ཞིག་པའི་ན་བཟའ་རྣམས་ཀྱིས་མཆོད་པར་བྱའོ། །གང་གིས་ཤེ་ན། བྱང་ཆུབ་འདོད་པ་ནི་གསང་བའི་དབང་བསྐུར་བ་འདོད་པའི་རྣལ་འབྱོར་པས་སོ། །རྟག་ཏུ་ཞེས་པ་ནི་དཀྱིལ་འཁོར་ བརྩམས་ནས་དེ་ཉིད་རྫོགས་པའི་བར་དུའོ། །མཆོད་པ་དེ་དག་དངོས་སུ་མེད་ན་ཡང་ཡིད་ཀྱིས་བསམ་པར་བྱ་སྟེ། དཀྱིལ་འཁོར་གྱི་མཆོད་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཡང་ན། དཔག་ཚད་བྱེ་བའི་ཁྱོན་ཙམ་ལ། །ཞེས་པ་ནི་རིགས་བརྒྱའི་དབྱེ་བས་འཁོར་ལོའི་ དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་བསྒོམས་ཏེ། དེ་ཉིད་འཇུག་པ་ལ་སོགས་པའི་རིམ་པས་དགོད་པ་ནི་བཟླས་པ་བྱས་ནས་པདྨ་དང་། རྡོ་རྗེ་དང་། རལ་གྲི་དང་། ཨུཏྤ་ལ་རྣམས་ནི་འཇུག་པའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། འོད་གསལ་བ་རྣམས་ཏེ། དེ་དག་རང་བཞིན་སྣང་བའི་རིམ་པས་བསྒོམ་པ་ནི་སྦྱང་བར་བྱའོ། །གང་གིས་ཤེ་ན། མཁས་པ་ཞེས་པ་ནི་རང་བཞིན་གྱིས་དབྱེ་བ་ཤེས་པས་སོ། །དེའི་རྗེས་ལ་དེ་ལས་ལངས་ཏེ། ཅིག་ཅར་དུ་གྲུ་བཞི་ནི་ ལྷ་མོ་བཞིས་བསྐོར་བ་དང་། ཤིན་ཏུ་མཛེས་པ་ནི་འཇའ་ཚོན་བཞིན་དུ་སྣང་བ་དང་། དཔག་ཚད་བྱེ་བའི་ཁྱོན་ཙམ་ཞེས་པ་ནི་དཔག་ཚད་བྱེ་བའི་ཁྱོན་ཙམ་གྱི་འོད་ཀྱི་ཚོགས་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསམས་ཏེ། དེ་ནས་རིན་ཆེན་སྣ་བཞི་ནི་འདོད་ཆགས་དང་། འདོད་ཆགས་ དང་བྲལ་བ་དང་། འདོད་ཆགས་བར་པ་དང་ལྷན་ཅིག་སྐྱེས་པ་སྟེ། དེ་རྣམས་ཀྱི་རིམ་པས་མཆོད་རྟེན་ནི་ཆོས་ཀྱི་སྐུའི་ངོ་བོ་བཞི་པ་བསམས་ཏེ། དེ་ནས་ཀྱང་གསལ་བ་ནི་བདེན་པ་གཉིས་དབྱེར་མེད་པ་དང་། རང་བཞིན་དྲི་མ་མེད་པ་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་རྡོ་རྗེ་འཆང་ ཆེན་པོའི་སྐུ་བསྒོམ་པར་བྱའོ། །རིགས་ནི་བྲམ་ཟེ་ལ་སོགས་པ་དང་། གཙང་མ་ལ་སོགས་པ་སྟེ་དེ་རྣམས་མཆོད་པའི་ཕྱིར་ཞེས་པ་ནི་ཐ་མི་དད་པར་རྟོགས་པའི་ཕྱིར། གནས་སུ་བསྒོམ་པ་ནི་སྤྱོད་པར་བྱའོ། །དེ་ལྟར་བྱས་ནས་འདོད་པའི་ཡོན་ཏན་ནི་ཡུལ་ལྔས་མཆོད་པའི་རྒྱ་མཚོ་ནི་དབང་ པོ་རྣམས་ཚིམ་པར་བྱས་ལ། རིན་ཆེན་ནི་ཡུངས་ཀར་གྱི་འབྲུའི་ཚད་ཀྱི་ཐིག་ལེ་སྤྲོ་བ་དང་། ན་བཟའ་ནི་གཡོགས་པ་རྡོ་རྗེའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འཛིན་པས། མཆོད་པ་ནི་དེ་རྣམ་པའི་ངོ་བོས་ནམ་མཁའ་ཡོངས་སུ་གང་བར་བྱའོ། །གང་གིས་ཤེ་ན། བྱང་ཆུབ་འདོད་ པ་ཞེས་པ་ནི་བདེན་པ་གཉིས་དབྱེར་མེད་པའི་རྣམ་པ་ཐོབ་པར་འདོད་པས་སོ། །རྟག་ཏུ་ནི་ཡུལ་དང་དབང་པོ་དབྱེར་མེད་པར་བྱས་པས་དེ་བཞིན་གཤེགས་པའི་མོས་པའི་བསྒོམ་པ་ལ་རྩོལ་བ་དང་ལྡན་པའི་རྣལ་འབྱོར་པས་སོ་ཞེས་སྟོན་ཏོ། །དེ་ནི་བསྐྱེད་པའི་རིམ་པ་དང་རྡོ་རྗེའི་བཟླས་པ་དང་། སེམས་རྣམ་པར་དག་པ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་འཇུག་གི་རིམ་པ་དང་། སོ་སོར་སྡུད་པ་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པ་དང་། རྗེས་སུ་དྲན་པ་དང་། ཏིང་ངེ་འཛིན་རྣམས་སོ། །དེ་ལྟར་དཀྱིལ་འཁོར་གྱི་ འཁོར་ལོ་ལ་མཆོད་པ་བྱས་ནས། སློབ་མས་བླ་མ་མཆོད་པར་བྱ་བའི་ཕྱིར། མཆོད་པ་རྣམ་པ་ལྔའི་མཆོག་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་དང་བླ་མའི་ཞབས་ཐ་མི་དད་པས་ལྷ་ནི་བླ་མའི་ཞབས་སོ། །བླ་མའི་ཞབས་དེ་དག་མཆོད་པ་རྣམ་པ་ལྔ་ནི་མེ་ཏོག་ལ་ སོགས་པའི་མཆོག་རྣམས་ཀྱིས་མཆོད་པར་བྱའོ། །རྟག་ཏུའི་སྒྲས་ནི་གསོལ་བ་གདབ་པ་སྔོན་དུ་འགྲོ་བ་སྟེ་དཔེར་ན་ཁྱོད་ནི་རྡོ་རྗེ་སེམས་དཔའ་སྒྲུབ་བྱེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་དང་ཚིག་རྐང་གཅིག་གིས་གསོལ་བ་གདབ་པར་བྱས་ལ། སྔར་བཤད་པའི་ན་ཆུང་མཆོག་རིན་ཆེན་ནི་བདེ་བ་ཆེན་པོའམ་བྱང་ཆུབ་ཀྱི་སེམས་ཀྱི་འབྱུང་གནས་ནི་བསྐྱེད་པའི་རྒྱུ་དང་། མཆོག་ནི་སེམས་དག་པ་དང་། རིན་ཆེན་སྣ་ཚོགས་ནི་སྣ་ཚོགས་པའི་རྒྱན་རྣམས་ཀྱིས་བརྒྱན་པའམ། སྣ་ཚོགས་པའི་ཡོན་ཏན་གྱིས་བརྒྱན་པ་སངས་ རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ལ་དབུལ་བར་བྱའོ། །ཅིའི་ཕྱིར་ཞེ་ན། སྒྲུབ་པ་ཚར་བ་ནི་རྟོག་པ་མེད་པའི་གོ་འཕང་སྟེ། དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར་རོ་ཞེས་སྟོན་ཏོ། །རིན་ཆེན་སྣ་བདུན་ནི་བཙུན་མོ་དང་རྟ་དང་གླང་པོ་ལ་སོགས་པ་ཡང་དབུལ་བར་བྱའོ། །དེ་མེད་ན་ཞིང་འདི་ཞེས་པ་ ནི་ཁམས་གསུམ་མ་ལུས་དེ་རྣམས་ཀྱིས་ཡོངས་སུ་གང་བར་བསམས་ལ་དབུལ་བར་བྱའོ། །གང་གིས་ཤེ་ན། སྦྱིན་པའི་ཕྱིར་ཞེས་པ་ནི་སྦྱིན་པ་ནི་རྣམ་པ་གསུམ་སྟེ། དེས་བླ་མ་ལས་གསང་བའི་དོན་དུ་གཉེར་བས་སོ། །ཡང་ཇི་ལྟ་བུ་ཞེ་ན། དངོས་གྲུབ་འདོད་པ་ཞེས་པ་ནི་རྣམ་པར་མི་ རྟོག་པའི་ཡེ་ཤེས་ཀྱི་དངོས་གྲུབ་འདོད་པས་སོ། །ཤེས་རབ་ཅན་ནི་བསྒོམ་པ་བརྗེད་མི་ངས་པས་སོ། །ཉིན་རེ་ཞེས་པ་ནི་དཀྱིལ་འཁོར་བརྩམ་པ་ནས་མཆོད་པ་རྫོགས་པའི་བར་དུ་བླ་མ་ལ་དེ་དབུལ་བར་བྱའོ། །དེ་ནི་སྒྲུབ་པའོ། །ཡང་ན་མཆོད་པ་རྣམ་པ་ལྔ་ནི་རླུང་ལྔ་དང་མཆོག་ རྣམས་ནི་ཉེ་བའི་རླུང་ལྔའོ། །ལྷ་རྣམས་མཉེས་པར་བྱ་བ་ནི་དེ་རྣམས་འོད་གསལ་བ་ལ་བཞུགས་པར་བྱའོ། །དེ་བཞིན་དུ་ན་ཆུང་ནི་ཀུན་གྱི་ས་བོན་ཡིན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའོ། །རིན་ཆེན་འབྱུང་གནས་ནི་ལྟ་བ་བཞི་དང་ལྡན་པ་ཉོན་མོངས་པ་ཅན་ཡིད་ཀྱི་རྣམ་པར་ཤེས་ པའོ། །མཆོག་ནི་འཇུག་པའི་རྣམ་པར་ཤེས་པའོ། །རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ་ནི་རང་བཞིན་རྣམས་སོ། །དེ་རྣམས་ཐམས་ཅད་སངས་རྒྱས་ཀུན་གྱི་རང་བཞིན་འོད་གསལ་བ་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར། དབུལ་བ་ནི་ཉེ་བར་བསྡུ་བར་བྱའོ། །རིན་ཆེན་ སྣ་བདུན་ནི་རོ་དང་། ཁྲག་དང་། ཤ་དང་། ཚིལ་དང་། རུས་པ་དང་། གླད་པ་དང་། ཤུ་ཀྲ་རྣམས་སོ། །བདུན་པོ་དེ་དག་གིས་ཞིང་འདི་ཡོངས་སུ་བཀང་བ་ནི་ལུས་པོ་སྟེ། དབུལ་བ་ནི་དེ་ཉིད་དུ་བཞུགས་པར་བྱའོ། །དངོས་གྲུབ་འདོད་པ་ནི་འོད་གསལ་བའི་དངོས་གྲུབ་འདོད་པ་དང་། སྦྱིན་ པའི་ཕྱིར་ནི་ཡེ་ཤེས་གསུམ་དང་ལུས་དེ་ཉིད་དུ་ཉེ་བར་བསྡུ་བར་བྱ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །སློབ་མས་བྱས་པའི་མཆོད་པའི་འོག་ཏུ་སློབ་དཔོན་གྱི་བྱ་བ་བཤད་པའི་ཕྱིར། བདག་པོའི་ཕྱག་རྒྱར་མཉམ་བཞག་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ པོ་ནི་སྔར་བཤད་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ཀྱི་ཕྱག་རྒྱ་ནི་སྐུའོ། །དེ་ཉིད་སངས་རྒྱས་དཀྱིལ་འཁོར་དབུས་ནི་སྔར་བཤད་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དབུས་ན་བཞུགས་པ། མཉམ་གཞག་པ་ནི་ཅིག་ཅར་དུ་དམིགས་ཏེ། རེག་པ་ནི་རེག་བྱ་ རྡོ་རྗེ་མའི་ངོ་བོ་ཕྱག་རྒྱ་མ་སྟེ། དེ་དང་སྦྱོར་བ་དབུལ་བར་བྱ་བ་ནི་སྙོམས་པར་ཞུགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འདོད་ཆགས་དང་འདོད་ཆགས་ཆེན་པོ་སྟེ་འདོད་ཆགས་རྣམ་པར་དག་པའི་གནས་སོ། །དེ་ལ་བློ་ནི་རང་བཞིན་ཏེ་དེའི་ ཕྱིར་རོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཡང་ན་བདག་པོ་མི་བསྐྱོད་པའོ། །དེ་ཉིད་ཀྱི་ཕྱག་རྒྱ་ནི་ཡི་གེ་ཧཱུཾ་ངོ་། །སངས་རྒྱས་ཀྱི་དཀྱིལ་འཁོར་ནི་དཀྱིལ་འཁོར་བཞི་སྟེ། དེ་རྣམས་ཀྱི་དབུས་སུ་ཡི་གེ་ཧཱུྃ་དེ་ཉིད་མཉམ་གཞག་པ་ནི་ཡང་དག་པར་དགོད་པར་བྱའོ། །དེར་ལྐོག་ མའི་པདྨར་མགོའོ། །སྙིང་གའི་པདྨར་ཧའོ། །ལྟེ་བའི་པདྨར་ཨཱུའོ། །གསང་བའི་པདྨར་ཟླ་ཕྱེད་དང་ཐིག་ལེའོ། །དེའི་རྗེས་ལ་རེག་པ་ནི་རླུང་སྟེ། དེས་སྦྱོར་བ་ནི་ཡི་གེ་ཧཱུྃ་དེ་ཉིད་ལ་སྦྱོར་བ་དབུལ་བ་དེ་ཉིད་གཅིག་པུས་བཟླས་པ་བྱའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་ས་ བོན་གྱི་ཡི་གེ་ཨོཾ་མོ། །འདོད་ཆགས་ནི་སྣང་བ་མཐའ་ཡས་ཀྱི་ས་བོན་ཏེ་ཡི་གེ་ཨཱའོ། །བློ་ཞེས་པ་ནི་དེ་དག་གཉིས་ལ་བློ་གཅིག་གིས་ཡི་གེ་ཧཱུྃ་ཁོ་ན་བཟླས་པར་བྱ་སྟེ། ཅི་འདོད་པའི་བཟླས་པ་བསྟན་པའོ། །རབ་ཏུ་བྱེད་པ་ལས་ཀྱང་། དེ་ནས་རྣལ་འབྱོར་དབང་ཕྱུག་གི། །ཞེས་བྱ་བ་ ནས། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །བྱ་བ་ཐམས་ཅད་འགྲུབ་པར་བྱེད། །ཅེས་བྱ་བ་འབྱུང་ངོ་། །རྡོ་རྗེའི་བཟླས་པའི་རིམ་པའོ། །དེའི་རྗེས་ལ་ཅི་བྱའོ་ཞེ་ན། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་ དབྱིངས་ཀྱི་དབུས་སུ་གནས་པའི་དཀྱིལ་འཁོར་བཀོད་པ་ནི། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་དཀྱིལ་འཁོར་བསྒོམས་ལ་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ས་བོན་སྤྲོས་ཏེ། དེ་ཉིད་དགུག་ཅིང་ནང་དུ་གཞུག་སྟེ། བདག་གི་ལུས་ ནི་རང་གི་གཟུགས་སོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་རྫོགས་པར་བྱས་ལ། དེའི་རྗེས་ལ་བཤང་གཅི་ནི་བདུད་རྩི་ཡིན་ཏེ་དེ་ཉིད་ཀྱིས་བླ་མ་ནི་རང་གི་ཁ་མཆོད་པ་ནི་གང་བར་བྱས་ཏེ་བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། །ནམ་ མཁའི་དབྱིངས་ནི་གླད་པའོ། །དེའི་དབུས་སུ་གནས་པའི་དཀྱིལ་འཁོར་བཀོད་ནི་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། བདག་གི་ལུས་ནི་ཟླ་བའི་དཀྱིལ་འཁོར་དེ་ཉིད་དེ། དེ་བཞིན་གཤེགས་པ་ནི་ཆ་བཅུ་དྲུག་གི་ཚོགས་ལས་བྱུང་བ་བསྒོམ་སྟེ། དེ་ལས་བྱུང་བའི་བཤང་གཅི་དང་འདྲ་བ་དེའི་ངོ་ བོ་བསིལ་བའི་བདུད་རྩི་རྣམས་ཀྱིས་བླ་མ་རང་གི་ལུས་སོ། །མཆོད་པ་ནི་ཚིམ་པར་བྱས་ཏེ། ལས་རྒྱལ་བ་མཆོག་གོ། །དེ་ནས་སྔར་བཤད་པའི་བུད་མེད་ནི་རེག་བྱ་རྡོ་རྗེ་མའི་ངོ་བོ་ཕྱག་རྒྱ་མ་བླང་བར་བྱའོ། །ཇི་ལྟ་བུ་ཞེ་ན་བཞིན་བཟངས་ནི་མཆོག་ཏུ་དགའ་བའི་དབང་གིས་ཞལ་གྱི་པདྨ་ འཛུམ་པའོ། །དེ་བཞིན་དུ་ཤིན་ཏུ་མཛེས་པ་ནི་རེངས་པ་དང་དངུལ་ལ་སོགས་པས་བརྒྱན་པའོ། །བྱིན་གྱི་རླབས་ཀྱི་གནས་ནི་སྔར་བཤད་པའི་ས་བོན་ལས་དེ་ཉིད་བསམ་པ་ནི། དེའི་ཡན་ལག་རྣམས་ལ་གསལ་པོར་བཀོད་ལ་དེ་ཉིད་མཆོད་པ་ནི་དབང་པོ་གཉིས་སྙོམས་པར་ཞུགས་ པ་རབ་ཏུ་བརྟག་པ་ནི་བྱ་བ་ཡིན་ནོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཡང་ན་བུད་མེད་ནི་བཅོམ་ལྡན་འདས་མ་ཡི་གེ་ཕྱི་མོ་སྟེ། ཡི་གེ་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་ནོ། །དེ་ཉིད་ཞི་བ་ལ་སོགས་པའི་ལས་བྱེད་པའི་ཕྱིར། སྐལ་བ་མཆོག་དང་ལྡན་པའོ། །བཞིན་བཟངས་ནི་རྡོ་རྗེ་ འཆང་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མཛེས་པ་ནི་ཐམས་ཅད་ལས་དཀར་པོའོ། །དེ་ཐོབ་པ་ནི་བསྒོམ་ཞིང་བྱིན་གྱིས་བརླབ་པ་ནི་ཡན་ལག་ལ་དགོད་པ་སྟེ། དེ་ཉིད་ཀྱི་གནས་ནི་སྔགས་ཀྱི་སྐུའོ། །བསམ་པ་ནི་དེ་ཉིད་སྔགས་ཀྱི་སྐུ་ལ་ཡན་ལག་དང་ཉིང་ལག་ གི་དབྱེ་བས་ཡི་གེ་ཕྱི་མོ་དེ་དགོད་པར་བྱའོ། །དེ་ལ་རིམ་པ་འདི་ཡིན་ཏེ་ཡི་གེ་ཀའི་སྡེ་ཚན་ནི་ལག་པ་གཡས་པའི་སོར་མོ་ལྔ་ལའོ། །ཡི་གེ་ཙའི་སྡེ་ཚན་ནི་ལག་པ་གཡོན་པའི་སོར་མོ་ལྔ་ལའོ། །ཡི་གེ་ཊའི་སྡེ་ཚན་ནི་རྐང་པ་གཡས་པའི་སོར་མོ་ལྔ་ལའོ། །ཡི་གེ་ཏའི་སྡེ་ཚན་ནི་རྐང་ པ་གཡོན་པའི་སོར་མོ་ལྔ་ལའོ། །ཡི་གེ་པའི་སྡེ་ཚན་ནི་རྡོ་རྗེ་རྩེ་ལྔ་པའོ། །ཡའི་སྡེ་ཚན་ནི་བཤང་སྒོའི་ཤར་ལ་སོགས་པ་ལའོ། །ཤ་ནི་མིག་གཉིས་པ་ལའོ། །ཥ་ནི་རྣ་བ་གཉིས་པ་ལའོ། །ས་ནི་སྣ་ལའོ། །ཧ་ནི་ཁ་ལའོ། །ཀྵ་ནི་ཚངས་པའི་བུ་ག་ལའོ། །དབྱངས་བཅུ་ དྲུག་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ནའོ། །ཡང་ན་གསང་བའི་པདྨར་སའི་ཁམས་ཀྱི་ངོ་བོ་ཡི་གེ་ཨ་ལ་སོགས་པ་བཞིའོ། །ལྟེ་བའི་པདྨར་རླུང་གི་ཁམས་ཀྱི་ངོ་བོ་ཨོཾ་ལ་སོགས་པའི་ཡི་གེ་བཞིའོ། །སྙིང་གའི་པདྨར་ཆུའི་ཁམས་ཀྱི་ངོ་བོ་ལྀ་ལ་སོགས་པ་ཡི་ གེ་བཞིའོ། །ལྐོག་མའི་པདྨར་མེའི་ཁམས་ཀྱི་ངོ་བོ། ཨུ་ལ་སོགས་པ་ཡི་གེ་བཞིའོ། །དེ་ལྟར་དགོད་པར་བྱ་ལ་དེ་ཉིད་མཆོད་པ་ནི། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་བྱས་ཏེ་བསྐྱེད་པའི་རིམ་པའོ། །ད་ནི་སློབ་མའི་བྱ་བ་ཡང་བཤད་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་གྱིས་ པདྨའི་ནང་དུ་སྤྲོས་ཏེ། མིག་ཡངས་མ་ནི་ལྷ་མོའི་བྱང་ཆུབ་ཀྱི་སེམས་གང་ཞིག་དུང་གི་ནང་དུ་བླངས་པ། དེ་ཉིད་བརྟན་པའི་བློ་ལྡན་པ་ནི། རྣམ་པར་རྟོག་པ་མེད་པའི་རྣལ་འབྱོར་པས་དེ་བཞ