Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 29

Văn bản gốc(Tây Tạng)

Trang 21 / 21 (50.000 ký tự/trang)
་ལ་སོགས་པའི་དངོས་གྲུབ་གང་ཡིན་པ་དེ་དག་ནི་ཐ་མལ་པའི་དངོས་གྲུབ་ཡིན་ཏེ་ལོངས་སྤྱོད་
སྟེར་བའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་བསྒྲུབ་པར་བྱས་པས་ན་སངས་རྒྱས་ཀྱིས་བསྒྲུབས་ཏེ། རྡོ་རྗེ་འཆང་ཉིད་དང་སངས་རྒྱས་ཉིད་དེ་བཞིན་གཤེགས་པ་ལྔའི་གོ་འཕང་ངོ་། །གཉིས་པོ་དེ་ཡང་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཆང་
གི་དབུགས་དབྱུང་བའི་མཚན་ཉིད་ནི་དངོས་གྲུབ་མཆོག་ཅེས་བྱ་སྟེ་ཐར་པ་སྟེར་བར་བྱ་བའི་ཕྱིར་རོ། །དེ་ནི་བསྒྲུབ་པ་དང་རྫོགས་པའི་རིམ་པའོ། །རིམ་པ་གཉིས་པར་བསྙེན་པ་ལ་སོགས་པ་བཤད་པར་བྱ་སྟེ། ཐབས་རྣམས་བཞི་པོ་ནི་དབྱེ་བ་རྣམ་པ་བཞིའོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་

རྗེ་འཆང་ཆེན་པོས་སོ། །སྒྲུབ་པ་ནི་ལྷའི་སྐུ་སྒྲུབ་པར་བྱེད་པ་དང་། འོད་གསལ་བ་རྟོག་པར་བྱེད་པ་གསུངས་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་གསུངས་པའོ། །རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ནི་རྡོ་རྗེ་འཇིགས་བྱེད་དང་རྡོ་རྗེ་ས་འོག་གི་རྒྱུད་ལ་སོགས་པའོ། །རྣལ་འབྱོར་པ་ནི་རྣམ་པ་གཉིས་ཀྱི་
རྣལ་འབྱོར་པ་སྟེ། སྔགས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་གསུངས་པའོ། །དེ་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དག་གོ། །བསྙེན་པ་ལ་སོགས་པ་ནི་ཡན་ལག་བཞི་པོ་མདོར་བསྟན་པའོ། །ཐུན་མོང་ཞེས་བྱ་བ་ལ་སོགས་པ་ལ་ཐ་མལ་པ་དང་མཆོག་གི་དབྱེ་
བས་རྣམ་པ་གཉིས་སུ་བསྟན་ཏོ། །རྡོ་རྗེ་བཞི་པོ་ནི་མངོན་པར་བྱང་ཆུབ་པ་ལྔའི་རིམ་གྱིས་བསྙེན་པ་ལ་སོགས་པ་ཐ་མལ་པའོ། །ཡན་ལག་དྲུག་གི་རྣལ་འབྱོར་གྱིས་ནི་མཆོག་གི་བསྙེན་པའོ། །སྟོང་པ་ཉིད་ལ་སོགས་པ་རྒྱུད་ཐམས་ཅད་ལས་གསུངས་པའི་དང་པོ་སྦྱོར་བ་ལ་སོགས་
པའི་ཏིང་ངེ་འཛིན་གསུམ་གྱི་ནང་དུ་བསྡུས་པར་འགྱུར་རོ། །དེ་ནི་རྡོ་རྗེ་བཞི་པོའི་མཚན་ཉིད་དེ། ཐ་མལ་པའི་བསྙེན་པ་ལ་སོགས་པའོ། །དེ་ནི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་གོ། །ཡེ་ཤེས་ནི་རྫོགས་པའི་རིམ་པ་སྟེ། དེ་ཉིད་རྒ་
བ་དང་འཆི་བ་མེད་པའི་གོ་འཕང་ཐོབ་པར་བྱེད་པས་ན་བདུད་རྩི་སྟེ། དེས་ནི་བསྙེན་པ་ལ་སོགས་པ་མཆོག་སྟེ། ཕུལ་དུ་བྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཡན་ལག་བཞི་པའི་ནང་ནས་བསྙེན་པ་གཅིག་པུ་ནི་སྦྱོར་བ་དྲུག་གིས་ཏེ། སོ་སོར་སྡུད་པ་ལ་སོགས་པ་སྦྱོར་བ་
དྲུག་གིས་བྱའོ། །གཞན་དུ་ན་མཆོག་གི་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཏུ་མི་འགྱུར་ཏེ། རྫོགས་པའི་རིམ་པའོ། །སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པས་ཡན་ལག་དྲུག་གི་རྣལ་འབྱོར་མདོར་བསྟན་པའོ། །དབང་པོ་བཅུ་ཞེས་བྱ་བ་ལ་སོགས་པས་རྒྱས་
པར་བཤད་པར་བྱའོ། །དབང་པོ་ནི་མིག་ལ་སོགས་པ་ལྔའོ། །དོན་ནི་གཟུགས་ལ་སོགས་པ་ཡུལ་ལྔའོ། །དེ་དག་བསྡུས་པ་ནི་དབང་པོ་དག་གོ། །དབང་པོ་ཡུལ་དང་བཅུ་པོ་དེ་དག་ནི་རང་གི་ཡུལ་གཟུང་བར་བྱ་བའི་མཚན་ཉིད་དོ། །དེ་བླངས་ནས་སོ་སོར་ནི་རང་གི་ཡུལ་རེ་རེ་ལ་ཉེ་

བར་སྤྱོད་པ་དང་། འདོད་པ་ལྔ་ཉེ་བར་སྤྱོད་པས་དེ་ནི་སོ་སོར་སྡུད་པ་ཞེས་བྱ་བ་སྟེ། ཡན་ལག་དང་པོའོ། །དེ་རྣམ་པར་དག་པའི་ཕྱིར་བསམ་གཏན་བཤད་པར་བྱ་སྟེ། འདོད་པ་ལྔ་ནི་གཟུགས་ལ་སོགས་པའི་ཡུལ་ཏེ། དེ་དག་དབང་པོ་དང་བཅས་པས་
གཅིག་ཏུ་བྱས་ལ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བརྟག་པར་བྱ་སྟེ། བསམ་གཏན་ཞེས་བྱའོ། །དེའི་ཡང་བྱེ་བྲག་ལྔ་སྟེ། རྟོག་པ་དང་དཔྱོད་པ་ནི་རགས་པ་དང་ཕྲ་བའི་རྟོག་པ་སྟེ་ཆགས་པའི་རང་བཞིན་ནོ། །དགའ་བ་དང་བདེ་བ་ནི་ལུས་དང་སེམས་ཀྱི་བདེ་བའི་རང་བཞིན་ཏེ། ཆགས་
པ་དང་ཆགས་པ་དང་བྲལ་བའི་ངོ་བོ་སེམས་རྩེ་གཅིག་ནི་ཆགས་པ་དང་ཆགས་པ་དང་བྲལ་བ་དང་ཆགས་པ་བར་མ་མེད་པ་འོད་གསལ་བའི་རང་བཞིན་ནོ། །དེ་ཉིད་བཤད་པར་བྱ་སྟེ། གསང་བ་གསུམ་འབྱུང་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་རེག་པ་ལས་བྱུང་བའི་བདེ་བ་འཁྲུགས་
པའི་མཚན་ཉིད་གང་ཡིན་པ་དེ་ཉིད་སྦྱོར་བ་སྟེ། རྟོག་པ་གསུམ་ཡོངས་སུ་སྤངས་ནས་ཉམས་སུ་མྱོང་བ་ནི་སྤྱོད་པ་སྟེ་གཉིས་པོ་དེ་དག་ནི་ཆགས་པ་དང་སྣང་བའོ། །དེ་ནས་དབང་པོ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ཡོངས་སུ་སྤངས་ནས་ལུས་ཤིན་ཏུ་སྦྱངས་པ་ཙམ་ནི་དགའ་བའོ། །དེ་ནས་ལུས་
ཤིན་ཏུ་སྦྱངས་པ་དང་བྲལ་བས་ན་སེམས་ཤིན་ཏུ་སྦྱང་བ་སྟེ། བསྡུས་པར་གྱུར་པའི་བདེ་བ་བསྡུས་པ་སྟེ་ཉམས་སུ་མྱོང་བ་ནི་བཞི་པའོ། །གཉིས་པོ་དེ་དག་ཆགས་པ་དང་ཆགས་པ་དང་བྲལ་བ་སྟེ། སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པའོ། །དེ་ནས་ཤེས་པ་དང་ཤེས་བྱ་བྱུང་བ་ཟད་པའི་
རྣམ་པར་མི་རྟོག་པ་སངས་རྒྱས་གཅིག་གི་རང་བཞིན་ནམ་མཁའ་ཀུན་ནི་ཁམས་གསུམ་པ་ལ་གནས་པ་འགྲོ་བ་ཐམས་ཅད་ཀྱི་ངོ་བོ་རང་གི་སེམས་ནི་འོད་གསལ་བའི་རང་བཞིན་ལྔ་པར་ཤེས་པར་བྱའོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཡན་ལག་གསུམ་པ་བཤད་པར་བྱ་སྟེ། ཡེ་ཤེས་
ལྔའི་རང་བཞིན་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ངོ་བོའོ། །དེ་ལ་ཐིག་ལེ་ནི་གསལ་བ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཁམས་ཐམས་ཅད་མཚུངས་པ་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནི་བདེ་བ་ཆེན་པོ་ལ་སྤྱོད་པ་ལ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་འོད་ཟེར་སྤྲོ་བ་དང་

བསྡུ་བས་འགྲོ་བའི་དོན་བྱ་བ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་བས་ན་ཡེ་ཤེས་ལྔའི་རང་བཞིན་ནོ། །རླུང་དང་ཉེ་བའི་རླུང་བཅུ་ཉེ་བར་སྡུད་པར་
བྱེད་པས་གནས་པའི་སྐབས་སུ་དབུགས་སོ། །འབྱུང་བ་ལྔའི་ངོ་བོ་ཉིད་ནི་ལུས་ཏེ། དེའི་སྙིང་པོར་གྱུར་པས་སྲ་བ་དང་གཤེར་བ་དང་དྲོ་བ་དང་། འགྲོ་བ་དང་འོང་བ་དང་ཁོང་སྟོང་དང་ལྡན་པའི་ཕྱིར་རོ། །ཐིག་ལེའི་གཟུགས་དེ་ཉིད་ནི་གོང་བུའི་གཟུགས་ཀྱིས་ནི་ཕུང་པོ་ལ་སོགས་པ་
ཐམས་ཅད་བསྡུས་པའི་ངོ་བོ་ཡུངས་ཀར་གྱི་ཚད་ཙམ་རྩ་དབུས་མ་དང་རྡོ་རྗེའི་ལམ་ནས་ཕྱུང་ནས་སྣའི་རྩེ་མོ་སྟེ་དེའི་རྩེ་མོར་བརྟག་པ་ནི་བསྡུ་བར་བྱའོ། །རིན་ཆེན་ཁ་དོག་སྣ་ལྔ་པ་དེ་བཞིན་གཤེགས་པ་ལྔའི་འོད་ཟེར་གྱི་ཚོགས་སྟེང་ནས་ཀྱང་སྤྲོ་བ། སྲོག་དང་རྩོལ་བ་ནི་སྲོག་དང་རྩོལ་བ་
སྟེ། ཡན་ལག་གསུམ་པའོ། །རང་སྔགས་ནི་རྡོ་རྗེ་འཆང་ཆེན་པོའོ། །སྙིང་གར་བསམས་པ་ནི་སྒོམ་པ་སྟེ། སྲོག་ནི་སྟེང་དང་འོག་ཏུ་རྒྱུ་བ་ཁ་དོག་ལྔའི་རླུང་སྟེ། ཐིག་ལེར་གྱུར་པ་ནི་ཐིག་ལེ་དང་དབྱེར་མེད་པར་གྱུར་པར་བཞག་པ་ནི་བསྲེག་པར་བྱའོ། །དེའི་ཚེ་རང་དབང་ནི་སྔ་མ་བཞིན་
དུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའོ། །དེ་བཞིན་དུ་རིན་ཆེན་ནི་ཐིག་ལེའི་རིན་ཆེན་དེ་དག་པ་ན། གཟུང་བ་ནི་རྡོ་རྗེའི་རྩེ་མོའམ་པདྨའི་ལྟེ་བར་སྲོག་ལ་སོགས་པ་ཉེ་བར་སྡུད་ཅིང་གནས་པ་གང་ཡིན་པ་དེ་ནི་འཛིན་པ་སྟེ་ཡན་ལག་བཞི་པའོ། །འགོག་པ་རྡོ་རྗེར་ཞུགས་
པ་ནི་འོད་གསལ་བ་ལ་ཞུགས་པའི་སེམས་ཏེ། སེམས་ཀྱིས་བྱིན་གྱིས་བརླབས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་གྱུར་པའོ། །མཚན་མའི་རྟགས་དེ་ཉེ་བར་འཛིན་ནི་ལྷུན་གྱིས་གྲུབ་པ་སྟེ་སོ་སོར་སྣང་བ་འབྱུང་བར་འགྱུར་ན་སྐྱེ་བར་འགྱུར་རོ། །མཚན་མ་དེ་ཡང་
བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་རྣམ་པ་ལྔ་གསུངས་པ་ནི་བཀའ་སྩལ་ཏོ། །སའི་ཁམས་ཆུ་ལ་ཐིམ་པ་ནི་སྨིག་རྒྱུ་ལྟ་བུར་སྣང་བ་དང་། ཆུའི་ཁམས་མེ་ལ་ཐིམ་པ་ན་དུ་བ་ལྟ་བུར་སྣང་བ་དང་། མེའི་ཁམས་རླུང་ལ་ཐིམ་པ་ན་ནམ་མཁའ་དང་འདྲ་བ་ནི་མཁའ་སྣང་སྟེ། གཡོ་

བ་སྲོག་ཆགས་ཀྱི་ནོར་བུའོ། །རླུང་གི་ཁམས་ནི་རྣམ་པར་ཤེས་པ་ལ་ཐིམ་པ་ན་མར་མེ་ལྟ་བུའོ། །རྣམ་པར་ཤེས་པ་འོད་གསལ་བ་ལ་ཐིམ་པ་ནི་ཉི་མ་ཕྱེད་ཀྱི་དྲི་མ་མེད་ཅིང་རླུང་མེད་པའི་ནམ་མཁའ་དང་འདྲ་བ་སྣང་བར་འགྱུར་རོ། །མཚན་མ་དེ་དག་བརྟན་པར་
བལྟས་ནས། རྡོ་རྗེའི་ལམ་ནས་ཐིག་ལེའི་འོད་ཟེར་སྤྲོ་ཞིང་དེ་དག་གིས་ནམ་མཁའི་ཁམས་གང་བར་བསམས་ཤིང་དེ་དང་འདྲ་བ་རྗེས་སུ་འདྲ་བ་ལ་དམིགས་ཏེ། རྡོ་རྗེ་འཆང་ཆེན་པོའི་སྐུ་ལྟ་བུ་དེ་བཞིན་གཤེགས་པ་རྣམས་སྤྲོ་བ་ནི་རྗེས་སུ་དྲན་པ་སྟེ་ཡན་ལག་ལྔ་པའོ། །དེ་ལ་ནི་དེའི་
སོ་སོར་སྣང་བ་སྟེ། སྒྱུ་མ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུ་སོ་སོར་སྣང་བར་འགྱུར་རོ། །དེ་ནས་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པར་སྦྱོར་བས་དངོས་པོ་ཐམས་ཅད་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་དབྱེ་བས་གནས་པ་དང་།
སྔར་སྤྲོས་པས་དེ་དག་གོང་བུའི་ཚུལ་གྱིས་བསྡུས་པ་ནི་གཅིག་ཏུ་བྱས་ཏེ། ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པའི་ཚུལ་གྱིས་བསྡུས་པ་སྟེ། དབུས་སུ་ནི་དེ་གཉིས་ཐ་མི་དད་པའི་དབུས་ཏེ། གཟུགས་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱའོ། །དེ་ཡང་ཅི་ཙམ་གྱི་
སེམས་ཅན་རྫོགས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་དབྱིངས་རྫོགས་པ་སྟེ། ཏིང་ངེ་འཛིན་ཅེས་བྱ་བ་ཡན་ལག་དྲུག་པར་གནས་པར་རབ་ཏུ་གྲགས་པའོ། །ཕན་ཡོན་བཤད་པར་བྱ་སྟེ། སོ་སོར་སྡུད་ལ་སྙོམས་པར་འཇུག་པ་ནི་སྤྱོད་པ་རྣམ་པ་གསུམ་གྱིས་འཇིག་རྟེན་
ལས་འདས་པའི་ལམ་ཡིད་ལ་བྱེད་པའི་རྣལ་འབྱོར་པས་ཡུལ་རྣམས་ལ་སྤྱོད་ན་སྔགས་རྣམས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས་པས་བྱིན་གྱིས་རློབ་པ་སྟེ། དེའི་རང་བཞིན་དུ་འགྱུར་རོ་ཞེས་དེ་བཞིན་གཤེགས་པའི་དབུགས་དབྱུང་བའོ། །
བསམ་གཏན་ནི་ཡན་ལག་ལྔ་པ་ཡེ་ཤེས་ནི་དེ་མངོན་དུ་རྟོགས་པ་དེ་ལ་སྙོམས་པར་འཇུག་ཅིང་ཐོབ་ནས། མངོན་ཤེས་ལྔ་ནི་ལྷའི་མིག་ལ་སོགས་པ་ཐོབ་པར་འགྱུར་ཏེ། ཡུལ་དང་དབང་པོའི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ནས་སྲོག་དང་རྩོལ་བ་ནི་རླུང་གི་དེ་ཁོ་ན་ཉིད་

དང་། སྔགས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གྱིས། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་ཁྱད་པར་དང་ལྡན་པ་རྣམས་ཀྱིས་གཟིགས་པ་ནི་ལྟ་བར་གྱུར་པའོ། །དེ་བཞིན་དུ་འཛིན་པའི་སྟོབས་ནི་བརྟན་པ་
ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་སྐུ་ཡང་དག་འཇུག་ནི་ཐོབ་པར་འགྱུར་ཏེ། འཛིན་པ་ནི་འོད་གསལ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དྲན་པའི་སྦྱོར་བ་ནི་རྗེས་སུ་དྲན་པ་ཐོབ་པས་འོད་ཀྱི་དཀྱིལ་འཁོར་སྐྱེ་བར་འགྱུར་ཏེ། རྗེས་སུ་དྲན་པའི་སྤྲོ་
བའི་ངོ་བོ་ཡིན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡང་འོད་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་འོད་ཀྱི་ཚོགས་ཟིལ་གྱིས་གནོན་ཅིང་འདུལ་བར་མཛད་པའོ། །ཏིང་འཛིན་དབང་གྱུར་ཙམ་གྱིས་ནི་ཏིང་ངེ་འཛིན་བརྟན་པར་གྱུར་ནའོ། །སྒྲིབ་པ་རྣམས་དང་བྲལ་བར་འགྱུར་བ་
ནི་རྣལ་འབྱོར་པ་ཟག་པ་མེད་པར་འགྱུར་བའོ། །དེ་ལྟར་ཡན་ལག་དྲུག་སྒོམ་པར་བྱེད་པའི་རྣལ་འབྱོར་པ་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང་། རྡོ་རྗེ་འཆང་གི་དབུགས་དབྱུང་བ་དང་། མངོན་པར་ཤེས་པ་ལྔ་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་དེ་ནི་རྣལ་འབྱོར་རོ། །ད་
ནི་ཐབས་བཞི་བཤད་པར་བྱ་སྟེ། སྙིང་པོ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དང་པོར་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་སྟོང་པ་ཉིད་སྒོམ་པ་སྔོན་དུ་འགྲོ་བས་ཡེ་ཤེས་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་
བའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམ་ཞིང་དེའི་ལྟེ་བར་ཡི་གེ་ཧཱུཾ་དགོད་དེ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཏེ་མཚོན་ཆ་དམ་པ་ནི་རྩེ་མོའི་ཆ་རྣོ་བ་ནམ་མཁར་སྤྲོ་ཞིང་དེས་ཇི་ལྟར་འདོད་པའི་ལྷ་མོའི་འཁོར་ལོ་བཀུག་ཅིང་བཅུག་སྟེ། སེམས་ནི་སེམས་ཀྱི་རྣམ་པར་ལྷའི་
ཚོགས་སྔགས་ཀྱི་ངོ་བོར་བྱས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བསམས་ཏེ་ཡོངས་སུ་གྱུར་པ་ལས་སྔགས་ཀྱི་སྐུའི་སྦྱོར་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་བསྐྱེད་ལ། བྱང་ཆུབ་ཚིགས་བཅད་ནི། དཔལ་ལྡན་སངས་རྒྱས་སྐུ་

འཆང་བ། །ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ་སོགས་པ་སྐུ་ལ་སོགས་པས་བྱིན་གྱིས་བརླབ་པའི་ཚིག་དང་སྔགས་ཀྱང་བརྗོད་པར་བྱའོ། །གཞན་ཡང་རང་གི་དཀྱིལ་འཁོར་ནི་དཀྱིལ་འཁོར་པའི་ཚོགས་སྤྲོ་ཞིང་
དེའི་དབུས་སུ་གནས་པའི་རྣལ་འབྱོར་པས་བྱང་ཆུབ་སྦྱོར་བའི་སྒོམ་པ་སྟེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྦྱོར་བས་སེམས་དེ་ནི་དཀྱིལ་འཁོར་པའི་དབུས་སུ་གནས་པའི་གཙོ་བོའི་སྐུ། ཡེ་ཤེས་ཀྱི་གཟུགས་དེ་འོད་དུ་ཞུ་ཞིང་ཐིག་ལེ་ཡུངས་ཀར་གྱི་འབྲུའི་ཚད་ཙམ་བསྒོམ་
པར་བྱ་བ་སྟེ་ཉེ་བར་སྒྲུབ་པའོ། །དེ་ནི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་པོའི་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་སྟེ་གསུམ་པའི་ཐབས་སོ། །དེ་ལྟར་བྱས་ཀྱང་རྣལ་འབྱོར་པས་དངོས་གྲུབ་ཐོབ་པར་མ་གྱུར་ན། དེའི་ཚེ་སྦྱིན་པའི་ཐབས་བརྩམ་པར་བྱ་སྟེ། ཇི་སྲིད་ཅེས་
བྱ་བ་ལ་སོགས་པ་ལ་རྣམ་པ་གཉིས་ནི་ཟླ་བ་གཉིས་དང་ཟླ་བ་ཕྱེད་གཉིས་དང་། ཟླ་བ་གཅིག་དང་ཟླ་བ་ཕྱེད་དང་། ཞག་བདུན་དང་། ཞག་དྲུག་གིས་དངོས་གྲུབ་གྲུབ་པར་མ་གྱུར་ན། དེའི་ཚེ་སྦྱོར་བ་ཉིད་ཀྱིས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་སྤྲོས་ཏེ། ནམ་མཁའི་ཁམས་
ལ་གནས་པའི་དེ་བཞིན་གཤེགས་པའི་རིམ་པ་འདིས་མཆོད་པར་བྱའོ། །གཟུགས་རྡོ་རྗེ་མ་སྤྲོ་ཞིང་རྣམ་པ་ལྔའི་མེ་ཏོག་གིས་དེ་བཞིན་གཤེགས་པ་རྣམས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ཞེས་པས་མཆོད་དོ། །དེ་ནས་སྒྲ་རྡོ་རྗེ་མ་སྤྲོས་ཤིང་རོལ་མོ་དབུལ་བར་བྱ་སྟེ། ཨོཾ་སརྦྦ་
ཏ་ཐཱ་ག་ཏ་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཕ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་པས་མཆོད་དོ། །དེ་ནས་དྲི་རྡོ་རྗེ་མ་སྤྲོ་ཞིང་དུང་ཕོར་ན་གནས་པའི་བཞི་མཉམ་པའི་དྲིས། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་བྱ་བས་བཅོམ་ལྡན་འདས་ལ་བྱུག་པ་བྱའོ། །རོ་རྡོ་རྗེ་མ་སྤྲོ་ཞིང་སྣོད་ལ་གནས་པའི་བདུད་རྩི་
ལྔ་སྤྲོ་ཞིང་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་དེ་རྣམས་ཀྱིས་ཀྱང་ཞེས་ཏེ། བདེ་བ་ཆེན་པོ་དམ་པའི་དགོངས་པས་སྤྱོད་དོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཨཱཿཧཱུཾ་སྭཱ་ཧཱ། དེ་ནས་རེག་བྱ་རྡོ་རྗེ་མ་སྤྲོ་ཞིང་རྣམ་པ་སྣ་ཚོགས་པའི་ན་བཟའ་དབུལ་བར་བྱ་སྟེ། ཨོཾ་སྤརྴེ་བཛྲ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་

བརྗོད་དོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྤྲོ་ཞིང་འཁྱུད་པ་དང་ཙུམྦ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང་། མཆོད་པའི་མཐར་ལྷ་མོ་བསྡུ་ཞིང་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་
ཚིགས་སུ་བཅད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་ལ། དེ་རྣམས་དབང་བསྐུར་བ་ཐོབ་ནས་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་ཅིང་ཚངས་པའི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་བཞུགས་ཤིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ར་མ་ནོ་བ་རེ་ག་ཏེ་ཏ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་
ཞེས་བརྗོད་ཅིང་ལངས་ནས་གནས་པར་བྱའོ། །དེའི་ཚེ་འགྲུབ་པར་འགྱུར་རོ་ཞེས་དང་པོ་སྦྱོར་བ་ལ་སོགས་པ་གསུམ་དང་སྦྱིན་པའི་ཐབས་སོ། །ཟླ་དྲུག་ལ་སོགས་པར་དེ་ལྟར་བྱས་ན་ཡང་གལ་ཏེ་འགྲུབ་པར་མི་འགྱུར་ན་དེའི་ཚེ་དབྱེ་བའི་ཐབས་བརྩམ་པར་བྱ་སྟེ། གལ་ཏེ་ཟླ་བ་དྲུག་
གིས་མ་མཐོང་བ་ནི་སངས་རྒྱས་རྣམས་ཀྱིས་ཇི་ལྟར་བཤད་པའི་རྡོ་རྗེ་འཆང་ཆེན་པོའི་མཚན་ཉིད་ཀྱི་དངོས་གྲུབ་མི་སྩོལ་ན། །ལན་གསུམ་ནི་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་དབྱེ་བ་དང་། ཇི་ལྟར་བཤད་པའི་བསྲུང་བ་ལ་སོགས་པའི་
དམ་ཚིག་དང་སྡོམ་པ་སྤྱོད་པ་དང་ལྡན་པ་སྔར་བཤད་པའི་སྐུའི་རྣལ་འབྱོར་དང་ལྡན་པས་རང་རང་གི་སྙིང་གར་རྡོ་རྗེ་རྣོ་བ་བསམས་ཏེ། དེའི་ཧཱུཾ་ལས་བྱུང་བའི་འོད་ཟེར་ལྕགས་ཀྱུ་ངག་གི་ལམ་ནས་ཕྱུང་སྟེ་དེ་ཡོངས་སུ་གྱུར་པ་ལས་གནོད་མཛེས་ཀྱི་རྒྱལ་པོ་བསྒོམས་ཏེ། དེ་ལ་བཀའ་བསྒོ་ཞིང་
རླུང་གི་དཀྱིལ་འཁོར་གྱི་ཤིང་རྟས་སོང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་ཕྱིན་ནས་རྡོ་རྗེ་ཐོ་བས་དེ་རྣམས་ཀྱི་ཐུགས་ཀར་བརྡེག་ཅིང་འདི་སྐད་བརྗོད་པར་བྱའོ། །ཆེ་གེ་མོ་ཞིག་རྡོ་རྗེ་ཆེ། །ཁྱེད་རྣམས་ཀྱིས་ནི་བརྟན་པར་གནས། །རྟག་ཏུ་ཁྱེད་ལ་དད་པ་ཅན། །དམ་ཚིག་བསྲུང་
བ་ལ་བརྩོན་པ། །དབང་བསྐུར་བ་དང་རྗེས་གནང་ཐོབ། །དེ་ལ་དངོས་གྲུབ་སྩོལ་བར་མཛོད། །ཅེས་བྱ་བ་བརྗོད་པས་ཞག་བདུན་གྱིས་དངོས་གྲུབ་སྟེར་བར་འགྱུར་རོ། །ཏིང་ངེ་འཛིན་གསུམ་དང་དབྱེ་བའི་ཐབས་སོ། །དེ་ལྟར་བྱས་ན་ཡང་གལ་ཏེ་འགྲུབ་པར་མི་འགྱུར་ན་དེའི་ཚེ་

ཆད་པའི་སྦྱོར་བ་བརྩམ་པར་གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་བྱང་ཆུབ་ནི་རྡོ་རྗེ་འཆང་ཉིད་མ་གྲུབ་སྟེ་ཐོབ་པར་མ་གྱུར་ན། དེའི་ཚེ་དྲག་ཤུལ་སྦྱོར་ནི་ཆད་པའི་ཐབས་ཀྱི་སྦྱོར་བས་བསྒྲུབ་པར་བྱ་སྟེ། དེའི་ཚེ་དེའི་ཡེ་ཤེས་འགྲུབ་པ་ནི་ངེས་པར་
དངོས་གྲུབ་འབྱུང་བར་འགྱུར་རོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། མཱ་མ་ཀཱི་ལ་སོགས་པའི་པདྨར་ཧ་ལས་བྱུང་བའི་སྣ་ཚོགས་འོད་ཟེར་ཧཱུཾ་ལས་བྱུང་བའི་དཀྱིལ་འཁོར་བསྒོམས་ཏེ། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ལ་ཡི་གེ་ཕཊ་དགོད་ཅིང་རང་གི་གསང་བའི་རྡོ་
རྗེར་ཡང་བསྐལ་པའི་མེ་ལྟར་འབར་བ་དང་འདྲ་བར་བསམས་ཏེ། ཡེ་ཤེས་སེམས་དཔའི་ས་བོན་ལས་བྱུང་བའི་སྣ་ཚོགས་འོད་ཟེར་གྱི་སྒོ་ནས་དེ་བཞིན་གཤེགས་པ་བཀུག་ཅིང་རིགས་ཀྱི་དབྱེ་བ་ནི་རིགས་ཀྱི་རྗེས་སུ་འབྲང་བའི་ཁྲོ་བོའི་གཟུགས་ཀྱིས་ཡེ་ཤེས་ཀྱི་ལྷ་མོའི་པདྨར་
བཅུག་ལ་རྡོ་རྗེའི་ཕུར་བུས་བཏབ་སྟེ་དབང་དུ་བྱས་པ་དེ་དང་ལྷན་ཅིག་བདག་ཉིད་ཐ་མི་དད་པར་བསྒོམས་ལ། ཁྲོ་བོའི་འཁོར་ལོ་ཕྱི་རོལ་དུ་སྤྲོ་ཞིང་རང་གི་ལྷའི་སྐུ་ལ་བསྲུང་བར་བྱའོ། །དེ་ཏིང་ངེ་འཛིན་གསུམ་དང་ཆད་པའི་ཐབས་ཏེ་བསྒྲུབ་པའི་ཕྱོགས་གཅིག་གོ། །དེ་ལ་དོན་བསྡུས་པ་
འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདི་ལྟར་མི་སླུ་བར་གསུངས་ཏེ། ཡིད་ཆེས་པ་དང་སྡོམ་པ་ལ་གནས་པ་ལྷའི་སྐུ་བརྩོན་པ་ལ་བསྐྱེད་པ་ལྷ་རྣམས་ཀྱི་རྗེས་སུ་གནང་བས་གང་གི་ཚེ་ཟླ་བ་དྲུག་དང་ཟླ་བ་གཉིས་དང་གཅིག་དང་ཟླ་བ་ཕྱེད་ཀྱིས་འགྲུབ་པར་མི་འགྱུར་ན་དེའི་ཚེ་
ཞག་བདུན་གྱིས་བསྒྲུབ་པ་བརྩམ་པར་བྱ་སྟེ། ས་བོན་བྷྲཱུཾ་ལས་བྱུང་བའི་གཞལ་ཡས་ཁང་པའི་ནང་དུ་བཀོད་པའི་དཀྱིལ་འཁོར་གྱི་དབུས་ལ་གནས་པ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་གང་ཡང་རུང་བ་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་དང་ལྡན་པས་རང་གི་བ་སྤུ་དག་ནས་བྱུང་བ་ལྷ་མོའི་ཚོགས་ཀྱིས་
མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་དུ་བཞུགས་པའི་ཡེ་ཤེས་ཀྱི་ལྷ་ལ་བླ་ན་མེད་པའི་མཆོད་པས་མཆོད་ལ། དེ་རྣམས་ཀྱིས་ཀྱང་སྙན་པ་དང་ཡིད་དུ་འོང་བའི་ཚིག་གིས་གསོལ་བ་བཏབ་ཅིང་སྤྱན་དྲངས་ཏེ། རང་གི་ལུས་ལ་ཞུགས་ཤིང་དེ་དང་ལྷན་ཅིག་ཏུ་ཐ་མི་དད་པར་

བདག་ཉིད་བསྒོམ་པར་བྱའོ། །དེའི་ཚེ་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །དེ་ལྟར་བྱས་ཀྱང་འགྲུབ་པར་འགྱུར་ན་དེའི་ཚེ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ལ་གནས་པའི་པདྨ་དང་ཟླ་བ་རྡོ་རྗེའི་ཆང་ཟུངས་ཀྱི་ཧཱུཾ་ལས་བྱུང་བའི་གནོད་མཛེས་ཀྱི་རྒྱལ་པོ་དང་འདྲ་བ་ས་བོན་གསུམ་
གྱིས་བརླབས་པ། རྡོ་རྗེ་ལྕགས་ཀྱུ་རང་གི་ཁ་ནས་ཕྱུང་ཞིང་དེ་ཡོངས་སུ་གྱུར་པ་ལས་གནོད་མཛེས་ཀྱི་རྒྱལ་པོ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བྱུང་བ་གྲུ་གསུམ་གྱི་ཤིང་རྟ་ལ་གནས་པར་བྱས་ལ་བསྐལ་པའི་མེ་དང་ཉི་མ་ལྟར་འབར་བ་བཀའ་བསྒོ་བར་བྱ་ཞིང་གཏང་བར་
བྱའོ། །དེ་སོང་ཞིང་ཡེ་ཤེས་སེམས་དཔའ་དེ་ཉིད་ཀྱི་ཐུགས་འབར་བ་ཐོ་བས་བརྡེག་ཅིང་། ཆེ་གེ་མོ་ཞིག་རྡོ་རྗེ་ཆེ། །ཁྱེད་རྣམས་ཀྱིས་ནི་བརྟན་པར་གནས། །ཁྱེད་ལ་རྟག་ཏུ་དད་པ་ཅན། །དམ་ཚིག་བསྲུང་བ་ལ་བརྩོན་པ། །དབང་བསྐུར་བ་དང་རྗེས་གནང་ཐོབ། །དེ་ལ་དངོས་
གྲུབ་སྩོལ་བར་མཛོད། །ཅེས་བརྗོད་ཅིང་ལྡོག་པར་བསམས་ཏེ། དེ་ལྟ་ན་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །དེ་ལྟ་ཡིན་ན་ཡང་གལ་ཏེ་དངོས་གྲུབ་མི་སྩོལ་ན་དེའི་ཚེ་རིག་མའི་པདྨའི་ནང་དུ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་ཧཱུཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་
འཁོར་ཉི་མ་བྱེ་བ་དང་མཚུངས་པ་བསམས་ཏེ། དེའི་སྟེང་དུ་ཡི་གེ་ཕཊ་དང་ཡི་གེ་རཾ་ཡོངས་སུ་གྱུར་ནས་བསྐལ་པའི་མེ་ལྟར་འབར་བ་གྲུ་གསུམ་བསམས་ཏེ། གསང་བའི་རྡོ་རྗེ་སྔ་མ་བཞིན་དུ་འབར་བར་བསམས་ལ་དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ཡང་སྤྲོ་ཞིང་བརྟན་ལ། དེས་ཡེ་ཤེས་
ཀྱི་ལྷའི་ཐུགས་ཀར་འབིགས་ཤིང་འགུགས་པ་དང་ཞུགས་ཤིང་ལྷ་མོའི་པདྨའི་གནས་སུ་མེ་ལོང་གི་དཀྱིལ་འཁོར་དུ་གཞུག་གོ། །གསང་བའི་རྡོ་རྗེ་དེ་ཡང་མེའི་འོད་སྤྲོ་བ་པདྨ་ལ་ཞུགས་ཏེ། རིག་མའི་ཁར་བཅུག་པའི་སྔགས་ཀྱི་ཕྲེང་བ་དེ་དེའི་སྤྱི་བོར་བསྐལ་པའི་མེ་ལྟར་འབར་བ་ཕབ་པར་
བསམ་མོ། །དེ་དག་ཐམས་ཅད་ཀྱིས་ནི་ཐལ་བར་འགྱུར་བར་བསམས་ཏེ། དེའི་ཤེས་པ་མར་མེ་དང་མཚུངས་པ་ཡི་གེ་ཧཱུཾ་གི་གཟུགས་ཅན་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་གི་སྐུ་བསྒོམས་ཏེ། རང་གི་ལུས་ལ་ཞུགས་ཤིང་དེ་དང་ལྷན་ཅིག་དབྱེར་མེད་པར་བདག་ཉིད་བསྒོམས་ན་ཞག་

བདུན་ཉིད་ཀྱིས་གསང་བའི་དམ་ཚིག་ལྡང་བའི་རིག་པར་ངེས་པར་འགྲུབ་པར་འགྱུར་རོ། །རྣམ་པ་བཞི་པོ་དེ་དག་གིས་རིམ་པ་ཇི་ལྟ་བ་བཞིན་དུ་སྡུམ་པ་དང་། སྦྱིན་པ། དབྱེ་བ་དང་། ཆད་པའི་རིམ་པ་ཤེས་པར་བྱའོ། །དེ་ནི་བསྒྲུབ་པའི་ཕྱོགས་གཅིག་གོ། །འདོད་
ཆགས་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་བཤད་པར་བྱ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པས་རང་གི་རིག་མ་དང་སྙོམས་པར་འཇུག་ཅིང་མཆོག་ཏུ་ཆགས་པའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་རང་གི་ལུས་ལ་བཅུག་སྟེ། སྤྱན་མ་ནས་བརྩམས་ཏེ་རེག་བྱ་རྡོ་རྗེ་མའི་བར་དུ་
ལྷ་མོ་དགུའི་ཚུལ་དུ་སྤྲོས་ཏེ། དེས་ནི་འདོད་ཆགས་ཀྱི་སྤྱོད་པ་དང་ལྡན་པའི་སེམས་ཅན་གྱི་དོན་བྱས་ལ་དགུག་ཅིང་བསྒྲུབ་བྱ་ནི་རང་གི་རིག་མའི་སྐུ་ལ་ཞུགས་ཏེ། ཡང་སྤྱན་ལ་སོགས་པ་ཕྱག་རྒྱ་བཞི་སྤྲོ་ཞིང་ཕྱོགས་བཞི་ལ་གནས་པའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་དབུས་སུ་ལྔའི་བདག་ཉིད་
བསམས་ཏེ། འཁོར་ལོ་ཅན་ཐམས་ཅད་བསྡུ་ཞིང་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་མཉེས་ཤིང་། སྔགས་ཐམས་ཅད་ཀྱི་རང་བཞིན་གྱི་རྣལ་འབྱོར་པས་མཆོག་ཏུ་དགའ་བའི་དུས་སུ་མི་གསུང་བར་འགྱུར་ཞིང་། དེའི་ཚེ་བྱང་ཆུབ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་བསྒོམས་པ་ནི་
ཞུགས་ཤིང་ཐིམ་པར་བྱའོ། །དེ་ནས་ཁྱོད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་པོས་བསྐུལ་ཞིང་སད་ནས་སེམས་ཅན་གྱི་དོན་བྱའོ། །དེ་ནི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་པོ་མཆོག་གོ། །ནང་གི་བདག་ཉིད་ཀྱི་རིམ་པས་དབང་བསྐུར་བ་
བཤད་པར་བྱ་སྟེ། དུས་གསུམ་རྡོ་རྗེ་ནི་དུས་གསུམ་པའི་དེ་བཞིན་གཤེགས་པའོ། །དེའི་རང་བཞིན་ནི་དེའི་ངོ་བོ་སྟེ། ཡེ་ཤེས་ནི་དེའི་བདག་ཉིད་ཀྱི་ཡེ་ཤེས་བསྡུས་པར་བསམས་ལ། དེ་བཞིན་དུ་ནི་དུས་གསུམ་པའི་དེ་བཞིན་གཤེགས་པ་བཞིན་དུ་ལུས་ནི་ལུས་ཀྱང་བསྒོམ་པར་
བྱའོ། །དེ་ནས་དུས་གསུམ་པའི་དེ་བཞིན་གཤེགས་པའི་རིག་མའི་པདྨར་ཞུགས་ཏེ། ཁ་དོག་དེ་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་འདྲ་བའི་ཁ་དོག་སྟེ་དཀར་པོའོ། །ཐུགས་ཀ་ནས་ཕྱུང་ཞིང་རོ་ནི་བྱང་ཆུབ་ཀྱི་སེམས་ཏེ། རྡོ་རྗེའི་ལམ་ནས་སྤྲོ་ཞིང་རང་གི་རྒྱུ་ནི་རིག་མའི་པདྨའི་ནང་དུ་དབང་བསྐུར་

བར་བྱ་སྟེ། ཕྱེ་བ་ནི་བསྒྲུབ་པར་བྱ་བ་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ནས་གཞན་གྱི་དོན་གྱིས་བྱེད་པར་འདོད་པས་སྔགས་ནི་ཕྱུང་བའི་སྔགས་ཏེ། རང་རང་གི་སྔགས་སོ། །ཆོས་ནི་ཞལ་གསུམ་པ་ལྟ་བུ་ལ་སོགས་པའོ། །དབྱེ་བར་གྱུར་པ་ནི་སྤྲོ་བར་བྱ་སྟེ།
རིགས་ནི་ལས་ཀྱི་ཕྱག་རྒྱ་མའམ། ཆོས་ཀྱི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་པདྨའི་ནང་ནས་སྤྲོ་བར་བྱའོ། །དེ་གང་ཡིན་ཞེ་ན་འཁོར་ལོས་སྒྱུར་བ་དྲུག་གཙུག་ཏོར་ཏེ། འདོད་པའི་རྒྱལ་པོ་ལ་སོགས་པའོ། །རིག་པའི་རྒྱལ་མོ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །རྫུ་འཕྲུལ་ཆེ་ནི་དེ་བཞིན་གཤེགས་
པ་ལྔའོ། །འཁོར་ལོས་སྒྱུར་བ་ནི་གཙུག་ཏོར་ཏེ། འདོད་པའི་རྒྱལ་པོ་ལ་སོགས་པའོ། །འདོད་པ་ཀུན་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །རྡོ་རྗེ་བདག་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་སྤྲོ་ཞིང་ལེའུ་བཅུ་བདུན་པ་ལས་གསུངས་པའི་བསམ་གཏན་གྱི་འཁོར་ལོ་སྟེ།
ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི་རིག་པའི་དབང་བསྐུར་བར་བྱའོ། །ཆོ་གའི་སྦྱོར་བ་ནི་བསམ་གཏན་གྱི་སྦྱོར་བས་སོ། །ཡེ་ཤེས་ནི་མཆོག་ཏུ་དགའ་བའི་ཡེ་ཤེས་དང་ཆགས་པའི་རྣལ་འབྱོར་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རིག་མའི་པདྨའི་དཀྱིལ་འཁོར་པ་རྣམས་
དང་གཉིས་སུ་མེད་པར་བྱེད་པ་ནི་རོ་གཅིག་པར་བྱེད་པ་ནི་སྒྲུབ་པ་ཞེས་བྱའོ། །གཞན་ཡང་སྔར་བཤད་པའི་རིམ་གྱིས་ནི། རིག་པའི་སྐྱེས་བུ་རྡོ་རྗེ་ཅན་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་རིག་མའི་པདྨའི་དཀྱིལ་འཁོར་དེ་ཉིད་ལས་
བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྤྲོས་ལ། དེ་རྣམས་ཀྱིས་འགྲོ་བ་སྦྱངས་ཏེ། ཡང་ཞལ་གསུམ་པ་ལ་སོགས་པ་ལྟ་བུ་ཤར་ཕྱོགས་ལ་སོགས་པར་རིམ་གྱིས་ཞུགས་ཏེ། དཀྱིལ་འཁོར་ཆེན་པོར་བསྒོམ་པར་བྱའོ་ཞེས་པ་སྒྲུབ་པ་ཆེན་པོར་བཤད་དོ། །དཀྱིལ་འཁོར་ལ་ཐིག་གདབ་པའི་
ཆོ་ག་བཤད་པར་བྱ་སྟེ། ས་གཟུང་བ་ནི་བསྙེན་པའི་དུས་ཏེ། དེ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་གཟུགས་བསྒོམ་པར་བྱ་སྟེ། ཐམས་ཅད་དུ་དབང་བྱེད་པའི་ཕྱིར་རོ། །དེ་ནས་ས་བརྐོ་ཞིང་གང་བར་བྱས་ལ་ཟུག་རྔུའི་སྐྱོན་ཐམས་ཅད་གདོན་པར་མི་ནུས་ན་དེའི་ཚེ་ཉེ་བར་བསྒྲུབ་པའི་དུས་ཏེ་

ས་སྦྱོང་བའི་དུས་ན་བདུད་རྩི་འཁྱིལ་པའི་གཟུགས་སུ་བསམས་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཨཱཿཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་སའི་དབུས་སུ་ལག་པ་བཏབ་ན་སྟོབས་དང་ལྡན་པས་སྦྱང་བར་འགྱུར་རོ། །དེ་ནས་སྒྲུབ་པ་ནི་དཀྱིལ་འཁོར་བྲི་བའི་དུས་སུ་སྐུ་རྡོ་རྗེ་ལ་སོགས་པའི་
དཀྱིལ་འཁོར་བྲི་བར་འདོད་པའི་རྣལ་འབྱོར་པས་རང་གི་བདག་ཉིད་ནི་རང་གི་ལྷའི་སྦྱོར་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྷའི་སྐུ་བསྒོམ་པར་བྱའོ། །སྒྲུབ་པ་ཆེན་པོའི་དུས་ནི་ཐིག་བཏབ་པའི་དུས། དེ་ལ་སྐུ་ནི་སློབ་མ་དང་བདུད་རྩི་འཁྱིལ་པ་དང་། སངས་རྒྱས་བདག་པོ་ནི་སྐུའི་དཀྱིལ་
འཁོར་ལ་ལྟོས་ལ་འོད་དཔག་ཏུ་མེད་པའམ། མི་བསྐྱོད་པའི་གཟུགས་སུ་བསྒོམས། གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ལ་ལྟོས་ཏེ་རྣམ་པར་སྣང་མཛད་དམ་མི་བསྐྱོད་པའམ་འོད་དཔག་ཏུ་མེད་པའམ། རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྒོམས་ཏེ། ཁྱབ་བདག་ནི་རྡོ་རྗེ་སེམས་
དཔའ་བསྒོམ་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ནི་རྣལ་འབྱོར་པ་ཐམས་ཅད་ཀྱིས་གསང་བ་སྟེ། བྱ་བའི་རྒྱུད་ལ་སོགས་པའི་རྣལ་འབྱོར་པ་ལ་བསྟན་པར་མི་བྱའོ། །མཆོག་ནི་དམ་པའི་རྣལ་འབྱོར་པ་སྟེ། སྒྲུབ་པ་པོ་རྣམས་ཀྱི་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་ཕྱེ་བ་ན་བསྙེན་
པ་ལ་སོགས་པའི་དབྱེ་བ་ཤེས་ཤིང་རྟོགས་ནས། དངོས་གྲུབ་ནི་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པར་བྱའོ། །གཞན་དུ་ན་བསྐལ་པ་བྱེ་བས་ཀྱང་འགྲུབ་པར་མི་འགྱུར་རོ། །མཆོག་ནི་འཇིག་རྟེན་ལས་འདས་པའོ། །ཞི་བ་ནི་ཐུན་མོང་མ་ཡིན་པའོ། །སངས་རྒྱས་ནི་དེ་བཞིན་གཤེགས་
པ་དང་སྐྱོབ་པ་ནི་རྡོ་རྗེ་འཆང་ཆེན་ཏེ། དེ་རྣམས་ཀྱིས་ཀྱང་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བས་ནི་ཕུལ་དུ་བྱུང་བའི་ཚིག་སྟེ། བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པའི་བསྙེན་པ་ལ་སོགས་པ་བཤད་པར་བྱ་སྟེ། བསྒྲུབ་བྱ་དང་སྒྲུབ་པ་ནི་ཤེས་རབ་དང་ཐབས་སོ། །དེ་དག་སྦྱོར་བ་ནི་
ཙུམྦ་ན་དང་ཨཱ་ལིངྒ་ན་དང་། ན་ཁ་དུ་ཤ་ན་དང་བཏབ་པའི་མཚན་ཉིད་དེ། ཕྱི་རོལ་གྱི་བྱ་བ་ནི་བསྙེན་པར་བཤད་དོ། །སྔ་མ་བཞིན་དུ་སྔགས་ལས་བསྐྱེད་པ་སྔོན་དུ་འགྲོ་བས་རྡོ་རྗེ་དང་པདྨར་མཉམ་པར་སྦྱར་བ་ནི་ཉེ་བར་སྒྲུབ་པའོ། །ས་བོན་གྱི་བྱིན་གྱིས་བརླབས་པས་དེ་དག་གི་སྒྲུབ་པའོ། །རང་རིག་

པ་རང་བཞིན་གྱིས་འོད་གསལ་བ་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ། །དེ་ཉིད་ཐབས་ལས་བྱུང་བ་མ་ཡིན་ནོ་ཞེས་བསྟན་པར་བྱའོ། །ཡེ་ཤེས་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོའོ། །དཔལ་ལྡན་ནི་བསོད་ནམས་དང་ཡེ་ཤེས་དང་ལྡན་པ་
སྟེ། རྡོ་རྗེ་འཆང་ཆེན་པོའི་གནས་སོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔ་སྟེ། དེ་དག་ཐོབ་པར་བྱ་བའི་ཕྱིར་ཐབས་ནི་རྒྱུ་ཡིན་ལ། འདི་ནི་ཐབས་ལས་བྱུང་བ་སྟེ། དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ནི་དངོས་པོ་རྣམས་ཀྱི་དེ་ཉིད་ཆོས་ཉིད་དེ། རང་བཞིན་དང་དེ་ཉིད་
ཅེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་བྱེད་པ་ལས་ཀྱང་། འདི་ན་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ནས་འགྱུར། །འདས་པ་དང་ནི་མ་འོངས་དང་། །ད་ལྟར་བྱུང་བའི་སྲིད་གསུམ་ནི། །འོད་གསལ་པས་
ནི་རྣམ་དག་པས། །སྐད་ཅིག་དེ་ལ་མ་ལུས་མཐོང་། །ཞེས་བཤད་དོ། །དེ་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུའོ། །ད་ནི་ལས་ཀྱི་ཚོགས་འདྲི་བའི་ལན་བཤད་པར་བྱ་སྟེ། ལས་ཞེས་བྱ་བ་ལ་སོགས་པ་ལ། ལས་གང་དང་གང་གིས་རྣལ་འབྱོར་པས་དེ་བྱེད་པར་རྩོམ་ན། དེ་དང་འདྲ་
བའི་སྦྱོར་བ་ནི་ཏིང་ངེ་འཛིན་ལ་དམིགས་པར་བྱའོ། །ཞི་བའམ་དྲག་པོའམ་དེ་དང་མཐུན་པའི་དཀྱིལ་འཁོར་བྱའོ་ཞེས་ཚིག་གི་ལྷག་མའོ། །ལྷན་ཅིག་དྲག་པོའི་ལས་ལ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་ཅིང་ནམ་མཁའི་དབྱིངས་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་དམ་ཚིག་མི་
བཟད་པ་ནི་དྲག་ཤུལ་གྱི་སྤྱོད་པ་བསྒོམ་པར་ཞུ་བར་བྱའོ། །དམ་ཚིག་ནི་རང་གི་བདག་ཉིད་ཀྱི་ལུས་ཏེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དེ་བཞིན་གཤེགས་པའི་ས་བོན་གྱིས་བྱིན་གྱིས་བརླབས་ལ་བསྲུང་བར་བྱའོ། །ཡང་ན་གཙུག་ཏོར་དམ་ཚིག་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པ་
ཁྲོ་བོའི་འཁོར་ལོ་སྤྲོ་ཞིང་། ཇི་ལྟར་ཆོ་ག་གསུངས་པ་ལས་བྱུང་བ་ནི་རྟོག་པ་ལས་གསུངས་པའི་ཆོ་གའི་རིམ་པ་ལས་འབྱུང་བ་སྲུང་བའི་འཁོར་ལོ་བཅིང་བར་བྱའོ། །དེ་ནི་ཁྲོ་བོའི་རྒྱལ་པོའི་འཁོར་ལོ་སྟེ། དེ་དང་རྗེས་སུ་མཐུན་པ་ནི་དེ་དང་འདྲ་བའི་དབུས་ཀྱི་གཙོ་བོའི་ཚུལ་གྱིས་རང་

གི་འཁོར་ལོ་ནི་ཁྲོ་བོའི་འཁོར་ལ་བཀའ་བསྒོ་བར་བྱའོ། །དེ་བཞིན་དུ་སྒྲུབ་པ་ནི་གདུག་པའི་བདག་ཉིད་ལུས་གང་ཡིན་པ་དེ་ཡང་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །དེ་ནས་དེའི་ཉེས་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པའི་མཚན་ཉིད་ཀྱི་ལས་ངན་
པ་སྟེ། དེའི་ལུས་ལ་གནས་པའི་འཁོར་ལོ་ལ་ནི་འགྲོ་བ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་བཞིན་གཤེགས་པ་རྣམས་ལ་བསྒྲགས་པར་བྱ་བ་ནི་འདི་ལྟ་སྟེ། འདི་ནི་དཀོན་མཆོག་གསུམ་གནོད་བྱེད། །ཕ་དང་མ་ནི་གསོད་པར་དགའ། །དམ་པའི་ཆོས་ལ་སྨོད་བརྩོན་པ། །སློབ་དཔོན་གསོད་ཅིང་
གདུལ་བར་དཀའ། །བསྟན་པ་ལ་སོགས་རིམ་པས་ཀྱང་། །ལམ་ལ་བརྟེན་པ་མ་ཡིན་པ། །བཅོམ་ལྡན་དེ་རིང་བདག་གིས་ནི། །དེ་ལ་དྲག་ཤུལ་མངོན་སྤྱོད་བགྱི། །དེས་དམ་ཚིག་བསྒྲག་པའོ། །དེ་ནས་གདུག་པའི་སེམས་ཅན་དེ་ལ་གསད་པར་བྱ་བའི་དོན་དུ་ཁྲོ་བོ་དེ་དག་བྱུང་བ་ནི་ཕྱོགས་བཅུར་སོང་
བར་བསྒོམ་པར་བྱའོ། །དེ་རྣམས་ཀྱིས་དེ་བཀུག་ཅིང་རང་གི་འཁོར་ལོ་ནི་ཁྲོ་བོའི་དཀྱིལ་འཁོར་གྱི་དབུས་སུ་བཅུག་ནས། རལ་གྲི་ལ་སོགས་པས་གཅོད་པར་བསྒོམ་པར་བྱའོ། །ཡང་ན་ཇི་ལྟར་གསུངས་པ་ནི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྫས་ནི་དེ་ལས་བྱུང་བ་ནི་བསྐྱེད་པ། གཟུགས་བརྙན་ནི་དེ་
དང་འདྲ་བའི་གཟུགས་ཏེ། ཁྲོ་བོས་ཁྱབ་པའི་སེམས་ནི་དྲག་ཤུལ་དང་ལྡན་པའི་སེམས་ཀྱིས་གཅེར་བུ་དང་སྐྲ་གྲོལ་བར་གྱུར་ཅིང་རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་དེ་མནན་ཅིང་གཡས་བརྐྱང་བས་གནས་པས་ལྷོ་ཕྱོགས་སུ་ཁ་བལྟས་ཏེ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་
སྔགས་བརྗོད་པས་རང་གི་སྙིང་ག་ནས་ཁྲོ་བོའི་འཁོར་ལོ་སྤྲོས་ཏེ། སྣ་ཚོགས་ནི་བྲན་དང་བྲན་མོ་དང་། ཕོ་ཉ་དང་ཕོ་ཉ་མོའི་བཀའ་དང་བཀའ་ཉན་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ནི་འཁོར་དང་བཅས་པ་ཡི་གེ་ཧཱུཾ་གིས་བརྡེག་པར་བྱ་བའི་ཕྱིར་བཀའ་བསྒོ་བར་བྱ་སྟེ། དེ་དག་སོང་ཞིང་སྒྲུབ་པ་རྡོ་
རྗེ་ཅན་ནི་རྣལ་འབྱོར་པའི་བཀའ་བསྒྲུབ་པར་བྱ་བའི་དོན་དུ། བསྒྲུབ་བྱ་ནི་ཞགས་པས་བཅིངས་ལ་ཐོ་བས་བརྡེག །ཁྲོ་བོའི་རྒྱལ་པོ་ནི་ཁྲོ་བོའི་ཚོགས་ཀྱིས་བཀུག་ཅིང་འཇིགས་པ་ནི་འཇིགས་པས་ཁྱབ་ཅིང་བརྡུང་བ་ནི་སྐྱབས་མེད་པ། སྐྲག་པ་ནི་སྐྱབས་དང་བྲལ་བ། གྱུར་པ་ནི་མིག་

བཟློག་པ། བསྒྲུབ་བྱ་ནི་དགུག་པར་བྱའོ། །དེ་ནས་སྒྲུབ་པ་པོ་ལ་བསྒྲུབ་བྱ་དེ་དོན་དུ་གནས་པར་མཐོང་ཞིང་དེའི་གཟུགས་བརྙན་ལ་ཕབ་པ་ནི་གཞུག་པར་བྱའོ། །དེའི་རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ས་བོན་ཚར་དུ་གནས་པ། ཕུར་བུའི་སྔགས་ནི་གནོད་མཛེས་ཀྱི་རྒྱལ་པོའི་སྔགས་
ཀྱིས་གདབ་པར་བྱའོ། །སྤྱི་བོ་དང་ལྐོག་མ་དང་སྙིང་ག་ལ་སྐུ་གསུང་ཐུགས་ཀྱི་ས་བོན་གྱི་གཟུགས་ལ་ཕུར་བུས་གདབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཡམས་ནི་སྡུག་བསྔལ་ལོ། །ཉེ་བར་འཚེ་བ་ནི་ཤ་ཟ་ལ་སོགས་པ་དང་། ནད་ནི་རིམས་ལ་སོགས་པ་དང་། སྣ་ཚོགས་ཡུལ་ལས་བྱུང་བ་
ནི་དུག་ནག་པོ་བརྩེགས་པ་ལ་སོགས་པ་དང་། འབྱུང་བ་ནི་གང་ལས་བྱུང་བ་དེ་ནི་འབྱུང་བ་སྟེ། མཆེ་བའི་དུག་དང་། དྲན་པའི་དུག་དང་། རེག་པའི་དུག་དང་། ལྟ་བའི་དུག་ལ་སོགས་པའི་སྦྲུལ་རྣམས་སོ། །སྦྲུལ་རྣམས་ཀྱི་དུག་དེ་བཀུག་ཅིང་གཟུགས་བརྙན་དེའི་མགོ་བོ་ལ་སོགས་པ་
ལ་གཞུག་ཅིང་སྔ་མ་བཞིན་དུ་ཕུར་བུས་གདབ་པར་བྱའོ། །དེ་ནས་སྦྱོར་བ་ཐམས་ཅད་ཀྱིས་ཆོ་ག་ཇི་སྐད་གསུངས་པ་བཞིན་བྱ་བ་ནི་ཕྱོགས་དང་། ཡུལ་དང་། དུས་དང་། རིམ་པ་དང་མཐུན་པའི་སྔགས་ཀྱིས་ནི་ཁྲོ་བོའི་སྔགས་དང་། འཁྲུལ་འཁོར་ནི་འཁྲུལ་འཁོར་གྱི་སྦྱོར་བ་དང་།
སྩོགས་པའི་སྒྲས་ནི་རྫས་ལ་སོགས་པ་དང་། ཕྱག་རྒྱ་རྣམས་ཀྱིས་ཀྱང་སྦྱོར་བར་བྱ་བ་ནི་སྦྱོར་བ་བཞིའི་རིམ་གྱིས་རྫོགས་པར་བྱའོ། །ཡང་ན་སྔར་བཤད་པའི་ཁྲོ་བོའི་གཟུགས་དང་ཁྲོ་བོའི་སྔགས་དང་ལྡན་པས་ཁྲོ་བོའི་སྔགས་ཟློས་པས་འགྲོ་བའི་གཟུགས་བརྙན་མཚན་མ་གཅིག་ལ་སོགས་
པའི་ས་རུ། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པ་ནི་རྐང་པ་གཡོན་པས་མནན་ཅིང་ཤིང་མ་ད་ནའི་མེ་ལ་ཁྲོ་བོའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ནི་མི་བསྐྱོད་པའི་རྣལ་འབྱོར་པས་གཟུགས་བརྙན་དུམ་བུ་དུམ་བུར་གཏུབ་ཅིང་བསྲེགས་ན་དགྲ་འཆི་བར་འགྱུར་རོ། །ཡང་ན་གདུག་པའི་སེམས་
ཅན་ནི་རེ་ཞིག་མཁའ་ལ་སྤྱོད་པ་སྟེ། བྱ་རོག་དང་བྱ་རྒོད་དང་ཀང་ཀ་ལ་སོགས་པའོ། །ས་ལ་སྤྱོད་པ་ནི་སྤྱང་ཀི་དང་དོམ་དང་དྲེད་ལ་སོགས་པའོ། །ས་འོག་ལ་སྤྱོད་པ་ནི་ཆུ་སྲིན་དང་རུས་སྦལ་ལ་སོགས་པའོ། །དེ་དག་ཁྲོས་པར་གྱུར་པ་ནི་ཁ་སྦྱོར་ཕྱེ་ཞིང་འཇིགས་པ་མིག་ཟློག་པ་ལ་རྡུལ་གྱིས་

ལུས་བྱུགས་པས་སྟེང་དང་འོག་ལས་ཁྲག་བྱུང་བས་ཟོས་པར་གྱུར་པ་ནི་དུམ་བུ་དུམ་བུར་ཟོས་པར་གྱུར་པས་རབ་ཏུ་བརྟགས་པ་བསམས་ན་དགྲ་བོ་འཆི་བར་འགྱུར་རོ། །ཁྱད་པར་ནི་ཡི་གེ་ཧཱུཾ་གི་རྣམ་པའི་ཤེས་པ་དཔལ་ལྡན་མི་བསྐྱོད་པའི་གཟུགས་ཅན་དཀྱིལ་འཁོར་
པས་ཡོངས་སུ་བསྐོར་བ་ཆོས་སྟོན་པའི་དྲུང་དུ་སོང་བར་བསམ་པར་བྱའོ། །ཡང་ན་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེ་ལ་འཇུག་གོ། །འོ་ན་སྲོག་གཅོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེར་རྣམ་པར་སྨིན་པ་བཟོད་དཀའ་བར་གསུངས་ཏེ།
གང་ཞིག་སྲོག་གཅོད་པ་ནི་མི་གདུག་པ། །དྲག་པོ་ཁྲག་གིས་ལག་པ་བྱུག །སྡིག་པའི་ལས་ནི་ཀུན་སྤྱོད་པ། །རྟག་ཏུ་ངུ་འབོད་སྐྱེ་བར་འགྱུར། །དེ་བཞིན་འཚེ་བས་ཚེ་ཐུང་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ན། དེ་བཅོམ་ལྡན་འདས་ཀྱི་གསུང་ཇི་ལྟར་འགལ་བ་མ་ཡིན་
ནམ་ཞེ་ན། སྨྲས་པ། སྲོག་ཆགས་ཞེས་བྱ་བ་ནི་ཐམས་ཅད་དོ། །འཚེ་བར་བྱེད་པ་མ་ཡིན་ཏེ། འོན་ཀྱང་གང་ཞིག་སྡིག་པ་ཆེན་པོའི་ལས་ཅན་ཐབས་མཁས་ཀྱིས་ཀྱང་གདུལ་བར་མི་ནུས་ན་མནར་མེད་པའི་དམྱལ་བར་ལྷུང་བ་དང་། ཉེ་བར་བསྲུང་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་དང་
ལྡན་པའི་རྣལ་འབྱོར་པས་སྔགས་དང་ཕྱག་རྒྱའི་རིམ་པས་གསོད་ཅིང་དེ་བཞིན་གཤེགས་པའི་སྐུ་སྐྱེད་པར་བྱེད་དེ་ཚར་གཅོད་པའི་སྒོ་ནས་ཕན་འདོགས་པར་བྱེད་དོ། །གལ་ཏེ་གཅིག་ནི་གསོད་འགྱུར་ན། །མང་པོ་བདེ་བ་ལྡན་གྱུར་ཏེ། །དེ་ནི་བསོད་ནམས་ཚོགས་ཆེན་པོ། །གཞན་དུ་ན་ནི་
སྡིག་པ་ཆེ། །ཞེས་གསུང་པའི་དོན་ཏོ། །འོ་ན་བསད་པ་ནི་ཚེ་དང་བྲལ་བ་སྟེ། དེ་ཇི་ལྟར་ན་མཚོན་ཆ་ལ་སོགས་པས་གནད་གཅོད་པའི་སྡུག་བསྔལ་གྱི་བདག་ཉིད་ཡིན་པ་དེ་བཞིན་དུ་སྔགས་དང་ཕྱག་རྒྱའི་རིམ་པས་ཀྱང་ཡིན་ཏེ། དེ་བས་ན་དེའི་རྣམ་པར་སྨིན་པ་ནི་མཚུངས་པ་ཉིད་དོ། །
གང་གི་ཕྱིར་ཕ་རོལ་པོ་ནི་བདག་ཉིད་ཀྱི་སྲོག་དང་བྲལ་བ་ནི་མི་འདོད་དེ། དེ་ནི་ཐམས་ཅད་འདོད་དོ་ཞེས་པའི་ཕྱིར་རོ་ཞེ་ན། དེ་ལྟར་མ་སྨྲ་ཤིག །སྔགས་ལ་སོགས་པའི་རིམ་གྱིས་སྲོག་དགུག་པར་བྱས་པ་ནི་ཕ་རོལ་ནི་སྡུག་བསྔལ་འབྱུང་བར་མི་འགྱུར་གྱི། འོན་ཀྱང་རྨི་ལམ་དུ་སྣ་ཚོགས་

ཀྱི་ཀུན་དགའ་ར་བ་ལ་སོགས་པ་མཐོང་བ་བཞིན་དུ་ཡིད་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་མཚུངས་པ་ཡིན་ནོ། །ཐམས་ཅད་ཀྱི་སྲོག་གཅེས་ཤེས་སྨྲས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟར་ཡིན་ན་འདོད་ཆགས་ལ་སོགས་པ་དང་། སྲིད་པའི་ལོངས་སྤྱོད་བཅོས་
མ་མ་ཡིན་ན་ཡང་ཐམས་ཅད་ནི་ཞེན་པ་སྤང་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་དོན་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་དེའི་སྡིག་པ་སྤོང་བའི་དོན་དུ་སྲོག་གཅེས་པ་ཡིན་ན་ཡང་འགུགས་ན་སྐྱོན་ནི་ཅུང་ཟད་མེད་དེ། གཞོན་ནུ་དོན་ཐམས་
ཅད་གྲུབ་པས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་ལོངས་སྤྱོད་བོར་བ་བཞིན་དུ་ཧ་ཅང་ཐལ་བར་འགྱུར་ཞེས་སྒྲུབ་པའོ། །ཞི་བ་ལ་སོགས་པ་བཤད་པར་བྱ་སྟེ། ཞི་བ་འདོད་པར་བྱེད་པའི་རྣལ་འབྱོར་པས། ཞི་བའི་སེམས་ནི་འཇམ་པའི་སེམས་དང་ཕྱི་རོལ་གྱི་ཡོ་བྱད་ཀྱང་
འཇམ་པར་འགྱུར་རོ། །རྒྱས་པར་བྱེད་པར་འདོད་ན་སེམས་ནི་རྒྱས་པ་དང་རྫས་ཀྱང་གསེར་གྱི་ཁ་དོག་ལྟ་བུར་བྱའོ། །དབང་ནི་རྒྱལ་པོ་ལ་སོགས་པ་དབང་དུ་བྱེད་ན་སེམས་ཆགས་པ་དང་ཕྱི་རོལ་གྱི་རྫས་རྣམས་ཀྱང་དམར་པོར་བྱའོ། །གཏུམ་པ་ནི་དྲག་པོའི་ལས་ཏེ་
གསོད་པའི་ལས་བྱེད་ན་སེམས་ཁྲོ་བ་དང་ཕྱི་རོལ་གྱི་རྫས་རྣམས་ཀྱང་ནག་པོར་བྱའོ། །ཟླུམ་པོ་དང་གྲུ་བཞི་དང་ཟུར་གསུམ་དང་ཟླ་གམ་གྱི་རྣམ་པ་སྟེ་མེ་ཐབ་པོ། །བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་ཀྱི་ཁྱིམ་ལ་མེའོ། །འོ་མ་ཅན་གྱི་ཤིང་དང་མ་
ད་ནའི་ཤིང་དང་པདྨའི་རྩ་བ་དང་ཚེར་མ་རྣམས་ནི་ཡམ་ཤིང་ངོ་། །ཝ་ཤཾ་དང་བཽ་ཥ་ཊ་དང་ཛཿཧྲི་དང་ཧཱུཾ་ཕཊ་ནི་སྔགས་སྤེལ་བའོ། །དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་ནི་གོས་སོ། །གཞན་ཡང་དེ་བཞིན་ནོ། །ཤེལ་དང་གསེར་དང་བཞི་མཉམ་དང་མི་རུས་ཀྱི་ཕྲེང་
བའོ། །འོ་མ་དང་མར་དང་པདྨ་དང་། བིལ་བ་དང་། གུར་གུམ་དང་། ཙནྡན་དང་། ཤ་ཆེན་ལ་སོགས་པ་ནི་བསྲེག་རྫས་སོ། །སེམས་དཔའི་སྐྱིལ་མོ་ཀྲུང་དང་། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། གཡས་བརྐྱང་བ་དང་གཡོན་བརྐྱང་བ་ནི་སྟང་སྟབས་སོ། །སྣ་རྩེ་ལ་གཏད་

པ་དང་། མཉམ་པ་དང་། གཡོན་ལ་ཟུར་དུ་བལྟ་བ་དང་། དཔྲལ་བ་ལ་ལྟ་བ་ནི་ལྟ་བའོ། །སྐྲ་མཉམ་པ་དང་། སྐྲ་བཅིངས་པ་དང་། གཡོན་དུ་སྐྲ་ཡོ་བ་དང་། གྲོལ་བ་ནི་ཆ་ལུགས་སོ། །རྩེ་ལྔ་པ་དང་། རྩེ་དགུ་པ་དང་། རྩེ་གསུམ་པ་དང་། རྩེ་གཅིག་པ་ནི་
རྡོ་རྗེ་དྲིལ་བུའོ། །དངུལ་དང་གསེར་དང་ཟངས་དང་ལྕགས་ལས་བརྡུངས་པ་ནི་ཕུར་བུའོ། །དཀར་པོ་དང་སེར་པོ་དང་དམར་པོ་དང་། ནག་པོ་ནི་ཐིག་སྐུད་དོ། །འོ་མ་དང་ཆུ་དང་ག་བུར་གྱི་ཆུ་དང་ཁྲག་གིས་གང་བ་ནི་མཆོད་ཡོན་ནོ། །དཔལ་གྱི་དབྱངས་དང་། དགའ་བའི་དབྱངས་དང་།
དྲག་པོའི་དབྱངས་དང་། འདོད་པའི་དབྱངས་ནི་གླུའོ། །རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་ནི་ལྷའི་རྣལ་འབྱོར་རོ། །གཙུག་ལག་ཁང་དང་། ཁང་བཟངས་དང་། རྒྱལ་པོའི་ནགས་ཚལ་དང་། དུར་ཁྲོད་ནི་གནས་སོ། །ཤར་དང་། བྱང་དང་།
ནུབ་དང་། ལྷོ་ཕྱོགས་ནི་ཕྱོགས་སོ། །སྲོད་དང་། ནང་པར་དང་། ཉིན་མོ་དང་མཚན་ཕྱེད་ནི་དུས་སོ། །རྒྱལ་སྟོད་དང་། རྒྱལ་སྨད་དང་། ལག་པ་དང་། ནམ་མཐོང་གོང་མ་ནི་རྒྱུ་སྐར་རོ། །ཟླ་བ་དང་། གཟའ་ལག་པ་དང་། པ་བ་སངས་དང་། མིག་དམར་དང་། སྤེན་པ་ནི་གཟའོ། །
བྱིས་པ་དང་། གཞོན་ནུ་དང་། དར་ལ་བབ་པ་དང་། རྒན་པ་ནི་འཁོར་རོ། །དབྱར་དང་། སྟོན་ཀ་དང་། དཔྱིད་ཀ་དང་། སོ་ག་ནི་དུས་སོ། །དབྱར་ཟླ་འབྲིང་པོ་དང་། དབྱར་ཟླ་ཐ་ཆུངས་དང་། སྟོན་ཟླ་ར་བ་དང་། སྟོན་ཟླ་འབྲིང་པོ་དང་། དཔྱིད་ཟླ་འབྲིང་པོ་དང་། དཔྱིད་ཟླ་ཐ་ཆུངས་དང་།
དབྱར་ཟླ་ར་བ་སྟེ་ཟླ་བ་རྣམས་སོ། །ལྕེ་གཅིག་པ་དང་། ལྕེ་གཉིས་པ་དང་། ལྕེ་གསུམ་པ་དང་། ལྕེ་བཞི་པ་ནི་དྲིལ་བུ་རྣམས་སོ། །དུང་དང་། རྫ་རྔ་དང་། པི་ཝང་དང་། ཟངས་དུང་ནི་རོལ་མོ་རྣམས་སོ། །བྲམ་ཟེ་མོ་དང་། རྒྱལ་རིགས་མོ་དང་། རྗེའུ་རིགས་མོ་དང་། སྨེ་ཤ་ཅན་ནི་དམ་ཚིག་གི་
ཕྱག་རྒྱ་མའོ། །མུ་ཏིག་དང་། གསེར་དང་། བྱི་རུ་དང་། མི་རུས་ནི་རྒྱན་ནོ། །ལུག་དང་། གླང་དང་། འཁྲིག་པ་དང་། སེང་གེ་ནི་ཁྱིམ་མོ། །ཟླ་བ་གཟས་ཟིན་པའི་དུས་སུ་ཞི་བ་དང་རྒྱས་པའོ། །ཉི་མ་གཟས་ཟིན་པའི་དུས་སུ་དབང་དང་མངོན་སྤྱོད་དོ། །ཉི་མ་བྱང་དུ་ལྡོག་པའི་དུས་སུ་

ཞི་བ་དང་རྒྱས་པའོ། །ལྷོ་ཕྱོགས་སུ་ལྡོག་པའི་དུས་སུ་དབང་དང་མངོན་སྤྱོད་དོ། །གཡས་སུ་འཁྱིལ་པ་དང་། གཡོན་དུ་འཁྱིལ་པ་དང་། སྟེང་དུ་འགྲོ་བ་དང་ལྷོ་རུ་འགྲོ་བ་ནི་མེའི་རྟགས་སོ། །ངང་པ་དང་། ཁུ་བྱུག་དང་། ཕུག་རོན་དང་། འུག་པའི་སྐད་ནི་མཚན་མ་རྣམས་སོ། །མཁས་
པ་དང་། ཚོང་པ་དང་། རྒྱལ་སྲས་དང་། ཞར་བའམ། སྒུར་བའམ། འཐེང་བའམ། འཕྱེ་བོའམ། ལྐུགས་པའམ། འོན་པའམ། ལོང་བ་ལ་སོགས་པ་ནི་གློ་བུར་བའི་རྟགས་སོ། །གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕུར་བུ་རྣམས་ནི་ཅོད་པན་ནོ། །མདུང་དང་།
མདའ་དང་། འཁོར་ལོ་དང་། ཨུཏྤ་ལ་དང་། པདྨ་དང་། གཞུ་དང་། ཐོད་པ་དང་། རལ་གྲི་རྣམས་ནི་ཕྱག་མཚན་རྣམས་སོ། །རྟ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། བཙུན་མོ་རིན་པོ་ཆེ་དང་། དམག་དཔོན་
རིན་པོ་ཆེ་དང་། འཁོར་ལོ་རིན་པོ་ཆེ་ནི་ནོར་ཡིན་ནོ། །མངར་གསུམ་དང་། ཞོ་དང་འོ་མ་དང་། ཤ་དང་ཆང་དང་ཚ་བ་གསུམ་ནི་ལྷ་བཤོས་སོ། །དེ་རྣམས་ནི་གཏོར་མའོ། །པདྨས་བསྐོར་བའི་ཕྱག་རྒྱ་དང་། ཨུཏྤ་ལའི་ཕྱག་རྒྱ་དང་། ཆོས་འབྱུང་བའི་ཕྱག་རྒྱ་དང་སྡུད་པའི་ཕྱག་རྒྱ་ནི་ཕྱག་རྒྱའོ། །
ཙནྡན་དང་། ཨ་ག་རུ་དང་། ག་བུར་དང་། ཤ་ཆེན་ནི་སྤོས་སོ། །ཡུངས་ཀར་གྱི་མར་ཁུ་དང་། ཏིལ་མར་དང་། མར་དང་། དྲི་ཞིམ་པའི་ཏིལ་མར་དང་། ཏིལ་མར་ཆེན་པོ་ནི་མར་མེའོ། །པདྨའི་རྩ་བའི་སྣལ་མ་དང་། འོ་མ་ཅན་གྱི་ཤིང་གི་པགས་པ་དང་། རས་དམར་པོ་
དང་ཞག་ནི་སྡོང་བུའོ། །རྒྱལ་མོ་ཁ་ར་དང་། ཁ་ར་དང་། ཆང་དང་། ཁྲག་ནི་བཏུང་བའོ། །མ་ལི་ཀ་དང་། ཛཱ་ཏི་དང་། ཨུཏྤལ་སྔོན་པོ་དང་། ཀ་ར་བཱི་ར་ནི་མེ་ཏོག་གོ། །གཙང་པོ་གཉིས་འདྲེས་པ་དང་། ཤིང་དྲུང་གི་རྩ་བ་དང་། ལྷ་ཁང་དང་། སུམ་མདོ་ནི་གནས་ཀྱི་ཁྱད་
པར་རོ། །རླུང་མེད་པ་དང་། སྤྲིན་མེད་པ་དང་། རླུང་དང་བཅས་པ་དང་། སྤྲིན་དང་བཅས་པ་ནི་ཞག་གོ། །གཙང་པོ་ལ་ཁྲུས་བྱེད་པ་དང་། མཚོ་ལ་ཁྲུས་བྱེད་པ་དང་། ཙནྡན་ལ་སོགས་པས་ཁྲུས་བྱེད་པ་དང་། དྲི་མ་ཅན་མ་བཀྲུས་པས་ནི་ལུས་ཀྱི་ཆ་ལུགས་ཀྱི་ཁྱད་པར་རོ། །

དེ་ནི་བྱེ་བྲག་ཉིས་བརྒྱ་སྟོན་ཏོ། །རྣམ་པ་གཞན་ནི་རིག་པ་འཛིན་པའི་སྡེ་སྣོད་ཀྱི་ལས་རྗེས་སུ་འབྲང་བར་བྱའོ། །དེ་ནི་སྒྲུབ་པའོ།། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་རྣམས་ནི་
སྔར་བཤད་པ་འདྲི་བ་རྣམས་རྩོམ་པ་ནི་ལན་བཏབ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱ་བ་རྫོགས་པའི་ཕྱིར་སྐུ་གསུང་ཐུགས་རྡོ་རྗེ་ནི་རིག་པ་ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ལ་བཞུགས་ཤིང་། མི་བསྲུང་བར་བཞུགས་པར་གྱུར་པ་ནི་རོ་གཅིག་པ་ཉིད་དུ་འགྱུར་
རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འདྲི་བ་ལུས་པ་ཙམ་གྱི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་ལ། འདི་ནི་འོག་ནས་བཤད་པའི་བསྟོད་པའི་རྒྱལ་པོ་ནི་མཆོག་ཏུ་གྱུར་པའི་བསྟོད་པས་བྱམས་པ་ལ་སོགས་པ་
བསྟོད་པར་འགྱུར་རོ། །ཐམས་ཅད་སྐུ་ནི་ཞེས་བྱ་བ་ལ་སོགས་པས། སྐུའི་རིགས་ཐམས་ཅད་ཀྱི་རང་བཞིན་དང་། ཐུགས་ཀྱི་རིགས་ཐམས་ཅད་ཀྱི་རང་བཞིན་དང་། གསུང་གི་རིགས་ཐམས་ཅད་ཀྱི་རང་བཞིན་དང་། ཐམས་ཅད་མཛད་པ་ནི་རིན་ཆེན་དང་། དོན་ཡོད་གྲུབ་པའི་
རང་བཞིན་ཏེ། རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་ནི་ལུས་ངག་ཡིད་ཀྱིས་འདུད་པ་ཉིད་དུ་བསྟན་ཏོ། །ཕྱག་བཙལ་བ་གཉིས་པ་བསྟན་པ་ནི་དད་པའི་ཁྱད་པར་བསྟན་པའི་ཕྱིར་ཏེ། རབ་ཏུ་བྱེད་པ་ལས་ཀྱང་ཇི་སྐད་དུ། ཕྱག་འཚལ་འདུད་ཅེས་བྱ་བ་ལ་
སོགས་པས་དད་པའི་ཁྱད་པར་གྱིས་ཕྱག་བཙལ་བ་དྲུག་ཀྱང་བསྟན་པ་སྟེ། དེ་ནི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་སྐུ་གསུང་ཐུགས་ནི་རྡོ་རྗེའི་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་དང་རོ་གཅིག་པར་གྱུར་པས་རྡོ་
རྗེ་འཆང་ཆེན་པོ་ཉིད་དོ། །དེའི་སྐུ་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་ནི། སྐུ་ལ་སོགས་པའི་རང་བཞིན་ཡིན་པས་ན་སེམས་ཅན་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་དང་མཚུངས་པ་ཉིད་དེ། དེའི་རིགས་དང་ལྡན་པ་ནི་སེམས་ཅན་ཐམས་ཅད་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་

དང་འདྲ་བར་སེམས་ཅན་ཡིན་ན། སྔར་བཤད་པའི་དྲག་པོའི་ལས་ཀྱིས་གལ་ཏེ་གསོད་པར་གྱུར་ན། དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱང་གསོད་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་བསད་པས་ན། སྒྲུབ་པའི་དབང་པོ་རྣལ་འབྱོར་པ་སྟེ། དེ་དག་ལ་ཇི་ལྟར་སྡིག་པས་གོས་པར་
མི་འགྱུར། གལ་ཏེ་གོས་པར་གྱུར་ན་འབྲས་བུ་ནི་རྡོ་རྗེ་འཆང་ཉིད་དེ་ཇི་ལྟར་འགྲུབ་པར་འགྱུར་ཏེ། དེ་ནི་རྫོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཅན། རྡོ་རྗེ་འཆང་ཆེན་པོས་བྱང་
ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ནི་སྐུ་རྡོ་རྗེའི་རང་བཞིན་དང་། མཆོད་པ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་བོད་པའོ། །དེ་ཉིད་ཀྱི་ཕྱིར་ལེགས་བཞི་སྟེ།
ཤིན་ཏུ་ཕུལ་དུ་བྱུང་བའི་གནས་སུ་ཞུགས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་ལེགས་སོ་ཞེས་གསུངས་སོ། །གསང་བ་འདུས་པར་དབང་བསྐུར་བའི་སློབ་དཔོན་རྣལ་འབྱོར་གང་ཡིན་པ་དེ་ནི་སྔར་བཤད་པའི་རིགས་པས་ཐ་མི་དད་པ་ཡིན་པའི་ཕྱིར། །སངས་
རྒྱས་ཀུན་གྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པས་ན། དཔལ་ལྡན་ནོ། །བྱང་ཆུབ་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཏེ། རང་བཞིན་ཡིན་པས་ན། བྱང་ཆུབ་རྡོ་རྗེ་ཅན་ནོ། །དངོས་རྣམས་ཐམས་ཅད་ནི་སྒྱུ་མ་བཞིན་དུ་ཤེས་པ་དང་།
སྤྲོ་བ་དང་བསྡུ་བའི་རིམ་གྱིས་སེམས་ཅན་གྱི་དོན་བྱེད་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པ་དེ་ལ་བསོད་ནམས་དང་སྡིག་པའི་རྣམ་པར་རྟོག་པ་ནི་མེད་དེ། གང་གི་ཕྱིར་འོད་གསལ་བ་ལ་བཞུགས་པའི་བསོད་ནམས་དང་སྡིག་པ་དང་། དེའི་འབྲས་བུ་ནི་བདེ་འགྲོ་དང་
ངན་འགྲོ་མེད་པས་ན། དེའི་ཚེ་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དེ། ཐར་པར་རབ་ཏུ་གསུངས་སོ། །འགྲོ་བ་རྣམས་ཀྱང་ཡང་དག་བཤད། །ལས་རྣམས་འབྲས་བུ་དང་བཅས་པ། །དེ་ཡི་རང་བཞིན་ཡོངས་ཤེས་པས། །མ་སྐྱེས་པ་ཡང་བསྟན་པ་ཡིན། །ཞེས་འབྱུང་ངོ་། །དེ་ནི་རྫོགས་

པའི་རིམ་པའོ། །མགོན་པོ་དེ་ནི་རྡོ་རྗེ་འཆང་དང་འདྲ་བའི་རྣལ་འབྱོར་པ་གང་ཡིན་པ་དེས་ནི། གདུག་པ་ཅན་བླ་མ་ལ་སོགས་སྨོད་པར་བྱེད་པ་ལ། སྔགས་དང་ཕྱག་རྒྱའི་རིམ་པས་མངོན་སྤྱོད་བྱེད་ན། དེའི་ཚེ་སེམས་ཅན་ཐམས་ཅད་རང་གིས་བྱས་པའི་ལས་ཀྱིས། ངན་སོང་
ནི་མནར་མེད་པ་ལ་སོགས་པར་སྐྱེ་བར་མི་འགྱུར་གྱི། འོན་ཀྱང་ཤིན་ཏུ་རྙེད་པར་དཀའ་བ་བསྐལ་པ་བྱེ་བས་འཐོབ་པའི་བྱང་ཆུབ་ནི་རྡོ་རྗེ་འཆང་ཉིད་དེ། རྙེད་མི་དཀའ་བ་ནི་རྙེད་སླའོ་ཞེས་བྱ་བའི་དོན་ཏོ། །སྔར་བྱས་པའི་ལས་ཀྱིས་མི་ཟད་པའི་དམྱལ་བའི་འབྲས་བུ་སྐྱེ་བོ་དེ་དག་གིས་ཉམས་སུ་མྱོང་
བའི་ཕྱིར། གལ་ཏེ་དམྱལ་བར་སྐྱེས་པར་གྱུར་ན། དེའི་རྣལ་འབྱོར་པ་དེས། ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྒྱས་བཏབ་པ་ནི་བྱིན་གྱིས་བརླབས་པར་གྱུར་པ། བྱང་ཆུབ་རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་འགྱུར་རོ། །དེ་བས་ན་དེ་ནི་མཆོག་ཏུ་ཕན་བཏགས་པ་སྟེ། མཆོག་ཏུ་
གྱུར་པའི་བཀའ་དྲིན་སེམས་ཅན་དེ་རྣམས་ཏེ། གདུག་པ་རྣམས་ལ་རྣལ་འབྱོར་པ་དེས་བྱས་པ་ཡིན་ནོ་ཞེས་ཤེས་པར་བྱ་བ་ནི་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྫོགས་པའི་རིམ་པའོ། །ཐབས་བཤད་པར་བྱ་སྟེ། བདག་ཉིད་ཆེན་པོ་ནི་རྣལ་འབྱོར་པ་སྟེ། རྣལ་འབྱོར་པ་དེས་ཕན་འདོགས་
པ་ནི་ཞི་བ་ལ་སོགས་པ་དང་། ཚར་གཅོད་པ་ནི་གསོད་པ་ལ་སོགས་པའི་ལས་བྱེད་ན། དེའི་ཚེ་སྒྲུབ་པ་ཆེན་པོ་བསྐྱེད་པའི་རིམ་པས་ལས་ཀྱི་རྒྱལ་པོ་མཆོག་དང་། རྫོགས་པའི་རིམ་པས་ནི་བདེ་བ་ཆེན་པོ་སྟེ། བྱས་ནས་ནི་སྐྱེད་པར་བྱས་ལ། ལས་རྣམས་ནི་སྔར་བཤད་པ་རྩོམ་པར་བྱེད་ན་དེའི་ཚེ་འགྲུབ་
པར་འགྱུར་རོ། །དེ་ནི་དང་པོ་སྦྱོར་བ་ལ་སོགས་པ་དང་རང་བཞིན་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོའི་ཐུགས་རྡོ་རྗེ་གཙོ་བོར་གྱུར་པའི་ཆོས་ཏེ། གསོད་པའི་ལས་ཀྱང་ཐུགས་རྗེ་ཆེན་པོས་བྱས་པ། ཐོས་ཤིང་མཉན་ནས་དགའ་ཞིང་ནི་ཐོས་པས་སོ། །མགུ་བ་
ནི་བསམ་པས་སོ། །རབ་ཏུ་དགའ་བ་ནི་སྒོམ་པས་དགའ་བར་འགྱུར་ཞིང་། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ལེགས་སོ་ཞེས་གསོལ་ཏོ། །མགོན་པོ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐུབ་པ་ཆེན་པོ་ནི་རྣམ་པར་སྣང་མཛད་དོ། །ཆོས་རྣམས་ཆེན་པོ་ནི་འོད་དཔག་ཏུ་མེད་པའོ། །ཐུགས་རྗེ་ཆེན་

པོ་ནི་མི་བསྐྱོད་པའོ། །དེའི་རང་བཞིན་ཡིན་པའི་ཕྱིར་ལེགས་སོ་ཞེས་བྱ་བ་ནི་བཞིའོ། །དད་པའི་དབང་གིས་ནི་ཚིག་གཉིས་སོ། །ལ་ལ་ན་རེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་ཟེར་རོ། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གོ། །ཨེ་མ་ཧོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཀུན་དུ་བཟང་པོ་ནི་རྡོ་རྗེ་
འཆང་ཆེན་པོའི་ཐུགས་རྗེ་ཆེན་པོ་སྟེ། མཆོག་ནི་ཉན་ཐོས་པ་ལ་སོགས་པ་ལས་ཕུལ་དུ་བྱུང་བ་ལས། དྲི་མ་མེད་ནི་ཐབས་ལ་མཁས་པ་ཉིད་ཀྱིས་བསྡུས་པ། གང་ཞིག་མི་བཟད་པའི་ལས་ཀྱིས་གསོད་པའི་ལས་བྱས་ན་ཡང་། གདུག་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འབྲས་བུ་ཉིད་
སྩོལ་བ་ནི་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བཅོམ་ལྡན་འདས་ལ་ཁོ་བོ་ཅག་ཐེ་ཚོམ་དང་བྲལ་བ་རྙེད་པ་ཡང་བརྙེས་སོ་ཞེས་བྱ་བ་སྟེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་བྱང་ཆུབ་སེམས་དཔའ་རྣམས་ལ་
འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཞེས་བྱ་བ་ནི་བོད་པའོ། །རྡོ་རྗེ་རིགས་ལ་སོགས་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་དཔལ་གསང་བ་འདུས་པའི་རྒྱུད་འདི་ལ་དབང་བསྐུར་བ་གང་ཡིན་པ་ནི་སྔགས་པ་སྟེ། རྣལ་འབྱོར་
པ་དེ་ཟབ་མོའི་ཆོས་ཐོས་ནས། སྒྲ་ཇི་བཞིན་པ་ཙམ་ལ་བརྟེན་ཅིང་འཇིགས་པར་མི་བྱ་སྟེ། སུན་དབྱུང་བར་མི་བྱའོ། །སྐྲག་པར་གྱུར་པར་མི་བྱ་བ་ནི་བསམ་པས་སོ། །ཡང་དག་པར་སྐྲག་པར་མི་བྱ་བ་ནི་བསྒོམ་པས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་ནི་གཏན་ཚིགས་གསུངས་ཏེ་
གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་རྡོ་རྗེ་ལས་བྱུང་བ་ནི། ཞེ་སྡང་ལས་སྐྱེས་པའི་ཁྲོ་བོའི་རྒྱལ་པོའི་རང་བཞིན་གྱི་སྐུ་གང་ཡིན་པ་དེ་རྣམས་ཀྱིས་གསོད་པ་ལ་སོགས་པའི་ཕྲིན་ལས་གང་ཡིན་པ་དེ་ནི་ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས་ཞེས་གསུངས་པའི་ཕྱིར། དེ་དག་ཐམས་
ཅད་བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལས་སྐྱེས་པ་ནི་བྱུང་བའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའི་རིགས་པས། གང་ཡང་རུང་བའི་རིགས་ཀྱི་རྣལ་འབྱོར་གྱིས་ལས་བྱེད་པར་འདོད་ན་དེ་རང་བཞིན་གྱིས་དག་པའི་ཆོས་ཉིད་དང་། སྙིང་རྗེ་ཆེན་པོ་ལ་དམིགས་པར་

བྱེད་ན། དེའི་ཚེ་སྐྱོན་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་སྒྲ་ཇི་བཞིན་པ་ཙམ་བཟུང་ནས་ཆོས་ཉིད་སྤངས་ཏེ། སྔ་མ་དང་ཕྱི་མའི་རྣམ་པར་སྤྱོད་པ་སྤངས་ནས། ཆོས་སྤོང་བར་མི་བྱ་བ་ནི་སྨོད་པར་མི་བྱ་བ་སྟེ། དེ་བཞིན་གཤེགས་པའི་གསུང་ནི་ཟབ་པ་དང་དོན་
དུ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཀྱེ་བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ནི་ཆོས་ཉིད་དེ། བསྡུས་པ་ནི་རྗེས་སུ་དྲན་པ་དང་བསམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་དང་། བདག་ཀྱང་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསམས་ནས་སྟོང་པ་ཉིད་ནི་ཆོས་
ཉིད་ལ་འཇུག་ཅིང་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་ལས་ཐམས་ཅད་བྱའོ་ཞེས་བྱ་བ་ནི་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐེ་ཚོམ་བྲལ་བར་གྱུར་ཅིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འོག་
ནས་བཤད་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་པ་ནི་འདུད་དོ། །དེ་ཉིད་བཤད་པར་བྱ་སྟེ། སྟོན་པ་དང་བསྟན་པ་དང་བསྟན་པར་བྱ་བའི་བྱེ་བྲག་གིས་བསྟོད་པ་ནི་རྣམ་པ་གསུམ་སྟེ། དེ་ལ་སྟོན་པ་ནི་རྡོ་རྗེ་འཆང་ངོ་། །དེའི་འཁོར་དང་བཅས་པ་དེ་ཉིད་ལ་བསྟོད་པ་བཤད་པར་བྱ་སྟེ། གང་
ཞིག་དུས་གསུམ་རྡོ་རྗེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རང་བཞིན་ནི་རང་བཞིན་ཅན་ནོ། །ཐུགས་ནི་སྤྲོ་བའི་བདག་ཉིད་དོ། །སྲིད་དང་ཐར་གྱུར་པ་ནི་ཐར་པ་སྟེར་བ་དེ་དག་ལ་མི་གནས་པའོ། །ཞི་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དང་། སྒྲིབ་པ་མེད་པ་ནི་མཚན་མ་མེད་པའི་རང་བཞིན་དང་།
དག་པ་ནི་སྨོན་པ་མེད་པའི་རང་བཞིན་དང་། ནམ་མཁའི་ངོ་བོ་ནི་མངོན་པར་འདུས་མ་བྱས་པའི་རང་བཞིན་ནོ། །སངས་རྒྱས་རྣམས་ཀྱི་ལྷག་པའི་བྱང་ཆུབ་ནི་ཡེ་ཤེས་ལྔ་སྟེ། དབང་ཕྱུག་དམ་པ་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ།
དེ་ལྟ་བུ་ཁྱེད་ལ་ལུས་དང་ངག་དང་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་རྣམ་པར་དག་པའི་མཚན་ཉིད་ཅན་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དང་། སྐྱེ་མཆེད་དྲུག་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའི་བདག་ཉིད་དང་། ཡུལ་རྣམ་

པར་དག་པའི་བདག་ཉིད་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་། ས་ལ་སོགས་པའི་ཁམས་རྣམ་པར་དག་པའི་བདག་ཉིད་དེ། སྤྱན་དང་མཱ་མ་ཀཱི་དང་ན་བཟའ་དཀར་མོ་དང་། སྒྲོལ་མ་དང་། མཱ་མ་ཀཱི་ཆེན་མོའི་རང་བཞིན་ཏོ། །བྱང་ཆུབ་ཀྱི་སེམས་ནི་དོན་དམ་པ་དང་དེ་དང་འདྲ་བ་ནི་ཀུན་
རྫོབ་སྟེ། དེའི་བདག་ཉིད་ཁྱེད་ལ་ལུས་ལ་སོགས་པ་རྣམས་ཀྱིས་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་གཏི་མུག་ལ་སོགས་པ་ནི་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་དང་། ཕུང་པོ་ལ་སོགས་པའི་བདུད་དང་། ལོག་པར་ལྟ་བ་ལ་སོགས་པ་སྟེ། དེའི་རྣམ་པར་དག་པའི་ངོ་བོ་འཕགས་པ་
གཤིན་རྗེ་མཐར་བྱེད་ལ་སོགས་པ་སྒོ་སྲུང་བཞིའི་རང་བཞིན་དང་། རིག་པ་ནི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་ཁྲོ་བོའི་ལྷ་མོ་སྟེ། དེ་དང་ལྷན་ཅིག་ཏུ་སྦྱོར་བ་ནི་སྙོམས་པར་འཇུག་པས་འབྱུང་བ་ནི་སྐྱེད་པར་འགྱུར་བ། རྟག་ཏུ་རབ་ཏུ་འབྲེལ་པ་ནི་དུས་ཐམས་ཅད་དུ་སྟེ། རྣམ་པ་སྣ་ཚོགས་པ་ནི་བྱེད་པ་དང་
ཡན་ལག་གི་བྱ་བ་ལ་སོགས་པ་གང་ཡིན་པ་དེ་གཙོ་བོར་གྱུར་པའི་དགའ་བ་ནི་རབ་ཏུ་དགའ་བ་སྟེ། དེས་མྱོས་པའི་དངོས་པོ་ནི་དགའ་བ་ལ་སོགས་པའོ། །དེར་གྱུར་པ་ནི་ཐོབ་པ་སྟེ་ཁྲོ་བོའི་རྒྱལ་པོ་རྣམས་སོ། །དེ་ལྟར་རྣམ་པར་དཔྱད་ན་བྱང་ཆུབ་སེམས་དང་འདྲ་བ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་དེ་
ལ་ཕྱག་འཚལ་ལོ། །སྤྲོས་པ་ལ་སོགས་པ་ནི་སྔར་བཤད་པ་སེམས་འབྱུང་བའི་རྒྱུར་གྱུར་པ། དེའི་རང་བཞིན་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་གཙུག་ཏོར་དྲུག་གོ། །དེ་བཞིན་དུ་རྨོངས་པ་ནི་གཏི་མུག་གོ། །ཞེ་སྡང་ནི་སྡང་བའོ། །འདོད་ཆགས་ནི་ཆགས་པ་སྟེ། དེ་དག་ནི་ཁམས་གསུམ་པ་ཡིན་ཏེ་དེ་ཉིད་
སྒྲིབ་པའོ། །རྡོ་རྗེ་ནི་སྙིང་རྗེ་དང་ཤེས་རབ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁམས་གསུམ་གྱི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དང་འདྲ་བ་ནི་སྔ་མ་བཞིན་ཏེ། ཕྱག་འཚལ་ལོ་ཞེས་བྱ་བ་དང་སྦྱོར་རོ། །བསྟན་པ་ལ་བསྟོད་པ་བཤད་པར་བྱ་སྟེ། གང་
ཞིག་ཅེས་བྱ་བ་ལ་སོགས་པ་ལ། ཐོག་མེད་དངོས་མེད་ནི་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་ཐབས་སུ་གྱུར་པ་ཤེས་རབ་དང་ཐབས་ལས་བྱུང་བ་ནི་སྟོང་པ་དང་སྙིང་རྗེའི་བདག་ཉིད་ཅན། སྤྲོས་པ་དང་རྣམ་པར་བྲལ་བ་ནི་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་

མཚན་ཉིད་དོ། །དེ་བཞིན་དུ་གསང་བའི་དབང་བསྐུར་བའི་མཚན་ཉིད་དང་། བརྟུལ་ཞུགས་ནི་རིགས་པའི་བརྟུལ་ཞུགས་དང་། དམ་ཚིག་སྦྱོར་བ་ནི་དམ་ཚིག་སྒོམ་པ་ལ་སོགས་པ་ལ། སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་རྡོ་རྗེ་དང་འདྲ་བ་ནི་རྡོ་རྗེ་
འཆང་ཆེན་པོ་དང་འདྲ་བ་དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་རྙེད་པ་ལ་སོགས་པ་ཡན་ལག་བཞི་གཙོ་བོར་གྱུར་པ། དངོས་གྲུབ་ཐབས་ཀྱི་མཆོག་ནི་བསྒྲུབ་བྱ། སྒྲུབ་པའི་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་རྫོགས་པའི་རིམ་པ་གཙོ་བོར་གྱུར་པ་སྒོམ་པར་བྱེད་པ་དེ་དག་རྡོ་རྗེ་འཆང་
ཆེན་པོ་དང་འདྲ་བར་བལྟས་ནས། དེ་ལ་རྟག་ཏུ་ཕྱག་འཚལ་བར་བྱའོ། །དེ་བཞིན་དུ་བསྙེན་པ་ལ་སོགས་པ་ཡན་ལག་དེ་ཉིད་རྡོ་རྗེ་བཞིའི་རིམ་གྱིས་སྒྲུབ་པར་བྱེད་པ་དང་། དམན་པའི་དངོས་གྲུབ་ནི་རྟོགས་པའི་ལྷའི་སྒྲུབ་པར་བྱེད་པ་སངས་རྒྱས་དང་། བླ་མའི་དྲིན་གྱིས་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས་སྒྲུབ་པར་བྱེད་པ་ནི་སྔ་མ་བཞིན་ནོ། །བསྟན་པར་བྱ་བ་ལ་བསྟོད་པར་བཤད་པར་བྱ་སྟེ། རྒྱུད་འདི་བཤད་པར་གྱུར་པའི་ཚེ་ཉན་པ་ནི་དོན་དང་བྲལ་བ་སྒྲ་ཙམ་ཐོས་པ་དང་། འདོན་པ་ནི་རྒྱུན་མ་ཆད་པར་ཁ་ཏོན་
བྱེད་པ་དང་། ཀློག་པ་ནི་རེས་འགའ་འདོན་པ་དང་། སེམས་པ་ནི་ཐོས་ནས་བསམ་པར་བྱེད་པ་དང་། ཡང་ན་གླེགས་བམ་ལ་དད་པས་མཆོད་པར་བྱེད་པ་དང་། རང་འདྲི་བའམ་གཞན་འདྲིར་འཇུག་པའམ། དེ་དག་ལ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གང་ཞིག་སྒྲུབ་པ་པོ་རྒྱུད་འདི་ཉིད་ཀྱི་ཞི་
བ་ལ་སོགས་པའི་ལས་ཀྱི་ཚོགས་དང་། སྔགས་དང་འཁྲུལ་འཁོར་དང་ཕྱག་རྒྱ་སྒྲུབ་པར་བྱེད་པ་དེ་ལ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །དེ་བཞིན་དུ་གང་ཞིག་མཐོང་བ་ནི་གླེགས་བམ་ཙམ་མཐོང་བ་དང་། རེག་པ་ནི་ལག་པས་རེག་པ་དང་། གྲོང་དང་དགོན་པ་ལ་སོགས་པར་ཡང་གླེགས་བམ་དྲན་
པའམ། དེའི་དོན་དྲན་པའམ། མིང་ནི་འདུས་པ་ཞེས་བྱ་བ་ཐོབ་པའམ། ཙམ་ནི་ཕྱོགས་གཅིག་གི་མིང་སྟེ་གསང་བའམ། འདུས་པ་ཞེས་ཐོས་པའམ། བྲིས་པ་དང་། འདྲི་བར་བྱེད་དུ་བཅུག་པ་དང་། ཉན་པ་དང་། ཀློག་པ་དང་། སེམས་པ་དང་། སྒོམ་པ་ལ་སོགས་པ་གང་ཡིན་པ།

དད་པར་བྱེད་པ་ནི་སེམས་དད་པར་བྱེད་པ་དང་། དེ་བཞིན་དུ་སྔར་མ་ལུས་པ་དྲན་པར་བཤད་ཅིང་ཕྱོགས་གཅིག་དྲན་པར་ཡང་བཤད་པར་བྱ་སྟེ། ཕྱོགས་གཅིག་དྲན་པ་ནི་ཡི་གེ་ཕྱོགས་གཅིག་དྲན་པ་དང་། དོན་གྱི་ཕྱོགས་གཅིག་དྲན་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་
པོ་དང་འདྲ་བས། དེ་ལ་རྟག་ཕྱག་འཚལ་བ་ནི་ཕྱག་བཙལ་བ་དང་བཏུད་དེ་ཞེས་བྱ་བའི་དོན་ཏོ། །བསྟོད་པའི་ཚིགས་སུ་བཅད་པའི་འོག་ཏུ། རྗེས་སུ་ཡི་རང་བ་བཤད་པར་བྱ་སྟེ། བསྟོད་པའི་ཚིག་འདི་ནི་སྔར་བཤད་པའི་བསྟོད་པའི་ཚིག་གིས་བསྟོད་ཅིང་བཤད་ནས། འདྲེན་པ་ཀུན་
ནི་དཀྱིལ་འཁོར་པ་དང་བཅས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སྟེ། དེའི་དོན་ནི་བསྟན་པའི་རྣམ་པ་དང་། སྒྲུབ་པ་པོ་དང་བསྟན་པར་བྱ་བ་ལ་བསྟོད་ཅིང་། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་རྒྱུད་ནི་རྒྱུན་ཏེ་རྒྱུ་དང་ཐབས་དང་འབྲས་བུའི་དབྱེ་བས་རྣམ་པ་གསུམ་མོ། །རྒྱུད་ཀུན་ནི་
བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དེ་རྣམས་ཀྱི་དངོས་གྲུབ་དང་ཏིང་ངེ་འཛིན་གཙོ་བོ་ཡིན་པས་ན་བདག་པོའོ། །བདེ་བའི་ཐབས་ཡིན་པའི་ཕྱིར་མཆོག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པའི་རྒྱུ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་དོ། །
གསང་བ་ནི་བྱ་བའི་རྒྱུད་ལ་སོགས་པར་ཞུགས་པ་ལ་བསྟན་པར་མི་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་བྱེད་པས་ན་འདུས་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུ་ཡིན་པས་ན་འབྱུང་བའོ། །ལེགས་པར་མཉན་པས་ན་ལེགས་པར་
གསུངས་པ་ཡིན་ཏེ། ལེགས་པར་བཀའ་སྩལ་པའོ། །འདི་ནི་དཔལ་གསང་བ་འདུས་པའི་རྒྱུད་དོ། །རྗེས་ཡི་རང་ནི་མངོན་པར་དགའ་ཞིང་ཉེ་བར་བསྡུ་བའོ། །དེ་ནི་ལས་ཀྱི་རྒྱལ་པོ་མཆོག་གོ། །འདི་སྐད་གསུངས་ནས་ཞེས་བྱ་བ་ནི། བསྟོད་པའི་ཚིག་བརྗོད་ནས་སོ། །དེ་བཞིན་གཤེགས་པ་དང་
བྱང་ཆུབ་སེམས་དཔའ་ནི་མི་བསྐྱོད་པ་ལ་སོགས་པ་དང་བྱམས་པ་ལ་སོགས་པའོ། །ཉིད་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་པ། སྐུ་ལ་སོགས་པ་ལ་རང་གི་སྐུ་ལ་སོགས་པ་ཞུགས་ཤིང་གཅིག་ཏུ་གྱུར་ཏེ། གཉིས་སུ་མེད་པའི་ཏིང་ངེ་འཛིན་མི་གསུང་བར་གྱུར་པ་ནི་བདེ་བ་ཆེན་པོ་ལ་དམིགས་

ཏེ་གནས་པར་གྱུར་ཏོ་ཞེས་རྫོགས་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་སྐུ་གསུང་ཐུགས་ནི་སྔགས་སམ་གཟུགས་ཏེ། དེ་རྣམས་ཀྱི་གསང་བ་ནི་སྦ་བར་བྱ་བ། དཔལ་གསང་བ་འདུས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་
ལྡན་པ་རྒྱུད་ཀྱི་རྒྱལ་པོའི་གསང་བ་ཐམས་ཅད་དེ། འདྲི་བའི་ཚིག་དང་། དེ་རྣམས་ཀྱི་སྟོན་པ་ནི་ལམ་གྱི་ཚིག་སྟེ་དེ་དག་བྱིན་གྱིས་རློབ་པ་རྗོད་པར་བྱེད་པ་གང་ཡིན་པ་དེ་ནི་གསང་བ་ཐམས་ཅད་སྟོན་པ་རྡོ་རྗེ་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ཞེས་བྱའོ། །ལེའུ་ཞེས་བྱ་བ་ལ། ཇི་ལྟར་གོས་ཀྱིས་ཆུ་སྦྲང་ལ་སོགས་
པ་ལས་སྲུང་བ་དེ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་སེལ་བར་བྱེད་པས་ན་གོས་དང་འདྲ་བ་སྟེ་དེ་འཛིན་ཅིང་ལེན་པར་བྱེད་པས་ན་པ་ཏ་ལ་སྟེ། དེ་རྗོད་པར་བྱེད་པའི་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱའོ། །ཚིག་གི་དོན་བཅུ་དྲུག་གོ། །རྒྱུད་ཀྱི་འགྲེལ་པ་ལས་ལེའུ་བཅོ་བརྒྱད་པའི་ཚིག་གི་དོན་རྒྱ་ཆེར་
བཤད་པའོ། །དེ་ལྟར་གསང་བ་འདུས་པ་ཡི། །བྱང་ཆུབ་སེམས་ནི་རབ་གསལ་བྱེད། །བླ་མའི་ཞལ་ནས་རྙེད་ནས་ནི། །རྒྱུད་འགྲེལ་བདག་གིས་འདི་ཉིད་བྱས། །ཚིག་གསལ་མདོ་རྒྱུ་སྤུན་ལས་བྱུང་། །ཐབས་དང་ཤེས་རབ་མེ་འབར་བ། །ཀླུ་སྒྲུབ་སྙིང་པོ་བདག་གིས་ནི། །མདོར་ན་འགྲེལ་པ་སྡོམ་དུ་
བསྡུས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་། །གསང་བ་འདུས་པའི་རྒྱུད་རྒྱལ་དང་། །བླ་མ་ལ་ནི་དད་ཆེ་བས། །གང་ཞིག་འགྲོ་ལ་ཕན་འདོགས་པའོ། །དཔལ་ལྡན་རྒྱལ་པོ་དེ་གཞོན་ནུ། །དུས་སུ་ལོ་ནི་བཅོ་བརྒྱད་ལ། །འཕགས་པ་ལྷ་ཡིས་བྱས་པའི་དཔལ་ལྡན་གནས་ནི་ཤར་ཕྱོགས་སུ། །དགེ་སློང་
རྣམས་ཀྱི་གཙུག་ལག་ཁང་གི་ཕྱོགས་གཞན་གྱིས་གསལ་བར་བཏབ་པས། །རྡོ་རྗེ་སེམས་དཔའི་དྲིན་གྱིས་བདག་གིས་རྒྱུད་འགྲེལ་འདི་ནི་རྣམ་པར་བརྩམས། །དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི། །འགྲེལ་པ་སྒྲོན་མ་རྣམ་རྒྱས་དང་། །ཉོན་མོངས་ཤེས་བྱའི་སྒྲིབ་པ་མུན། །དེ་ཉིད་ཀྱིས་ནི་འཇོམས་པར་ཤོག །
དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་རྡོ་རྗེ་ཐེག་པ་ཆེན་པོ་པ། དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་གཞོན་ནུ་བུམ་པའི་ཞལ་སྔ་ནས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།