Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 29
Văn bản gốc(Tây Tạng)
Trang 19 / 21 (50.000 ký tự/trang)
་ཏེ། དེ་ཐུགས་གང་ལ་ཡོད་པ་དེ་རྡོ་རྗེ་ཐུགས་སོ། །གནས་ནི་སའི་ཁམས་ཏེ་དེའི་དབང་ཕྱུག་ནི་དེ་རྣམ་པར་དག་པའི་རང་བཞིན་ནོ། །དེ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱི་དབང་ཕྱུག་ཀྱང་ཡིན་ཏེ་ཞི་བར་མཛད་པའི་ཕྱིར་རོ། །བདག་ནི་ལྷ་མོ་སྤྱན་ལ་སྐྱབས་སུ་གསོལ་བ་ནི་སྲུང་བར་མཛོད་ཅིག་པའོ། །གང་ གིས་ཤེ་ན། དགའ་བ་ནི་སེམས་ཅན་གྱི་ཁམས་ལ་བརྟེན་ཏེ་བྱམས་པས་བསྡུས་པ་སྟེ། སྒྱུར་བ་དེ་ཉིད་ཀྱིས་གང་ཞིག་དོན་ཆེན་ནི་བྱང་ཆུབ་ཐོབ་པར་བྱེད་པ་དང་། ཡིད་འོང་ནི་བདེ་བ་སྟེར་བ་སྟེ། འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱོད་པ་སྟེ་སེམས་ཅན་གྱི་ཁམས་ལ་གསོལ་བའི་དེ་ རྣམས་ཀྱིས་སོ། །དེ་བཞིན་དུ་བདག་ལ་དགྱེས་པར་མཛད་དུ་གསོལ་བ་ནི་བདག་བྱམས་པ་རྫོགས་པར་མཛོད་ཅིག་པའོ། །སེམས་ཅན་ཡབ་ནི་སྐྱེད་པར་མཛད་པའོ། །ཆེན་པོ་བྱང་ཆུབ་ཐོབ་པར་མཛད་པའི་ཕྱིར་སེམས་ཅན་དེ་ཉིད་ཀྱི་གཉེན་མཆོག་ནི་ཕན་མཛད་པའོ། །གལ་ཏེ་བདག་གསོན་ པར་བཞེད་ན་དེའི་ཚེ་མགོན་པོ་ནི་བདག་པོ་ཀྱེ་བཞེངས་སུ་གསོལ་ཞེས་ཚིག་གི་ལྷག་མའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་མཱ་མ་ཀཱིས་བསྐུལ་བ་སྟེ། རྡོ་རྗེ་ནི་སེམས་ཅན་གྱི་ཁམས་ཏེ། དེའི་འདོད་པ་དགའ་བ་ནི་སྙིང་རྗེ་སྟེ། དེ་ཉིད་འགྲོ་བ་མཉེས་པར་བྱ་བའི་ཕྱིར་མཆོད་པ་སྟེ། དེ་གཙོ་བོར་གྱུར་ པའི་མཆོག་གི་ཡི་གེའི་ཚིག་ནི་བསྟོད་པའི་ཚིག་གིས་བསྐུལ་བའོ། །རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རྡོ་རྗེ་སྐུ་ཐོབ་པས་རྡོ་རྗེའི་སྐུའོ། །སེམས་ཅན་ཀུན་ནི་ཁམས་གསུམ་པ་སྟེ། དེ་ལ་ཐུགས་རྗེས་ཡང་དག་པར་སྡུད་པར་མཛད་པའི་ཕྱིར། སེམས་ ཅན་ཀུན་ལ་ཕན་ནོ། །བཀའི་འཁོར་ལོས་འགྲོ་བའི་བསམ་པ་རྫོགས་པར་མཛད་པའི་ཕྱིར་བཀའ་འཁོར་ལོའོ། །སངས་རྒྱས་དོན་དུ་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དེ། དེས་དོན་དམ་ནི་དེ་ཁོ་ན་ཉིད་དང་ཕན་པ་ནི་བདེ་བ་རྗེས་སུ་སྟོན་པ་ནི་སེམས་ཅན་རྣམས་ལ་གང་གིས་རབ་ཏུ་སྟོན་པར་ མཛད་པ་དེ་ནི་དེ་བཞིན་ནོ། །འདོད་ཆགས་ནི་ཕྱི་རོལ་གྱི་དགའ་བའམ་སྙིང་རྗེས་དམ་ཚིག་ཆགས་པ་ནི་འདོད་ཆགས་རྣམ་པར་དག་པའམ། འདོད་ཆགས་ཀྱི་རང་བཞིན་འགྲོ་བ་ཡང་དག་པར་སྡུད་པར་མཛད་པ་བདག་ལ་དགྱེས་པར་མཛད་དུ་གསོལ་བ་ནི་རོལ་པའམ་བསྣམས་པར་མཛོད་ཅིག་ པའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དབང་ཕྱུག་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཅན་ནི་གོས་དཀར་མོ་སྟེ། དེས་འདོད་པ་ལ་ཉེ་བར་ལོངས་སྤྱོད་པའི་དམ་ཚིག་ཕུལ་དུ་བྱུང་བའི་སྙོམས་པར་ ཞུགས་པའི་གཙོ་བོར་གྱུར་པའི་ཚིག་གིས་བསྟོད་པ་ནི་བསྐུལ་བའོ། །ཁྱོད་ནི་རྡོ་རྗེ་གསུང་ཞེས་བྱ་བ་ལ་སོགས་པ་ལ་ཡན་ལག་དགུག་པའི་ཆོས་སྟོན་པའི་ཕྱིར་རྡོ་རྗེ་གསུང་ངོ་། །ཀུན་ནི་འགྲོ་བ་ཀུན་ལ་དགའ་བས་ཕན་ཞིང་ཐུགས་བརྩེ་བའོ། །དེ་བཞིན་དུ་འདོད་ཆགས་ཡེ་ཤེས་ཀྱིས་འདོད་ཆགས་ ཉོན་མོངས་པ་རྣམ་པར་སྦྱང་བས་རྟག་ཏུ་ནི་དུས་གསུམ་དུ་འཇིག་རྟེན་དག་གི་དགོངས་པའི་དོན་ནི་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱང་བ་སྟེ། དེ་ལ་བརྩོན་པའོ། །བདག་ལ་དགྱེས་པར་མཛད་དུ་གསོལ་ཞེས་པ་ནི་དགོངས་ཤིང་སྙོམས་པར་ཞུགས་པར་མཛོད་ཅིག་པའོ། ། རབ་དགའི་སྤྱོད་པ་ནི་འདོད་ཆགས་ཀྱི་སྤྱོད་པ་སྟེ། དེ་ཉིད་ཀྱིས་ཀུན་དུ་བཟང་པོ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་མཛོད་ཅིག་པའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་དམ་ཚིག་རྡོ་རྗེ་དོན་ ཡོད་གྲུབ་པ་སྟེ། དེ་ཉིད་ཀྱི་བཙུན་མོ་ནི་བཏང་སྙོམས་ཀྱི་རང་བཞིན་གྱི་ལྷ་མོ་སྒྲོལ་མ་སྟེ། དེས་ཡིད་བདེ་བའི་དགའ་བའི་ཐུགས་དང་གསུང་དང་སྐུ་དགྱེས་པར་བྱེད་པའི་ཚིག་གམ། བདེ་བ་དང་ཡིད་དགའ་བའི་དགའ་བ་ནི་བཏང་སྙོམས་ཀྱིས་སྟོང་པ་ནི་བསྐུལ་བའོ། །ཁྱོད་ནི་རྡོ་རྗེའི་འདོད་ པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ཉིད་འདོད་པ་ནི་བཏང་སྙོམས་ཀྱི་ཚངས་པའི་གནས་ཀྱིས་མངོན་དུ་མཛད་པས་ན་རྡོ་རྗེ་འདོད་པའོ། །དམ་ཚིག་ནི་ལས་ཐམས་ཅད་དེ་དེ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པའི་ཕྱིར་རོ། །ཆེ་བ་ནི་སེམས་ ཅན་གྱི་ཁམས་ཏེ་དེའི་ཕྲག་དོག་རྣམ་པར་སྦྱང་བའི་ཕྱིར་དོན་ཆེ་བའོ། །བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ལ་མཆོག་ནི་མཛེས་པར་གྱུར་པའོ། །མཉམ་པ་ཉིད་ནི་བདེ་བ་དང་སྡུག་བསྔལ་གཉི་ག་དང་ བྲལ་བའི་ཐུགས་ཏེ་བཏང་སྙོམས་སོ། །དེས་ཐུགས་བརྩེ་བ་ནི་འགྲོ་བ་ལ་གཟིགས་པར་མཛད་པས་ན་མཉམ་པ་ཉིད་ཐུགས་བརྩེ་བའོ། །བདག་ལ་དགྱེས་མཛོད་པ་ནི་རོལ་པར་མཛོད་ཅིག་པའོ། །ཇི་ལྟ་བུ་ཞེ་ན། ཡོན་ཏན་གཏེར་ནི་བདེ་བ་ཆེན་པོའི་རང་བཞིན་དང་རིན་ཆེན་མང་པོ་ནི་སྨིན་ པ་དང་གྲོལ་བ་ལ་སོགས་པའི་བྱ་བ་རྣམས་ཏེ། དེ་དག་གི་རྒྱུར་གྱུར་པ་སྟེ། བདག་ལ་བརྟེན་ནས་འགྲོ་བའི་དོན་རྫོགས་པར་འགྱུར་རོ་ཞེས་དགོངས་པའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ། དཀྱིལ་འཁོར་རྒྱལ་བ་མཆོག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔོན་ གྱི་སྨོན་ལམ་གྱི་དབང་གིས་བྱམས་པ་ལ་སོགས་པའི་ཚངས་པའི་གནས་བཞི་ལ་དབང་དུ་གྱུར་པས་དེའི་རང་བཞིན་གྱི་ལྷ་མོ་བཞིས་བསྐུལ་བ་བཅོམ་ལྡན་འདས་ཀྱིས་རྨི་ལམ་བཞིན་དུ་གསན་ཏེ། འོད་གསལ་བའི་ཏིང་ངེ་འཛིན་ལ་ཅིག་ཅར་དུ་བཞེངས་ནས། འདོད་ཆགས་ཐམས་ཅད་ནི་ཨ་ ལིངྒ་ན་ལ་སོགས་པ་སྟེ། དེ་རྣམས་ཉེ་བར་ལོངས་སྤྱོད་པ་ནི་ཉམས་སུ་མྱོང་བ་སྟེ། དེ་ཉིད་རྡོ་རྗེ་ནི་མི་འཇིགས་པ་བདེ་བ་ཆེན་པོ་ཐོབ་པར་བྱེད་པ་སྟེ། དེས་དཔལ་ནི་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བཙུན་མོ་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་ལ་དམ་ཚིག་གི་འཁོར་ལོ་ནི་ཨ་ལིངྒ་ན་ལ་སོགས་པའི་ཚོགས་ཀྱིས་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་རིམ་པས་བཞི་པའི་དེ་ཁོ་ན་ཉིད་ཉེ་བར་མཚོན་ཅིང་ནོར་བུའི་ནང་དུ་འགྲོ་བ་དེ་ཉིད་བརྟན་པར་མཛད་ ནས་དེ་ཉིད་རོ་གཅིག་པར་མཛད་ལ། འདོད་པ་སྤྱོད་པ་ནི་ཉམས་སུ་མྱོང་ཞིང་ཅང་མི་གསུང་བར་གྱུར་པ་ནི་དེ་ལ་རྩོལ་བ་མི་ལྡན་པར་གྱུར་པ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་བཅོམ་ལྡན་འདས་ བཞུགས་པས་ནམ་མཁའི་དབྱིངས་ཐམས་ཅད་ནི་ཇི་སྲིད་ཁམས་གསུམ་པའི་སྣོད་ཀྱི་འཇིག་རྟེན་ཏེ། དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་མཐུས་ཨ་ལིངྒ་ན་ལ་སོགས་པ་ལ་འབྱུང་བའི་དགའ་བ་ལས་སྐྱེས་པ་ལྷ་མོའི་བདེ་བའི་སྒྲ་དང་དེའི་དགའ་བའི་རང་བཞིན་གྱི་ཐུགས་རྩེ་གཅིག་པར་གྱུར་པས་རྡོ་ རྗེ་འཆང་བཞིན་དུ་སྣང་བ་དཀར་བ་དམ་ཚིག་གི་ཁུ་བས་ཆུས་བུམ་པ་བཞིན་དུ་ཡོངས་སུ་གང་བར་འགྱུར་རོ། །ནམ་མཁའི་དབྱིངས་ལ་གནས་པའི་གང་ཞིག་སེམས་ཅན་རྣམས་དེ་ཡང་དེ་ལྟ་བུའི་རྡོ་རྗེ་འཆང་གི་རྡོ་རྗེ་དཔལ་གྱིས་རེག་པ་ཙམ་གྱིས་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་རོ། །དེ་གཅིག་པུ་ མ་ཡིན་གྱི་དེ་ནས་བརྩམས་ཏེ་ཀུན་དུ་བཟང་པོའི་གོ་འཕང་ཐོབ་པར་གྱུར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ཐོབ་པར་འགྱུར་རོ། །འདིར་ནི་དགོངས་པ་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་འགྲོ་བ་དང་དེ་བཞིན་དུ་དབྱེར་མེད་ པར་གྱུར་ཏེ་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཆེན་པོའི་ཉམས་སུ་མྱོང་བའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་དང་འདྲ་བའི་ཏིང་ངེ་འཛིན་སྟོན་པར་མཛད་པ་ཡིན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་བོད་པའོ། །ཁྱེད་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པ་དང་ཁམས་གསུམ་པའི་མཉམ་པ་ཉིད་ནི་བདེ་བ་ཆེན་པོའི་སྐུ་ཁོ་བོས་རོ་གཅིག་ཏུ་མཐོང་བ་ནི་ཉམས་སུ་མྱོང་བ་ཡིན་ནམ། གང་ཞིག་ང་ཡིས་རབ་དུ་སྟོན་པ་ཡིན་ནོ་ཞེས་དགོངས་ པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དང་བདེ་བར་ གཤེགས་པ་ཞེས་པ་ནི་བཀའ་དྲིན་ལ་ཚིག་གཉིས་ཏེ་མཐོང་ལགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཁྱོད་དེ། དེའི་རྡོ་རྗེ་ཡེ་ཤེས་ནི་འོད་གསལ་བ་དེའི་སྤྱོད་པ་ནི་ཤིན་ཏུ་སྤོས་པ་མེད་པའི་སྤྱོད་པ་སྟེ། གཞན་སྨྲ་བ་ཅང་མེད་པ་སྟེ་བདག་ཅག་རྣམས་ཐེ་ཚོམ་དང་བྲལ་བའོ་ ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་མི་བསྐྱོད་པ་ལ་སོགས་པ་ཆོས་འབྱུང་ལ་ཞུགས་པ་དེ་རྣམས་ཉིད་བཅོམ་ལྡན་འདས་ཀྱིས་སྤྲོས་ཏེ། དེའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་ངོ་བོ་སྟོན་པ་ཡིན་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་ཡིན་ཏེ། བཙུན་མོའི་བྷ་ག་ནི་ བཅོམ་ལྡན་འདས་མ་རེག་བྱ་རྡོ་རྗེ་མའི་བྷ་ག་ལས་བྱུང་ཞིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ་ངོ་མཚར་བ་ནི་འབྲས་བུ་ལའོ། །འདོད་ཆགས་ཀྱི་ཡི་གེའི་ཚིག་ནི་འདོད་ཆགས་ཀྱི་ཆོས་སྤྱོད་པ་རྣམས་ཀྱིས་ཀྱང་གང་ཞིག་བྱང་ཆུབ་ནི་རྡོ་རྗེ་ འཆང་ཉིད་ཐོབ་པར་གྱུར་པ་དེ་ནི་ངོ་མཚར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་གིས་འདོད་ཆགས་ཀྱི་ཚུལ་གྱི་ཏིང་ངེ་འཛིན་གྱི་རྣམ་པར་དག་པ་གསུངས་པའི་ཕྱིར་དེ་ཉིད་ཐེ་ཚོམ་མེད་པའི་ཕྱིར་བཤད་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་ བྱ་བ་ནི་བོད་པའོ། །མ་ནི་དགག་པ་ལའོ། །འདོད་ཆགས་ཀྱི་སྤྱོད་པས་བྱང་ཆུབ་རྗེས་སུ་རྟོགས་པ་ཡིན་ནོ་ཞེས་དེ་སྐད་མ་ཟེར་ཅིག །འདོད་ཆགས་སྤྱོད་པ་ནི་ཇི་ལྟ་བུ་ཞེ་ན། ཕུང་པོ་ལ་སོགས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཆོས་འདི་རྣམས་ནི་ནམ་མཁའི་ རྡོ་རྗེའི་དམ་ཚིག་དང་མཚུངས་པ་ནི་ནམ་མཁའ་དང་འདྲ་བ་སྟེ། ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་རྣམས་ཉན་ཐོས་པ་ལ་སོགས་པས་མངོན་དུ་བྱེད་པར་མི་ནུས་ཏེ། འདི་ལྟ་བུའི་སྤྱོད་པས་དེ་རྣམས་སྐད་ཅིག་མས་རྟོགས་པར་འགྱུར་ཏེ། གཟུགས་ཀྱི་ཕུང་པོ་ཆོས་མ་ཡིན་ཞེས་ བྱ་བ་ལ་སོགས་པས་ཕུང་པོ་ལྔ་རང་བཞིན་མེད་པ་དང་། ཁམས་མ་ཡིན་ཞེས་བྱ་བས་ཁམས་བཅོ་བརྒྱད་ཀྱི་རང་བཞིན་མེད་པ་དང་། སྐྱེ་མཆེད་མ་ཡིན་ཞེས་བྱ་བས་དབང་པོ་དང་ཡུལ་རྣམས་རང་བཞིན་མེད་པ་དང་། འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་ པ་རྣམས་རང་བཞིན་མེད་པ་དང་། ཆོས་མ་ཡིན་ཆོས་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནམ་ཀུན་རྫོབ་དང་དོན་དམ་པ་དག་རང་བཞིན་མེད་པ་སྟོན་ཏོ། །འདི་སྐད་དུ། གཟུགས་ནི་དབུ་བ་འདྲ་བར་བཤད། །ཅེས་བྱ་བ་ལ་སོགས་པ་འབྱུང་བ་དང་། སེམས་ནི་མ་ཡིན་ཆོས་རྣམས་ མིན། །ལུས་ཀྱང་མ་ཡིན་ཁམས་རྣམས་མིན། །འདི་ནི་གཉིས་སུ་མེད་པའི་ལམ། །དེ་ཉིད་རིག་པ་ཡང་དག་བརྗོད། །ཅེས་བྱ་བ་དང་། དབང་པོའི་ཚོགས་ལ་འདོད་ཆགས་མིན། །དོན་ལ་མ་ཡིན་སེམས་ལ་མིན། །གཞན་ལ་མི་གནས་བདག་གནས་མིན། །དེ་ནི་ཡོད་མིན་མེད་མ་ཡིན། །ཞེས་བྱ་བ་ ལ་སོགས་པ་དང་། དངོས་པོ་རྣམས་ནི་གོས་བཞིན་དུ་ཤེས་པར་བྱ་བ་ལ་སོགས་པ་དང་། སེམས་ཅན་སྣོད་ཅེས་མིང་ཅན་འདི། །འཇིག་རྟེན་གཉིས་པོ་བསྲེགས་ནས་ནི། །བདག་ཉིད་ཀྱང་དེར་དེ་ཉིད་འདིར། །མེ་སྒྲོན་བཞིན་དུ་ཤི་བར་འགྱུར། །སྟོང་ཉིད་མེ་ཡིས་བསྲེགས་པ་ཡི། །དེ་ལྟར་ འགྲོ་བ་གསུམ་བལྟས་ཏེ། །འཁོར་བར་རྣམ་པར་སྤྱོད་ན་ཡང་། །རྣལ་འབྱོར་པ་དེ་བཅིངས་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཐེ་ཚོམ་དང་བྲལ་བའི་ཕྱིར་ཆོས་ཉིད་ཀྱི་ངོ་བོ་དེ་ཉིད་དགོངས་ཤིང་ཅང་མི་གསུང་བར་ གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རྒྱུད་འདི་གཏད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པ་སྟེ། དེ་རྣམས་ལ་བཀའ་སྩལ་པ། ཀྱེ་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པའི་དཔལ་གསང་བ་འདུས་པའི་རྒྱུད་གཞུང་དང་དོན་གྱི་བསྒོམ་པ་ནི་འཛིན་པ་དང་གྲགས་པར་གྱིས་ཤིག་པའོ། །གང་གི་ཕྱིར་སྔར་ བཤད་པའི་རིགས་པས་སེམས་ཅན་རྣམས་སྐལ་བ་དང་ལྡན་པའི་ཕྱིར་ཡིན་ནོ། །དེ་ལྟར་སྤྱིའི་གཏད་པ་མཛད་ནས་གང་གི་ལག་ཏུ་རྒྱུད་ཀྱི་རྒྱལ་པོ་འདི་ཤིན་ཏུ་བསྲུང་བར་འགྱུར་བ་དང་། གང་ཞིག་དབང་པོ་རྣོ་བ་ཡིན་པའི་ཕྱིར་གྲགས་པར་བྱེད་ནུས་པའི་རྡོ་རྗེ་ཆོས་དེ་ལ་རྡོ་རྗེ་འཆང་གིས་བཀའ་སྩལ་པ་ སྟེ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྐུ་ལ་སོགས་པའི་དངོས་གྲུབ་རྣམས་དང་། དེ་ཁོ་ན་ཉིད་དེ་དོན་དམ་པ་སྟེ། དེ་ལྟར་རིམ་པ་གཉིས་གཙོ་བོར་གྱུར་བའི་རྒྱུད་འདི་ཁྱོད་ཀྱིས་ཟུང་ཤིག་ཅེས་པ་ནི་གཞུང་དང་ དོན་གྱིས་གཟུང་བར་གྱིས་ཤིག་པ་དང་། ཇི་བཞིན་སྐལ་བ་དང་ལྡན་བ་རྣམས་ལ་བསྟན་པར་གྱིས་ཤིག་པའོ། །ཁྱོད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། དེ་རིང་ནས་བརྩམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ཡིན་ནོ་ཞེས་གསུང་གིས་དབང་བསྐུར་བ་གསོལ་ཞིང་གླེགས་ བམ་གཏང་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་བདག་ལ་རྗེས་སུ་གཟུང་བ་དམ་པ་ཡིན་ནོ་ཞེས་ཡིད་ཀྱིས་བསམ་ཞིང་ཅང་མི་སྨྲ་བར་གྱུར་ཏེ། དེ་ཁས་བླངས་པའི་ཕྱིར་དང་འཛིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱག་ན་རྡོ་རྗེ་ནི་རྒྱུད་ཐམས་ཅད་ཀྱི་སྡུད་པ་པོ་ཡིན་ ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གཏད་པ་ཡོངས་སུ་རྫོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་ཡི་གེ་གསུམ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཞུགས་པར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུའི་མཉམ་པ་ཉིད་ནི་སྐུ་དང་དབྱེར་མེད་པ་ཉིད་ཀྱིས་ཏིང་ངེ་འཛིན་ལ་དམིགས་ཏེ་ཁམས་གསུམ་ཐམས་ཅད་ཀྱི་རྡོ་རྗེའི་གནས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལ་སྐུའི་རང་བཞིན་དུ་ཞུགས་པར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་ཀྱང་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་གསུང་དང་ཐུགས་དག་ལ་དེའི་བདག་ཉིད་ཞུགས་པར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ ཉིད་ནི་ཁམས་གསུམ་པ་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས་དེའི་ངོ་བོ་ཉིད་ཀྱིས་ཅང་མི་སྨྲ་བར་གྱུར་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་ཐོབ་ནས་ཆུ་བོའི་རྒྱུན་རྒྱུ་བ་བཞིན་དུ་དེ་ཉིད་ལ་དགོངས་ཤིང་བཞུགས་པར་གྱུར་ཏེ་རྫོགས་པའི་རིམ་པའོ། །འདི་ སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནི་ཚིག་གི་དོན་བཅུ་དྲུག་གིས་བཤད་པ་གཙོ་བོར་གྱུར་པ་བསྡུས་པས་ན་རིམ་པ་འདིས་སྟོན་པར་བྱེད་པའི་དཔལ་གསང་བ་འདུས་པའི་རྒྱུད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་མ་འོངས་པའི་སེམས་ཅན་གྱི་ཁམས་རྗེས་ སུ་གཟུང་བར་མཛད་པའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་བཞིན་གཤེགས་པ་དྲུག་པས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སྡུད་པ་པོ་སྟེ་ཚིག་གི་དོན་བཅུ་དྲུག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་ སོགས་པ་སྟེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་རིམ་པ་གཉིས་ཀྱིས་སྒྲུབ་པ་སྟེ། དེ་གཙོ་བོར་གྱུར་པ་གང་ཞིག་གསང་བ་འདུས་པ་ཞེས་པ་ལ། གསང་བ་ནི་བྱ་བ་ལ་སོགས་པ་ལ་འཇུག་པ་རྣམས་ལ་བསྟན་པར་མི་བྱ་བ་དང་། འདུས་པ་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་བྱེད་པའི་མཚན་ ཉིད་དེ། དེ་སྟོན་པར་བྱེད་པའི་རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་གང་ཞིག་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་དང་སྡོམ་པ་སྟེ། དེ་རྣམས་ཉིད་སྤང་བར་མི་བྱ་བའི་ཕྱིར་རྡོ་རྗེ་སྟེ། དེའི་བྱིན་གྱིས་རློབ་པ་ནི་མངོན་དུ་བྱེད་པ་སྟེ། དེ་ཉིད་ ཀྱི་རྒྱལ་པོ་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བ་སྟེ། དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱལ་པོ་ཞེས་བྱ་བའོ། །ལེའུ་ཞེས་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་རྣམས་འདོན་པར་བྱེད་ པ་དང་། རྡོ་རྗེ་འཆང་ཉིད་སྟེར་བར་བྱེད་པས་ན་ལེའུ་སྟེ་སྒྲུབ་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་བདུན་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཅུ་བདུན་པའི་ཚིགས་སུ་བཅད་པའི་གྲངས་ནི་བདུན་བརྒྱ་བརྒྱད་ཅུའོ། །དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ་ལ། རྡོ་རྗེ་ ཐེག་པ་ཆེན་པོ་པ་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཏཱ་ར་ཀ་ལ་ཤའི་སྲས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤའི་དབོན་པོ་མནྟྲ་ཀ་ལ་ཤ་ཞེས་བྱ་བ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་ད་ཤ་པ་ཊ་ལ་བིསྟ་ར་བྱཱ་ཁྱཱ། བོད་སྐད་དུ། ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལྟར་ལེའུ་བཅུ་བདུན་གྱིས་དེ་ཁོ་ན་ལ་སོགས་པའི་རྒྱུན་གྱི་མཚན་ཉིད་ནི་རྩ་བའི་རྒྱུད་བསྟན་ཏོ། །དེ་ནས་དེའི་ རྣམ་པར་དབྱེ་བའི་བདག་ཉིད་རྒྱུད་ཕྱི་མར་གྱུར་པ། དེ་ནས་བྱམས་པ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ཏེ། ལེའུ་བཅོ་བརྒྱད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བཤད་པར་བྱ་བའི་ཕྱིར། ཨེ་མ་ཧོ་ཞེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དང་ཡང་ དུ་ཞེས་བྱ་བའི་བར་གྱི་གཞུང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ་བཏབ་པ་བསྟན་ཏོ། །གསང་བ་ཞེས་བགྱི་ཇི་ལྟར་ལགས། །ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་གི་ཚོགས་རྣམས་ནི། །སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་དྲི་བ་སྟེ། མདོར་བསྟན་པའི་ཚིག་བདུན་ཅུ་རྩ་གཉིས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དྲི་བ་ལ་ལན་གདབ་པ་རྩོམ་པ་བསྟན་ཏོ། །སྐུ་གསུང་ཐུགས་ ནི་རྣམ་པ་གསུམ། །ཞེས་བྱ་བ་ལ་སོགས་པ་ལ་དྲིས་པའི་ལན་བསྟན་ཏོ། །ཚོགས་པ་འདུས་པ་ཞེས་བྱ་བ་ལ་སོགས་པས་འདུས་པའི་དྲི་བའི་ལན་བསྟན་ཏོ། །ལྔ་པ་དང་ནི་དགུ་པ་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་པོས་འབྲེལ་པའི་ལན་བསྟན་ཏོ། །ཐམས་ ཅད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་དགོངས་པ་བསྟན་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་དྲི་བའི་ལན་བསྟན་ཏོ། །བསྐྱེད་པའི་ཚིགས་སུ་བཅད་པས་དགོས་པ་ཉིད་བསྟན་ཅིང་སློབ་དཔོན་གྱི་ཕུན་སུམ་ཚོགས་པའི་ལན་བསྟན་ཏོ། །དཀྱིལ་འཁོར་དང་ནི་བརྟུལ་ ཞུགས་ཞེས་བྱ་བ་ལ་སོགས་པས་སློབ་མའི་ལས་ཀྱི་དྲི་བ་བསྟན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དགོས་པའི་དྲི་བའི་ལན་བསྟན་ཏོ། །བསྟན་པ་ཞེས་བྱ་བ་ལ་སོགས་པས་བསྟན་པ་དྲི་བའི་ལན་བསྟན་ཏོ། །ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པས་རྣལ་འབྱོར་དྲི་བའི་ལན་བསྟན་ ཏོ། །རྒྱུད་ནི་རྒྱུན་ཞེས་བྱ་བ་ལ་སོགས་པས་རྒྱུད་པའི་ལན་བསྟན་ཏོ། །གཞི་དང་རང་བཞིན་ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་དོན་བསྡུས་པའི་དྲི་བའི་ལན་བསྟན་ཏོ། །རྒྱུད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་དེ་ཁོ་ན་ཉིད་དང་། གསང་བ་དང་སྦས་པ་དང་དམ་པ་ཞེས་བྱ་བ་སྟེ། དྲི་བ་ བཞི་པོའི་ལན་བསྟན་ཏོ། །ཐོག་མཐའ་མེད་པ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་ཀྱི་དྲི་བའི་ལན་བསྟན་ཏོ། །སྐུ་དང་ཞེས་བྱ་བ་ལ་སོགས་པས་རིག་པའི་སྐྱེས་བུའི་དྲི་བའི་ལན་བསྟན་ཏོ། །ལྔ་འཇོམས་པ་དང་ལྔ་རིག་པ་ཞེས་བྱ་བ་ལ་སོགས་པ་ནས་བཤད་དོ་ཞེས་བྱ་བའི་བར་གྱིས་བཛྲ་དྷྲྀཀ་ ཅེས་བྱ་བ་ལ་སོགས་པ་དྲི་བ་བཅུ་གསུམ་གྱི་ལན་བསྟན་ཏོ། །ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ལས་འདྲི་བའི་ལན་བསྟན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རིག་པའི་རྒྱལ་པོ་དྲི་བའི་ལན་བསྟན་ཏོ། །གཟུང་བ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་སེམས་ འབྱུང་བ་དྲི་བའི་ལན་བསྟན་ཏོ། །ཊཀྐི་ཞེས་བྱ་བ་ལ་སོགས་པས་ཁྲོ་བོའི་དྲི་བའི་ལན་བསྟན་ཏོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དྲི་བའི་ལན་བསྟན་ཏོ། །རིག་པ་ཞེས་བྱ་བ་ལ་སོགས་པ་ཡང་རིག་པའི་རྒྱལ་མོ་དྲི་བའི་ལན་བསྟན་ཏོ། །གཟུགས་ ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་བདག་པོ་དྲི་བའི་ལན་བསྟན་ཏོ། །ཡུལ་དང་དབང་པོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་སྔགས་ཀྱི་སྤྱོད་པ་དྲི་བའི་ལན་བསྟན་ཏོ། །རང་རང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་པོས་བཟླས་པའི་དྲི་བའི་ལན་བསྟན་ཏོ། ། ཇི་ལྟར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་པོས་ཕྱག་རྒྱ་དྲི་བའི་ལན་བསྟན་ཏོ། །བཞི་ཞེས་བྱ་བ་ལ་སོགས་པས་ཆོས་འབྱུང་བསྒོམ་པའི་དྲི་བའི་ལན་བསྟན་ཏོ། །གཟུགས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་སྡོམ་པ་དྲི་བའི་ལན་བསྟན་ཏོ། །རྣམ་པ་དང་བཅས་ པ་ཞེས་བྱ་བ་ནས་བརྩམས་ཏེ། བུད་མེད་ཅེས་བྱ་བའི་གཞུང་གིས་ཞེ་སྡང་ལ་སོགས་པའི་སེམས་ཅན་གྱི་དོན་དྲི་བའི་ལན་བསྟན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་དྲི་བའི་ལན་བསྟན་ཏོ། །ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པས་བསྡུས་པའི་དཀྱིལ་འཁོར་ལ་སོགས་པ་ལ་ཕྱག་རྒྱ་ དགོད་པའི་དྲི་བའི་ལན་བསྟན་ཏོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པས་མེ་ཏོག་དྲི་བའི་ལན་བསྟན་ཏོ། །མཆོད་རྟེན་ཞེས་བྱ་བ་ལ་སོགས་པས་མཆོད་རྟེན་དྲི་བའི་ལན་བསྟན་ཏོ། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲི་བའི་ལན་བསྟན་ཏོ། །ས་བོན་ཞེས་བྱ་བ་ལ་ སོགས་པས་ཚིག་དྲི་བའི་ལན་བསྟན་ཏོ། །བསྐུལ་བ་ཞེས་བྱ་བ་ལ་སོགས་པས་བསྐུལ་བའི་ཚིག་དྲི་བའི་ལན་བསྟན་ཏོ། །བཏང་བ་ཞེས་བྱ་བ་ལ་སོགས་པས་བཏང་བའི་དྲི་བའི་ལན་བསྟན་ཏོ། །ཀུན་སྤྱན་འདྲེན་ཞེས་བྱ་བ་ལ་སོགས་པས་འབོད་པས་དྲི་བའི་ལན་བསྟན་ཏོ། །རྡོ་རྗེ་ཞེས་བྱ་བ་ ལ་སོགས་པས་འཆིང་བ་དྲི་བའི་ལན་བསྟན་ཏོ། །སྐུ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་དབང་བསྐུར་བ་ལ་སོགས་པའི་དོན་དུ་བྲི་བའི་དཀྱིལ་འཁོར་གྱི་ཆོ་ག་དྲི་བའི་ལན་བསྟན་ཏོ། །དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་དྲུག་གིས་དབང་བསྐུར་ བའི་དྲི་བའི་ལན་བསྟན་ཏོ། །དད་པ་ཅན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུས་རིག་པའི་བརྟུལ་ཞུགས་དྲི་བའི་ལན་བསྟན་ཏོ། །རང་བཞིན་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་ལྔ་པོས་བདུད་རྩི་ལྔ་དྲི་བའི་ལན་བསྟན་ཏོ། །བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་ བཅད་པས་བརྩོན་འགྲུས་ལྔ་དྲི་བའི་ལན་བསྟན་ཏོ། །དྲི་ང་བ་ཞེས་བྱ་བ་ལ་སོགས་པས་ཐ་མལ་པའི་དངོས་གྲུབ་དྲི་བའི་ལན་བསྟན་ཏོ། །དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་མཆོག་གི་དངོས་གྲུབ་དྲི་བའི་ལན་བསྟན་ཏོ། །བཞི་ཞེས་བྱ་བ་ལ་སོགས་པ་ནས། རང་བཞིན་རང་བདེ་ཞི་བ་ནི། ། ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཞི་བཅུ་རྩ་དྲུག་གིས་ཐབས་དྲི་བའི་ལན་བསྟན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ཐབས་ལས་བྱུང་བའི་དྲི་བའི་ལན་བསྟན་ཏོ། །གང་ཞིག་ལས་ཞེས་བྱ་བ་ལ་སོགས་པ་ནས། བཟའ་བར་བྱ་བ་བསམ་པ་ ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་བཀའ་བསྒོ་པའི་དྲི་བའི་ལན་བསྟན་ཏོ། །ཞི་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ལས་ཀྱི་ཚོགས་དྲི་བའི་ལན་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དྲིས་པའི་ལན་ཉེ་བར་བསྡུ་བ་བསྟན་ཏོ། །ཕྱག་འཚལ་ལོ་ ཞེས་བྱ་བ་ལ་སོགས་པ་ལ། སྐུ་ལ་སོགས་པའི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱག་བཞི་སྔོན་དུ་འགྲོ་བས་རྟོགས་པ་བསྐྱེད་པ་བསྟན་ཏོ། །ལེགས་སོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་རྣམས་ལ་ཚིགས་ སུ་བཅད་པ་བདུན་གྱི་ལན་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རང་གི་རྟོག་པ་སེལ་བ་བསྟན་ཏོ། །གང་ཞིག་དུས་གསུམ་ཞེས་བྱ་བ་ལ་སོགས་པ་ལ་ཚིགས་སུ་ བཅད་པ་བཅུས་བསྟོད་པ་སྔོན་དུ་འགྲོ་བ་ནས། བསྟོད་པའི་ཚིག་ནི་ཞི་བ་འདིས། །ཞེས་བྱ་བའི་བར་གྱི་གཞུང་གིས་ཉེ་བར་བསྡུ་བ་བསྟན་ཏོ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་ཡོངས་སུ་རྫོགས་པར་བསྟན་ཏོ། །དེ་ལྟར་དྲི་བ་ལྔ་བཅུ་རྩ་བརྒྱད་དང་། རྩོམ་པའི་དྲི་བ་ གཅིག་དང་། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་དྲི་བ་བཅུ་གསུམ་དང་ལྷན་ཅིག་འདྲི་བ་དང་། ལན་བདུན་ཅུ་རྩ་གཉིས་བསྟན་ཏོ། །དེ་ནི་ལེའུ་བཅོ་བརྒྱད་པའི་དོན་བསྡུས་པའོ།། །།ད་ནི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་ལེའུ་ བཅུ་བདུན་པའི་འོག་ཏུ་འདས་མ་ཐག་པའི་དོན་ལ་འཇུག་གོ། །ཇི་སྐད་དུ། སྔ་མ་འདས་པ་ལ་ལྟོས་དང་། །བཀྲ་ཤིས་དང་ནི་དབང་བྱེད་པ། །དེ་ནས་སྒྲ་དང་དེ་ཕྱིར་སྒྲ། །དམ་ཆོས་རིམ་དང་རྒྱུད་དོན་སྟོན། །ཞེས་བྱ་བ་གསུངས་སོ། །བྱམས་པ་ལ་སོགས་པ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་ སེམས་དཔའ་རྣམས་སོ། །བྱམས་པ་སྨོས་པ་ནི་མ་འོངས་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་གཙོ་བོར་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། མ་འོངས་པ་ལ་འདས་པ་བཞིན་དུ་ཉེ་བར་གདགས་པའི་ཕྱིར་རོ། །ཆེན་པོ་ནི་རྒྱུད་ཐམས་ཅད་གཏན་ལ་དབབ་པ་ལ། སེམས་དཔའ་ནི་རྟོགས་པར་འདོད་ པ་གང་ལ་ཡོད་པ་དེ་ནི་སེམས་དཔའ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་དཔལ་གསང་བ་འདུས་པའི་སྦས་པ་སྟེ་རྡོ་རྗེའི་ཚིག་གོ། །བཤད་པར་བྱ་བ་ནི་དྲི་བ་ཞུས་ནས་དགྲོལ་བར་བྱ་བའི་ཕྱིར་དོན་དུའོ། །དངོས་པོ་ཀུན་གྱིས་ནི་སྐུ་ལ་སོགས་པས་སོ། ། ཇི་ལྟ་བ་བཞིན་ནི་ཕྱིན་ཅི་མ་ལོག་པའོ། །ཇི་ལྟར་དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་གཉིས་མི་གཏོང་བས་སོ། །ཐོས་པ་ནི་ལེའུ་བཅུ་བདུན་མཉན་ནས་སོ། །ལྟ་བ་དང་རྟོགས་པ་ནི་བསམ་པ་དང་སྒོམ་པས་སོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མི་ བསྐྱོད་པ་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོ་དང་། རྒྱུད་ཐ་མི་དད་པ། མཐོང་བ་ཆོས་ཞེས་བྱ་བ་ནི་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྩོལ་བ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། འོག་ནས་བཤད་པའི་ཆེད་དུ་བརྗོད་པ་བརྗོད་དོ། །དེ་ནི་སྒྲུབ་པའོ། །ཨེ་མ་ཧོ་ཞེས་བྱ་བ་ནི་ངོ་མཚར་བའོ། ། ཀུན་དུ་བཟང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། །སྐུ་གསུང་ཐུགས་ཀྱི་གཏན་ལ་དབབ་པ་ནི་ཐ་མལ་པའི་ལུས་ལ་སོགས་པའི་ཁྱད་པར་གྱི་ལྷའི་སྐུ་བསྐྱེད་པ་གང་ཡིན་པ་དེ་ནི་ངོ་མཚར་བའོ། །དེ་བཞིན་དུ་སྐུ་ལ་སོགས་པ་དེ་རྣམས་ཀྱང་རྡོ་རྗེ་གསུམ་སྟེ་དེ་བཞིན་གཤེགས་པ་གསུམ་གྱི་ རང་བཞིན་གསུམ་ནི་ཁམས་གསུམ་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་ལ་ཀུན་དུ་ཞུགས་ཞེས་བྱ་བ་ནི་ཁམས་གསུམ་གྱི་བདག་ཉིད་དུ་གྱུར་ཅིང་ཞུགས་ཏེ་རོ་གཅིག་པར་གྱུར་པ་དེ་ཡང་ངོ་མཚར་བའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །དེ་འབའ་ཞིག་ཏུ་ཡང་མ་ཟད་དེ་ཇི་སྲིད་སེམས་ ཅན་ཐམས་ཅད་ནི་ཁམས་ཀྱི་ནང་ན་གནས་པ་སྒོ་ང་ལས་སྐྱེས་པ་ལ་སོགས་རྡོ་རྗེ་འཆང་ནི་འོད་ཟེར་གྱིས་རིག་པ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འབྱུང་བའོ། །དེ་བཞིན་དུ་དུས་གསུམ་གྱི་རྡོ་རྗེའི་ངོ་བོ་ནི་དུས་གསུམ་ལ་གནས་པའི་དེ་བཞིན་གཤེགས་པ་འབྱུང་ངོ་ཞེས་བྱ་བ་ནི་ངོ་མཚར་བའོ། ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་གནས་ནི་དེ་དང་འདྲ་བར་ཐོབ་པའོ། །སངས་རྒྱས་རྡོ་རྗེ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་རྫུ་འཕྲུལ་ཆེ་ནི་འཇིག་རྟེན་གྱི་དངོས་གྲུབ་སྟེ། སེམས་ཅན་ཐམས་ཅད་ཀྱིས་དེ་ཐོབ་པར་གྱུར་པ་དེ་ནི་ངོ་མཚར་ཏོ། །དེ་ནི་བསྐྱེད་པ་དང་ རྫོགས་པའི་རིམ་པ་དག་གོ། །དེ་བཞིན་དུ་ཨེ་མ་ནི་ངོ་མཚར་ཆེའོ། །འདི་རབ་ངོ་མཚར་ཆེ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་ཉིད་ཐོབ་པའོ། །དེ་བཞིན་དུ་ཞི་བ་ནི་རྣམ་པར་ཤེས་པའི་རང་བཞིན་དང་། རང་བཞིན་འགོག་པའི་མཚན་ཉིད་དེ་འོད་གསལ་བ་དབང་པོ་ལས་འདས་པ་ནི་ དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་ལས་འདས་པ་ཐོབ་པ་དེ་ཡང་ངོ་མཚར་བའོ། །དེ་ནས་འཁོར་བ་དག་གི་རྒྱུན་ནི་དེ་བཞིན་དུ་མཆོག་ནི་འོད་གསལ་བ་ལས་བྱུང་བ་སྒྱུ་མའི་རང་བཞིན་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་གང་ཡིན་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ ནུས་པ་དང་ལྡན་པ་ངོ་མཚར་བའོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་རིམ་གྱིས་དེ་ཉེ་བར་ཞི་བའི་མཚན་ཉིད་མྱ་ངན་ལས་འདས་པ་ནི་ཐར་པའི་ངོ་བོ་བཞིན་པའི་མཚན་ཉིད་དེ་ཁོ་ན་ཉིད་ཐོབ་པ་དེ་ཡང་ངོ་མཚར་བའོ། །ཡང་ན་འཁོར་བ་དག་གི་རྒྱུན་ནི་མི་གནས་པའི་མྱ་ངན་ལས་འདས་པ་ སྤྲུལ་པའི་སྐུ་རྒྱུན་གྱིས་རྟག་པ་ལས་འགྲོ་བའི་དོན་མཛད་པའི་ཕྱིར་གནས་པ་སྟེ། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ངོ་མཚར་བའོ། །དེ་ནི་རྡོ་རྗེ་བཟླས་པ་དང་སེམས་ལ་དམིགས་པ་དང་། བདག་ལ་བྱིན་གྱིས་བརླབ་དང་། མཆོད་པར་བྱང་ཆུབ་པ་དང་། ཟུང་དུ་འཇུག་པའི་རིམ་པའོ། ། བྱང་ཆུབ་སེམས་དཔའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོ་དང་གཅིག་ཏུ་གྱུར་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ་ནི། བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པ་སྟེ་བོད་པའོ། །དེ་དེ་བཞིན་ནོ་ ཞེས་བྱ་བ་ནི་ཇི་ལྟར་ཁྱོད་ཀྱིས་བཤད་པ་དེ་དེ་ལྟར་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ། །འདི་ལྟར་བཤད་པ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ཚིག་གིས་དོན་བཅུ་དྲུག་བཤད་པའི་རིམ་གྱིས་རྒྱུད་ཀྱི་རྒྱལ་པོ་བསྟན་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་ཐོས་པ་དང་བསམ་པ་དང་བསྒོམ་པའི་ རིམ་གྱིས་མངོན་དུ་བྱས་སོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ནི་བསམ་པ་ལ་སོགས་པ་སེམས་དཔའ་ཆེན་པོ་ནི་འདྲི་བའི་བསམ་པ་དང་ལྡན་པས་འདུས་བྱས་པར་གྱུར་པ་ནི་གཅིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་ པ་ལ་སོགས་པ་ལ། གསང་བ་དང་ཕྱིའི་མཆོད་པ་དང་བདུད་རྩི་དང་མཆོད་པ་ལྔས་མཆོད་ཅིང་ཕྱག་བྱས་ཏེ་འདུད་ཅིང་བསྟོད་ནས། མགྲིན་གཅིག་ནི་དབྱངས་གཅིག་གིས་གསོལ་བ་ནི་འདི་སྐད་ཞུས་སོ། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་འདིའི་གསང་བ་འདུས་པ་ཞེས་བྱ་བའོ། །རྒྱུད་ཀྱི་རྒྱལ་པོ་ཤིན་ཏུ་རྙེད་པར་དཀའ་བ་ནི་སྔར་བཤད་པའི་ཚུལ་གྱིས་སྔོན་གྱི་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་དུས་སུ་ཡང་མ་གསུངས་པའི་ཕྱིར་ཉེ་བར་དཀའ་བའོ། །དམ་ཚིག་གཙོ་བོ་ཡིན་པའི་ཕྱིར་དམ་ཚིག་ཡིན་ གྱི་བྱ་བ་མང་བ་ནི་མ་ཡིན་ནོ། །ཐབས་མང་བ་ཡིན་པའི་ཕྱིར་ཐབས་ཏེ། དེ་བས་ན་བྱང་ཆུབ་སྒྲུབ་པ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པའི་རྒྱུད་ནི་བྱ་བ་དང་རྣལ་འབྱོར་ལ་སོགས་པ་ཕྱི་མའི་ཕྱི་མ་སྟེ་རྣལ་འབྱོར་ཕྱི་མའི་རྒྱུད་ཀྱི་ཡང་ཕྱི་མ་རྣལ་འབྱོར་ཆེན་པོའི་རྒྱུད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱི་དྲིན་ གྱིས་ནི་ཁོ་བོ་ཅག་གིས་རེ་ཞིག་རྟོགས་སོ། །དེ་ནི་དཀའ་བ་དང་སྤངས་པའི་ཚིག་འདྲི་བ་ལན་གྱི་སྒོ་ནས། སེམས་ཅན་ནི་སྤྲོས་ཏེ་ཤེས་པའི་ཉན་པ་པོ་རྣམས་ལ་ཕན་པར་འདོད་པ་སྟེ། རྗེས་སུ་གཟུང་བའི་འདོད་པས་ཁྱོད་ནི་རྡོ་རྗེ་འཆང་ཆེན་པོ་གཅིག་རང་བཞིན་ཁྱེད་རྣམས་ལ་གསོལ་བར་འཚལ་བ་ནི་ཞུ་བར་བྱ་བ་ ཞེས་བྱ་བའི་དོན་ཏོ། །དེ་ནི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པས། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་བཀའ་སྩལ་པ་ནི་གསུངས་སོ། །ཀྱེ་བྱང་ཆུབ་སེམས་དཔའ་འདུས་པ་རྣམས་ལ་ལེགས་སོ་ ལེགས་སོ་ཞེས་བྱ་བ་ནི་མགུ་བས་ཚིག་གཉིས་སོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་སྤྲོས་ཏེ་ཤེས་པའི་ཉན་པ་པོ་རྣམས་ཀྱི་སྦས་པའི་ཚིག་གི་དོན་རྟོགས་པར་བྱ་བའི་ཕྱིར་འབྱུང་གནས་ནི་འདྲི་བའི་འབྱུང་གནས་ཏེ། གཞན་གྱི་དོན་བྱེད་པས་ཡང་ལེགས་པར་སྨྲ་བ་གཉིས་པའོ། །ལེགས་པར་སྨྲ་བའི་ རྒྱུ་བསྟན་པར་བྱ་སྟེ། གང་ཞིག་སྦས་པའི་ཚིག་རྒྱུད་ཅེས་བྱ་བ་ནི་དཔལ་གསང་བ་འདུས་པའི་རྟོགས་པར་དཀའ་བའི་ཚིག་ལེའུ་རེ་རེ་ལ་གནས་པ་རྡོ་རྗེའི་ཚིག་གང་ཡིན་པ་དེ་དག་ཐམས་ཅད་དོ། །དེ་དག་ཐམས་ཅད་འདྲི་འདོད་པ་ནི་ཁྱོད་ཀྱི་འདོད་པ་ཞེས་བྱ་བའི་རྟེན་དགོངས་པའོ། །དེ་ནི་ཚིག་གི་ དོན་བཅུ་དྲུག་གོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པར་སྨྲ་བའི་ཚིག་ཉན་པས་རབ་ཏུ་དགའ་བ་ནི་སེམས་ལ་གནས་པའི་ཟབ་པའི་དྲི་བ་རྟོག་པའི་རབ་ཏུ་གསལ་བའི་ཕྱིར་མིག་གདངས་པ་དང་། ཡང་དང་ཡང་དུ་དད་པའི་ཤུགས་ཀྱིས་ཕྱག་འཚལ་ཞིང་བཏུད་དེ། འདིའི་འོག་ནས་བཤད་པར་ འགྱུར་བའི་སོམ་ཉི་ནི་ཐེ་ཚོམ་གྱི་ཞུས་པར་གྱུར་པ་ནི་འདྲི་བར་བྱས་པ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་སྟེ་སྔ་མ་དང་སྦྱོར་རོ། །དེ་ནི་ཚིག་གི་དོན་བཅུ་དྲུག་གོ། །གསང་བ་ཞེས་བྱ་བ་ནས་བརྩམས་ཏེ། སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར། །ཞེས་བྱ་བའི་བར་ནི་གོ་སླའོ། །དོན་ བསྡུས་པའི་སྐབས་སུ་འདྲི་བ་བདུན་ཅུ་རྩ་གཉིས་བཤད་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་ཐུགས་རྡོ་རྗེ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པ་གཙོ་བོར་གྱུར་པའི་ཚིག་ནི་ཞུས་པའི་ཚིག་གོ། །ཉེ་བར་གསན་པ་ནི་གསན་པ་སྟེ། ཆེན་པོ་ནི་ཡེ་ཤེས་གསུམ་ དང་བྱང་ཆུབ་ནི་རང་བཞིན་རྣམས་སོ། །རྡོ་རྗེ་ནི་དེ་རྣམས་འཇོམས་པ་འོད་གསལ་བ་ལ་དམིགས་ཤིང་ཞུགས་ཏེ། སྐད་ཅིག་ནི་ཡུད་ཙམ་སྟེ། མི་གསུང་བར་གྱུར་པ་ནི་དེའི་ཏིང་ངེ་འཛིན་ལ་ཐུགས་རྩེ་གཅིག་པར་གྱུར་ཏོ། །དེ་ནི་སེམས་ལ་དམིགས་པའི་རིམ་པའོ། །དགོངས་པ་ནི་འདི་ཡིན་ཏེ། ཟབ་མོའི་ དོན་གསལ་བའི་དོན་དུ་དང་པོ་དེ་ཁོ་ན་ཉིད་རྗེས་སུ་དྲན་ཞིང་དེ་བཞིན་གཤེགས་པ་བཞུགས་པ་དང་། དེ་རྣམས་ཀྱིས་ཀྱང་འོད་གསལ་བ་ཁོང་དུ་ཆུད་དོ་ཞེས་ཤེས་ནས། བྱང་ཆུབ་སེམས་དཔའ་རབ་དགའ་ནས་ནི་ངེས་པར་ཁོ་བོ་ཅག་ལ་དེ་རྣམས་ཀྱི་ཐེ་ཚོམ་གཅོད་པར་འགྱུར་རོ། །གཞན་དུ་ཅིའི་ཕྱིར་ བཅོམ་ལྡན་འདས་བསམ་གཏན་ལ་བཞུགས་པར་གྱུར་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྙིང་རྗེའི་བདག་ཉིད་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྫོགས་པའི་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་བདེ་བར་གཤེགས་པ་ནི་དེ་བཞིན་ཉིད་ལེགས་པར་མཁྱེན་པ་མགོན་པོ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་སྟོན་ པ་ལ། ཡང་དང་ཡང་དུ་མི་ཉན་པར་འདོད་པས། རབ་བསྐུལ་ནི་ཁོ་བོ་ཅག་ལ་དེ་རྣམས་ཀྱིས་ཇི་ལྟར་ཐེ་ཚོམ་ཆོད་པར་འགྱུར་ཞེས་དེ་རྣམས་ཀྱི་ཞལ་ལ་ལྟ་བ་ལ་བརྩོན་པར་འགྱུར་རོ། །དེ་ནི་སྒྲུབ་པའོ། །འོད་གསལ་བའི་ཏིང་ངེ་འཛིན་ལས་ལངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་ དཔའ་རྣམས་ལ་འདྲི་བ་དགྲོལ་བར་བྱ་བའི་ཕྱིར་གསུངས་པ་ནི། ཀྱེ་བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པས་ཞུས་པ་རྒྱ་ཆེན་ནི་ཐེ་ཚོམ་རྒྱ་ཆེ་བའི་ལན་ནི། མཉན་པར་གྱིས་ཤིག་ཅེས་བྱ་བ་ནི་ཉོན་ཅིག་པའོ། །ཇི་ལྟར་ཉོན་ཅིག་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཞེས་བྱ་བ་ནི་སྐུ་གསུང་ ཐུགས་རྩེ་གཅིག་པས་སོ། །ཞུས་པ་རྒྱ་ཆེན་ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོར་གྱུར་པའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ནི་ཚིག་དོན་བཅུ་དྲུག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ སེམས་དཔའ་ཐམས་ཅད་ནི་བྱམས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་འབྲེལ་པ་དང་ལྡན་པ། རྗེས་སུ་གཟུང་བའི་བཀའ་ནི། རྗེས་སུ་གཟུང་བའི་བཀའ་ལུང་། སྤྱི་བོས་རབ་ཏུ་མནོས་པ་ནི་དད་པས་རབ་ཏུ་བླངས་ཏེ། རང་ རང་གི་ནི་རང་རང་གི་བདག་ཉིད་ཀྱིའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའི་སྐུ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་ལྷའི་རང་བཞིན་གང་ཡིན་པ་དེ་རྣམས་ལ། དམིགས་པ་ནི་བླངས་ཏེ་ལེགས་པར་ སྨྲ་བ་མངོན་དུ་འགྲོ་བས་སོ། །ཅང་མི་སྨྲ་བར་གྱུར་ཏོ་ཞེས་བྱ་བ་ནི་ཆོས་བསྟན་པ་མཉན་པར་བྱ་བའི་ཕྱིར་རྩེ་གཅིག་པ་ཉིད་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནི་བསྒྲུབ་པར་བྱ་བ་དང་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ལ་དད་པའི་སེམས་དང་། རྩེ་གཅིག་ཉིད་དང་ལྡན་ པའི་བྱང་ཆུབ་སེམས་དཔའ་ལ་གཟིགས་ཤིང་དེ་བཞིན་གཤེགས་པ་རྣམས་ཀྱིས། རང་གི་ཐུགས་ཐུགས་རྗེ་ཆེན་པོ་བསྐྱེད་ཅིང་གསུང་གཅིག་གིས་དེ་རྣམས་ཀྱི་འདྲི་བའི་ཐེ་ཚོམ་སེལ་བར་བྱ་བའི་ཕྱིར་བཀའ་སྩལ་པ་ནི་གསུངས་སོ་ཞེས་བྱ་བའི་དོན་ཏེ་སྒྲུབ་པའོ། །སྐུ་གསུང་ཐུགས་ནི་ཞེས་བྱ་བ་ ལ་སོགས་པ་ལ་རྣམ་པ་གསུམ་ནི་སྐུ་གསུང་ཐུགས་གསུམ་སྟེ། ཐ་མལ་པའི་ངོ་བོ་དང་བྲལ་ཞིང་ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་དྲན་པས་སྟོང་པ་ཉིད་དུ་ཞུགས་པ་དེ་དག་ཐམས་ཅད་ཉན་ཐོས་པ་ལ་སོགས་པ་ཐོབ་པར་བྱ་བ་མ་ཡིན་པའི་ཕྱིར་གསང་བ་ཞེས་བྱ་སྟེ་དང་པོའི་སྦྱོར་བའོ། །དེ་ བཞིན་དུ་སྐུ་ལ་སོགས་པ་གསུམ་ནི་ལྷའི་རྣམ་པར་སྤྲོ་བ་གསང་བ་སྟེ་དཀྱིལ་འཁོར་རྒྱལ་བ་མཆོག་གོ། །སྐུ་ལ་སོགས་པ་གསུམ་འོད་དུ་ཞུ་བ་ནི་གསང་བ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། །འདོད་པའི་གདུགས་ལ་སོགས་པ་འགྲོ་བ་བསྐྱེད་པའི་རྒྱུ་རྩ་གསུམ་གསང་བ་སྟེ། བསྐྱེད་པའི་རིམ་པའོ། ། སྐུ་ལ་སོགས་པ་ཉེ་བར་བསྡུ་བ་ཐིག་ལེ་ཕྲ་མོ་སྣ་རྩེ་གསུམ་ལ་གནས་པ་གསང་བ་སྟེ། རྫོགས་པའི་རིམ་པའོ། །སྐུ་གསུང་ཐུགས་ནི་ཡི་གེ་གསུམ་འཇུག་པ་ལ་སོགས་པའི་རིམ་གྱིས་འོད་གསལ་བའི་གནས་ཐོབ་པས་གསང་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །སྐུ་གསུང་ཐུགས་ཀྱི་རྒྱུར་གྱུར་པ་ རྣམ་པ་གསུམ་ནི་རྣམ་པར་ཤེས་པ་དང་རང་བཞིན་གྱི་ཚོགས་ཏེ། དེ་དག་འོད་གསལ་བ་ལ་ཐིམ་པས་ན་གསང་བ་སྟེ། སེམས་ལ་དམིགས་པའི་རིམ་པའོ། །སྐུ་གསུང་ཐུགས་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་འཇའ་ཚོན་དང་འདྲ་བ་འོད་གསལ་ལས་བྱུང་བས་ན་ གསང་བ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཆགས་པ་དང་ཆགས་པ་བར་མ་དང་ཆགས་པ་དང་བྲལ་བ་ནི་སྐུ་གསུང་ཐུགས་རྣམ་པ་གསུམ་སྟེ། དེ་དག་རིམ་པ་བཞི་པས་རྣམ་པར་དག་པས་ན་གསང་བ་སྟེ་མངོན་པར་བྱང་ཆུབ་པའི་རིམ་པའོ། །ཀུན་རྫོབ་དང་དོན་དམ་པ་གཉིས་ཀ་ འདྲེས་པ་ནི་སྐུ་གསུང་ཐུགས་རྣམ་པ་གསུམ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོར་གནས་པས་ན་གསང་བ་སྟེ། ཟུང་དུ་འཇུག་པའི་རིམ་པའོ། །སྐུ་ལ་སོགས་པ་རྣམ་པ་གསུམ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་ཐབས་དང་ཤེས་རབ་སྟེ། དེ་དག་སྦྱོར་བས་ན་གསང་བ་སྟེ། སྐུ་ གསུང་ཐུགས་ནི་རཀྟ་ལ་སོགས་པ་གསུམ་གྱིས་བྱིན་གྱིས་བརླབས་པ་ནི་རྡོ་རྗེ་དང་པདྨ་སྟེ་དེ་དག་སྦྱོར་བ་ནི་གསང་བ་སྟེ་རྒྱུའོ། །ཧཱུཾ་དང་ཕཊ་ལ་སོགས་པའི་ཡི་གེ་གསུམ་གྱིས་བསྐྱེད་ཅིང་དེ་ཉིད་ཀྱིས་མཚན་པ་རྡོ་རྗེ་དང་པདྨ་བསྐྱོད་པ་ནི་གསང་བ་སྟེ་ལས་སོ། །སྐུ་གསུང་ཐུགས་གསུམ་ནི་བདེ་བ་ཆེན་པོའི་རང་ བཞིན་ཞི་བ་རྟོགས་པས་ན་གསང་བ་སྟེ་འབྲས་བུའོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ནི་གསུམ་སྟེ། དེ་དག་ཕྲད་པས་ཡུལ་དེར་ཉེ་བར་སྤྱོད་ཅིང་སྐུ་ལ་སོགས་པ་བདེ་བ་བསྐྱེད་པས་ན་གསང་བ་སྟེ་སོ་སོར་སྡུད་པའོ། །དེ་ཉིད་ཀྱི་སྐུ་ལ་སོགས་པ་གསུམ་གྱི་རང་བཞིན་དེ་བཞིན་གཤེགས་པ་ ལྔའི་བདག་ཉིད་དུ་རྟོགས་པ་ནི་གསང་བ་སྟེ་བསམ་གཏན་ནོ། །འཇུག་པ་ལ་སོགས་པའི་རིམ་པས་འགྲོ་བ་དང་འོང་བའི་རིམ་པས་སྦྱོར་བ་སྐུ་ལ་སོགས་པ་གསུམ་གྱི་རང་བཞིན་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་གྱི་ཐིག་ལེ་སྤྲོ་བ་དང་། སྡུད་པ་ནི་གསང་བ་སྟེ་སྲོག་དང་རྩོལ་བའོ། །སྐུ་ལ་སོགས་པ་ གསུམ་ཉེ་བར་སྡུད་པར་བྱེད་པས་རྡོ་རྗེ་ལ་སོགས་པ་སྣ་རྩེ་གསུམ་ལ་ཐིག་ལེ་འཛིན་པ་ནི་གསང་བ་སྟེ་འཛིན་པའོ། །སྐུ་ལ་སོགས་པ་གསུམ་གྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའི་ཁམས་ལ་སྤྲོ་བ་ནི་གསང་བ་སྟེ་རྗེས་སུ་དྲན་པའོ། །སྐུ་ལ་སོགས་པ་གསུམ་སྟེ་དེ་ཉེ་ བར་སྡུད་ཅིང་མོས་པའི་རྣལ་འབྱོར་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ངོ་བོའི་རྡོ་རྗེ་འཆང་ཆེན་པོའི་སྐུ་དམིགས་པ་ནི་གསང་བ་སྟེ་ཏིང་ངེ་འཛིན་ནོ། །སྐུ་ལ་སོགས་པ་གསུམ་ནི་བསྲུང་བ་དང་བཟའ་བའི་དམ་ཚིག་ཉམས་སུ་བླང་བ་ནི་གསང་བ་སྟེ། དམ་ཚིག་དང་སྐུ་ལ་སོགས་པ་ དེ་བཞིན་གཤེགས་པའི་རིགས་ཀྱི་སྡོམ་པ་བླང་བས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཀྱི་སྒྲུབ་པ་ནི་གསང་བ་སྟེ་སྡོམ་པ་ཡིན་ནོ་ཞེས་སྒྲུབ་པའོ། །དེ་ལྟར་གསང་བའི་སྒྲས་ཚིག་གི་དོན་བཅུ་དྲུག་བསྟན་པས་རྒྱུད་ཀྱི་དོན་མ་ལུས་པ་བསྟན་པའོ། །འདུས་པ་ཞེས་བྱ་བ་ལ་སོགས་པ་ལ། འདུས་ པ་སྡུད་པར་བྱེད་པས་ན་འདུས་པ་སྟེ་མདོར་བསྟན་པའོ། །སངས་རྒྱས་ཐམས་ཅད་ཕུང་པོའམ་དེ་བཞིན་གཤེགས་པ་རྣམས་འདུས་པ་སྟེ། དེ་ནི་རྒྱུད་ཀྱི་རྒྱལ་པོ་དེའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མ་དང་སྤྲོ་བ་དང་སྐུ་བསྐྱེད་པ་སྟེ། མངོན་ པར་བྱང་ཆུབ་པ་ལྔ་དང་། དེ་བཞིན་གཤེགས་པ་ལྔ་སྤྲོ་བ་དང་བསྡུ་བ་སྟེ། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་བ་མཆོག་གོ། །སྐུ་རྫོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་ནི་འདུས་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། །རྩ་རྒྱུས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས་བྱང་ ཆུབ་ཀྱི་སེམས་སྤྲོ་བས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཁམས་གསུམ་པ་བསྐྱེད་པས་ན་འདུས་པ་སྟེ། བསྐྱེད་པའི་རིམ་པའོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་རྗེས་སུ་ཆགས་པ་མཆོག་གི་སྒྲས་རྒྱལ་བ་མ་ལུས་པའི་ཚོགས་ཞུགས་ཤིང་རྡོ་རྗེ་ནོར་བུའི་རྩེ་མོར་རོ་གཅིག་ པར་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོ་ནི་འདུས་པ་སྟེ། རྫོགས་པའི་རིམ་པའོ། །ཡང་ན་རྡོ་རྗེའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྤྲོ་ཞིང་པདྨའི་ལྟེ་བའི་ནང་དུ་དཀྱིལ་འཁོར་པའི་ལྷའི་གཟུགས་སུ་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བ་ནི་འདུས་པ་སྟེ་བསྐྱེད་པའི་རིམ་པའོ། །ཕྱིར་མི་ ལྡོག་པའི་དབང་གི་དུས་སུ་སློབ་མའི་ཚངས་པའི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་ནི་འདུས་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། །ཡི་གེ་ཕྱི་མོ་བཞི་བཅུ་རྩ་དགུ་པོ་ཕོ་དང་མ་ནིང་གི་རྟགས་ཀྱི་རང་བཞིན་ཡི་གེ་གསུམ་གྱིས་བསྡུས་པས་ན་འདུས་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། ། རང་བཞིན་བརྒྱ་དྲུག་ཅུ་ཤེས་རབ་དང་ཐབས་དང་མ་རིག་པ་གསུམ་གྱིས་བསྡུས་པ་ན་འདུས་པ་སྟེ། སེམས་ལ་དམིགས་པའི་རིམ་པའོ། །ཁམས་གསུམ་པའམ། སྐུ་གསུམ་ནི་སྒྱུ་མ་ལྟ་བུ་ཉིད་ཀྱིས་བསྡུས་པས་ན་འདུས་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཆགས་པ་ ལ་སོགས་པ་འོད་གསལ་བས་བསྡུས་པས་ན་འདུས་པ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །ཀུན་རྫོབ་དང་དོན་དམ་པ་བསྡུས་པའི་འདུས་པ་སྟེ་ཟུང་དུ་འཇུག་པའི་རིམ་པའོ། །ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བའི་འདུས་པ་སྟེ་རྒྱུའོ། །སངས་རྒྱས་ཐམས་ཅད་ནི་ཨོཾ་ལ་སོགས་ པ་དགོད་ཅིང་རྡོ་རྗེ་དང་པདྨ་བསྐྱོད་པ་ནི་འདུས་ཏེ་ལས་སོ། །ཕུང་པོ་ལ་སོགས་པ་ཐམས་ཅད་སྡུད་པ་བདེ་བ་ཆེན་པོའི་རང་བཞིན་ནོ། །དོན་དམ་པ་ནི་འདུས་པ་སྟེ་འབྲས་བུའོ། །ཡུལ་དང་དབང་པོ་འདུས་པ་སྟེ་སོ་སོར་སྡུད་པའོ། །དེ་དག་དེ་བཞིན་གཤེགས་པའི་རྣམ་པར་བསྒོམ་པ་ནི་འདུས་ པ་སྟེ་བསམ་གཏན་ནོ། །ཁམས་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཡན་ལག་ཐམས་ཅད་ལས་བསྐུལ་ཏེ། སྣ་རྩེ་གསུམ་གྱི་གཞིར་བསྡུ་ཞིང་འཇུག་པ་ལ་སོགས་པའི་རིམ་གྱིས་སྤྲོ་བ་དང་། བསྡུ་བར་བྱ་བ་ནི་འདུས་པ་སྟེ་སྲོག་དང་རྩོལ་བའོ། །དེ་ཉིད་འཇུག་པ་ལ་སོགས་པ་དང་ བྲལ་ཞིང་དང་བ་མར་མེའི་རྩེ་མོ་དང་འདྲ་བར་རྒྱུན་གྱིས་བསྡུས་པ་སྟེ་འཛིན་པའོ། །དེ་ཉིད་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲོ་ཞིང་ནམ་མཁའི་དབྱིངས་ལ་ཁམས་གསུམ་པ་དཀྱིལ་འཁོར་གྱི་ཚུལ་དུ་བསྡུས་པ་ནི་འདུས་པ་སྟེ་རྗེས་སུ་དྲན་པའོ། །དེ་དག་ཉེ་བར་བསྡུ་ཞིང་སངས་རྒྱས་ཐམས་ ཅད་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་སྔར་བསྡུས་པ་ནི་འདུས་པ་སྟེ་ཏིང་ངེ་འཛིན་ནོ། །ལྕགས་ཀྱུ་ལྔ་དང་རིན་ཆེན་ལྔ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྦྱང་བ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཀྱི་སེམས་ངོ་བོར་བསྡུས་པ་ནི་འདུས་པ་སྟེ་སྒྲུབ་པའོ། །དེ་ལྟར་ཚིག་གི་དོན་བཅུ་དྲུག་གིས་ སྟོན་པར་བྱེད་པ་གསང་བ་འདུས་པའི་ཚིག་འདི་དག་ནི་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་བདག་ཉིད་ནི་དཔལ་གསང་བ་འདུས་པའི་རྒྱུད་ཡིན་ནོ། །དེ་ལ་རྗོད་པར་བྱེད་པ་ནི་འདུས་པའི་ཚིག་ཡིན་ལ་གསང་བའི་ཚིག་ནི་དེའི་ཁྱད་པར་དུ་གྱུར་པ་ཡིན་ན་ཡང་བརྗོད་པར་བྱ་བ་ཡིན་ནོ། ། ད་ནི་འབྲེལ་པ་བསྟན་པར་བྱ་སྟེ། ལེའུ་ཐམས་ཅད་རྣམ་པར་དབྱེ་བས་གནས་ཤིང་གསུམ་བོར་ཞིང་འབྲལ་བར་ཤེས་པར་བྱའོ། །དེ་ཉིད་ལྔ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྔ་པ་ནི་སྤྱོད་པའི་ལེའུ་དང་། དགུ་པ་ནི་དེ་ལས་གསུངས་པའི་རྡོ་རྗེའི་ཚིག་ངེས་པར་བཤད་པའི་མཚན་ཉིད་འགལ་ བའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ལེའུ་དང་། བཅུ་བདུན་པ་དམ་ཚིག་དང་སྡོམ་པའི་ལེའུ་དང་། བཅུ་གསུམ་པ་ནི་ལས་རབ་འབྱམ་གྱི་ལེའུ་རྣམས་སོ། །སངས་རྒྱས་ནི་རྫོགས་པའི་རྣལ་འབྱོར་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་མ་རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྟན་པ་སྒྲུབ་ པ་ནི་འདུལ་བར་བྱེད་པ་སྟེ། དེ་བས་ན་གཞན་གྱི་དོན་ཕུན་སུམ་ཚོགས་པ་གཙོ་བོ་ཡིན་པས་ཆེན་པོ་སྟེ་མཆོག་གོ། །གང་གི་ཕྱིར་སྤྱོད་པ་རྣམ་པ་གསུམ་གྱིས་གདུག་པ་ལ་སོགས་པ་ཕ་རོལ་གྱི་རྣམ་པར་ཤེས་པ་ལ་སོགས་པ་འགུགས་པ་དང་། ཞི་བ་ལ་སོགས་པ་ལས་རབ་འབྱམ་དང་། དམ་ཚིག་དང་སྡོམ་ པའི་སྒོ་ནས་ཀྱང་རྣལ་འབྱོར་པས་སེམས་ཅན་གྱི་དོན་བྱའོ་ཞེས་སྒྲུབ་པའོ། །དེ་བཞིན་དུ་བཞི་པ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་དང་། བཅུ་དྲུག་པ་ནི་སྐུ་དང་གསུང་གི་དཀྱིལ་འཁོར་གྱི་ལེའུ་དང་། བརྒྱད་པ་ནི་གསང་བའི་དབང་བསྐུར་གྱི་ལེའུ་དང་། བཅུ་གཉིས་པ་ནི་ཕྱག་རྒྱ་ཆེན་པོ་ཡོངས་ སུ་གྱུར་པའི་ལེའུ་སྟེ། སློབ་དཔོན་གྱི་ལན་ནི་སློབ་དཔོན་གྱི་བྱ་བ་དང་། སྤྱིའི་ལས་ནི་སློབ་མ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དངོས་གྲུབ་བསྟན་པ་དང་། བརྟུལ་ཞུགས་ནི་ཇི་ལྟར་མོས་པ་དཀྱིལ་འཁོར་ལ་ཞུགས་པ་དང་། སྡོམ་པ་ནི་ལྷའི་རྣམ་པ་བསྒོམ་པར་བྱ་བ་སྟེ་བསྐྱེད་པའི་རིམ་པའོ། ། དེ་བཞིན་དུ་དྲུག་པ་ནི་སྐུ་ལ་སོགས་པའི་བྱིན་གྱིས་བརླབ་པའི་ལེའུ་དང་། གཉིས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་དང་། བཅུ་པ་ནི་སྔགས་ཀྱི་སྒོ་ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བའི་ལེའུ་དང་། བཅུ་བཞི་པ་ནི་སྔགས་གཙོ་བོར་གྱུར་པ་ལས་རབ་འབྱམ་གྱི་ལེའུ་སྟེ་དྲག་སྤྱོད་ ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ་སོགས་པ་དང་། དངོས་པོ་མེད་པར་བསྒོམ་པ་ནི་དངོས་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ལ། རྗེས་སུ་ ཆགས་པ་ནི་བསྟན་པར་བྱ་བའི་ཕྱིར་སྐུ་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྟོང་པ་ཉིད་བསྒོམ་པ་དང་། སྙིང་པོ་སྐུལ་བ་དང་། ཞི་བ་ལ་སོགས་པ་བྱེད་པ་སྟེ། དེ་ཉིད་ཀྱི་ཕྱིར་ཉེ་བར་སྒྲུབ་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཉེ་བར་སྒྲུབ་པ་དང་། སྡོམ་པ་ནི་བསླབ་པ་གཙོ་བོར་གྱུར་པའོ། ། དེ་ནི་དང་པོ་སྦྱོར་བ་དང་ལས་ཀྱི་རྒྱལ་བ་མཆོག་དང་སྒྲུབ་པ་རྣམས་སོ། །བདུན་པ་ནི་སྤྱོད་པའི་ཁྱད་པར་གྱི་ལེའུ་དང་། གསུམ་པ་ནི་ལྷའི་ལེའུ་དང་། བཅུ་གཅིག་པ་ནི་སྔགས་ཀྱི་རྒྱུ་དང་ཡེ་ཤེས་སྐུའི་ལེའུ་དང་། བཅོ་ལྔ་པ་ནི་སྒྱུ་མ་ལྟ་བུའི་ལྷའི་སྐུའི་ལེའུ་སྟེ། དངོས་གྲུབ་ཀྱི་ཞིང་ནི་རྡོ་རྗེ་འཆང་ ལ་སོགས་པ་ལྷའི་སྐུའི་རྟགས་ནི་རྒྱུར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་བསྙེན་པ་སྒྲུབ་པའི་སྡོམ་པ་ནི་དེ་བཞིན་གཤེགས་པའི་སྐུ་སྒྲུབ་པར་བྱེད་པ་སྟེ། རང་གི་དོན་སྒྲུབ་པར་བྱེད་པའི་གཙོ་བོ་ཡིན་ནོ། །གང་གི་ཕྱིར་སྤྱོད་པ་དང་རྟོགས་པའི་ལྷ་བསྒོམ་པ་དང་། རྟོག་པ་དང་པོ་ཡོངས་སུ་རྫོགས་ པའི་ལྷ་བསྒོམ་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཐ་མལ་པའི་སྐུ་རྣམ་པར་དག་པས་ཁྱད་པར་ལྷའི་གོ་འཕང་ཐོབ་པར་འགྱུར་ཏེ། དེ་ནི་བསྒྲུབ་པ་དང་། བསྐྱེད་པའི་རིམ་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ལྟར་བདུན་པ་ལ་སོགས་པས་རང་གི་དོན་ཕུན་ སུམ་ཚོགས་པ་དང་། དྲུག་པ་ལ་སོགས་པས་དེ་ཉིད་ཀྱི་ཐབས་ཀྱི་ཕུན་སུམ་ཚོགས་པ་དང་། ལྔ་པ་ལ་སོགས་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། བཞི་པ་ལ་སོགས་པས་དེ་ཉིད་ཀྱི་ཐབས་ཀྱི་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱའོ། །དེ་ལྟར་རང་གི་དོན་ཕུན་སུམ་ཚོགས་པ་ དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། དེ་གཉིས་ཀའི་ཐབས་ཀྱི་ཕུན་སུམ་ཚོགས་པ་གཙོ་བོར་གྱུར་པའི་ལེའུ་བསྟན་པ་ནི་འབྲེལ་པའོ། །དེའི་ལེའུ་དང་པོ་ནི་འབྲས་བུར་འགྱུར་བ་སྟེ། འབྲེལ་པའི་ནང་དུ་མ་བསྡུས་པ་དང་། དེའི་ལེའུ་བཅོ་བརྒྱད་པ་ནི་རྡོ་རྗེ་ཚིག་རྣམ་པར་བཤད་ པའི་སྒོ་ནས་རྣམ་པར་གྲོལ་བའི་བདག་ཉིད་དེ། དེ་ནི་འབྲེལ་པ་བརྗོད་པ་མ་ཡིན་ནོ། །ཁ་ཅིག་ན་རེ་ལེའུ་བཞི་ནི་བསྙེན་པ་ལ་སོགས་པ་ཡན་ལག་བཞི་བརྗོད་པ་ཟེར་བ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་བསྙེན་པ་ལ་སོགས་པ་སྤངས་པ་ནི་ལེའུ་གཅིག་ཀྱང་མི་དམིགས་ ཏེ། ཐམས་ཅད་དེ་ཉིད་གཙོ་བོར་གྱུར་པའི་ཕྱིར་དང་། ཁས་བླངས་ན་ཡང་འཁྲུལ་པའི་ཕྱིར་རོ། །འདི་ལྟ་སྟེ། གལ་ཏེ་ལྔ་ལ་སོགས་པ་སྒྲུབ་པ་ཆེན་པོ་ཉིད་དུ་འདོད་ན་དེའི་ཚེ་ཡི་གེ་དགོད་པའི་བདག་ཉིད་སྒྲུབ་པ་ཆེན་པོ་མེད་པ་སྟེ། སྤྱོད་པ་དང་རྣམ་པར་ཤེས་པ་ལ་སོགས་པ་དགུག་པ་དང་ལས་ ཀྱི་རབ་ཏུ་དབྱེ་བ་དང་། དམ་ཚིག་དང་སྡོམ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །བཞི་པ་ལ་སོགས་པ་ལ་དཀྱིལ་འཁོར་ལ་ཞུགས་ཏེ་སློབ་མ་རྗེས་སུ་གཟུང་བར་བྱ་བའི་དོན་དུ་སྐུ་སྒྲུབ་པ་ནི་མེད་དེ། སྟོང་པ་ཉིད་མེད་པའི་ཕྱིར་རོ། །དྲུག་པ་ལ་སོགས་པ་ས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་ བསྒྲུབ་པས་ནི་ས་བོན་བསྡུས་པའི་བདག་ཉིད་ནི་ཉེ་བར་སྒྲུབ་པ་མི་རིགས་སོ། །དེ་ནས་བདུན་པ་ལ་སོགས་པས་རང་གི་དོན་སྒྲུབ་པའི་ཕྱིར་ལྷའི་སྐུ་བསྒྲུབས་ན་སྟོང་པ་ཉིད་ནི་བསྙེན་པ་མེད་དོ། །རྫོགས་པའི་རིམ་པ་རྗོད་པར་བྱེད་པ་ལ་བསྙེན་པ་ལ་སོགས་པ་ལ་ཐབས་དང་ཤེས་རབ་སྙོམས་ པར་ཞུགས་པ་ལ་སོགས་པ་ནི་ལྔ་པ་ལ་སོགས་པའི་དོན་མ་ཡིན་པ། ཐབས་བཞི་པའི་རིམ་གྱིས་བསྙེན་པ་ལ་སོགས་པ་མི་རིགས་པ་དང་། དཀྱིལ་འཁོར་གྱི་ཆོ་གའི་རིམ་གྱིས་བསྙེན་པ་ལ་སོགས་པ་ནི་མི་རིགས་ཏེ། ཅིའི་ཕྱིར་ལེའུ་བཞི་པ་ལ་སོགས་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་ སོགས་པ་བརྗོད་ཅིང་། གཞན་དག་གིས་ནི་བརྗོད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རེ་ཞིག་དང་པོར་བསྐྱེད་པའི་རིམ་པ་ལ་རྡོ་རྗེ་བཞི་པའི་རིམ་པས་སྟོང་པ་ཉིད་དང་ས་བོན་བསྡུས་པ་དང་། གཟུགས་རྫོགས་པ་དང་ཡི་གེ་དགོད་པ་ལ་སོགས་པའི་བདག་ཉིད་བསྙེན་པ་ལ་སོགས་པ་ ཡིན་ནོ། །རྫོགས་པའི་རིམ་པ་ལ་སོགས་པ་ཡང་ཐབས་དང་ཤེས་རབ་དང་། རྡོ་རྗེ་པདྨ་དང་ཡང་དག་པར་སྦྱོར་བ་དང་། དེ་བསྐྱོད་པ་དང་། བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་བསྙེན་པ་ལ་སོགས་པའོ། །དེ་བཞིན་དུ་རྫོགས་པའི་རིམ་པ་ལ་ཡང་ཡན་ལག་དྲུག་པའི་རྣལ་འབྱོར་བསྒོམ་ པ་ནི་བསྙེན་པའོ། །དེ་བཞིན་དུ་བསྐྱེད་པའི་རིམ་པ་ཡང་བསྡུམ་པ་དང་། སྦྱིན་པ་དང་དབྱེ་བ་དང་། ཆད་པ་དང་བཞི་ནི་བསྙེན་པ་དང་། ཉེ་བར་སྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་ཡིན་ནོ། །དཀྱིལ་འཁོར་གྱི་སྐབས་སུ་ཡང་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། བདུད་རྩི་འཁྱིལ་ པ་དང་། རང་གི་ལྷག་པའི་ལྷ་དང་། རྡོ་རྗེ་འཆང་སྒོམ་པ་ནི་བསྙེན་པ་ལ་སོགས་པ་ཡིན་ནོ་ཞེས་བསྡུས་ནས་བསྙེན་པ་ལ་སོགས་པས་དབྱེ་བ་བཅུ་དྲུག་ནི་རིམ་པ་གཉིས་ཀྱི་ནང་དུ་བསྡུས་སོ། །དེ་དང་འདྲ་བ་ལེའུ་ལ་སོགས་པ་ལ་མེད་དོ་ཞེས་བསྙེན་པ་ལ་སོགས་པ་རྗོད་པར་བྱེད་པ་ནི་མི་ རིགས་སོ། །དེ་བས་ན་རང་བཟོ་ཉིད་ཀྱི་འཆད་པ་པོས་འཇིག་རྟེན་པའི་འཁྲུལ་པར་བྱེད་དེ། ལུང་དང་རིགས་པ་མེད་པའི་ཕྱིར་རོ་ཞེས་ཧ་ཅང་ཐལ་ཆེས་པས་ཆོ་ག་སྟེ་རྣལ་མའི་དོན་བཤད་པའོ། །ད་ནི་ཚིགས་སུ་བཅད་པ་གསུམ་གྱི་དགོས་པ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་ པ་ཞེས་པ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཀུན་གྱི་ལས་ནི་ཕྲིན་ལས་ཏེ། ཚར་གཅོད་པ་ནི་གསོད་པ་ལ་སོགས་པ་འཇིག་རྟེན་པ་དང་། མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་ཞུགས་པ་ལ་སོགས་པ་ལ་འཇིག་རྟེན་ལས་འདས་པ་དང་། ཕན་འདོགས་པ་ནི་ཞི་བ་ལ་སོགས་པའི་ ཕྲིན་ལས་འཇིག་རྟེན་པ་དང་། ལྷའི་སྐུ་སྒྲུབ་པ་ལ་སོགས་པ་འཇིག་རྟེན་ལས་འདས་པ་སྟེ། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་སྤྱོད་པ་སྟེ་ནུས་པའོ། །འདུལ་བ་ལ་ནི་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གདུལ་དཀའ་བ་ནི་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་ དང་། ཞི་བ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་བའི་སེམས་ཅན་ནི་སྐྱེ་བོ་རྣམས་སོ། །འཇུག་པ་ནི་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཕྱིར་ཉེས་པར་གསུངས་སོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་བསྐྱེད་པའི་རིམ་པ་དང་འབྲེལ་པ་ནི་བསྐྱེད་པའི་རིམ་ པའི་སྒོ་ནས་བསྙེན་པ་ལ་སོགས་པ་རྡོ་རྗེ་ཆོ་ག་བཞི་ནི་རྡོ་རྗེ་བཞིའི་རིམ་གྱིས་སོ། །དངོས་གྲུབ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔའི་སྐུ་ཐུན་མོང་སྟེ། བསྐྱེད་པའི་རིམ་པ་དང་བསྒྲུབ་པའི་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་དེ་ནི་རང་གི་དོན་བསྒྲུབ་པར་བྱ་བའི་ཕྱིར་དང་ འབྲེལ་པའི་གཞུང་ཉིད་དེ། ལེའུའི་རིམ་པས་དགོངས་པ་དེ་ནི་བདག་གི་དོན་ཏོ། །དེ་ནི་དང་པོ་སྦྱོར་བ་ལ་སོགས་པ་གསུམ་མོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་ལ་ཞུགས་པའི་སློབ་མ་ལ་སློབ་དཔོན་གྱིས། བརྟུལ་ཞུགས་ནི་ སྡོམ་པ་ལ་སོགས་པ་དང་། འབྲེལ་པ་ནི་རིག་པའི་དབང་བསྐུར་བ་སྔོན་དུ་འགྲོ་བའི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་དབང་བསྐུར་དང་། གཞུང་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་པའི་ཚིག་དང་། སློབ་དཔོན་ཕུན་སུམ་ཚོགས་པ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་དེ་བཞིན་ གཤེགས་པ་དང་། རྡོ་རྗེ་འཆང་གཉིས་ཀྱི་དབུགས་དབྱུང་བ་སྟོན་ཅིང་བླ་མས་སྔགས་ཀྱི་ལམ་ནས་ཏེ། གསང་བ་འདུས་པའི་ཆོ་ག་སློབ་མ་ཡོངས་སུ་སྨིན་པར་བྱ་བ་ནི་གདུལ་བར་བྱ་བ་གང་ཡིན་པ་དེ་ནི་དགོས་པ་ཞེས་བྱ་བའི་དོན་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་བཤད་དོ། །དགོས་ པའི་དགོས་པ་བཤད་པར་བྱ་སྟེ། བརྟུལ་ཞུགས་བཟང་པོ་ནི་སྡོམ་པ་དང་ལྡན་པ་དང་། དབང་བསྐུར་བ་ནི་དབང་ཐོབ་པ་དང་། བདག་ཉིད་ཆེ་བ་ནི་ཐོས་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་འཆང་གི་གོ་འཕང་རྟོགས་པས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་དབང་པོ་རྣོ་བ་དང་བར་པ་དང་། དམན་པ་རྣམས་ལ་བསྟན་པའི་སྒོ་ནས་ཡོངས་སུ་གྲོལ་བ་ནི་འདོད་ཆགས་ལ་སོགས་པ་རྣམ་པར་དག་ཅིང་འོད་གསལ་བ་ཉིད་དུ་བྱ་བ་གང་ཡིན་པ་དེ་ནི་དགོས་པ་ཞེས་བྱ་བའི་དོན་ཏེ། བསྒྲུབ་པའོ། །ཤེས་རབ་ཅེས་བྱ་བ་ལ་སོགས་པ་ཤེས་རབ་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་དེ་སྟོང་པ་ ཉིད་དོ། །ཐབས་ནི་ཐུགས་རྗེ་ཆེན་པོའོ། །དེ་དག་སྙོམས་པར་འཇུག་པ་ནི་རྡོ་རྗེ་འཆང་གི་ས་བཅུ་གསུམ་པ་ལ་གནས་པ་བཅོམ་ལྡན་འདས་ཀྱི་སྒོམ་པ་མཐར་ཐུག་པ་ཡང་དག་པར་སྦྱོར་བ་ཞེས་བཤད་དོ། །རྒྱས་པར་བཤད་པ་ནི་གང་ཞིག་དངོས་མེད་ནི་ཐམས་ཅད་སྟོང་པ་ཤེས་རབ་སྟེ། ཕུལ་དུ་བྱུང་བའི་ ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐབས་ནས་དངོས་པོའི་མཚན་ཉིད་དེ། སྙིང་རྗེའི་མིང་གི་རང་བཞིན་གྱི་རྣམ་གྲངས་ཏེ། རྫོགས་པའི་རིམ་པའོ། །ཡང་ན་ཤེས་རབ་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་བསྒོམས་པས་སྤྲིན་མེད་ནམ་མཁའ་དང་འདྲ་བར་བདག་ཉིད་ མཐོང་བའོ། །ཐབས་ནི་ས་བོན་ལ་སོགས་པ་འདུས་པའི་སྒོ་ནས་སྐུ་བསྒྲུབ་པའོ། །དེ་དག་སྙོམས་པར་འཇུག་པ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། བསྟོད་པ་ཡང་ངོ་། །དེ་ཉིད་བཤད་པར་བྱ་སྟེ། གང་ཞིག་དངོས་མེད་ནི་སྟོང་པ་ཉིད་བསྒོམ་པ་སྟེ་ཤེས་རབ་བོ། །ཐབས་ནི་དངོས་པོའི་ མཚན་ཉིད་དེ་འགྲོ་བའི་དོན་བྱ་བར་ནུས་པའི་ལྷའི་སྐུ་ལ་དམིགས་ལ། དེས་ནི་འགྲོ་བའི་དོན་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་དབང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་གོ། །ཡང་ན་ཤེས་རབ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དབུས་ སུ་འདོད་པའི་གདུགས་ལ་སོགས་པའི་རྩ་ལྔའོ། །ཐབས་ནི་དེའི་ནང་དུ་རྒྱུ་བ་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་གི་སྙོམས་པར་འཇུག་པ་ནི་དབུས་མར་རོ་གཅིག་པར་འགྱུར་བའོ། །གང་ཞིག་དངོས་པོ་ནི་བདེ་བ་ཆེན་པོའི་གཞིར་གྱུར་པ་རྩ་རྣམས་ཏེ་ཤེས་རབ་བོ། །ཐབས་ནི་འགྲོ་བ་མ་ལུས་པ་སྐྱེད་ པའི་རྒྱུར་གྱུར་པའི་དངོས་པོའི་མཚན་ཉིད་དེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མཚོན་པའི་རྒྱུ་མཚན་ཏེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཤེས་རབ་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་ས་བོན་གསུམ་མོ། །ཐབས་ནི་སྲོག་ ལ་སོགས་པའི་རླུང་གསུམ་མོ། །དེ་དག་སྙོམས་པར་འཇུག་པ་ལ་སོགས་པའི་རིམ་གྱིས་བཟླས་ཏེ། གང་ཞིག་དངོས་མེད་ནི་རྡོ་རྗེ་འཆང་གོ་འཕང་འོད་གསལ་བ་དེའི་རྒྱུ་མཚན་དུ་གྱུར་པ་ཡི་གེ་གསུམ་སྟེ་ཤེས་རབ་བོ། །ཐབས་དངོས་པོའི་མཚན་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་ བཞིན་གཤེགས་པའི་དེ་ཁོ་ན་ཉིད་མཚོན་པར་གྱུར་པས་ཐབས་ནི་རླུང་ངོ་། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །ཤེས་རབ་ནི་ཤེས་རབ་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་མོ། །ཐབས་ནི་ཐབས་ཀྱི་རང་བཞིན་བཞི་བཅུའོ། །སྙོམས་པར་འཇུག་པ་ནི་མ་རིག་པའི་རང་བཞིན་བདུན་ནོ། ། རྣལ་འབྱོར་ནི་དེ་དག་འོད་གསལ་བ་ལ་ཞུགས་པའི་མཚན་ཉིད་དོ། །གང་ཞིག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །སེམས་ལ་དམིགས་པའི་རིམ་པའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་འོད་གསལ་བ་ལས་ཅིག་ཅར་དུ་སྤྲོས་པ་དེ་ཉིད་སྙོམས་པར་འཇུག་པའི་རྣལ་འབྱོར་ཞེས་བྱ་སྟེ། ཕྱག་རྒྱ་ ཆེན་པོའི་རྣལ་འབྱོར་ཞེས་བྱའོ། །གང་ཞིག་ཅེས་བྱ་བ་ནི་སྔ་མ་བཞིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཐབས་དང་ཤེས་རབ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏོ། །དེ་དག་སྙོམས་པར་འཇུག་པ་ནི་མངོན་དུ་བྱེད་པས་རྣལ་འབྱོར་ཞེས་ བྱའོ། །གང་ཞིག་དངོས་མེད་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་ཏེ་ཤེས་རབ་བོ། །དངོས་པོ་ནི་ཁམས་གསུམ་མི་སྣང་བར་བྱེད་པའི་མཚན་ཉིད་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏེ་ཐབས་སོ། །དེ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །ཤེས་རབ་དང་ཐབས་ནི་དོན་དམ་པ་དང་ཀུན་རྫོབ་སྟེ། དེ་དག་སྙོམས་པར་འཇུག་པ་ནི་དབྱེར་མེད་པར་གྱུར་པ་རྣལ་འབྱོར་ཏེ། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཅེས་བྱའོ། །གང་ཞིག་ཅེས་བྱ་བ་ནི་གོ་སླ་སྟེ་ཟུང་དུ་འཇུག་པའི་རིམ་པའོ། །ཐབས་དང་ཤེས་རབ་ནི་རིག་མ་དང་སྐྱེས་བུ་དང་། དེ་དག་སྙོམས་པར་འཇུག་པ་ན་རྣལ་འབྱོར་ཞེས་བྱའོ། ། གང་ཞིག་ཅེས་བྱ་བ་ནི་སྔ་མ་བཞིན་ཏེ་རང་བཞིན་ནོ། །ཤེས་རབ་དང་ཐབས་ནི་པདྨ་དང་རྡོ་རྗེའོ། །དེ་དག་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་རྒྱུའོ། །ཤེས་རབ་དང་ཐབས་ནི་ཧཱུཾ་དང་ཕཊ་ལ་སོགས་པ་དགོད་པ་ནི་སྙོམས་པར་འཇུག་པའི་རྣལ་འབྱོར་ཏེ་ལས་སོ། །ཤེས་རབ་དང་ཐབས་ཀྱི་རང་ བཞིན་གྱི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་སྙོམས་པར་འཇུག་པ་ནི་རྡོ་རྗེ་རྩེ་མོར་འཛིན་པ་ནི་རྣལ་འབྱོར་ཏེ་འབྲས་བུའོ། །ཤེས་རབ་ནི་དབང་པོ་རྣམས་དང་ཐབས་ནི་ཡུལ་རྣམས་སོ། །དེ་དག་སྙོམས་པར་འཇུག་ཅིང་ལོངས་སྤྱོད་པ་ནི་རྣལ་འབྱོར་ཏེ་སོ་སོར་སྡུད་པའོ། །ཤེས་རབ་ནི་དབང་པོ་རྣམས་ སོ། །ཐབས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་དག་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་བསམ་གཏན་ནོ། །ཤེས་རབ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། ཐབས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ། དེ་དག་དེ་དང་འོག་གི་རིམ་པས་ སྤྲོ་བ་དང་སྡུད་པ་ནི་སྲོག་དང་རྩོལ་བའོ། །སྔ་མ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཡུངས་ཀར་གྱི་ཚད་ཙམ་གྱི་ཐིག་ལེ་སྣའི་རྩེ་མོ་གསུམ་ལ་འཛིན་པ་ནི་སྙོམས་པར་འཇུག་པ་དང་རྣལ་འབྱོར་ཏེ་འཛིན་པའོ། །ཤེས་རབ་ཐབས་ཀྱི་རང་བཞིན་ནི་ལྷ་མོས་འཁྱུད་པ་དེ་བཞིན་ གཤེགས་པ་རྣམས་ཏེ། དེ་དག་སྙོམས་པར་འཇུག་པ་ནི་ནམ་མཁའི་དབྱིངས་སུ་སྤྲོ་བ་ནི་རྣལ་འབྱོར་ཏེ་རྗེས་སུ་དྲན་པའོ། །ཤེས་རབ་དང་ཐབས་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་དག་སྙོམས་པར་འཇུག་པ་ནི་སྤྲུལ་པའི་སྐུ་དང་ལྷན་ཅིག་ཏུ་འབྲེལ་པ་ནི་རྣལ་འབྱོར་ཏེ་ཏིང་ངེ་འཛིན་ནོ། ། ཤེས་རབ་ནི་ས་བོན་ལྔ་དང་། ཐབས་ནི་བདུད་རྩི་ལྔ་སྟེ། དེ་དག་སྙོམས་པར་འཇུག་པ་ནི་དེ་རྣམས་ཀྱིས་དེ་དག་བྱིན་གྱིས་བརླབས་པའི་བཟའ་བ་ནི་རྣལ་འབྱོར་ཏེ་སྒྲུབ་པའོ། །རྒྱུད་ཅེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་དོན་བསྟན་པར་བྱ་སྟེ། ཁྱད་པར་དུ་ཚིག་གི་དོན་བཅུ་དྲུག་གཙོ་བོར་གྱུར་པའི་ ངག་གི་ཚོགས་ཀྱི་རྒྱུན་གྱིས་སྤྲས་པས་ན་རྒྱུན་ཏེ། དེ་ཉིད་རྒྱུད་ཅེས་བྱ་བ་སྟེ་ཚིག་གི་དོན་བཅུ་དྲུག་རྒྱས་པར་བྱེད་པས་ན་རྒྱུད་དེ་སྒྲའི་ཚོགས་ཀྱི་བདག་ཉིད་ཀྱི་བསྟན་བཅོས་ཞེས་བྱ་བའོ། །དེའི་ཚིག་ནི་དོན་བཅུ་དྲུག་གོ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །ཞེས་བྱ་བ་ནི་མདོར་བསྟན་པའོ། །གཞི་ ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བཤད་པའོ། །གཞི་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་འཛིན་པས་ན་ཐབས་ཀྱི་རྒྱུད་དེ། སྔགས་དང་ཕྱག་རྒྱ་ལ་སོགས་པ་རྗོད་པར་བྱེད་པའི་ཚིག་རྣམས་སོ། །རང་བཞིན་ནི་རྒྱུའི་རྒྱུད་དེ་གང་དུ་བྱང་ཆུབ་ཀྱི་སེམས་རང་བཞིན་མེད་པ། རྡོ་རྗེ་འཆང་གི་གོ་འཕང་ ཐོབ་པའི་རྒྱུར་གྱུར་པའོ། །མི་འཕྲོགས་པ་ནི་འཇིགས་པར་མི་འགྱུར་བ་འབྲས་བུའི་རྒྱུད་ཡིན་ཏེ། གང་དུ་བསྐྱེད་པའི་རིམ་པའམ། རྫོགས་པའི་རིམ་པའི་ཕྲ་མོའི་རྣལ་འབྱོར་ལ་སོགས་པའམ། རྡོ་རྗེ་བཟླས་པ་ལ་སོགས་པའམ། ཡན་ལག་དྲུག་པའི་རྣལ་འབྱོར་གྱིས་རྡོ་རྗེ་འཆང་ལ་ སོགས་པའི་སྐུར་བསྟན་ཏོ། །རྒྱུད་ཀྱི་དབྱེ་བ་གསུམ་ནི་དེ་དག་ཡིན་ནོ། །དཔལ་རྡོ་རྗེ་འཆང་ཡང་རྣམ་པ་གསུམ་སྟེ། རྒྱུའི་རྡོ་རྗེ་འཆང་དང་། འབྲས་བུའི་རྡོ་རྗེ་འཆང་དང་། ཐབས་ཀྱི་རྡོ་རྗེ་འཆང་ངོ་། །དེ་ལ་རྒྱུ་རྡོ་རྗེ་འཆང་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དང་པོའི་མགོན་པོའོ། །འབྲས་བུ་རྡོ་ རྗེ་འཆང་ནི་དེ་ལས་བྱུང་ཞིང་དེ་ལ་རྗེས་སུ་ཞུགས་པ་ལས་བྱུང་བ་མ་བསྐྱེད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སོ། །ཐབས་ཀྱི་རྡོ་རྗེ་འཆང་ནི་རྣམ་པ་གསུམ་སྟེ། གནས་བསྲུང་བ་དང་། བདག་བསྲུང་བ་དང་། རྣལ་འབྱོར་བསྲུང་བའོ། །དེ་ལ་གནས་བསྲུང་བ་ནི་ཁྲོ་བོ་བཅུ་ སྤྲོས་ནས་བགེགས་བསྐྲད་པའོ། །བདག་བསྲུང་བ་ནི་དོན་དམ་པའི་བདེན་པ་འབའ་ཞིག་སྒོམ་པ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་རྗེས་སུ་དྲན་པས་སྟོང་པ་ཉིད་ལ་འཇུག་པའི་མཚན་ཉིད་དོ། །རྣལ་འབྱོར་བསྲུང་བ་ནི་རྣམ་པ་གཉིས་ཏེ། བསོད་ནམས་ཀྱི་ ཚོགས་ཀྱི་མཚན་ཉིད་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དོ། །དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི་མཚན་ཉིད་ནི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་ཚངས་པའི་གནས་བཞི་སྟོང་པའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ནི་རྣམ་པར་ཐར་པའི་སྒོམ་པའོ། །དེ་ནི་ཐབས་ཀྱི་རྡོ་རྗེ་འཆང་ ཞེས་བྱའོ། །རྒྱས་པར་བཤད་པར་བྱ་སྟེ། གཞི་ནི་སྟོང་པ་དང་དེའི་སྔགས་ཏེ་དེ་ནི་རྒྱུ་ཡིན་ཏེ། རང་བཞིན་དང་ངོ་བོ་ཞེས་བྱའོ། །ཇི་སྐད་དུ། བུ་རམ་མངར་ཉིད་མེ་ཡི་ནི། །ཚ་བ་ཇི་ལྟར་རང་བཞིན་ཏེ། །སྟོང་པ་ཉིད་ནི་ཆོས་ཀུན་གྱི། །དེ་བཞིན་རང་བཞིན་ཉིད་དུ་འདོད། །ཅེས་འབྱུང་ངོ་། ། བཅོམ་ལྡན་འདས་བྱམས་པས་ཀྱང་། ཆོས་དབྱིངས་ཐ་མི་དད་པའི་ཕྱིར། །རིགས་ཀྱི་དབྱེ་བ་མི་རིགས་ཏེ། །རྟེན་པའི་ཆོས་ཀྱི་དབྱེ་བ་ཡིས། །དེ་ཡི་དབྱེ་བ་རབ་ཏུ་གྲགས། །ཞེས་འབྱུང་ངོ་། །དེ་བཞིན་དུ་མི་འཕྲོགས་པ་ནི་མི་འཇིགས་པ་སྟེ། རང་བཞིན་གྱིས་རྟག་པ་ཆོས་ཀྱི་སྐུ་དང་། མི་འཇིགས་པའི་རྟག་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། རྒྱུན་གྱི་རྟག་པ་ནི་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་ངོ་བོ་མི་འཕྲོགས་པ་སྟེ། འཇིགས་པའི་ངང་ཚུལ་མ་ཡིན་པ་འབྲས་བུ་ཞེས་བྱའོ། །གཞི་ནི་རྒྱུ་དང་འབྲས་བུ་ཐབས་ཀྱི་ངོ་ བོས་འཛིན་ཅིང་འཇོག་པར་བྱེད་པས་ན་གཞིའོ། །སྔགས་དང་ཕྱག་རྒྱ་ལ་སོགས་པ་སྒོམ་པའི་རིམ་པ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་གང་སྒོམ་པ་དེ་ནི་ཐབས་སོ། །གསུམ་པོ་དེ་དག་གི་རྒྱུད་དོན་གྱིས་བསྡུས་ལ། རྒྱུད་ནི་སྒྲའི་ཚོགས་ཀྱི་བདག་ཉིད་དང་དོན་དེས་བརྗོད་པར་བྱ་ བའི་རྡོ་རྗེ་འཆང་བསྡུས་ཏེ། རྣམ་པ་གསུམ་གྱིས་དོན་བསྡུས་པར་ཤེས་པར་བྱའོ། །དེ་ནི་དང་པོ་སྦྱོར་བ་ལ་སོགས་པ་གསུམ་མོ། །རིགས་ལྔ་ཞེས་བྱ་བ་ལ་སོགས་པས། དེ་ཁོ་ན་ཉིད་ལ་སོགས་པ་མདོར་བསྟན་པར་བྱའོ། །རང་བཞིན་ནི་གསང་བའོ། །བྱང་ཆུབ་རྡོ་རྗེ་ནི་བཅོམ་ལྡན་ འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །རྒྱས་པར་བཤད་པར་བྱའོ། །དེ་ཉིད་རྣམ་པ་ལྔ་རུ་ནི་ཕུང་པོ་ལྔའི་བདག་ཉིད་ཁམས་གསུམ་པ་སྟེ། དེ་ནི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་པ་བསྐྱེད་པའི་རིམ་པའོ། །དེའི་རྣམ་པར་དག་པའི་རང་བཞིན་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དེ། བསྐྱེད་པའི་རིམ་པ་ཁོ་ནའོ། །རྣམ་པར་ཤེས་པ་ལྔའི་བདག་ཉིད་དག་པའི་ངོ་བོ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དེ་ཁོ་ན་ཉིད་དེ་རྫོགས་པའི་རིམ་པའོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལ་སོགས་པ་དེ་ཁོ་ན་ཉིད་དེ་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་ ཀྱི་རྒྱལ་པོ་མཆོག་གོ། །རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་གྱིས་ངག་དང་སེམས་དང་ལུས་དང་ཀུན་རྫོབ་དང་གཉི་ག་དག་པ་ནི་དེ་ཁོ་ན་ཉིད་ལྔ་སྟེ། རྡོ་རྗེ་བཟླས་པ་དང་སེམས་ལ་དམིགས་པ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་དང་། ཟུང་དུ་འཇུག་ པའི་རིམ་པའོ། །ཡུལ་དང་དབང་པོ་གཅིག་ཏུ་བྱས་ན་དེ་ཁོ་ན་ཉིད་ལྔ་སྟེ། སོ་སོར་སྡུད་པའོ། །དེ་བཞིན་གཤེགས་པ་ལྔར་མོས་པ་དང་། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དེ་ཡན་ལག་ལྔའི་བསམ་གཏན་ནི་དེ་ཁོ་ན་ཉིད་ལྔ་སྟེ། བསམ་ གཏན་ནོ། །སྲོག་ལ་སོགས་པ་རླུང་ལྔ་ཐིག་ལེའི་གཟུགས་སུ་སྤྲོ་བ་ནི་དེ་ཁོ་ན་ཉིད་ལྔ་སྟེ། སྲོག་དང་རྩོལ་བའོ། །ཕུང་པོ་ལྔའི་སྙིང་པོར་གྱུར་པའི་ཐིག་ལེ་པདྨའི་ལྟེ་བར་འཛིན་པ་ནི་དེ་ཁོ་ན་ཉིད་ལྔ་སྟེ་འཛིན་པའོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་སྤྲོ་བ་ནི་དེ་ཁོ་ན་ཉིད་ལྔ་སྟེ་རྗེས་སུ་དྲན་པའོ། །སྐུ་ལྔ་དང་སྤྱན་ལྔ་དང་མངོན་པར་ཤེས་པ་ལྔ་དང་ཡེ་ཤེས་ལྔ་དང་། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པར་མཛད་པ་དང་། འགྲོ་བ་ལྔ་རྣམ་པར་སྦྱོང་བར་མཛད་པ་དང་། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་འབྱུང་བ་ཆེན་པོ་ལྔའི་ངོ་ བོ་འོད་ཟེར་ལྔ་སྤྲོ་བ་དང་། སྡུད་པར་མཛད་པ་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་དེ་ཁོ་ན་ཉིད་ལྔ་སྟེ་ཏིང་ངེ་འཛིན་ནོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ་དང་ས་བོན་ལྔས་བྱིན་གྱིས་བརླབ་པ་དེ་ཁོ་ན་ཉིད་ལྔ་སྟེ་དམ་ཚིག་གོ། །རིགས་ལྔའི་འབྲེལ་པ་དང་ ལྡན་པའི་སློབ་པ་བླང་བ་ནི་དེ་ཁོ་ན་ཉིད་ལྔ་སྟེ་སྡོམ་པའོ། །དེ་ནི་སྡོམ་པ་སྟེ་དོན་བཅུ་དྲུག་གོ། །གསང་བ་གསུམ་ནི་སྔར་བཤད་ཟིན་ཏོ། །གསང་བ་ཞེས་བྱ་བ་ནི་གསང་བ་ཡིན་པས་ན་ལྷག་པའི་ལྷ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་བསྐྱེད་པའི་རིམ་པའོ། །ཡེ་ཤེས་ ལྔའི་རང་བཞིན་ཡིན་པའི་ཕྱིར་ལྷག་པ་ཡང་ཡིན་ལ། གསང་བའི་རང་བཞིན་ཡིན་པས་ན་ལྷག་པ་ཡང་ཡིན་ཏེ། ལྷག་པའི་ལྷ་ནི་ཡུངས་ཀར་གྱི་འབྲུའི་ཚད་ཙམ་མམ། སྐྲའི་རྩེ་མོའི་བརྒྱ་སྟོང་གི་ཚད་ཙམ་གྱི་ཐིག་ལེ་སྟེ་རྫོགས་པའི་རིམ་པའོ། །དམ་ཚིག་ནི་ཕུལ་དུ་བྱུང་བ་སྟེ། བསམ་པ་ཇི་ལྟ་བ་བཞིན་དུ་གདུལ་བྱའི་སེམས་ཅན་གྱི་ཁམས་གྲོལ་བར་བྱེད་པས་ན་རྡོ་རྗེ་འཆང་གི་རིགས་གཅིག་ཡིན་ན་ཡང་རྣམ་པ་བརྒྱར་འགྱུར་ཏེ། དེ་བཞིན་གཤེགས་པ་རེ་རེ་ལ་ལྔ་ལྔ་ལ་སོགས་པར་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རགས་པ་དང་ཕྲ་བའི་བག་ཆགས་ཀྱ