Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 25

Văn bản gốc(Tây Tạng)

Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུ་ར་པཱི་ཋི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་གདན་བཞི་པའི་རྣམ་པར་བཤད་པ། མཁའ་འགྲོ་མ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཟླ་བ་གཞོན་
པའི་སྟེང་ན་ཉིན་བྱེད་ཐིག་ལེ་འཛིན་པའི་སངས་རྒྱས་ཀྱིས་བརྒྱན་པ། །མཛེས་པའི་གཟུགས་ཅན་བྱམས་པའི་མགོ་སྟེ་སྐུ་མཆོག་འཇམ་པའི་ལུས་ལ་ཡང་། །དབྱིག་པའི་གཟུགས་ནི་པདྨ་ལས་བྱུང་འགུགས་པའི་
སྐུ་ནི་འཇིགས་པའི་ང་རོ་རྡོ་རྗེ་ཅན། །རྣམ་ཤེས་ཡེ་ཤེས་ཀྱི་གཟུགས་སྲིད་པའི་འཇིགས་པ་འཇོམས་བྱེད་ལྷ་ཡི་སྤྱི་གཙུག་ལ་ཕྱག་འཚལ། །དཔལ་ལྡན་གདན་བཞིའི་རྒྱུད་ཆེན་ལ། །གསང་བའི་མདུད་པ་
འགྲོལ་བྱེད་པ། །རྣམ་བཤད་དེ་ཡིས་འདི་བྲིས་ཏེ། །དགེ་བའི་གོ་ཆས་ཞུས་ཕྱིར་རོ། །འདི་སྐད་བཤད་པ་ཞེས་པ་དང་པོར་བརྩམས་ནས་མངོན་པར་བསྟོད་དོ་ཞེས་པའི་ཚིག་ཇི་སྙེད་ཀྱི་བར་རྣམ་པར་འབྱེད་པ་དང་
མཚན་མ་དང་། ཚིག་དང་། མདོར་བསྡུས་པ་ལ་སོགས་པ་དང་། ལྕི་བ་དང་། ཡང་བ་དང་། ཚིག་དང་ཡིག་འབྲུ་ལ་སོགས་པའི་དོན་ཉེ་བར་སྟོན་པའི་དབང་ལས་ཇི་ལྟར་འབྱོར་པ་བཞིན་དུ་སྦྱར་བར་བྱའོ། །འདི་

སྐད་བཤད་པའི་ཐམས་ཅད་མཁྱེན། །ཞེས་པ་ལ་སོགས་པས་ནི་དོན་བཞི་བསྟན་ཏེ། སྟོན་པ་པོ་དང་། བསྟན་པའི་རྣམ་པ་དང་། བསྟན་བྱའི་དོན་དང་། གནས་སོ། །དེ་ལ་ཐམས་ཅད་མཁྱེན་པ་ཞེས་པ་ནི་སྟོན་པ་པོའོ། །
འདི་སྐད་ཅེས་པ་བསྟན་པའི་རྣམ་པའོ། །ཡེ་ཤེས་ཞེས་པ་ནི་བསྟན་བྱའི་དོན་ཏོ། །གནས་གཙང་མ་ལ་ཞེས་པ་ནི་གནས་སོ། །དེ་ལ་ཚིག་གི་དོན་ནི་དྲང་སྲོང་རྣམས་ཞེས་པ་སྟེ། སངས་རྒྱས་རྣམས་ཀྱི་ཞེས་པའི་དོན་ཏོ། །དྲང་སྲོང་རྣམས་ཀྱི་ཞེས་པ་
ནི་ཁ་ཅིག་ལ་ཡང་དོན་དེ་ཁོ་ནའོ། །རྣལ་འབྱོར་མ་ཡི་དྲ་མཆོག་བདེ། །ཞེས་པ་ལ། དེ་ལ་རྣལ་འབྱོར་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པའོ། །དྲ་བ་ནི་འདུས་པའོ། །མཆོག་ཏུ་བདེ་བ་ནི་ལོངས་སྤྱོད་དོ་ཞེས་པའོ། །འཁོར་གང་ལ་
ཡིན་ཞེ་ན་གསུངས་པ། སྦྱངས་པའི་ཡོན་ཏན་ཅན་དང་ཞེས་པ་ལ་སོགས་པ་སྟེ། སྦྱངས་པའི་ཡོན་ཏན་ཅན་དང་ཞེས་པ་ནི་ཚིག་གཉི་ག་ལ་ཡང་བྱམས་པའོ། །འཇིགས་པར་མཛད་པ་པོ་དང་ཞེས་པ་ནི་ཕྱག་ན་རྡོ་རྗེའོ། །འཕྱང་བ་པ་དང་ཞེས་པ་ནི་
ཀུན་དུ་བཟང་པོའོ། །མགྲིན་པ་གསུམ་པ་ཅན་དང་ཞེས་པ་ནི་ནམ་མཁའི་མཛོད་དོ། །རི་རབ་པ་དང་ཞེས་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །རི་རབ་གཙུག་ཏོར་ཅན་དང་ཞེས་པ་ནི་སའི་སྙིང་པོའོ། །པདྨ་ཅན་དང་ཞེས་པ་ནི་འཇིག་རྟེན་

དབང་ཕྱུག་གོ། །པདྨ་འཆང་བ་པོ་དང་ཞེས་པ་ནི་ཤེས་རབ་རྣོན་པོའོ། །དེ་དག་ལ་སོགས་པ་ལྷ་དང་མི་ལ་སོགས་པ་ཇི་སྙེད་དང་བཅས་པའོ། །གསང་བར་སྦྱོར་བ་ཞེས་པ་ནི་གསང་བའི་དུས་སོ། །ས་ཞེས་པ་ནི་སའོ། །འབྱུང་དུ་འཇུག་པའི་དབུགས་དག་ནི། །ཞེས་པ་ནི་ཡར་འོང་བའི་རླུང་དང་། མར་འགྲོ་བའི་
རླུང་ངོ་། །ཡུལ་དང་ལུས་སོགས་ལྷ་རྣམས་དག །ཅེས་པ་ནི་ཕུང་པོ་ལྔ་དང་དབང་པོ་ལྔ་དང་། དེའི་ཡུལ་ཁམས་དང་། སྐྱེ་མཆེད་རྣམས་གཟུང་བར་བྱའོ། །ཡེ་ཤེས་རྣམ་པར་ཤེས་པའི་ཡུལ་ཞེས་པ་ལ་དེ་ལ་ཡེ་ཤེས་ཞེས་པ་ནི་སྐྱེས་བུའི་གཟུགས་ཏེ་ཐབས་སོ། །རྣམ་པར་ཤེས་པ་ཞེས་པ་ནི་
ལྷ་མོའི་གཟུགས་ཏེ་ཤེས་རབ་མའོ། །ཡེ་ཤེས་དབང་ཞེས་པ་ནི་དེ་དག་གི་དབང་ཕྱུག་པ་ཇི་སྙེད་པའོ་ཞེས་པའོ། །སེམས་ཅན་གྱི་གཞི་ཐབས་སུ་གྱུར་པ་རྩ་བའི་འཁོར་ལོ་དང་པོ་ཁོ་ནར་སྟོན་འདོད་པས་ཉོན་ཅིག་ཅེས་དེ་གཉིས་གཅིག་ཏུ་གྱུར་པའི་དབུགས་རྣམ་པའི་ཆ་གསུངས་པ། ཉི་ཁྲི་དང་ནི་ཞེས་པ་ལ་
སོགས་པ་གསུངས་ཏེ། དེ་ལ་ཁྲི་ནི་སྟོང་ཕྲག་བཅུའོ། །ཉི་ཁྲི་ཞེས་པ་ནི་ཁྲི་ཕྲག་གཉིས་སོ། །ཆིག་སྟོང་ཞེས་པ་ནི་སྟོང་ཕྲག་གཅིག་གོ། །དྲུག་བརྒྱ་ནི་ཞེས་པ་ནི་བརྒྱ་ཕྲག་དྲུག་གོ། །ཆུ་ཚོད་དྲུག་ཅུའི་དབུགས་རྣམས་ནི། །ཞེས་པ་ནི་ཆུ་ཚོད་དྲུག་ཅུའོ། །དེ་གཉིས་ཉིན་མཚན་དུ་ཇི་སྙེད་ཡོད་པའི་དབུགས་ཀྱི་དོན་
ཤེས་པའོ། །འབྱུང་ཞེས་པ་ནི་ཡར་འཁྱུད་པའི་དབུགས་སོ། །འཇུག་ཅེས་པ་ནི་མར་འཇུག་པའི་དབུགས་སོ། །ཕྱི་རོལ་བརྩི་པར་གཞག་བྱ་བ། །བཅུ་གཉིས་ས་ལ་དེ་བཞིན་ཏེ། །ཞེས་པ་ལ་དེ་སའི་འཁོར་ལོའོ། །བཅུ་གཉིས་ནི་རེའུ་མིག་བཅུ་གཉིས་སོ། །ཕྱི་རོལ་ཞེས་པ་ནི་ཕྱི་རོལ་དུ་བྲི་བའོ། །བརྩི་བར་
གཞག་བྱ་བ་ཞེས་པ་ནི་རྩིས་ཀྱི་ཡི་གེ་གཞག་པར་བྱའོ་ཞེས་པ་ཇི་སྙེད་པའོ། །ཇི་ལྟར་ཚེས་གྲངས་བརྩི་བ་བཞིན། །ཞེས་པ་ནི་ཕྱོགས་དང་མཚམས་ལ་རིམ་པས་ཕྱི་རོལ་དུ་མིང་འཛག་པ་ལ་སོགས་པ་རྣམ་པ་བཅུ་གཉིས་ལ་རེའུ་མིག་ལ་གཞག་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་ཡང་ཚེས་ཀྱི་རིམ་པ་གང་ལས་བརྩམས་
ཏེ་གཞག་པར་བྱ་ཞེ་ན་གསུངས་པ། ཤར་ནས་དགུན་ཟླ་འབྲིང་སོགས་གཞག །ཅེས་པ་ལ་སོགས་པ་གསུངས་ཏེ། དགུན་ཟླ་འབྲིང་པོ་ཞེས་པ་ནི། དགུན་ཟླ་འབྲིང་པོའོ། །དེ་ནས་བརྩམས་ནས་ཇི་སྙེད་དགུན་ཟླ་ར་བའི་བར་དུ་ཞེས་པའི་དོན་ཏོ། །འཇིགས་པ་ལ་སོགས་པ་དང་པོ་ནས་འདོད་པ་མཐར་

ཐུག་པ་རེའུ་མིག་བཅུ་གཉིས་པ་ཁུང་བུ་ལ་གཞག་པར་བྱའོ་ཞེས་ཇི་སྙེད་པའོ། །མ་རིག་པ་ལ་སོགས་བཅུ་གཉིས་ཡན་ལག་རྣམས་ནི་འཛག་པ་ལ་སོགས་པ་རྣམས་རྣམ་གྲངས་གཞན་དུ་གསུངས་པ་བླ་མའི་མན་ངག་གོ། །རོ་ཧི་ཏ་དུས་ལྷགས་ལ་མཆོད། །དེ་བཞིན་ལོ་ནི་བཅུ་
བདུན་ཐུབ། །ཅེས་པ་ནི་རྩ་བ་རྣམ་པར་བཟློག་པར་བཤད་པར་བྱའོ། །རབ་འབྱོར་ས་ནི་ཐོག་རྒས་ཤིང་། །རྣལ་འབྱོར་ས་ནི་འབྱུང་བའི་བར། །ཞེས་པ་ནི་རང་བཞིན་འཇུག་པ་དང་། ལོག་པ་གཉིས་སྦྱོར་བ་ཆ་ལ་སྐྱེས་པ་ཞེས་པ་སྟེ། དེའི་ལུས་རྣམས་ཀྱི་མཚན་ཉིད་ནི་ཀུན་ལ་ཤེས་པར་བྱའོ། །ར་
ཅན་པྲེ་ཤ་པ་ལ་འགྲུབ། །ཅེས་པ་ནི། དེ་ལ་ར་ཅན་ནི་འཛག་པ་དང་། ཆུ་སྲིན་དང་། སྦོམ་པོ་དང་། སྡིག་པ་རྣམས་ཏེ། རྒྱ་གར་གྱི་ཚིག་ལ་ཡི་གེ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཁྱུ་མཆོག་ལ་གང་བྱེད་པའི་དོན་ཏེ་འགྲུབ་པོ་ཞེས་པའི་དོན་ཏོ། །མཁས་པས་སྔ་དྲོ་བརྩི་བར་བྱ། །ཞེས་པ་ནི་ཐོ་རངས་ཀྱི་དུས་
ལས་བརྩམས་ནས། དབུགས་ལ་སོགས་པ་བརྩི་བྱའོ། །ཞེས་པ་ཇི་སྙེད་པའོ། །ནོར་རྒྱས་བུ་ཞིག་འཛག་པ་སྟེ། །ཞེས་པ་ལ་སོགས་པས་ནི། དུག་ཕོག་པའི་དུས་ན་སོས་གཟུང་བ་བརྟགས་པ་ལ་འཛག་པ་ལ་སོགས་པའི་ཞིང་ལ་ནི། ནོར་རྒྱས་ཀྱི་བུ་ལ་སྦྱར་བར་བྱའོ་ཞེས་ཇི་སྙེད་པའོ། །འདི་ལ་དུག་གི་རིམ་
སྦྱར་བ། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །ཞེས་པ་ནི་འདི་ལ་དུག་ཅེས་པ་ནི་གང་དུ་ཀླུའི་འཁོར་ལོའོ། །རིམ་སྦྱར་བ་ཞེས་པ་ནི། སོས་པ་དང་མི་སོས་པའི་རིམ་པ་བྱེ་བྲག་ཏུ་ནི་ཤེས་པར་བྱའོ་ཞེས་ཇི་སྙེད་པའོ། །རྭ་ཅན་ཁྱུ་མཆོག་རྣམས་ལ་གྲུབ། །བདུད་རྩི་སྐྱེ་བར་མི་འགྱུར་རོ། །ཞེས་ནི། དེ་ལ་ཡང་འགྲུབ་འཇིགས་
པ་དང་། ཆུ་སྲིན་དང་། སྦོམ་པོ་དང་། སྡིག་པ་རྣམས་ཏེ། རྒྱ་གར་གྱི་ཚིག་ལ་ར་ཡིག་ཡོད་པའི་ཕྱིར་རོ། །ར་ཅན་པའི་སྒྲ་ནི་མི་དགེ་བའི་རྣམ་གྲངས་སོ། །དོན་ནི་འདི་ལྟ་སྟེ། ར་ཅན་བཞི་དང་ཁྱུ་མཆོག་ལ། །སོས་བཏབ་ཟིན་ན་མི་འཚོའོ། །ཞེས་ཇི་སྙེད་པའོ། །དེ་ཁོ་ནའི་ཕྱིར་བདུད་རྩི་སྐྱེ་བར་མི་འགྱུར་རོ་ཞེས་པ་
དང་། ནག་པོས་ཟོས་པར་འགྱུར་རོ་ཞེས་ཇི་སྙེད་པའོ། །དུག་བསྡུ་བ་ཡི་སྦྱོར་བ་ནི། །གཞན་གྱི་ཆོ་ག་ཀུན་སྦྱར་ནས། །ཞེས་པ་ནི། ཁྱུ་མཆོག་དང་། ར་ཅན་བཞི་ལས་གང་གི་ཚད་ལ་གལ་ཏེ་ཟོས་པར་གྱུར་ན་དེའི་ཚེ་དཔྱད་པར་བྱ་བའི་དོན་ཏོ། །རིམ་གྱིས་དགུན་ཟླ་འབྲིང་སོགས་པར། །དུས་ཀྱིས་བགྲོད་པར་བྱང་གི་ཕྱོགས། །

ཞེས་པ་ནི། དགུན་ཟླ་འབྲིང་པོ་དང་པོ་ནས་བཟུང་སྟེ། རིམ་པར་ཉི་མའི་སྤྱོད་པའི་དབང་ལ་བགྲོད་པ་སྟེ། ལྷོ་རུ་བགྲོད་པ་དང་། བྱང་དུ་བགྲོད་པའོ། །བྱང་གི་ཕྱོགས་ཤེས་པ་ནི། བྱང་དུ་བགྲོད་པའོ་ཞེས་པའོ། །ལྷོ་ན་བགྲོད་པ་ནི་ཉིན་མོ་མངོན་དུ་བསྐྱེད་པ་དང་། བྱང་དུ་བགྲོད་པ་ལ་ནི་མཚན་མོ་མངོན་དུ་བསྐྱེད་
པའོ་ཞེས་ཇི་སྙེད་པའོ། །ད་ནི་དགུན་ཟླ་འབྲིང་པོ་ལ་སོགས་པ་ཟླ་བ་བཅུ་གཉིས་ཀྱི་མཚན་མོ་དང་ཉིན་མོའི་རྣམ་པའི་ཆུ་ཚོད་བཅུ་དྲུག་ལས་ཕྲི་བ་དང་། བསྐྱེད་པ་གསུངས་པ། བཅུ་གཉིས་བུན་དང་བཞི་དག་ནི། །ཞེས་པ་ལ་སོགས་པ་སྟེ། ཆུ་ཚོད་སུམ་ཅུ་རྩ་དྲུག་ཅེས་པའི་དོན་ཏོ། །ཇི་ལྟར་ཉིན་དང་ཉིན་བྱ་བ། །ཞེས་
པ་ནི། ཇི་སྙེད་ཟླ་བ་རྫོགས་པ་ལ། །ཞེས་པ་སྟེ། དེ་སྙེད་ཁོ་ན་ཉིན་རེ་དང་མཚན་རེ་ལ་ཆུ་ཚོད་ཀྱི་རྣམ་པ་ཆེར་ཤེས་པར་བྱའོ། །རེའུ་མིག་གི་ནི་བཅུ་གཉིས་པའི། །ཞེས་པ་ནི་དགུན་ཟླ་ཐ་ཆུངས་སོ། །བཅུ་གཉིས་འགྱུར་དང་དྲུག་དང་ནི། །ཞེས་ནི་ཉིན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་དྲུག་གོ། །བཅུ་གསུམ་བུན་འགྱུར་བཞི་
དག་ནི། །ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་བཞིའོ། །བཅུ་གཉིས་བསྒྱུར་བའི་བརྒྱད་དག་ནི། །ཞེས་པ་ནི་དཔྱིད་ཟླ་ར་བའི་ཉིན་མོའི་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ། །བཅུ་གསུམ་བུན་འགྱུར་གཉིས་དག་ནི། །ཞེས་པ་ནི། མཚན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །བྷི་ཤུའི་བར་དུ་
གཉིས་སྦྱར་བ། །ཞེས་པ་ནི། དཔྱིད་ཟླ་འབྲིང་པོའི་ཆུ་ཚོད་སུམ་ཅུས་བརྟགས་པ་ཡིན་ཞེས་ཏེ། དེའི་ཉིན་དང་མཚན་ལ་ཆུ་ཚོད་སུམ་ཅུ་ཞེས་པའི་དོན་ཏོ། །བཅུ་གསུམ་དང་ནི་གཉིས་དག་གོ། །ཞེས་པ་ནི་དཔྱིད་ཟླ་ཐ་ཆུངས་ཀྱི་ཟླ་བ་ལ་ཉིན་མོའི་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །བཅུ་གཉིས་གྱུར་
དང་བརྒྱད་དག་ནི། །ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ། །བཅུ་གསུམ་རྣམ་པར་གཞག་པ་དང་། །བཞི་པོ་དག་ནི་ལྡན་པར་བྱ། །ཞེས་པ་ནི། དབྱར་ཟླ་ར་བའི་ཉིན་མོའི་ཆུ་ཚོད་སུམ་ཅུ་རྩ་བཞིའོ། །བཅུ་གཉིས་བསྒྱུར་དང་དྲུག་རྣམས་ནི། །ཞེས་པ་ནི་དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་
ཉི་ཤུ་རྩ་དྲུག་གོ། །བཅུ་གསུམ་བསྒྱུར་བའི་དྲུག་དང་ཡང་། །ཞེས་པ་ནི། དབྱར་ཟླ་འབྲིང་པོའི་ཉིན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་དྲུག་གོ། །བཅུ་གཉིས་བུན་དང་བཞི་ཡིས་ནི། །ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བཞིར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་ཉིན་མོ་མངོན་དུ་བསྐྱེད་པའི་རྒྱུར་

གྱུར་བའི་ལྷོའི་བགྲོད་པ་ཞེས་བྱ་བ་དེ་དག་ཙམ་གྱིས་ཡོངས་སུ་རྫོགས་སོ་ཞེས་གསུངས་པ། ལྷོ་ཕྱོགས་སུ་ནི་བགྲོད་སྟོན་པའོ། །ཞེས་པ་ལ་སོགས་པའོ། །ཡང་མཚན་མོ་མངོན་དུ་བསྐྱེད་པའི་རྒྱུར་གྱུར་པ། །བྱང་གི་བགྲོད་པ་བརྗོད་འདོད་པས་གསུངས་པ། བཅུ་གསུམ་
བསྒྱུར་པ་ལ་སོགས་པ་སྟེ། དེ་ལ་ཞེས་པ་ནི། དབྱར་ཟླ་ཐ་ཆུངས་ཟླ་བའི་ཉི་མ་ཆུ་ཚོད་སུམ་ཅུ་རྩ་བཞིའོ། །བཅུ་གཉིས་བུན་བསྒྱུར་དྲུག་དང་ནི། །ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་དྲུག་གོ། །བཅུ་གསུམ་བསྒྱུར་བའི་གཉིས་དང་ཡང་། །ཞེས་པ་ནི་སྟོན་ཟླ་ར་བ་ཟླ་བའི་ཉིན་མོ་ལ་ཆུ་ཚོད་
སུམ་ཅུ་རྩ་གཉིས་སོ། །བཅུ་གཉིས་བསྒྱུར་དང་བརྒྱད་ཀྱིས་ནི། །ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ། །བཅུ་གསུམ་འགྱུར་དུ་བསྟན་པ་ཡིས། །ཞེས་པ་ནི། སྟོན་ཟླ་འབྲིང་པོའི་བྷི་ཤུ་ཞེས་བྱ་བ་ཉིན་མོ་དང་། མཚན་མོ་ལ་ཆུ་ཚོད་སུམ་ཅུ་སུམ་ཅུ་ཞེས་ཇི་སྙེད་པའོ། །བཅུ་གཉིས་འགྱུར་
དང་བརྒྱད་ཀྱིས་ནི། །ཞེས་པ་ནི། སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བའི་ཉིན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ། །བཅུ་གསུམ་གྱུར་པའི་གཉིས་དང་ནི། །ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །བཅུ་གཉིས་བསྒྱུར་པ་དྲུག་དང་ནི། །ཞེས་པ་ནི་དགུན་ཟླ་ར་བའི་ཟླ་བའི་ཉིན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་
དྲུག་གོ། །བཅུ་གསུམ་བསྒྱུར་བའི་བཞི་དང་ནི། །ཞེས་པ་ནི་དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་བཞི་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་བགྲོད་པས་ཟླ་བ་དང་མཚན་མོ་དང་ཉིན་མོའི་ཆ་རྣམ་པར་ཕྱེ་བ་རྣམས་ཀྱི་ཆུ་ཚོད་གཅིག་ལ་དབུགས་སུ་ཞེས་དཔྱད་པ་གསུངས་པ། སུམ་བརྒྱ་དེ་བཞིན་དྲུག་ཅུ་
ལ། །ཞེས་པ་ལ་སོགས་པ་སྟེ། དེའི་དོན་ནི་འདི་ལྟ་སྟེ། ཉིན་མཚན་གྱི་དེའི་ཆུ་ཚོད་དྲུག་ཅུའི་གྲངས་ལ་ཆུ་ཚོད་རེ་རེ་ཁོ་ན་ལ་སུམ་བརྒྱ་དྲུག་ཅུ་དབུགས་ཡིན་ནོ་ཞེས་པའོ། །ཟླ་བ་གོ་རིམས་ཇི་ལྟ་བར། །ཞེས་པ་ནི་དབྱར་ཟླ་འབྲིང་པོ་ལ་སོགས་པའི་ཆུ་ཚོད་རྣམས་དེ་བཞིན་དུ་དབུགས་རྣམས་སོ། །ཆུ་ཚོད་
དབུགས་ནི་ཀུན་རྫོགས་དང་། །རིམ་པར་འཁོར་བར་ཆད་པ་ནི། །ཞེས་པ་ནི་དེ་ལ་དཔྱིད་ཟླ་འབྲིང་པོ་དང་སྟོན་ཟླ་འབྲིང་པོ་གཉིས་ལ་བྷི་ཤུར་འགྱུར་ཏེ། དེ་གཉིས་ཀྱི་ཉིན་མོ་དང་མཚན་མོ་ལ་མཉམ་པར་འཁོར་རོ། །ལྷག་མ་རྣམས་ཟླ་བ་ལ་ནི་ཆད་པ་ཞེས་ཕྲི་བ་དང་། སྐྱེད་པར་འཁོར་རོ། །བགྲོད་པ་དང་ཟླ་བའི་རྣམ་པའི་ཆའི་

དབུགས་དང་། ཆུ་ཚོད་ཕྱེ་བ་མངོན་པར་བརྗོད་ནས། ད་ནི་ལོ་གཅིག་གི་ཚེས་གྲངས་རྣམ་པའི་ཆ་དབྱེ་བར་འདོད་པས་གསུངས་པ། ཁ་སོགས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁ་སོགས་ཞེས་པ་ནི་ཉི་ཤུ་རྩ་བཞིའི་ཡི་གེ་ཁ་དང་པོར་བཟུང་ནས་ཡི་གེ་བར་མའི་བར་དུ་བྱ་སྟེ། བྱཱ་ཀ་ར་ཎའི་ཨ་ཀ་ར་ཤ་མ་ཏི་ཀ་ལ།
ཡ་ཝ་ར་ལ་ཞེས་བརྗོད་པའི་ཕྱིར་རོ། །དུས་ཤེས་ན་དྲུག་ཁོ་ན་བྱའོ་ཞེས་སོ། །དེ་དག་ཐམས་ཅད་འདུ་བར་བྱས་ཏེ། བགྲོད་པ་གཉིས་ཀྱི་བརྩི་བ་ལ། །ཞེས་པ་སྟེ། བགྲོད་པ་གཉིས་ལས་རྣམ་པར་ཤེས་པ་གཉིས་བྱའོ་ཞེས་པའི་དོན་ཏོ། །བསམ་པ་ནི་འདི་ལྟ་སྟེ། སུམ་ཅུ་རྩ་དྲུག་གི་གྲངས་འདུས་ནས་
ཆ་མཉམ་པོར་བྱའོ་ཞེས་པའོ། །དེ་ལྟར་ཟིན་མ་ཐག་ཏུ་ཆ་གཅིག་ལ་བརྩི་བ་བཅོ་བརྒྱད་དུ་འགྱུར་རོ། །གཉིས་ནི་བཅུ་འགྱུར་བྱ་བ་ཡིས། །ཞེས་པ་ནི་ཆ་གཉིས་སོ། །སོ་སོར་རེ་རེར་བཅུ་བུན་དུ་བྱས་ཏེ། དེ་གཉིས་འདུས་པའི་ཇི་སྙེད་ཀྱི་གྲངས་སྙེད་པ་དེ་སྙེད་གྲངས་ཡོངས་སུ་བརྩིས་པ་ནི། དེ་ལྟར་
ལོའི་ཆུ་ཚོད་དོ། །ཞེས་པ་སྟེ། ཆུ་ཚོད་དབུགས་རྣམས་ནི་བསྒྱུར་ཞེས་པའི་དོན་ཏོ། །ཉིན་དང་མཚན་གྱི་དབུགས་དག་ནི། །དེ་ཡི་ཚད་ཀྱིས་སྦྱར་བར་བྱ། །ཞེས་པ་ནི་དེའི་ཚད་ཅེས་ཆུ་ཚོད་ཀྱི་བློ་དང་དབུགས་ཀྱི་མཐར་ཐུག་པ་ཚད་གསལ་ལོ་ཞེས་དེ་ཤེས་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་ལྟར་རྩ་བའི་
འཁོར་ལོ་གྱུར་པ་ལོ་དང་ཟླ་བ་དང་། ཉིན་མཚན་གྱི་ཆུ་ཚོད་དང་། དབུགས་ཀྱི་ཚད་མངོན་པར་བརྗོད་ནས་ཕྱིའི་དཀྱིལ་འཁོར་བྱས་ནས་ས་བཅུ་གཉིས་ལ་གཞག་པའི་སྒྲ་ཡིག་གི་ཁྱད་པར་གྱི་དབང་ལས་དགེ་བ་དང་མི་དགེ་བའི་མཚན་མ་བརྟག་པའི་དོན་དུ་རྣལ་འབྱོར་པའི་འཁོར་ལོ་སྟོན་འདོད་
པས་གསུངས་པ། ངག་གི་དབང་ཕྱུག་ཀུན་བཟུང་ནས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་མན་ངག་ནི་འདི་ལྟ་སྟེ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་བྱུགས་པའི་གསང་བའི་ཕྱོགས་ལ་ཙནྡན་དང་གུར་ཀུམ་ལ་སོགས་པ་རྣམ་པར་བགྲོད་པའི་དཀྱིལ་འཁོར་ལ་མཁའ་འགྲོ་མ་ལྔའི་ས་བོན་
གྱིས་སྔགས་བཏབ་པའི་རྡོ་རྒྱུས་ཀྱིས་རེའུ་མིག་བཅུ་གཉིས་པ་འཁོར་ལོ་མངོན་པར་བྲིས་ཏེ། དེ་ལ་ཤར་གྱི་རེའུ་མིག་ནས་བརྩམས་ནས། ཡི་གེ་ཨ་ལ་སོགས་པ་ཡི་གེ་ཨའི་མཐར་ཐུག་པ་རྣམས་མ་ནིང་གི་ཡི་གེ་རྀ་རཱྀ་ལྀ་ལཱྀ་སྤངས་ནས་བྲི་བར་བྱས་ཏེ། བདག་ཀྱང་ཡི་དམ་གྱི་ལྷ་ཡིད་

ལ་བྱེད་པ་བྱས་པ་དེའི་འདྲི་བ་པོའི་ངག་གི་དབང་ཕྱུག་ཚད་བཟུང་ནས་དེའི་གྲངས་སུ་གསུངས་པ་དང་། འཁོར་ལོའི་ཡི་གེ་ཡང་བཟུང་ནས་དེའི་གྲངས་དེ་ཡང་སུམ་འགྱུར་དུ་བྱས་ཏེ། རྩིས་དེ་ཡང་དྲུག་འགྱུར་དུ་བྱས་ནས། །དེ་ཁོ་ན་ལ་དྲུག་ཅུ་རྩ་ལྔས་བསྲེས་ཏེ། དེ་ལས་བཅུ་
གཉིས་བཅུ་གཉིས་སུ་ཕྲི་ནས་ལུས་པའི་རྩིས་ཀྱི་ཚད་གང་དེའི་ཡོན་ཏན་བལྟས་ནས་དགེ་དང་མི་དགེ་བ་བསྟན་པར་བྱའོ། །མ་ནིང་གཉིས་ནི་མངོན་སྤངས་ཏེ། །ཞེས་ནི་རྀ་རཱྀ་དང་ལྀ་ལཱྀ་སྤངས་པའི་སྒྲ་ཡིག་ཅེས་པའི་དོན་ཏོ། །ཨ་ཞེས་བྱ་བར་རིམ་ལྡན་ན། །ཞེས་པ་དང་པོ་ནས་གཟུང་སྟེ། །ཇི་ལྟར་
དང་པོ་ཨ་ཞེས་པས། །དེ་བཞིན་མཐའ་མ་གཟུང་བར་བྱ། །ཞེས་ཇི་སྙེད་ཀྱི་བར་མཚན་མའི་ཡོན་ཏན་གསུངས་སོ། །ད་ནི། ངག་གི་དབང་ཕྱུག་ཀུན་བཟུང་ན། །ཞེས་པ་དེ་ལ་མན་ངག་སྟོན་པ་ནི། བཅོམ་ལྡན་འདས་ཉིད་ཁོ་ནས་གསུང་བར་མཛད་པས་གསུངས་པ། གོང་དུ་སུམ་འགྱུར་བྱ་བ་
དང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ། གོང་དུ་སུམ་འགྱུར་བྱ་བ་དང་། །ཞེས་པ་ནི། འདྲི་མཁན་གྱི་ངག་གི་དབང་ཕྱུག་རྣམས་ནི་དང་པོ་སུམ་འགྱུར་དུ་བྱས་ནས་ཕྱི་ནས་དྲུག་འགྱུར་བྱའོ་ཞེས་དོན་གསུངས་པ། དྲུག་འགྱུར་དུ་ནི་བརྩི་བ་གཞག །ཅེས་པ་སྟེ། དོན་ནི་འདི་ལྟ་སྟེ། འདྲི་
མཁན་གྱི་ངག་གི་དབང་ཕྱུག་སུམ་འགྱུར་དུ་བྱས་པ་ཁོ་ན་ཇི་སྙེད་ཀྱི་སྒྲ་ཡིག་དེ་སྙེད་ཀྱི་ཚད་ཁོ་ན་ཡང་དྲུག་འགྱུར་དུ་གཞག་པར་བྱའོ་ཞེས་པའོ། །ཡང་གསུངས་པ། དྲུག་ཅུ་རྩ་ལྔས་བསྲེས་ནས་ནི། །ཞེས་པ་ནི་དྲུག་འགྱུར་དུ་བྱས་པའི་ཚད་ཁོ་ན་ལ་དྲུག་ཅུ་རྩ་ལྔས་བསྲེས་ནས་གཅིག་ཏུ་
བྱས་ཏེ། ས་ཡིས་དེ་ནི་བཅད་ནས་སུ། །ཞེས་པ་སྟེ་བཅུ་གཉིས་བཅུ་གཉིས་སུ་བཅད་ནས་ཕྲི་བར་བྱས་པའོ། །ཡི་གེ་ལྷག་མ་གཟུང་བྱས་ཏེ། །ཞེས་པ་ནི། བཅུ་གཉིས་སུ་ཕྲི་བ་ལས་ལྷག་པའི་ཡི་གེ་རྩིས་ཀྱིས་ཡི་གེ་གྲངས་ཀྱིས་བགྲངས་པའི་ཡི་གེའི་ཡོན་ཏན་དགེ་མི་དགེ་ལུང་དུ་
བསྟན་པར་བྱའོ་ཞེས་ཇི་སྙེད་པའོ། །ཡང་ན་རི་མོ་ཀྱག་ཀྱོག་རིས། །ཞེས་པ་ལ་སོགས་པས་ནི་ཡང་དང་ཡང་དུ་དགེ་བ་དང་མི་དགེ་བའི་མཚན་མ་རྣམ་པ་གཞན་གསུངས་པ་སྟེ། འདི་ལ་ཀྱག་ཀྱོག་ཅེས་པ་ནི། །གླང་གི་གཅིན་བཞིན་དུ་འདྲེན་པར་བྱེད་པའི་རི་མོའོ། །དེ་འདྲའི་རི་མོ་ལ་སྔོན་

གསུངས་པའི་འདུ་བྱེད་ཀྱིས་གཙང་བར་བྱས་པར་འགྱུར་བའི་ས་ལ་གང་མཁའ་འགྲོ་མའི་སྔགས་བཏབ་པ་རྡོ་རྒྱུས་ཀྱིས་མཉམ་པོར་ཚུར་འདྲེན་ནས་བྲིས་ཏེ། དེའི་སྟེང་གི་སྤྱི་བོ་ལ་སྒྲ་ཡིག་བཅུ་གཉིས་རྣམས་བཀོད་ནས་བརྩིས་པ་ལ་ཐ་མར་གྱུར་བའི་སྒྲ་ཡིག་གི་ཡོན་ཏན་བརྗོད་པར་བྱའོ་ཞེས་
ཇི་སྙེད་པའོ། །ཡང་ན་མེ་ཏོག་མར་བཏང་སྟེ། །ཞེས་པ་ལ་སོགས་པས་ནི། གཞན་ཡང་མཚན་མ་བརྗོད་པ་སྦྱོར་བ་ཁོ་ན་གསུངས་ཏེ། དེ་ལ་མན་ངག་ནི་འདི་ལྟ་སྟེ། གོང་གི་རེའུ་མིག་བཅུ་གཉིས་པའི་འཁོར་ལོ་ནི་གོང་ནས་གསུངས་པའི་རིམ་པས་མངོན་དུ་བྲིས་ཏེ། དེ་ལ་ཡང་མ་ནིང་གི་ཡི་གེ་
སྤངས་པའི་སྒྲ་ཡིག་བཅུ་གཉིས་བཀོད་ནས་རང་གི་ཡི་དམ་གྱི་སེམས་སྔོན་དུ་བྱས་ཏེ། མེ་ཏོག་མར་གཏང་བར་བྱའོ། །རེའུ་མིག་ལ་མེ་ཏོག་ལྷུང་བ་རེའུ་མིག་དེ་ལ་གཞག་པའི་སྒྲ་ཡིག་གི་ཡོན་ཏན་འདྲི་མཁན་དེ་ལ་དགེ་མི་དགེ་ལུང་དུ་བསྟན་པར་བྱའོ། །དེ་དག་ནི་དཔལ་ལྡན་གདན་བཞི་པ་ལས་
ལེའུ་དང་པོའི་རྣམ་པར་བཤད་པའོ།། །།ད་ནི་དུས་མ་ཡིན་པར་འཆི་བའི་མཚན་མ་འབྱུང་བ་དེས་མཚན་མའི་སྐྱེས་བུ་བསྲུང་བའི་སྦྱོར་བ་དང་། འདྲི་མཁན་གྱི་གནས་དང་། དབུགས་ཀྱི་རྣམ་པའི་ཆ་དང་། འཚོ་བ་དང་། མི་འཚོ་བ་དང་། ཆར་འབབ་པའི་སྦྱོར་བ་དང་། ཕོ་ཉའི་
མཚན་མ་རྣམས་སྟོན་འདོད་པས། ཡེ་ཤེས་དེ་ཉིད་བྱེ་བྲག་དང་། །ཅེས་པ་ལ་སོགས་པས་ནི་ལེའུ་གཉིས་པ་བརྩམས་སོ། །དེ་ལ། ཇི་ལྟར་ལུས་ཀྱི་མཚན་མ་དང་། །ཞེས་པ་ནི་སྐྱེས་བུ་རྣམས་ཀྱི་ལུས་ལ་རྣམ་པར་གནས་པའི་དུས་མ་ཡིན་པར་འཆི་བའི་མཚན་མ་ཅི་འདྲ་ག་ལ་གནས་ཞེས་པའོ། །ཉོན་
ཅིག་རྒྱལ་པོ་རྡོ་རྗེ་ཆེ། །ཞེས་པ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་སླར་གསུངས་པའོ། །དབུགས་ནི་རྣམ་པར་རྒོད་པ་ཡིས། །ལུས་ཅན་ཟླ་བ་དྲུག་ན་འཆི། །ཞེས་པ་ནི་འཇུག་པ་དང་འབྱུང་བའི་དབུགས་ཀྱི་མཚན་ཉིད་རྣམས་ཇི་ལྟར་གསུངས་པའི་གྲངས་ལས་ཕྱིན་ཅི་ལོག་པར་ཕྲི་
བ་དང་བསྐྱེད་པར་འཇུག་པའོ། །ལུས་ཀྱིས་ཀྱང་བསྐྱེད་པ་དང་ཕྲི་བར་འབྱུང་བ་དང་། ལུས་ཅན་རྣམས་ཀྱི་ལུས་ནི་ཤི་བ་ཞེས་ཤི་འཕོ་བའོ། །དེ་བཞིན་འཇིགས་པ་ཆུང་མཐོང་ན། །ཞེས་པ་ལ་སོགས་པས་ནི་གཞན་ཡང་དུས་མ་ཡིན་པར་འཆི་བའི་མཚན་མ་གསུངས་སོ། །དོན་ནི་འདི་ལྟ་སྟེ། འཇིགས་པ་ཆུང་ཞེས་པ་

ནི་དུས་མ་ཡིན་པར་ཤི་བ་མཐོང་ནས་འཇིགས་པའོ་ཞེས་པའོ། །འགྲམ་པའི་ཚོགས་ནི་གཡོ་བར་འགྱུར། །ཞེས་པ་ནི། གལ་ཏེ་དུས་ལ་བབ་འགྱུར་ན། །དབུགས་ནི་ཆད་ཅིང་འཆད་པར་འགྱུར། །ཞེས་པ་ནི་དུས་ལ་བབ་འགྱུར་ཞེས་པ་ནི་གློ་བུར་དུ་འཆི་བའི་ས་ལ་གལ་
ཏེ་རྩིས་ཀྱིས་བརྩིས་ན། དབུགས་ཀྱི་ཚད་ལ་ཆད་ཅིང་། འཆད་འགྱུར་ཞེས་བསྐྱེད་པ་དང་ཕྲི་བ་ཡིན་ནོ། །དེ་ཚེ་ཆད་པ་ནི་ཤི་བའོ། །དེ་ལ་ཡང་ཆད་པའི་རིམ་པ་ཡོངས་སུ་ཤེས་པ་ནི་བླ་མའི་མན་ངག་སྟེ། རེའུ་མིག་བཅུ་གཉིས་པ་ལ་མུ་ཁྱུད་བཅུ་གཉིས་པ་དང་ལྡན་པར་བྱ་བ་དང་། དབུས་ཀྱི་རེའུ་མིག་
སྔོན་དུ་བྲི་བའོ། །དེ་ལ་ཕྱིའི་ཚད་ནི་ཤར་གྱི་རེའུ་མིག་ལ་ཚད་ལྔའོ། །རྩིས་ཡིག་ལྔའོ། །རེའུ་མིག་གཉིས་པ་ལ་ཡང་བཅུའོ། །རེའུ་མིག་གསུམ་པ་ལ་བཅོ་ལྔའོ། །རེའུ་མིག་བཞི་པ་ལ་ཉི་ཤུའོ། །རེའུ་མིག་ལྔ་པ་ལ་ཉི་ཤུ་རྩ་ལྔའོ། །རེའུ་མིག་དྲུག་པ་ལ་ཉི་ཤུ་རྩ་དྲུག་གོ། །རེའུ་མིག་བརྒྱད་
པ་ལ་ཉི་ཤུ་རྩ་བརྒྱད་དོ། །རེའུ་མིག་དགུ་པ་ལ་ཉི་ཤུ་རྩ་དགུའོ། །རེའུ་མིག་བཅུ་པ་ལ་སུམ་ཅུ་ཐམ་པའོ། །རེའུ་མིག་བཅུ་གཅིག་པ་ལ་སུམ་ཅུ་རྩ་གཅིག་གོ། །རེའུ་མིག་བཅུ་གཉིས་པ་ལ་སུམ་ཅུ་རྩ་གཉིས་སོ། །རེའུ་མིག་དབུས་མ་ལ་སུམ་ཅུ་རྩ་གསུམ་མོ། །དེ་དག་དབུས་ཀྱི་རིམ་པ་
ཤེས་པར་བྱ་བའོ། །ཡང་བར་གྱི་མུ་ཁྱུད་ལ་ཤར་གྱི་རེའུ་མིག་ལ་ལོ་གསུམ་མོ། །གཉིས་པ་ལ་ལོ་གཉིས་སོ། །གསུམ་པ་ལ་ལོ་གཅིག་གོ། །བཞི་པ་ལ་ཟླ་བ་དྲུག་གོ། །ལྔ་པ་ལ་ཟླ་བ་གསུམ་མོ། །དྲུག་པ་ལ་ཟླ་བ་གཉིས་སོ། །བདུན་པ་ལ་ཟླ་བ་གཅིག་གོ། །བརྒྱད་པ་ལ་ཟླ་བ་ཕྱེད་དོ། །དགུ་
པ་ལ་ཚེས་བཅུའོ། །བཅུ་པ་ལ་ཚེས་ལྔའོ། །བཅུ་གཅིག་པ་ལ་ཚེས་གསུམ་མོ། །བཅུ་གཉིས་པ་ལ་ཚེས་གཉིས་སོ། །དབུ་མ་ལ་ཚེས་གཅིག་གོ། །དེ་ལྟར་འཚོ་བའི་ཚེས་གྲངས་སོ། །དེ་ལྟར་ཡང་སྨྲས་པ། དེ་ལྟར་དབུགས་ཆད་པ་དང་། བསྐྱེད་པ་རྣལ་འབྱོར་པས་དུས་གང་ལ་ཡོངས་
སུ་བརྟག་པར་བྱ་ཞེ་ན་གསུངས་པ། སྔ་དྲོ་འཛག་པའི་དུས་ལ་ནི། །དེ་ལ་མཚན་མ་བརྟག་པར་བྱ། །ཞེས་པ་སྟེ། བསམ་པ་ནི་འདི་ལྟ་སྟེ། ཐོ་རངས་འཛག་པའི་ཡན་ལག་གི་གནས་སྐབས་ལས་ཡོངས་སུ་བརྟག་པར་བྱའོ་ཞེས་པའོ། །ད་ནི་ཡན་ལག་བརྒྱད་ལ་གནས་པ་ཆད་པར་གྱུར་

ན། འཚོ་བའི་ཚེས་གྲངས་ཀྱི་ཚད་གསུངས་པ། སྣ་ཡི་ནང་ཀ་ཆད་པ་ན། །ཉི་མ་བདུན་གྱིས་གདོན་མི་ཟ། །ཞེས་པ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། སྣའི་རྩེ་མོ་ཞོམ་མ་ཐག་ཏུ་ཚེས་བདུན་གྱིས་འཆིའོ་ཞེས་པའོ། །མིག་གི་ཨཱཾ་བ་ར་ཆད་ན། །ཏྲོ་ཏ་དེ་བཞིན་ཉི་མ་ལྔ། །
ཞེས་པ་ནི་མིག་གི་རྩ་ལ་ཏྲོ་ཏ་ཞེས་བྱ་བ་ཆད་ན། མི་འཕར་བས་ན་ཚེས་ལྔས་འཆིའོ། །དེའི་ཡང་སྣ་རྒྱུད་ཀྱི་ཕྱོགས་ཀྱི་མིག་རྩའི་མཐའ་ན་འཕར་བ་བརྟག་པར་བྱའོ། །འགྲམ་པའི་བར་ཤ་ཆད་གྱུར་ན། །ཞེས་པ་ནི་འགྲམ་བུའི་གློ་ན་རྩ་གང་ཡིན་པ་དེ་ཆད་པར་གྱུར་ན་ཞག་གཅིག་གིས་འཆིའོ། །
རྣ་བའི་ཨུ་དུམ་རྣམ་ཆད་ན། །ཞེས་པ་ནི་རྣ་བའི་ཁུང་བུའི་ཕྱི་རོལ་དེ་དང་འབྱོར་པའི་རྩ་གང་དེ་ཆད་པར་གྱུར་ན་ཆུ་ཚོད་ལྔ་ལས་མི་ཐུབ་བོ། །འདི་ལ་ལྕེ་ནི་ཐིག་ནག་ཞེས་པ་ནི། ལྕེ་ལ་གློ་བུར་དུ་སྐུད་པ་འདྲ་བའི་རི་མོ་ནག་པོ་མཐོང་མ་ཐག་ཏུ་ཞག་གཉིས་ཀྱིས་འཆིའོ། །སྟེང་འོག་
སོ་ནི་འཐམས་འགྱུར་ན། །ཞེས་པ་ནི། སོས་སོ་འཐམས་མ་ཐག་ཏུ་ཞག་གསུམ་ཁོ་ནས་འཆིའོ། །མགྲིན་པ་གློའམ་ཕྱི་རོལ་རྩ། །ཞེས་པ་ནི་མགྲིན་པའི་ཕྱི་རོལ་གྱི་རྩེའུ་ཆུང་ཞེས་པ་དེ་ཆད་ན་ཟླ་བ་ཕྱེད་ན་འཆིའོ། །བྲང་གི་ལྷེའུ་ནི་ཞོམ་འགྱུར་ན། །ཞེས་པ་ནི་གློ་བུར་དུ་བྲང་སྙིང་མར་
ཞོམ་ན་ཟླ་བ་ཕྱེད་ཁོ་ནའོ། །སེན་མོ་བཀྲག་ནི་མེད་གྱུར་ན། །ཞེས་པ་ནི་གློ་བུར་དུ་རྐང་ལག་གི་སེན་མོ་རྣམས་དམར་པོའི་དངོས་པོ་མེད་ཟིན་མ་ཐག་ཏུ་ཚེས་དྲུག་ན་འཆིའོ། །དེ་ལྟར་གསུངས་པའི་མཚན་ཉིད་དུས་མ་ཡིན་པར་འཆི་བའི་མཚན་མ་ཉེ་བར་བརྟགས་པའི་སྐྱེས་བུ་
བསྲུང་བའི་ཆོ་ག་གསུངས་པ། སྣ་ཡི་ནང་ཀ་ཆད་པ་ན། །ཞེས་པ་ལ་སོགས་པ་སྟེ། དེ་ཐམས་ཅད་ལ་མན་ངག་གི་འདི་ལྟ་སྟེ། གནས་གང་གི་རྩ་ཆད་པར་གྱུར་པ་གནས་དེ་ཁོ་ན་ལ་ཇི་ལྟར་གསུངས་པའི་ས་བོན་ནམ་དེས་བསྐྱེད་པའི་ལྷ་རྣམས་བསྒོམ་མོ་ཞེས་པའོ། །
དེ་ཉིད་ཀྱི་ཕྱིར་ན་གསུངས་པ། ཡེ་ཤེས་ས་བོན་གྱིས་ཞེས་པ་སྟེ། ཡེ་ཤེས་ཀྱི་ས་བོན་ནི་ཡི་གེ་ཧཱུྃ་ངོ་། །རྡོ་རྗེའི་ས་བོན་ནི་ཡི་གེ་སུྃ་ངོ་། །དྲག་པོའི་ས་བོན་ནི་ཡི་གེ་ཀྵུྃའོ། །རོ་ལངས་མའི་ས་བོན་ནི་ཡི་གེ་ཡུྃ་ངོ་། །གདོལ་པ་མོའི་ས་བོན་ནི་ཡི་གེ་ཧཱུྃ་ངོ་། །སེང་གེ་

མའི་ས་བོན་ནི་ཡི་གེ་སྨྼྻུྃ་ངོ་། །སྟག་མོའི་ས་བོན་ནི་ཧྨྼྻུྃ་ངོ་། །ཅེ་སྤྱང་གི་ས་བོན་ནི་ཡྨྼྻུྃ་ངོ་། །འུག་པ་མའི་ས་བོན་ནི་ཀྵྨྼྻུྃ་ངོ་། །ཡང་དེ་ཁོ་ནའི་བསྲུང་པའི་དོན་ཕྱིའི་འཁོར་ལ་གཞག་པའི་ཆོ་ག་གསུངས་པ། གཞན་ཡང་བསྲུང་བ་བཤད་པར་བྱ། །ཞེས་པ་ལ་སོགས་
པ་སྟེ། དེ་ལ་བསྲེག་སྣོད་གཉིས་བཟུང་སྟེ། །ཞེས་པ་ནི་མ་བསྲེགས་པའི་གྱོ་མོའི་སྣོད་གཉིས་བླངས་ཏེ། གུར་གུམ་གོ་རོ་ཙ་ནས་བྲི། །ཞེས་པ་སྟེ། གི་ཝང་ངམ་གུར་གུམ་གྱིས་བྲི་བར་བྱའོ་ཞེས་པས་རྟོག་གོ། །ད་ནི་ཐབ་བྲི་བའི་རྣམ་པ་གསུངས་པ། གཞན་ཡང་བཤད་
པར་བྱ། རེའུ་མིག་དགུ་སོགས་ཆ་དག་དང་། །ཞེས་པ་སྟེ། མན་ངག་ནི་འདི་ལྟ་སྟེ། འོག་མའི་གྱོ་མོའི་སྣོད་ལ་མུ་ཁྱུད་གཅིག་གིས་བསྐོར་བ་རེའུ་མིག་དགུ་པའི་འཁོར་ལོ་བྲི་བར་བྱའོ་ཞེས་པའོ། །སྟེང་མ་ཆ་དག་བཅུ་གཉིས་ནི། །ཞེས་པ་ནི་སེང་གེའི་སྣོད་ལ་ཡང་མུ་ཁྱུད་གཅིག་
གིས་བསྐོར་བ་རེའུ་མིག་བཅུ་གཉིས་པའི་འཁོར་ལོ་བྲི་བའོ། །ད་ནི་ནང་དུ་དགོད་པའི་སྔགས་སྟོན་འདོད་པས་གསུངས་པ། དབུས་སུ་མིང་ནི་བྲིས་ནས་སུ། །ཞེས་པ་ལ་སོགས་པ་སྟེ། གྱོ་མོའི་སྣོད་གཉི་ག་ལ་ཡང་དབུས་སུ་བསྒྲུབ་བྱའི་མིང་བྲི་བར་བྱའོ། །ཇི་ལྟར་བྲི་ཞེ་ན་གསུངས་པ།
ས་བོན་གྱིས་ནི་དེ་བཞིན་བསྐོར། །ཞེས་པ་སྟེ། སྔགས་ཀྱི་ཡི་གེའི་བར་དུ་བྲི་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། ཕྱག་འཚལ་སྒྲ་ནི་སྔོན་དུ་སྟེ། །ཞེས་པ་ལ་སོགས་པའོ། །ཕྱག་འཚལ་སྒྲ་ནི་ཡི་གེ་ཨོའོ། །དེ་ནི་བསྒྲུབ་བྱའི་མིང་གི་འོག་ན་བྲི་
བར་བྱའོ་ཞེས་པའོ། །བསྲུང་བའི་ངག་གི་གོང་དུ་གཞག །ཅེས་པ་ནི་རཀྵ་རཀྵ་ཞེས་པ་དག་གི་གོང་དུ་བསྒྲུབ་བྱའི་མིང་བྲི་བར་བྱའོ། །མཐའ་རུ་གཞག་པའི་ས་བོན་ནི། །ཞེས་པ་ནི་གོང་དུ་གསུངས་པ་དེའི་མཐའ་ན། སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན། །ཞེས་པ་སྟེ། ཡི་གེ་ཧཱུྃ་བྲི་བའོ། །
བསྲེག་པའི་ཡི་གེ་མཐར་གཞག་སྟེ། །ཞེས་པ་ནི་སངས་རྒྱས་ལྔས་མངོན་པར་བརྒྱན་པའི་མཐའ་ན་བསྲེག་པའི་ཡི་གེ་སྭཱ་ཧཱ་བཀོད་པར་བྱའོ། །དེ་ལྟར་དབུས་སུ་ཡི་གེ་བཀོད་ནས། མུ་ཁྱུད་འཁོད་བ་ལ་བཀོད་པ་གསུངས་པ། སྒྲ་ཡིག་སྟེང་སོགས་མུ་ཁྱུད་ལ། །ཞེས་པ་སྟེ། སྟེང་གི་མུ་

ཁྱུད་འཁོར་བ་ལ་གྱོ་མོའི་སྣོད་གཉིས་པ་ལ་མ་ནིང་སྤངས་པའི་སྒྲ་ཡིག་བཅུ་གཉིས་བཀོད་པར་བྱའོ་ཞེས་ཇི་སྙེད་པའོ། །ད་ནི་འོག་གི་གྱོ་མོའི་སྣོད་རེའུ་མིག་དགུ་ལ་གཞག་པའི་ས་བོན་གསུམ་སྟེ། ཀ་ཕ་གཉིས་འགྱུར་ས་བོན་དང་། །ཞེས་པ་ལ། དེ་ལ་ཀ་ཞེས་པ་ནི་ས་སྟེ་དེའི་ས་བོན་ཡི་གེ་ཧཱུྃ་ངོ་། །
ཕ་ཞེས་པ་ནི་རླུང་སྟེ། དེའི་ས་བོན་ཡི་གེ་ཡུྃ་མོ། །གཉིས་འགྱུར་ས་བོན་དང་ཞེས་པ་ནི་ཡི་གེ་ཀྵུྃ་སྟེ། ཀ་དང་ཤ་བརྩེགས་པའི་ཕྱིར་རོ། །རྡོ་རྗེ་མའི་ལྷ་མོའི་མཚན། །ཞེས་པ་ནི་ཡི་གེ་སྲུཾ་ངོ་། །ལྔ་ལྡན་མ་ཡི་ས་བོན་དང་། །ཞེས་པ་ནི་ཡི་གེ་ཧཱུྃ་དེ་དག་ཁོ་ན་ཐམས་ཅད་དབུས་ཀྱི་རེའུ་མིག་ལ་བཀོད་
པའི་རིམ་པ་ཁོ་ནས་སྔགས་བཀོད་པ་བཤད་འདོད་པས་གསུངས་པ། ཕྱག་འཚལ་བསྲེགས་པ་མཐའ་མ་རུ། །ཞེས་པ་སྟེ་སྦྱོར་བ་ནི་འདི་ལྟ་སྟེ། ཨོཾ་ཆེ་གེ་མོ་རཀྵ་རཀྵ་སྲུཾ་སྲུཾ་ཞེས་དེ་ལྟར་བཀོད་པར་བྱའོ། །དེ་ལྟར་ཡི་གེ་ཀྵུྃ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །སངས་རྒྱས་
ལྔ་ཡིས་མངོན་པར་བརྒྱན། །ཞེས་པས་ལྔ་ལྡན་མའི་ས་བོན་ཞེས་གསུངས་པས། དབྱིག་པ་འཇིག་རྟེན་དབང་ཕྱུག་གོ། །ཞེས་པ་ལ་སོགས་པ་སྟེ། ཚིགས་བཤད་དེ་ཡིས་ཡི་གེ་ཧཱུྃ་ཁོ་ན་རྣམ་པར་བཤད་པའོ། །དེ་ཡང་དབྱིག་པ་ནི་ཡི་གེ་ཧའི་འོག་ན་རི་མོ་དྲང་པོ་སྟེ། དེ་ནི་འཇིག་རྟེན་དབང་
ཕྱུག་གོ། །བརྟག་པ་ཕྱིན་ཕྱོགས་རྡོ་རྗེའི་ཕྱག །ཅེས་པ་ནི་ཡི་གེ་ཧཱུྃ་གི་ཞབས་སྐྱེད་དེ། དེ་ནི་ཕྱག་ན་རྡོ་རྗེའོ། །ལུས་ནི་ཞེས་པ་ནི་ཧའི་ཁོག་པ་སྟེ་དེ་ནི་འཇམ་པའི་མགོན་ནོ། །དྲིལ་བུའི་མཆོག་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་དེ་གཉིས་ཀྱི་རང་བཞིན་གཅིག་ཉིད་ཀྱི་ཕྱིར་རོ། །ཡི་གེ་ཧ་ནི་
འཇམ་པའི་དཔལ་གྱི་རང་བཞིན་ཡང་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡང་ཡིན་ནོ་ཞེས་རྣམ་པར་རྟོག་གོ། །དེ་བཞིན་མགོ་ནི་བྱམས་པ་དང་། །ཞེས་པ་ནི་ཡི་གེ་ཧཱུྃ་གི་གད་མོ་མགོའི་རི་མོ་སྟེ་དེ་ནི་བྱམས་པ་སྟེ། མ་ཞེས་བྱ་བ་སྟེང་འབར་བ། །ཞེས་པ་ནི་དེ་ལ་མ་ཞེས་པ་ནི་
ཟླ་བ་ཕྱེད་འདྲ་བའི་རི་མོའོ། །སྟེང་འབར་ཞེས་པ་ནི་དེའི་དཀྱིལ་འཁོར་གྱི་ཐིག་ལེའོ། །རྣམ་སྣང་འཁོར་བ་སྒྲོལ་བར་མཛད། །ཅེས་པ་ནི་དེ་གཉིས་རྣམ་པར་སྣང་མཛད་དེ་གོང་དུ་གསུངས་པ་རྣམས་ཁོ་ནའོ། །དེ་ནི་ཁ་ཕ་ལ་སོགས་པའི་ས་བོན་རྣམས། རེའུ་མིག་གི་གོ་རིམས་

ཀྱི་དབང་གིས་གསུངས་པ། ཤར་གྱི་ཕྱོགས་སུ་གཞག་པ་ནི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཤར་གྱི་རེའུ་མིག་ལ་སྲུཾ། རྡོ་རྗེ་མཁའ་འགྲོ་མའོ། །བྱང་དུ་ཀྵུྃ་དྲག་པོའི་མཁའ་འགྲོ་མའོ། །ནུབ་ཏུ་ཡུྃ་རོ་ལངས་མའི་ས་བོན་ནོ། །ལྷོ་རུ་ཧཱུྃ་གདོལ་པའི་མཁའ་འགྲོ་
མའོ། །དེ་ལྟར་ཕྱོགས་ཀྱི་བཀོད་པ་བྱས་ནས། ད་ནི་མཚམས་ལ་བཀོད་པ་གསུངས་པ། དབང་ལྡན་ཕྱོགས་སུ་སེང་གེ་མ། །ཞེས་པ་ལ་སོགས་ཏེ། དབང་ལྡན་གྱི་རེའུ་མིག་ལ་སྨྼྻུྃ་སེང་གེ་མའོ། །མེའི་རེའུ་མིག་ལ་ཧྨྼྻུྃ་སྟག་མོའོ། །བདེན་བྲལ་གྱི་རེའུ་མིག་ལ་ཡྨྼྻུྃ་ཅེ་སྤྱང་མའོ། །རླུང་གི་
རེའུ་མིག་ལ་ཀྵྨྼྻུྃ་འུག་པ་མ་རྣམས་བཀོད་པའོ། །གྲྭའི་དེ་དག་ཁོ་ནའི་ས་བོན་རྣམས་ཀྱི་ངོ་བོ་རྣམས་བཤད་འདོད་པས་གསུངས་པ། བཞི་པའི་ཡི་གེ་དྲུག་ལ་ཞེས་པ་སྟེ། དོན་ནི་འདི་ལྟ་སྟེ། ས་དང་ཀྵ་དང་ཡ་དང་ཧ་རྣམས་ནི་ཡི་གེ་བཞི་རྣམས་རྣམ་པར་གཞག་སྟེ། དེ་
རྣམས་ཀྱི་འོག་ན་ཡི་གེ་མའོ། །དེའི་འོག་ན་ཡི་གེ་རའོ། །དེའི་འོག་ན་ཡང་ཡི་གེ་ཡའོ། །དེའི་འོག་ན་ཡང་ཡི་གེ་ཨུ་ཞབས་སྐྱེད་དོ། །དེ་དག་གི་སྟེང་དུ་ཐམས་ཅད་ལ་ཟླ་བ་ཕྱེད་དང་ཐིག་ལེའོ། །དེ་ལྟར་ཟིན་མ་ཐག་ཏུ་ཡི་གེ་ས་ལ་སོགས་པ་བཞི་སོ་སོར་རེ་རེ་ལ་བརྟག་པའི་ཡི་གེ་དྲུག་
དང་ལྡན་པར་འགྱུར་རོ་ཞེས་པའོ། །ཇི་སྙེད་ནི་འོག་གི་གྱོ་མོའི་ཁམ་ཕོར་གྱི་དཀྱིལ་འཁོར་གྱི་མན་ངག་གོ། །ད་ནི་སྟེང་གི་གྱོ་མོ་དང་ཁམ་ཕོར་གྱི་འཁོར་ལོ་ལ་ས་བོན་བཀོད་པ་ཉེ་བར་སྟོན་འདོད་པས་གསུངས་པ། སྟེང་གི་བཅུ་གཉིས་གནས་དེ་ལ། །ཞེས་པ་ལ་སོགས་པ་སྟེ་དོན་ནི་
འདི་ལྟ་སྟེ། གོང་དུ་གསུངས་པའི་རེའུ་མིག་བཅུ་གཉིས་པའི་འཁོར་ལོའི་ཕྱོགས་སུ་སྒྲའི་ས་བོན་གཞག་པར་བྱའོ། །ཕྱག་འཚལ་བསྲེག་པ་མཐར་བཞག་སྟེ། །ཞེས་པ་ནི་གོང་མ་བཞིན་དུ་དབང་པོར་ཡི་གེ་ཨོཾ་མཐའ་མ་ནི་ཡི་གེ་སྭཱ་ཧཱ་དང་ལྡན་པ་ནི་མ་ནིང་གི་ཡི་གེ་
གཞག་པར་བྱའོ་ཞེས་པའོ། །མ་ནིང་གི་ཡི་གེ་ནི་རྀ་རཱྀ་དང་ལྀ་ལཱྀ་ཞེས་སྒྲ་ཡིག་གཞག་པའོ། །མ་ནིང་གི་ཡི་གེ་དེ་དག་ཁོ་ན་མཁའ་འགྲོ་མ་ལ་སོགས་པའི་རང་བཞིན་ཞེས་བྱ་བ་གསུངས་པ། འབར་བྱེད་མ་དང་འཇིབ་བྱེད་མ། །ཞེས་པ་ལ་སོགས་པའོ། །དེ་ལ་འབར་

བྱེད་མ་ནི་ཡི་ག་རྀའོ། །འཇིབ་བྱེད་མ་ནི་ཡི་གེ་ལྀའོ། །འཕྲོག་བྱེད་མ་ནི་ཡི་གེ་ལཱྀའོ། །མཁའ་འགྲོ་མ་ནི་ཡི་གེ་རཱྀ་དོ། །ད་ནི་ཡི་གེ་དེ་དག་ནི་རིམ་པར་བཀོད་པ་གསུངས་པ། ཤར་དུ་མཁའ་འགྲོ་མ་ཡི་གནས། །ཞེས་པ་ལ་སོགས་པ་སྟེ། ཤར་གྱི་རེའུ་མིག་ལ་རཱྀ་ནི་
མཁའ་འགྲོ་མའོ། །བྱང་གི་རྀ་ནི་འབར་བྱེད་མའོ། །ནུབ་ཀྱི་ལྀ་ནི་འཇིབ་མའོ། །ལྷོའི་ལཱྀ་ནི་འཕྲོག་བྱེད་མ་བཀོད་དོ། །གྲྭ་ལ་ཡང་བླ་མའི་མན་ངག་གིས་བཀོད་པ་གསུངས་པ། དབང་ལྡན་གྱི་གྲྭའི་རེའུ་མིག་གཉིས་ལ་ཨི་ཨཱིའོ། །མེའི་གྲྭའི་རེའུ་མིག་གཉིས་ལ་ཨུ་ཨཱུའོ། །
བདེན་བྲལ་གྱི་རེའུ་མིག་གཉིས་ལ་ཨེ་དང་ཨཻའོ། །རླུང་གི་གྲྭའི་རེའུ་མིག་གཉིས་ལ་ཨོ་དང་ཨཽའོ། །དབུས་སུ་མིང་ནི་བྲི་བ་སྟེ། །ཞེས་པས་ནི། འོག་གི་འཁོར་ལོ་བཞིན་དུ་དབུས་ཀྱི་རེའུ་མིག་ལ་བཀོད་པ་དང་ཕྱིའི་མུ་ཁྱུད་འཁོར་བ་ལ་སྒྲ་ཡིག་བཀོད་པ་དྲན་པར་བྱེད་པའོ། །དེ་ལྟར་
བྲིས་པའི་བསྲུང་བའི་འཁོར་ལོ་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། མཁའ་འགྲོ་ལྔ་ཡིས་བྱིན་བརླབས་པ། །ཞེས་པའི་དོན་ནི་འདི་ལྟ་སྟེ། མཁའ་འགྲོ་ལྔས་བྱིན་གྱིས་བརླབ་པར་བྱ་སྟེ། དཀྱིལ་འཁོར་དེ་ཁོ་ན་བསྒོམ་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱིས་ཀྱང་རང་བཞིན་
གང་བསྒོམ་པར་བྱ་ཞེ་ན་གསུངས་པ། བདག་ཉིད་རྡོ་རྗེ་ཅན་སྦྱོར་བས། །ཞེས་པ་སྟེ། དེ་ལ་ཡང་མན་ངག་ཉེ་བར་སྟོན་པ་ནི་འདི་ལྟ་སྟེ། དཀྱིལ་འཁོར་གྱི་ནོ་པ་ཀི་ལས་གསུངས་པའི་རིམ་པས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱའོ། །རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད། །ཅེས་པ་ནི་
ཨོཾ་བཛྲ་སཏྭ་ཨ་ཧཾ་ཞེས་ང་རྒྱལ་བྱས་ནས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །རྡོ་རྗེ་ལག་གི་ལག་རྩེ་ཡིས། །ཞེས་པ་ནི་གསུངས་པའི་རིམ་པས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ནས། ལག་རྩེར་རང་གི་ལག་པའི་མཐིལ་རྡོ་རྗེ་རྩེ་ལྔ་པར་བསྒོམས་ནས། ལག་པ་དེས་གྱོ་མོའི་ཁམ་ཕོར་
ལ་རེག་པར་བྱའོ། །དབུས་སུ་བརྟན་པའི་ས་བོན་ནི། །ཞེས་པ་ནི་ཡི་གེ་ཧཱུྃ་ངོ་། །བརྒྱ་དང་བརྒྱད་དུ་བཟླ་བར་བྱ། །ཞེས་པ་ནི་དྲི་ལ་སོགས་པས་མཆོད་ནས་འབྱུང་པོའི་གཏོར་མ་ཡང་དབུལ་ལགས་ཏེ། བསྒྲུབ་བྱའི་མགོ་ཕྱོགས་ན་བཞག་ནས་སྔགས་བཏབ་པའོ། །དེ་དག་ནི་ཕྱི་རོལ་

བསྲུང་བའི་ཆོ་གའོ། །ད་ནི་མཚན་མ་འདྲི་བ་པོའི་གནས་དང་བདག་ཉིད་མཉམ་པ་ཉིད་དང་། མི་མཉམ་པ་ཉིད་ཀྱིས། དགེ་དང་མི་དགེ་བསྟན་འདོད་པས། །གསུངས་པ། གཞན་ཡང་དབུགས་ཀྱི་བདག་ཉིད་ནི། །ཞེས་པ་ལ་སོགས་པའོ། །དབུགས་
དང་མཉམ་པར་གནས་པ་ཡིས། །ཐམས་ཅད་གྲུབ་པར་བཤད་པ་ཡིན། །ཞེས་པ་ནི། དེ་ལ་མཉམ་པའི་དབུགས་ནི། མཚན་མ་འདྲི་བ་པོ་ཉེ་བར་འོངས་ནས་རྡོ་རྗེ་སློབ་དཔོན་གྱི་གཡས་ཀྱི་གློ་ནས་འདྲི་ན་དེའི་ཚེ་གཡས་ཀྱི་རྩར་འཇུག་ནས་དགེ་བར་བརྟག་པར་བྱའོ། །
གལ་ཏེ་གཡོན་དུ་འཇུག་ནས་དྲི་ན་དེའི་རྩ་ལ་འཇུག་ན་དགེའོ། །དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། གཡས་ཀྱི་གཡས་པ་ཉིད་ཀྱིས་གནས། །ཞེས་པ་ལ་སོགས་པ་སྟེ། གཡས་པའི་དབུགས་ལ་གཡས་སུ་གནས་ན་དགེའོ། །གཡོན་གྱི་དབུགས་ལ་གཡོན་
དུ་གནས་ན་དགེའོ་ཞེས་ཇི་སྙེད་པའོ། །དེ་ཕྱིན་ཅི་ལོག་ནས་ཡང་མི་དགེ་བ་གསུངས་པ། །དབུགས་དང་མི་མཐུན་པ་ཡི་ཚིག །ཅེས་པ་ནི། མི་མཐུན་པ་ཞེས་པ་ནི་ཕྱིན་ཅི་ལོག་པར་འཇུག་པ་སྟེ། དེ་ལ་ངེས་པ་གཡས་ཀྱི་དབུགས་ལ་འཇུག་པ་གཡོན་དུ་གནས་པ་དང་གཡོན་དུ་
དབུགས་འཇུག་པ་ན་གཡས་སུ་གནས་ན་མི་དགེའོ། །དབུགས་དང་མཉམ་དུ་གནས་ན་ཡང་། །འབྱུང་དང་འཇུག་པའི་རྣམ་པའོ། །ཆ་ཡིས་འདོད་པ་དང་མི་འདོད་པའི་ཁྱད་པར་སྟོན་འདོད་པས་གསུངས་པ། འབྱུང་དང་འཇུག་པའི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་
སྟེ། དེ་ལ་འཇུག་པ་ནི་དབུགས་འཇུག་པའོ། །འབྱུང་བ་ནི་དབུགས་སུ་འབྱུང་བའོ། །དབུགས་དང་གནས་གཉིས་གཅིག་ཏུ་དྲི་བ་ཟིན་ན་ཡང་གལ་ཏེ་འཇུག་པ་ན་འདྲི་ན་དེའི་ཚེ་དགེའོ། །གལ་ཏེ་འབྱུང་བ་ན་འདྲི་ན་དེ་ལས་གཞན་མི་དགེའོ། །དེ་ཁོ་ན་གསལ་བར་གསུངས་
པ། ཞུགས་པ་ཐམས་ཅད་བྱ་བ་ནི། །རྒྱས་པར་ཡོངས་སུ་གྲགས་པ་ཡིན། །ཞེས་པ་ནི། རྒྱས་པ་ཞེས་དོན་ཐམས་ཅད་གྲུབ་པོ་ཞེས་བསམ་པའོ། །ད་ནི་ཟོས་པའི་བསྲུང་བ་དང་། དུག་སྦྱོར་བའི་ཐབས་ཀྱི་སྦྱོར་བ་སྟོན་འདོད་པས་གསུངས་པ། དུག་སེམས་ཀྱིས་ནི་ཟོས་པ་ལ། །ཞེས་

པ་ལ་སོགས་པ་སྟེ། དེ་ལ་གསོ་དཔྱད་བྱ་བར་བྱ། །ཞེས་པ་ནི་གསོ་དཔྱད་བྱའོ་ཞེས་པའོ། །གཞན་ཡང་ད་ནི་དུས་བཞི་ལ་སོགས་ཟོས་པ་ཡི། །ཞེས་པ་ལ་སོགས་པ་ནི། དུས་བཞི་ནི་ཡི་གེ་ར་ཅན་བཞིའོ། །དེ་དག་ལ་ཟོས་པ་རྣམས་གསོ་དཔྱད་མི་བྱའོ་ཞེས་པའོ། །དེ་ལ་
གཞན་ནི་ཟོས་པ་རྣམས་གསོ་དཔྱད་བྱའོ་ཞེས་པ་དང་འབྲེལ་ཏོ། །དེ་ཁོ་ན་གསལ་བར་བྱ་བ་ནི། གསོ་དཔྱད་གཞན་ནི་ཐམས་ཅད་ལ། །ཞེས་པ་ལ་སོགས་པའོ། །དེ་ལྟར་ཟོས་པའི་འདུས་པ་ཡོངས་སུ་དཔྱོད་པ་མངོན་པར་བརྗོད་ནས་གཟུང་བའི་བསྲུང་བ་མངོན་དུ་བྱས་ནས་གསོ་དཔྱད་
བཤད་འདོད་པས་དང་པོ་བསྲུང་བ་མངོན་པར་བཤད་དེ། ཡི་གེ་རྣམ་པར་བཀོད་བྱས་ནས། །ཞེས་པ་ལ་སོགས་པའོ། །དེ་ལ། ཡི་གེ་བརྒྱད་ཀྱི་སྔགས་དག་ནི། །ཡན་ལག་བརྒྱད་ལ་བཀོད་པར་བྱ། །ཞེས་བརྗོད་པའི་དོན་ནི་འདི་ལྟ་སྟེ། ཡི་གེ་བརྒྱད་སྔགས་སུ་གྱུར་པ་ནི་ཡི་གེ་
སུཾ་ལ་སོགས་པ་མཁའ་འགྲོ་མ་བརྒྱད་ཀྱི་ས་བོན་ནོ། །ཡན་ལག་བརྒྱད་ལ་བཀོད་པར་བྱ། །ཞེས་པ་ནི་སྤྱི་བོར་ཡི་གེ་ཀྵུྃ་སེར་པོ་དང་མིག་གཉིས་ལ་ཡི་གེ་ཧཱུྃ་སྔོན་པོ་དང་། རྣ་བ་གཉིས་དང་སྣའི་བུ་ག་གཉིས་ལ་ཡི་གེ་ཡུཾ་དམར་པོ་དང་། ལྕེ་ལ་ཡི་གེ་སྲུྃ་དཀར་པོ་དང་། མགྲིན་པ་ལ་ཡི་
གེ་སྨྼྻུྃ་སེར་དཀར་དང་། དཔུང་པ་གཉིས་ལ་ཡི་གེ་ཧྨྼྻུྃ་དཀར་ནག་དང་། ཐོང་ཀ་ལ་ཡྨྼྻུྃ་ནག་དམར་དང་། ལྟེ་བ་ལ་ཀྵྨྼྻུྃ་དམར་སེར་རྣམས་རང་གི་མདོག་དང་ལྡན་པ་ཁོ་ནས་གནས་གོ་རིམས་བཞིན་དུ་དང་པོ་བཀོད་ནས་དུག་འཕྲོག་པའི་རྣམ་པར་ཕྱེ་བ་ལ་ཡང་ཐམས་ཅད་ཁོ་ན་དཀར་པོར་གྱུར་
ནས། བསྒོམ་པ་ཞེས་པ་ཐེ་ཚོམ་མེད་པའོ། །དེ་ཁོ་ན་གསུངས་པ། ཁ་དོག་དཀར་པོ་ཀུན་བསམས་ནས། སྙིང་པོས་དུག་ནི་འཕྲོག་པར་བྱའོ། །ཞེས་པའོ། །དེ་ལྟར་ཡན་ལག་ཡོངས་སུ་བསྲུངས་ནས་རྣམ་པར་ཤེས་པ་ཡང་དག་པར་བསྲུང་བ་གསུངས་པ།
དཀྱིལ་འཁོར་དབུས་སུ་གཞག་ནས་སུ། །ཤེས་དང་རྣམ་ཤེས་ཀྱིས་འགག་སྟེ། །ཞེས་པ་སྟེ། དཀྱིལ་འཁོར་དབུས་སུ་གཞག་པ་ནི། སྙིང་གར་ནམ་མཁའི་ཕྱོགས་ལ། ཨོཾ་ཀ་མ་ལ་བེ་སྭཱ་ཧཱ་ཞེས་སྔགས་དེ་དང་སྦྱིན་སྲེག་ལས་གསུངས་པའི་མཚན་ཉིད་པདྨའི་ཕྱག་རྒྱས་ཡོངས་

སུ་བསྐྱེད་པར་གྱུར་པ་འདབ་བརྒྱད་སྙིང་ལ་བསམས་ནས་དེའི་སྟེང་དུ་ཡི་གེ་ཨ་ལས་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་ན་འདི་སྐར་མ་དང་འདྲ་བའི་ཀུན་གཞི་རྣམ་པར་ཤེས་པ་བསམ་པར་བྱའོ། །ཤེས་དང་རྣམ་ཤེས་ཀྱིས་འགག་སྟེ། །ཞེས་
པ་ནི། རྣམ་ཤེས་དང་ནི་ཡེ་ཤེས་ཏེ་ཡི་གེ་ཧཱུྃ་ངོ་། །རྣམ་ཤེས་ཀྱང་དེའི་ཕྱིར་ན་དོན་ནི་འདི་ལྟ་སྟེ། ཐབས་དང་ཤེས་རབ་གཉིས་སུ་གྱུར་པ་ཡི་གེ་ཧཱུྃ་གི་འོད་དམར་པོར་གྱུར་པ་རྣམ་པར་ཤེས་པའི་གློ་ན་གནས་པས་དཀར་པོར་གྱུར་པ་རྣམ་པར་ཤེས་པ་སྟེ། ཁ་ན་གནོན་པར་
བྱའོ་ཞེས་མན་ངག་གོ། །ད་ནི་གསོ་དཔྱད་གསུངས་པ། ལུས་བསྲུངས་མ་ཐག་ཏུ་ནི་ཞེས་པ་ལ་སོགས་པའོ། །དེ་ལ་ཡང་མན་ངག་ནི་འདི་ལྟ་སྟེ། གྱོ་མོའི་སྣོད་དམ་ཟངས་མའི་གཞོང་པ་འོ་མ་དང་ཆུས་གང་བ་ཡོངས་སུ་བཟུང་ནས་ཟོས་པའི་རྐང་པའི་རྩ་བ་བདག་གི་
མདུན་དུ་བཞག་ནས། དེའི་དབུས་སུ་གོང་ནས་གསུངས་པའི་སྔགས་དང་ཕྱག་རྒྱ་བཀོད་པ་འདབ་བརྒྱད་དམིགས་ཏེ། དེའི་སྟེང་ན་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡང་ཡི་གེ་སུྃ་ལས་བསྐྱེད་པ་རྡོ་རྗེ། དེའི་བུམ་པ་ལ་ཡང་ཡི་གེ་སུྃ། དེའི་འོད་ཟེར་གྱི་ངོ་ལས་
མཁའ་འགྲོ་མ་ཐམས་ཅད་ཀྱི་འཁོར་ལོ་འཕྲོས་ནས་ཡང་འདུ་བར་བྱའོ། །ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། །རྡོ་རྗེ་དེས་བསྐྱེད་པ་སྐུ་མདོག་དཀར་མོ་ཕྱག་གཉིས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐྲ་ནག་པོ་སིལ་བུར་བཀྲམ་པ། སྦྲུལ་
གྱི་རྒྱན་གྱིས་བརྒྱན་པ། གོས་དཀར་པོས་སྟོད་གཡོགས་སྨད་གཡོགས་པ། གདུགས་དཀར་པོས་སྟེང་ན་བཀབ་པ། གཡས་ཀྱིས་ཁ་ཊྭཱཾ་ག་དང་བྷནྡྷ་འཛིན་མ། འདབ་མ་བརྒྱད་ལ་གནས་པ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ཀླུ་བརྒྱད་ཀྱི་མགོ་བསྡུ་བར་བྱས་ནས་གདན་བྱེད་
པར་བསྒོམ་པར་བྱའོ། །དེ་ལ་ཀླུ་རྣམས་བཀོད་པ་ནི། ཤར་གྱི་འདབ་མ་ལ་ནོར་རྒྱས་ཀྱི་བུ་དང་། བྱང་གི་འདབ་མ་ལ་འཇོག་པོ་དང་། ནུབ་ཀྱི་འདབ་མ་ལ་སྟོབས་ཀྱི་རྒྱུ་དང་། ལྷོའི་འདབ་མ་ལ་པདྨ་དང་། དབང་ལྡན་གྱི་མཚམས་ན་པདྨ་ཆེན་པོ་དང་། མེའི་མཚམས་ན་དུང་སྐྱོང་

དང་། བདེན་བྲལ་གྱི་མཚམས་ན་རིགས་ལྡན་དང་། རླུང་གི་མཚམས་ན་ལིནྡ་ཀ་ཞེས་དགོད་པར་བྱའོ། །དེ་དག་ཀྱང་གོང་དུ་གསུངས་པའི་ཟོས་པའི་ཡན་ལག་ལ་བཀོད་པའི་ས་བོན་བརྒྱད་དང་འདྲ་བའི་མདོག་གོ། །དེ་ཁོ་ན་གསུངས་པ། སྣོད་ལ་ཆུ་ཡིས་བཀང་ནས་སུ། །ཞེས་
པ་ལ་སོགས་པའོ། །སྔོན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་པ་རྡོ་རྗེ་སློབ་དཔོན་ཁོ་ནས་དེ་ཀུན་བརྩམ་པར་བྱའོ་ཞེས་སྟོན་པ། བདག་གི་ལུས་ནི་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །ཞེས་པ་སྟེ། དེ་ལ་ཡང་མན་ངག་ནི་འདི་ལྟ་སྟེ། རྒྱས་པའི་སྒྲུབ་ཐབས་ལས་གསུངས་
པའི་རིམ་པ་དང་། ཡང་ན་ཡུད་ཙམ་གྱི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་བདག་བསྒོམ་པར་བྱའོ། །དེ་ལ་ཡུད་ཙམ་གྱི་ཚུལ་ཞེས་པས་ནི་རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཡི་གེ་ཨ་ལས་བསྐྱེད་པ་རྡོ་རྗེ་དེ་གནས་གྱུར་ནས་ཕྱག་རྒྱ་ཆེན་པོར་དམིགས་པའོ། །ཡང་ན་ཡུད་ཙམ་ནི་ཕྱག་
རྒྱ་ཆེན་པོའི་ཕྱག་རྒྱ་དམིགས་པ་ཙམ་མོ། །དེ་ལྟར་ལྷ་ཡིད་ལ་བྱེད་པ་བྱས་པའི་རྣལ་འབྱོར་པས་གང་གིས་དུག་འཕྲོག་པར་བྱ་ཞེ་ན་གསུངས་པ། རྨ་བྱ་ཡི་ནི་མདོངས་ཀྱིས་སུ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་རིམ་པ་ནི་འདི་ལྟ་སྟེ། རང་གི་ལག་པས་གཟུང་བའི་རྨ་བྱའི་མདོངས་
ཡེ་ཤེས་མཁའ་འགྲོ་མའི་ཕྱག་གིས་བསྣམས་པ་ཁོ་ན་བསྒོམས་ཏེ་དེ་ཁོ་ནས་བསྒྲུབ་བྱའི་དཔྲལ་བ་ལ་སོགས་པ་ནས་ཇི་སྙེད་རྐང་མཐིལ་གྱི་བར་ཡན་ལག་ཐམས་ཅད་ལ་དུག་དྲངས་ནས་འོག་ཏུ་ཡང་ཆུའི་དཀྱིལ་འཁོར་དུ་གཏོར་མ་ཡེ་ཤེས་མཁའ་འགྲོ་མ་བསམ་པར་བྱའོ་ཞེས་ཇི་སྙེད་
པའོ། །དེ་ཀུན་ཡང་རིག་པ་བཟླས་པ་ཁོ་ནའི་རྡོ་རྗེ་སློབ་དཔོན་གྱིས་བྱའོ་ཞེས་པ་སྟེ། བཟླས་པའི་སྔགས་གསུངས་པ། ཨོཾ་ཧྲི་ད་ད་ན་དྷ་ར་ཧཱུྃ་ཕཊ་ཅེས་པ་ནི་ནོར་རྒྱས་ཀྱི་བུ་ལ་སོགས་པ་ཀླུའི་རྒྱལ་པོ་བརྒྱད་པོ་འདི་དག་གི་སྙིང་པོ་སྟེ། ཟློས་པའི་དུས་ན་མིང་བཅུག་པ་མེད་པ་དེ་ཙམ་བཟླ་བར་བྱའོ་
ཞེས་པའི་དོན་ཏོ། །སྙིང་པོ་དེ་ཡང་སྦྱོར་བ་གང་གིས་ཚད་དུ་བཟླ་ཞེ་ན་གསུངས་པ། རྡོ་རྗེ་སེམས་དཔའ་མངོན་སྦྱོར་བའི་ཞེས་པ་ལ་སོགས་པ་སྟེ། དོན་ནི་འདི་ལྟ་སྟེ། སྔོན་དུ་བསྙེན་པའི་དུས་ནི་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་པས་འབུམ་ཕྲག་གཅིག་བཟླས་པར་བྱས་པའོ། །ཡང་

སྔགས་དེ་ཁོ་ན་མིང་བཅུག་པ་གསལ་བར་བྱས་པས་གསུངས་པ། ཨོཾ་བ་སུ་ཀི་ཧྲི་ད་ད་ན་དྷ་ར་སྭཱ་ཧཱ་ཞེས་པ་ལ་སོགས་པ་སྟེ། ཨོཾ་ཧྲི་ད་ད་ན་དྷ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཆེ་གེ་མོ་དུག་མེད་པར་གྱིས་ཤིག་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟར་ནོར་རྒྱས་ཀྱི་བུ་ལ་སོགས་པ་ལ་ཡང་སྦྱོར་རོ། །
ཡུངས་ཀར་དཀར་པོའི་མེ་ཏོག་དང་། །ཙནྡན་གྱིས་ནི་བསྲེགས་པ་ཡིས། །ཞེས་པ་ནི་དེ་ལ་དཀར་པོའི་སྒྲ་ནི་སོ་སོར་རེ་རེ་ལ་མངོན་དུ་སྦྱར་བར་བྱའོ། །སྙིང་ནི་གཡོས་མ་ཐག་ཏུ་ནི། །རྣམ་ཤེས་དེ་ནི་བསྡམས་ཏེ་བཟུང་། །ཞེས་པ་ནི་གོང་ནས་གསུངས་པས་སྙིང་གར་བརྡེག་མ་ཐག་ཏུ་མགུལ་
བའི་སྲོག་གི་དབང་པོ་ཇི་ལྟར་གསུངས་པའི་ས་བོན་གྱིས་བསྡམས་ནས་གཟུང་བར་བྱའོ་ཞེས་པའོ། །དབུགས་ནི་རྒོད་མ་ཐག་ཏུ་ནི། །རང་གི་དབུགས་ཀྱིས་གཙེས་པར་བྱ། །ཞེས་པ་ནི་རང་གི་དབུགས་ཀྱིས་བསྒྲུབ་བྱའི་དབུགས་སློང་བར་བྱའོ་ཞེས་པའོ། །བསམ་པ་ནི་འདི་ལྟ་སྟེ། བསྒྲུབ་
བྱའི་སྲོག་གི་དབང་པོ་རླུང་གི་ས་བོན་གྱིས་གཙེས་པར་བྱའོ་ཞེས་ཇི་སྙེད་པའོ། །རྐང་ལག་ཐམས་ཅད་གཡོས་པ་དང་། བདག་ཉིད་དབྱངས་ནི་བླང་བར་བྱ། །ཞེས་པ་ནི་ཡི་གེ་ཧཱུྃ་གི་དབྱངས་ཀྱིས་བསྒྲུབ་བྱའི་ཡེ་ཤེས་དབབ་པ་ནི་བྱའོ་ཞེས་མངོན་ནོ། །དུས་པ་ཀླུ་ཡི་གནས་སུ་ནི། །འོ་མ་དེ་རུ་བླུགས་
པར་བྱ། །ཞེས་པ་ནི་འོ་མ་ལ་སོགས་པ་ཉེ་བར་སྤྱོད་པ་རྣམས་ཀླུའི་གནས་སམ་གཙང་པོ་ཆེན་པོ་ལ་བོར་བར་བྱའོ་ཞེས་པའོ། །ཟོས་པ་ཡོངས་སུ་བརྟགས་པ་ལ་གསོ་དཔྱད་མི་བྱ་བའི་རྣམ་པའི་ཆ་གསུངས་པ། གདོང་དང་ཐིག་ལེ་མིང་དང་ནི། །ཞེས་པ་ལ་སོགས་པའོ། །གཞན་གྱིས་
གདོན་གྱིས་བཅིངས་པའི་ཐུགས་ཀྱིས་ཕྱག་ན་རྡོ་རྗེའི་སེམས་ལ་བསམ་པ་ཡོངས་སུ་རྟོགས་ནས་མཁྱེན་ཏེ། བཅོམ་ལྡན་འདས་ཉིད་ཁོ་ནས་བཤད་འདོད་པས་གསུངས་པ། ཆར་དབབ་པ་ཡི་ཆོ་གའི་མཆོག །ཉིན་གཅིག་དེ་ཉིད་རྒྱལ་པོ་ཆེ། །ཞེས་པ་ལ་སོགས་པ་སྟེ། ཆུའི་འགྲམ་དང་
ཉེ་བ་ཡི། །ཡིད་དུ་འོང་བའི་ས་ཕྱོགས་སུ། །ཞེས་པ་ནི་ཆུ་དང་ཉེ་བ་ཁོ་ན་ལ་ཕྱིན་བརྗོད་པའི་ཆར་པ་དབབ་པའི་དཀྱིལ་འཁོར་བྲི་བར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཇི་སྙེད་པའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀླུ་བརྒྱད་ཀྱིས་ནི་ཀླུབས་བརྒྱན་ཏེ། །ཞེས་པ་ནི་རྡུལ་ཚོན་ལྔ་ཡིས་ནོར་རྒྱས་ཀྱི་

བུ་ལ་སོགས་པ་ཀླུ་བརྒྱད་རྣམ་པར་བཀོད་པར་བྱའོ་ཞེས་མངོན་ནོ། །མགོ་གཉིས་ཀྱིས་ནི་སྒྲོ་བྱས་ནས། །ཞེས་པ་ནི་ཀླུ་གཉིས་ཡར་འཕགས་པ་ཁོ་ནས་མགོ་སྒྲོ་ལ་བཀོད་པར་བྱའོ་ཞེས་སོ། །མཇུག་མས་གྲྭ་རུ་དཀྲི་བར་བྱ། །ཞེས་པ་ནི། མཇུག་མ་གཉིས་དཀྲིས་པས་གྲྭ་ལ་རྣམ་པར་
དགོད་པར་བྱའོ་ཞེས་སོ། །ཀླུ་བརྒྱད་ཀྱིས་ནི་ར་བ་སྟེ། །ཞེས་པ་སྟེ། རྒྱལ་བ་བཟང་པོ་ལ་སོགས་པ་ཀླུ་བརྒྱད་ཀྱིས་ར་བ་ལ་སོགས་པ་བྱའོ། །ཕྱོགས་སུ་རིགས་ནི་བརྒྱད་པ་ཡིན། །ཞེས་པ་ལ་སོགས་པས་ནི་དེ་དབུས་སུ་རྣམ་པར་བཀོད་པ་གསུངས་ཏེ། དེ་ལ་ཡང་ཉེ་བར་སྟོན་
པ་ནི་འདི་ལྟ་སྟེ། དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། དེ་ལ་ཤར་གྱི་འདབ་མ་ནོར་རྒྱས་ཀྱི་བུ་སྟེ་མདོག་དཀར་པོའོ། །བྱང་དུ་འཇོག་པོ་སྟེ་སེར་པོའོ། །ནུབ་ན་སྟོབས་ཀྱི་རྒྱུ་དམར་པོའོ། །ལྷོ་ན་པདྨ་ནག་པོའོ། །དབང་ལྡན་པདྨ་ཆེན་པོ་སྟེ་མདོག་དཀར་སེར།
མེའི་གྲྭ་ལ་དུང་སྐྱོང་དཀར་ནག །བདེན་བྲལ་ནི་རིགས་ལྡན་དམར་ནག་གོ། །རླུང་མཚམས་ན་ཧུ་ལུནྟ་སེར་དམར་རོ། །དེ་ལྟར་ར་བ་ལ་སོགས་པ་ལ་ཡང་རིགས་ཀྱི་རིམ་པས་མདོག་གི་ཁྱད་པར་ཤེས་པར་བྱའོ། །སྤྲིན་གྱི་དབང་ཕྱུག་རྒྱལ་ཆེན་པོ། །ཕྱོགས་བརྒྱད་ནས་ནི་དགུག་པར་
བྱ། །ཞེས་པ་ནི་ཀླུའི་ཕྱོགས་བརྒྱད་ནས་སྤྲིན་གྱི་ལྷ་ཆེན་པོ་རྣམས་དགུག་པར་བྱའོ་ཞེས་པའི་དོན་ཏོ། །ཨ་ག་ཙར་ཅན་དང་ང་རོ་ཅན། །དྲག་པོ་ཅན་དང་དཀྲིགས་པ་ཅན། །སྲ་བ་ཅན་དང་གཏུམ་མོ་ཅན། །ཆར་འབེབས་ཅན་དང་རབ་གང་ཅན། །ཞེས་པ་ནི་སྤྲིན་གྱི་རྒྱལ་པོ་དེ་
རྣམས་གོ་རིམས་བཞིན་ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། ཇི་ལྟར་ཤར་སོགས་གཞག་པ་ནི། །ཕྱོགས་ཀྱི་མདོག་ཏུ་ཤེས་པར་བྱ། །ཞེས་པ་སྟེ་དེ་ཀུན་རྡོ་རྗེ་མཁའ་འགྲོ་མའི་ང་རྒྱལ་བྱེད་པའི་རྣལ་འབྱོར་
པས་བྱའོ་ཞེས་གསུངས་པ། དབུས་སུ་རྡོ་རྗེ་མཁའ་འགྲོ་མ། །པདྨའི་སྟན་གྱི་སྟེང་དུ་བཞུགས། །ཞེས་པ་ལ་སོགས་པ་སྟེ། སྦྲུལ་གྱིས་པདྨ་བསྐོར་བ་ཡི། །སྦྲུལ་གྱི་གདན་དུ་སྦྱོར་བ་ཡི། །ཞེས་པ་ནི་སྦྲུལ་གྱིས་དཀྲིས་པ་པདྨའི་གདན་ལ་བཞུགས་པ། རྡོ་རྗེ་མཁའ་འགྲོ་མའི་

བཀས་ཀླུ་བརྒྱད་ཀྱིས་སྤྲིན་གྱི་རྒྱལ་པོ་ཆེན་པོ་ལ་བཀའ་སྩལ་པར་བྱེད་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་ཁོ་ན་གསལ་བར་བྱས་པ་ནི། རྣལ་འབྱོར་ཡེ་ཤེས་གསལ་བྱས་ལ། །ཡེ་ཤེས་མཁའ་འགྲོའི་བདག་ཉིད་དོ། །ཞེས་སོ། །ཨོཾ་བྷུར་ཏཿསྭཱ་ཧཱ།
ཞེས་པ་ནི་ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་སྔགས་སོ། །ཨོཾ་བ་སུ་ཀི་ཧཱུྃ་སྭཱ་ཧཱ་ཞེས་པ་བཞིན་དུ་དེ་ལྟར་ཏཀྵ་ཀ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཨོཾ་གི་ལི་གི་ལི་བ་རི་ཤ་བ་རི་ཤ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཐ་ཐ་ཐ་སྭཱ་ཧཱ། ཞེས་པ་ནི་སྤྲིན་གྱི་རྒྱལ་པོ་བརྒྱད་ཀྱི་སྔགས་སོ། །ཨོཾ་བཛྲ་ཏ་ཀྲི་
ནི་བ་ར་ཤ་ཧཱུྃ་བྷུར་ཏཿསྭཱ་ཧཱ་ཞེས་པ་ནི་བཟླས་པའི་རྩ་བའི་སྔགས་སོ། །དེ་དག་ནོར་རྒྱས་ཀྱི་བུ་ལ་སོགས་པའི་སྔགས་སོ། །དེ་ཀུན་ཡང་མཚན་མ་ཐོབ་པའི་རྣལ་འབྱོར་པ་ཁོ་ནས་བྱའོ་ཞེས་གསུངས་པའོ། །གཞན་ཡང་ཕོ་ཉའི་མཚན་མ་བསྟན་པར་བྱའོ་ཞེས་པ་ལ་སོགས་པ་ནི་དེ་
ལའོ། །མིག་ཡོན་ནི་མིག་བག་ཙམ་ཡོ་བའོ། །ཇི་ལྟར་བདག་གི་ཕོ་ཉ་ཡི། །གཉི་གའི་རྒྱུ་ནི་བརྟག་པར་བྱ། །ཞེས་ཕོ་ཉ་བཞིན་དུ། བདག་ཀྱང་ཡོངས་སུ་བརྟག་པར་བྱའོ་ཞེས་པའི་དོན་ཏོ། །དེ་དག་ནི་དཔལ་ལྡན་གདན་བཞི་པའི་རྣམ་པར་བཤད་པའི་ལེའུ་གཉིས་པའོ།། །།
བྱང་ཆུབ་ཀྱི་སེམས་མ་སྐྱེས་ན་སྔགས་ལ་སོགས་པའི་དངོས་གྲུབ་ཏུ་མི་འགྱུར་ཞེས་དགོངས་པ་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་བརྩོན་པའི་བྱེ་བྲག་ཉིད། གང་གིས་སྔགས་འཚལ་བགྱི་ཞིང་ཞེས་པ་ལ་སོགས་པས་བྱང་ཆུབ་སེམས་ཀྱི་ལེའུ་གསུམ་པ་བརྩམས་སོ། །དང་པོར་སྟོང་
པ་བསམ་བྱས་ཏེ། །ཞེས་པ་ལ་སོགས་པས་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་གསུངས་པའོ། །གཟུགས་སྟོང་ལ་སོགས་དང་པོ་ནས། །ཇི་སྙེད་བཅོ་བརྒྱད་ཡིད་ཀྱི་བར། །ཞེས་པ་ནི་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །
དེ་ལྟར་མིག་ལ་སོགས་པ་རྣམས་ལ་ཡང་སྦྱོར་བར་བྱའོ། །གཟུགས་ཀྱི་ཁམས་ཉིད་སྟོང་པ་ཞེས་པ་ནི་གཟུགས་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ནི་སྒྲ་ཡང་ཞེས་པ་ནི་སྒྲ་ལ་སོགས་པ་རྣམས་ལ་ཡང་ཤེས་པར་བྱའོ་ཞེས་ཇི་སྙེད་པའོ། །ཡིད་ནི་ནམ་

མཁར་ཐིམ་བསམ་ན། །ཞེས་པ་ནི་ཡིད་ནི་ནམ་མཁའ་འདྲ་བར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གསུངས་པ། ནམ་མཁའི་དབུས་སུ་བདག་མེད་ཅིང་། །བདག་དབུས་ལ་ཡང་ནམ་མཁའ་བགྱིས། །དེ་གཉིས་དབྱེར་མེད་ཤེས་པ་ནི། །གང་གིས་མཐོང་བ་དེ་གྲོལ་ལོ། །
ཁམས་གསུམ་ཞེས་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམས་སོ། །དེ་ཡི་དབུས་སུ་མཐོང་བ་ནི། །ཞེས་པ་ནི་དེ་ལ་དེའི་ཞེས་པ་ནི་སྟོང་པ་ཉིད་ཅེས་པའོ། །དེ་ལ་ཡོངས་སུ་བརྟགས་པའི་རྒྱུ། །ཞེས་པ་ནི་འདོད་པ་དང་མི་འདོད་པ་གསུངས་པའི་མཚན་
མ་ཡོངས་སུ་བརྟག་པར་བྱའོ་ཞེས་པའི་དོན་ཏོ། །འབར་པ་ཡིས་ནི་ཞི་བ་དང་། །ཞེས་པ་ལ་སོགས་པས་ནི། ཞི་བ་ལ་གསུངས་པའི་མཚན་མ་གསུངས་སོ། །ཚག་ཚིག་འཁྲིགས་པས་རྒྱས་པ་སྟེ། །ཞེས་པ་ནི་དེ་ལ་ཚག་ཚིག་ཅེས་པ་ནི་རྡུལ་ཕྲ་རབ་པོ། །ཕྱི་ན་སྦྱོར་བ་འབྱུང་བ་ནི། །
མྱུ་གུ་ལ་སོགས་པ་ཡི་སེམས། །ཞེས་པ་ལ་སོགས་པས་ནི། མཚན་མའི་འབྲས་བུ་ལ་ལོངས་སྤྱོད་པ་གསུངས་སོ། །ཤེས་བྱའི་འགྲོ་བ་བརྟག་པར་བྱ། །ཞེས་པ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །རབ་ཏུ་བྱེད་པ་འདི་ལ་དེ་བཞིན་ཉིད་ཁོ་ན་གསལ་བར་བྱེད་འདོད་པས་
གསུངས་པ། ཕ་དང་མ་ནི་གསད་པ་དང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕ་ནི་གཏི་མུག །མ་ནི་སྲེད་པའོ། །རྒྱལ་པོ་ནི་ང་རྒྱལ་ལོ། །བྲམ་ཟེ་གཙང་སྦྲ་ཅན་ནི་རྣ་བའི་དབང་པོ་ལ་སོགས་པའོ། །ཡུལ་ཕྱོགས་ནི་ཕུང་པོ་ལྔའོ། །རྒྱུ་བ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའོ། །གསད་
པ་ནི་ཤེས་རབ་ཀྱི་རལ་གྲི་ཁོ་ནས་དེ་དག་གསད་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་དག་ནི་དཔལ་ལྡན་གདན་བཞི་པ་ལས་བདག་གི་གདན་ལེའུ་གསུམ་པའི་རྣམ་པར་བཤད་པ་རྫོགས་སོ།། །།དེ་ལྟར་དེ་བཞིན་ཉིད་ཆེར་དམིགས་པའི་རྣལ་འབྱོར་པའི་ལྷའི་ང་རྒྱལ་མེད་པར་
ལས་ཀྱི་དངོས་གྲུབ་མི་འགྱུར་བས་ལྷའི་སྦྱོར་བ་དང་། རྨུགས་པ་དང་། གསོད་པ་ལ་སོགས་པའི་ལས་བརྗོད་འདོད་པས་གསུངས་པ། ཉོན་ཅིག་ཇི་ལྟར་དེ་ཉིད་ལམ། །ཞེས་པ་ལ་སོགས་པས་ནི་ལེའུ་བཞི་པ་བརྩམས་སོ། །གཉིས་དང་གཉིས་མིན་རབ་སྤངས་པ། །ཞེས་པ་ནི་གཅིག་

དང་དུ་མ་ཉིད་སྤངས་པ་ཉིད་དོ་ཞེས་མངོན་ནོ། །ཆུ་བོའི་སྒྲ་ཡི་ཞེས་པ་ནི་ཆགས་པ་ལ་སོགས་པའོ། །འཁོར་བའི་རྒྱ་མཚོ་ལ་བྱིང་བ་རྣམས་དྲང་བའི་ཐབས་གསུངས་པ། མཚན་བྱ་མཚོན་པའི་མཚན་ཉིད་ཅན། །ཞེས་པ་ནི་མཚན་བྱ་ནི་གང་
ཟག་གོ། །མཚོན་པ་ནི་ཐབས་སོ། །མཚན་ཉིད་ནི་མངོན་པར་མཚན་ཞེས་པའི་དོན་ཏོ། །རྣམ་ཤེས་ཡེ་ཤེས་ཀྱིས་བསམ་བྱ། །ཞེས་པ་ནི་དེ་ལ་རྣམ་པར་ཤེས་པ་ལ་ཡེ་ཤེས་བཞག་ནས་གསུངས་པའི་མཚོན་བྱའི་ཡེ་ཤེས་མཚོན་པའི་སེམས་ལ་ལས་འདུ་བའོ། །དེ་
ལྟར་འཕགས་པ་ལང་ཀར་གཤེགས་པ་ལས་གསུངས་ཏེ། ལས་ནི་སེམས་ཀྱིས་འདུ་བར་བྱེད། །ཡེ་ཤེས་ཀྱིས་ནི་རྣམ་པར་རྟོག །རྣམ་ཤེས་ཀྱིས་ནི་རྣམ་པར་ཤེས། །ཞེས་པའོ། །དཀྱིལ་དུ་བྱིང་པའི་ལུས་ཅན་རྣམས། །གྲོལ་བ་མཚན་མ་ཞེས་བྱའོ། །ཞེས་པ་ནི་གོང་
མའི་ཐབས་ཀྱིས་གྲོལ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་ཁོ་ན་གསལ་བར་བྱེད་པ་འདོད་པས་གསུངས་པ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག །ཤེས་བྱའི་འགྲོ་བ་བརྟག་པར་བྱ། །ཞེས་པ་ལ་སོགས་པའོ། །ཚེ་རབས་ལྔ་པས་རྟོགས་ཆུབ་པ། །རྣལ་འབྱོར་པ་ནི་གཏོད་
ལ་དགའ། །ཞེས་པ་ནི། དེ་ལ། ཚེ་རབས་ལྔ་པ་རྟོགས་ཆུབ་པ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ལམ་གསུངས་སོ། །བསམ་པ་ནི་འདི་ལྟ་སྟེ། རྣལ་འབྱོར་པ་སྟོང་ཕྲག་བརྒྱའི་ནང་ན་འགའ་ཞིག་ཀྱང་འགྲོ་བའམ་མི་འགྲོ་ཞེས་པ་ཇི་སྙེད་པའོ། །སྟོང་པ་ཉིད་བསྒོམས་པས་འདོད་
ཆགས་ལ་སོགས་པ་མེད་པར་བྱས་པའི་ལུས་ཀྱི་འོག་ནས་འབྱུང་བའི་ས་བོན་གདབ་པར་བྱའོ་ཞེས་གསུངས་པ། སྟོང་པའི་ཞིང་ལ་སོགས་ལུས་ལ། །བློ་དང་ལྡན་པས་ས་བོན་བཏབ། །ཅེས་པའོ། །དེ་ཁོ་ན་རྒྱས་པར་བྱེད་འདོད་པས་གསུངས་པ། དཔེར་ན། གདོལ་བའི་
ཁང་པ་མེས་བསྲེགས་ནས། །ཞེས་པ་ལ་སོགས་པ་སྟེ། དེ་ལ། ལྷ་ལ་སོགས་པའི་ཆེ་རུ་གནས་བྱས་ལ། །ཞེས་པ་ནི། ཆེ་རུ་ཞེས་པ་མང་བར་བྱས་པའོ། །དོན་ནི་འདི་ལྟ་སྟེ། ཇི་ལྟར་གདོལ་བའི་ཁྱིམ་བསྲེགས་ནས་མཆོག་ལྷ་ལ་སོགས་པའི་ཁྱིམ་བྱས་པ་བཞིན་དུ། དེ་ལྟར་འདོད་

ཆགས་ལ་སོགས་པས་བྱིན་གྱིས་བརླབས་པའི་ལུས་ཡེ་ཤེས་ཀྱི་མེས་བསྲེགས་ཏེ། སེམས་ཅན་གྱི་དོན་རྒྱུར་གྱུར་པའི་སྙིང་རྗེ་ཞེས་བྱིན་གྱིས་བརླབས་པའི་ལུས་བསྐྱེད་པར་བྱ་བའི་དོན་ཁོ་ནས་ཆོས་ཀྱི་དབྱིངས་ཀྱི་ས་བོན་བཏབ་པར་བྱའོ་ཞེས་པའོ། །དགེ་དང་རིགས་
ཅན་མཁས་པ་ཀུན་དུ་གནས། །ཞེས་པ་ནི་དེ་ལ་དགེ་དང་རིགས་ཅན་ཞེས་པ་ནི་སྙིང་རྗེ་ཅན་རྣམས་སོ། །མཁས་པ་ཞེས་པ་ནི་རྣལ་འབྱོར་པའོ། །དེ་ལ་རྣལ་འབྱོར་པས་སྙིང་རྗེ་ལ་སོགས་པ་བསྐྱེད་པར་བྱའོ་ཞེས་མངོན་ཏོ། །དགོད་བྱ་ཡི་གེ་རྣམ་དགོད་པ། །ཞེས་པ་ལ་སོགས་
པས་ནི་ས་བོན་རྣམ་པར་བཀོད་པར་བྱའོ་བར་གསུངས་སོ། །སྤྱི་བོར་མེ་ནི་བརྟག་བྱ་སྟེ། །ཞེས་པ་ནི། སྤྱི་གཙུག་ན་ཡི་གེ་ཀྵུྃ་བཀོད་པའོ། །ས་གཉིས་དག་གི་ས་བོན་གྱིས། །མིག་ཏུ་དེ་ཡིས་སྦྱོར་བར་བྱ། །ཞེས་པ་ནི་ཡི་གེ་ཧཱུཾ་མིག་གཉིས་ལ་བཀོད་པའོ། །སྟོང་པ་རླུང་
གི་ས་བོན་གྱིས། །སྣ་དང་རྣ་བ་དག་ལ་བསམ། །ཞེས་པ་ནི་རྣ་བ་དང་སྣ་གཉིས་ལ་ཡི་གེ་ཡུྃ་བསམ་པར་བྱའོ་ཞེས་བྱ་བའོ། །བདུད་རྩི་ཆུ་ཡི་ས་བོན་ལས། །ལྕེ་ཡི་དབང་པོ་དབང་ཕྱུག་གཙོ། །ཞེས་པ་ནི་ལྕེ་ལ་ཡི་གེ་ཧཱུྃ་བཀོད་པའོ། །གང་དག་ཞེས་པ་ནི་སྨྼྻུྃ་ལ་སོགས་པ་སྟེ།
དེ་དག་ཁོ་ན་ནི་བརྩེགས་པའི་གཟུགས་ཀྱིས་གཟུང་བར་བྱའོ་ཞེས་ཇི་སྙེད་པའོ། །གནས་བཞི་དག་ཏུ་སྦྱར་བར་བྱ། །ཞེས་པ་ནི་མགྲིན་པ་ལ་སྨྼྻུྃ། དཔུང་པ་གཉིས་ལ་ཧྨྼྻུྃ། ཐོད་ཀ་ལ་ཡྨྲྱུཾ།ལྟེ་བ་ལ་ཀྵྨྼྻུྃ་ངོ་། །ཡན་ལག་བརྒྱད་ལ་བཀོད་པར་བྱ། ཞེས་པ་ནི་དེ་ལྟ་
བུའི་རྣམ་པས་སོ། །ས་བོན་དང་ལྡན་ལུས་ཀྱི་ནི། །ཞེས་པ་ནི་དེ་དག་གི་ས་བོན་རྣམ་པར་དགོད་པའོ། །བདག་ཉིད་ཡེ་ཤེས་མཁའ་འགྲོ་མ། ཞེས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རང་བཞིན་བདག་ཉིད་བསྒོམ་པར་བྱའོ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བ། །
ཞེས་པ་ནི་དེ་ལ་ཨཱ་ལི་ནི་ཞེས་པ་ནི་ཨ་ལ་སོགས་པའོ། །ཀཱ་ལི་ནི་ཡི་གེ་ཀ་ལ་སོགས་པའོ། །སྨིན་མར་ཐིག་པ་གནས་དག་ཏུ། །ཞེས་པ་ནི་དེ་ལ་ཐིག་ལེའི་གནས་ནི་ཡི་གེ་ཧཱུྃ་སྟེ། སྨིན་མའི་བར་དུ་བསྒོམ་མོ་ཞེས་པའི་དོན་ཏོ། །སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན། །ཞེས་

པ་ནི་དེ་ཁོ་ནའོ། །དེ་ཁོ་ནའི་ངོ་བོ་ཉིད་བཤད་འདོད་པས་གསུངས་པ། མེ་དང་རླུང་གི་བདུན་དོན་ལ། །ཞེས་པ་ནི་དེ་ལ་མེ་ནི་ཡི་གེ་རའོ། །རླུང་ནི་ཡི་གེ་ཡའོ། །དེ་གཉིས་གཅིག་ཏུ་གྱུར་པ་ནི་མེ་དང་རླུང་ཞེས་སོ། །དེ་ལས་བདུན་པའི་དོན་ནི་ཡི་གེ་ཧའོ། །རྡོ་རྗེ་
ས་བོན་ནི་ཞབས་སྐྱེད་ཨུ་སྟེ། འགུགས་པ་ཕྱིན་ཕྱོགས་རྡོ་རྗེའི་ཕྱག །ཅེས་པའི་ལུང་གི་ཕྱིར་རོ། །ཐིག་དང་འདྲེས་ལས་ཡང་དག་ལྡན། །ཞེས་པ་ནི་ཟླ་ཚེས་ཀྱི་ཚུལ་གྱི་དཀྱིལ་ན་ཐིག་ལེའི་རི་མོས་ཡང་དག་ཞོན་པ་ཞེས་སྟེང་ན་བཀོད་པའོ། །བདུད་རྩིའི་ཆར་རྒྱུན་བཤད་
པ་ཡིན། །ཞེས་པ་ནི་བདུད་རྩི་འཛག་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལས་བརྒྱད་ལ་སོགས་སྔོན་དུ་ནི། །དེ་ལ་ལས་བརྒྱད་ནི། ཞེས་པ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། དགང་བ་དང་། རྨུགས་པ་དང་། བསྐུལ་བ་དང་། དབབ་པ་ལ་སོགས་གཟུང་བར་བྱའོ། །སོགས་
པའི་སྒྲས་ཀྱང་རལ་གྲི་དང་། ས་འོག་དང་། རོ་ལངས་དང་། མི་སྣང་བར་བྱ་བའི་མིག་སྨན་དང་། གི་ཝང་བསྒྲུབ་པའི་དོན་དང་། སྐར་མ་དང་། བཙག་དང་། སྣམ་བུ་དང་། གཞན་ཡང་བའི་འདོད་པ་རྣམས་སོ། །སྔོན་དུ་བསྙེན་པ་ལ་སོགས་བྱ། །ཞེས་པ་ནི་སྔོན་དུ་བསྙེན་པ་ཞེས་པ་ནི་
བཟླས་པ་དང་བསྒོམ་པའོ། །འདིར་ཡང་སོགས་པའི་སྒྲ་ནི་བརྟུལ་ཞུགས་པ་དང་དམ་བཅས་པ་དང་། ཟས་སྤགས་པ་ལ་སོགས་པ་རྣམས་སོ། །ཉོན་ཅིག་རྡོ་རྗེ་དེ་ཁོ་ནའོ། །ཞེས་པ་ལ་སོགས་པས་ནི་སྔགས་སྦས་ཕྱུང་བ་གསུངས་སོ། །དང་པོ་རྡོ་རྗེ་ངག་དང་ནི། །ཞེས་པ་ནི་དེ་ལ་རྡོ་རྗེ་ངག་ནི་
བཛྲའི་སྒྲའོ། །དང་པོའི་སྒྲ་ནི་གོང་མའི་ཚིག་གོ། །སྡེ་ཚན་གོང་མའི་ཡི་གེ་དང་། །ཞེས་པ་ནི་ཡི་གེ་ཀའོ། །ཇི་ལྟར་སྡེ་ཚན་བཞི་པའི་ཞེས་པ་ནི། ཀའི་སྡེ་ཚན་དང་པོར་བཟུང་ནས་སྡེ་ཚན་བཞི་པ་ནི་ཏའི་སྡེ་ཚན་ནོ། །དང་པོའི་ཡི་གེ་ཞེས་པ་ནི། ཡི་གེ་ཏ་གཟུང་བར་བྱའོ་ཞེས་སོ། །གཉིས་
འགྱུར་ར་ཡིག་སྟེང་དུ་དང་། །ཞེས་པ་ནི་དེ་ལ་གཉིས་འགྱུར་ནི་ཡི་གེ་ཏ་དེ་ཁོ་ན་གཉིས་སུ་བརྩེགས་པའོ། །ར་ཡིག་སྟེང་དུ་དང་ཞེས་པ་ནི་ཡི་གེ་ཏ་དེ་ཁོ་ནའི་མགོན་ཡི་གེར་བྱིན་པའོ། །ཨི་ཞེས་པ་དང་ར་ཡིག་སྦྱར། །ཞེས་པ་ནི་གུ་གུ་དང་ལྡན་པའི་ཕྱིར་རོ། །ཇི་ལྟར་སྡེ་ཚན་གཉིས་པ་ཡི། །ཡི་གེ་

གཉིས་གཟུང་ཐིག་པ་ལ། །ཞེས་པ་ནི་སྟེང་ན་ཐིག་ལེ་ཅན་ཡི་གེ་ཚའོ། །ལྕགས་ཀྱུ་ཡིས་ནི་རྩེ་བྱས་ཏེ། །ཞེས་པ་ནི། ཚ་ཁོ་ན་ལ་གུ་གུ་ཨི་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ། །བཞི་པའི་ཡི་གེ་གསུམ་པའི་ཞེས་པ་ནི་ཡི་གེ་དའོ། །གཉིས་ཀ་གཉིས་བུན་བསྒྱུར་བར་བྱ། །ཞེས་པ་ནི་ཚིན་དང་
ད་དེ་གཉིས་ལན་གཉིས་བརྗོད་པར་བྱའོ། །ལྔ་པ་ངག་ནི་སྦྱིན་པ་དང་། །ཞེས་པ་ནི། ལྔ་པ་ཅན་ཡི་གེ་ཧཱུྃ་གི་སྦྱོར་བར་ལྡན་པར་བྱའོ་ཞེས་ཇི་སྙེད་པའོ། །གོང་དུ་ཕྱག་འཚལ་ཡི་གེ་དང་། །ཞེས་པ་ནི་ས་དང་པོར་ཡི་གེ་ཨོཾ་བཀོད་པར་བྱའོ་ཞེས་མངོན་ཏོ། །ཡི་གེ་དྲག་པོ་ཐ་མར་
གཞག །ཅེས་པ་ནི་མཇུག་ཏུ་ཡི་གེ་ཕཊ་བཀོད་པར་བྱའོ་ཞེས་བཀོད་པའོ། །དེ་ལྟར་སྦྱོར་བ་ནི། ཨོཾ་བཛྲ་ཀརྟྟ་རི་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ་ཅེས་པའོ། །ལག་པ་གཉིས་ཀ་བསྡམ་བྱ་ཞིང་། །ཞེས་པ་ནི་རྡོ་རྗེ་བཅིང་བ་བཅིངས་ནས། །དེ་ཉིད་ཁ་ལ་སྦྱང་བྱས་ཏེ། །ཞེས་པ་ནི་ཁའི་དྲུང་ཁོ་ནར་
གཞག་པར་བྱའོ་ཞེས་པའོ། །ཁྲོ་བོ་དབུ་མ་བརྐྱང་པའོ། །ཞེས་པ་ནི་མཛུབ་མོ་དང་གུང་མོ་བརྐྱང་བའོ། །གཉིས་ཀ་རེག་ཅིང་རེག་པར་བྱ། །ཞེས་པ་ནི་ཆགས་པའི་ཚུལ་དུ་ལན་དུ་མ་རུ་གཅོད་པར་བྱའོ་ཞེས་པའོ། །དེ་ནས་ཚར་གཅོད་བཤད་པར་བྱ། །ཞེས་པ་ལ་སོགས་པ་ནི་
ཆར་པ་ལ་སོགས་པ་གཅོད་པ་གསུངས་སོ། །དེ་ལའང་སྔགས་སྦས་ཕྱུང་བ་སྟེ། །ཇི་ལྟར་སྡེ་ཚན་ཐ་མ་ཡི། །ཡི་གེ་གསུམ་པ་གཟུང་བྱ་སྟེ། །ཞེས་པ་ནི་ཡི་གེ་བའོ། །དེ་ལྟར་སྡེ་ཚན་གསུམ་པ་ཡི། །དེ་བཞིན་ཡི་གེ་གསུམ་པ་ལ། །ཞེས་པ་ནི་ཡི་གེ་ཌའོ། །གང་གི་ས་བོན་གསུམ་
གྱི་ཆ། །ཡི་གེ་ཨེ་དང་ལྡན་པར་བྱ། །ཞེས་པ་ནི་གོང་མའི་ཡི་གེ་བ་ལ་ཨེ་དང་ལྡན་པའི་འགྲེང་བུ་བྱའོ། །གང་ཞིག་ལྔ་པའི་དང་པོ་ལ། །ལྕགས་ཀྱུ་ཡིས་ནི་གཙེ་བྱས་ཏེ། །ཞེས་པ་ནི་ཡི་གེ་ཨི་གུ་གུ་དང་ལྡན་པའི་ཡི་གེ་བའོ། །གསུམ་པའི་ཆུ་ཡི་ས་བོན་དང་། །ཚེག་དྲག་པ་ཡི་བར་
དག་ཏུ། །ཞེས་པ་ནི་ཡི་གེ་བ་ལ་གློ་ཐིག་ལེ་གཞག་པའོ། །རྡོ་རྗེ་ས་བོན་ཐ་མ་ཡི། །ཞེས་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ས་བོན་ཡི་གེ་ས་སྟེ། དེའི་མཐའ་མ་ཡི་གེ་ཧ་ལ་ཞེས་པར་བྱའོ། །ར་ཡིག་ལྕགས་ཀྱུ་ཞགས་པ་དང་། །ཞེས་པ་ནི་ཡི་གེ་ཧ་དེའི་འོག་ན་ཡི་གེར་བཏགས། །མགོ་ན་

ཨི་གུ་གུས་གློ་ན་ཕྱིན་ཕྱོགས་སུ་འདྲེན་པའོ། །འཇོམས་པའི་ཡི་གེ་མཐར་གཞག་སྟེ། །ཞེས་པ་ནི་མཇུག་ཏུ་ཡི་གེ་ཕཊ་དགོད་པར་བྱའོ། །ཕྱག་འཚལ་གོང་དུ་གཞག་བྱ་སྟེ། །ཞེས་པ་ནི་གོང་དུ་ཡི་གེ་ཨོཾ་དགོད་པར་བྱའོ་ཞེས་པའོ། །དེ་དག་སྦྱོར་བ་ནི།
ཨོཾ་བ་ཌ་བེ་བིཿཧྲྀ་ཕཊ། དེ་ལ་ཡང་ཉེ་བར་བསྟན་པའི་མན་ངག་ནི་འདི་ལྟ་སྟེ། འཕགས་པ་རྟ་མཆོག་གི་ང་རྒྱལ་རྣལ་འབྱོར་པས་བརྩམ་པར་བྱའོ། །རྒྱུད་གཞན་གྱི་བི་བཱ་བི་བཱ་ཞེས་ལན་གཉིས་ཤེས་པར་བྱའོ། །ལག་གཉིས་ཐལ་མོ་སྦྱོར་བྱས་ཏེ། །ཞེས་པ་ནི་ལག་གཉིས་
རྡོ་རྗེ་ཐལ་མོ་བྱས་པའོ། །སྲིན་ལག་གཞན་དང་གཞན་དུ་བྱ། །ཁྲོ་བོ་ཡིས་ནི་ཀུན་གནོན་ཏེ། །ཞེས་པའོ། །སྲིན་ལག་གཉིས་ཀྱིས་ཞེས་པ་ནི། །སྲིན་ལག་གཉིས་ཀྱིས་གུང་མོ་གཉིས་ཆོ་རོལ་དུ་དཀྲི་བར་བྱའོ་ཞེས་པའོ། །དེ་ཉིད་དུ་ནི་མཐེ་བོ་སྦྱོར། །རྟ་རྒོད་མ་ཡི་ཕྱག་རྒྱའོ། །
ཞེས་པ་ནི་གུང་མོ་གཉིས་དང་མཐེ་བོ་གཉིས་ཀ་སྦྱར་བར་བྱས་པས། རྟ་རྒོད་མའི་ཁའི་ཕྱག་རྒྱ་ཡིན་ནོ། །འབར་བའི་ཕྲེང་བ་མཉམ་པའི་འོད། །ཕྱོགས་བཅུའི་གནས་སུ་འབར་བྱེད་པ། །སྤྲིན་ལ་སོགས་པ་བསྲེག་པར་འགྱུར། །ཞེས་པ་ནི་འོད་ཟེར་ཕྲེང་བ་ལང་ལོང་གི་འོད་ཀྱིས་དཔལ་
རྟ་མཆོག་གི་ང་རྒྱལ་གྱིས་ཕྱོགས་བཅུ་ན་གནས་པའི་སྤྲིན་གྱི་ལྷ་རྣམས་ཟོས་པར་མཐོང་བར་བྱའོ་ཞེས་པའོ། །རྡོ་རྗེ་སློབ་དཔོན་དགེ་བའི་གོ་ཆས་མཛད་པ་དཔལ་ལྡན་གདན་བཞི་པའི་རྣམ་པར་བཤད་པ་ལས། བདག་གི་གདན་རྫོགས་སོ།། །།ད་ནི་གཟུགས་བརྙན་རྣམས་
བསྐྱོན་པ་དང་། ཞི་བ་ལ་སོགས་པའི་སྦྱིན་སྲེག་དང་། གཏོར་མའི་ངོ་བོ་ཉིད་དང་། སློབ་མ་ཡོངས་སུ་གཟུང་བ་ཇི་ལྟར་ཡིན། ཤེས་འདོད་པས་ཕྱག་ན་རྡོ་རྗེས་ཞུས་པ། གཟུགས་དང་ནི་ཅི་འདྲ་དང་ཞེས་པ་ལ་སོགས་པས། གཞན་གྱིས་གདན་བརྩམས་པ་ལ་ཆེར་གནས་སོ། །ཧོམ་
ཁུང་གི་རིམ་པར་ཕྱེ་བ་ལ། ཁྲུ་གང་ཙམ་ལས་བརྩམས་ནས་སུ། །ཇི་སྙེད་ཁྲུ་སྟོང་བར་དུའོ། །ཞེས་པའོ། །ལས་ཀྱི་རིམ་པས་སོར་བརྒྱད་ནས་བརྩམས་ནས། ཇི་སྙེད་སོར་ཉི་ཤུའི་བར་དུ་འཕེལ་བར་བྱའོ། །འདི་ལ་མུ་ཁྱུད་ཅེས་པ་ནི་ཧོམ་ཁུང་གི་སྤྱི་ལ་ཞེས་པའོ། །ཚད་ཀྱི་ཆ་ནི་

གསུམ་ལས་ནི། །ཆ་གཉིས་སུ་ནི་བརྐོ་བར་བྱ། །ཞེས་པ་ནི་ཇི་ལྟར་གསུངས་པའི་ཧོམ་ཁུང་གི་ཚད་གསུམ་དུ་བྱ་སྟེ། ཆ་གཉིས་སུ་འོག་བརྐོ་བར་བྱའོ། །བརྐོས་པ་ལས་ཀྱང་བརྒྱད་ཀྱི་ཆ། །ཁུང་གི་ཁ་རན་དུ་ཡང་བྱ། །ཞེས་པ་ནི་ཧོམ་ཁུང་བརྐོ་བའི་ཚད་ཆ་བརྒྱད་དུ་བྱས་
ཏེ། ཆ་གཅིག་གི་ཚད་ནི་ཧོམ་ཁུང་གི་ཁ་རན་ཞེས་པའོ། །ཁ་རན་ལས་ཀྱང་ཕྱེད་ཀྱི་ཆར། །ཕྱི་རོལ་ཏུ་ཡང་མུ་ཁྱུད་བྱ། །ཞེས་པ་ནི་ཁ་རན་གྱི་ཕྱེད་ཀྱི་ཆའི་ཕྱི་རོལ་དུ་མུ་ཁྱུད་བརྐོ་བར་བྱའོ་ཞེས་པའོ། །མུ་ཁྱུད་བརྒྱད་དུ་ལྡན་བྱས་པའི། །པདྨ་འདབ་མ་བརྒྱད་པ་སྟེ། །ཞེས་པ་ནི་
མུ་ཁྱུད་འཁོར་བའི་ཚད་ཆ་བརྒྱད་དུ་རྒྱ་བསྐྱེད་པ་པདྨའི་འདབ་མའི་ཚད་བྱ་བའོ། །པདྨ་དག་གི་ཕྱི་རོལ་ཏུ། །སོར་གཅིག་པ་ཡི་ར་བ་བྱ། །ཞེས་པ་ནི་པདྨའི་ཕྱི་རོལ་ན་ར་བ་སོར་གཅིག་བྱས་པའོ། །ཁུང་གི་དབུས་སུ་རྡོ་རྗེ་ནི། །པདྨའི་ནང་དུ་གཞག་པར་བྱ། །ཞེས་པ་ནི་ཧོམ་ཁུང་གི་
དབུས་སུ་ཇི་ལྟར་མཛེས་པ་དང་། པདྨའི་སྟེང་ན་རྡོ་རྗེ་བཀོད་པར་བྱའོ་ཞེས་པའོ། །མུ་ཁྱུད་གསུམ་ནི་མངོན་སྤྱོད་དོ། །ཞེས་པ་ནི་མངོན་པར་སྤྱོད་པའི་ལས་ལ་ཧོམ་ཁུང་ཟུར་གསུམ་མོ། །ཞི་བ་ལ་ནི་གྲྭ་བཞི་པ། །ཞེས་པ་ནི་ཞི་བའི་ལས་ལ་ཧོམ་ཁུང་ཟུར་བཞི་བྱས་པའོ། །ཡོངས་སུ་
གང་བ་དབང་དུ་ལྡན། །རྒྱས་པ་ལ་ཡང་དེ་བཞིན་ནོ། །ཞེས་པ་ནི་དབང་དང་རྒྱས་པ་ལ་ཧོམ་ཁུང་ཟླུམ་པོ། །ཟླ་གམ་དག་ནི་བསྐྲད་པ་དང་། །ཞེས་པ་ནི། བསྐྲད་པ་ལ་སོགས་པའི་ལས་ལ་ཧོམ་ཁུང་གཞུའི་ཚུལ་ལོ། །ཟུར་བརྒྱད་དགུག་དང་རྨོངས་ལས་ལ། །ཧོམ་ཁུང་ཟུར་བརྒྱད་པ་ཡིན་ནོ། །
གོ་རིམས་རིམ་པར་སྦྱར་བར་བྱ། །ཞི་བ་རྒྱས་པ་དབང་ལ་སོགས། །ཞེས་པ་ནི་ཇི་ལྟར་གསུངས་པ་དེ་ཁོ་ན་ཞི་བ་ལ་སོགས་པ་རྣམས་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ་ཞེས་པའོ། །སངས་རྒྱས་ལྔ་ཡི་རྟགས་དག་གིས། །ཇི་ལྟར་ཕྱོགས་དང་ཕྱོགས་སུ་དགོད། །ཞེས་པ་ནི་གཡོན་དུ་
འཁོར་ནས་རྡོ་རྗེ་སེམས་མ་ལ་སོགས་པ་ཕྱོགས་ལ་དགོད་པར་བྱ་སྟེ། ཤར་གྱི་ཕྱོགས་ནས་སེམས་མ་རྡོ་རྗེ་མའོ། །བྱང་ན་རིན་ཆེན་རྡོ་རྗེ་མའོ། །ནུབ་ན་ཆོས་ཀྱི་རྡོ་རྗེ་མའོ། །ལྷོ་ན་ལས་ཀྱི་རྡོ་རྗེ་མའོ། །ཕྱག་མཚན་དེ་དག་ཁ་རན་ལ་གཞག་པར་བྱའི་གཞན་དུ་མ་ཡིན་ནོ་ཞེས་གསུངས་

པ། གནས་རྣམ་བཞི་ཡི་ཁ་རན་དུ། །སངས་རྒྱས་རྟགས་ཀྱིས་མངོན་པར་བརྒྱན། །ཞེས་པའོ། ཟླ་གམ་རྡོ་རྗེ་རབ་མཛེས་རྣམས། །གྲྭ་དང་གྲྭ་རུ་གཞག་པར་བྱ། །ཞེས་པ་ནི་ཇི་ལྟར་མཛེས་པ་ཟླ་བ་རྡོ་རྗེས་གྲྭ་དང་གྲྭ་ལ་གཞག་པར་བྱའོ། །ཅི་རིགས་སྟན་
གྱི་གནས་སུ་ནི། །མཐེ་བོང་བཅུ་གཉིས་ཚད་དག་གིས། །སྐྱེས་བུ་ཕྱེད་དུ་ལྡན་པ་དང་། །ཏི་སེ་གངས་རི་བརྩེགས་ཏེ་དགེ །ཞེས་པ་ནི་རང་གི་སྟན་གྱི་མདུན་དུ་མུ་ཁྱུད་ཀྱི་བར་ན། ཏི་སེ་གངས་རི་གཞག་པར་བྱ་སྟེ་སྐྱེས་བུ་ཕྱེད་དུ་ཞེས་པ་ནི། སྐྱེས་བུའི་ཁྲུ་གང་གི་ཚད་དེའི་
ཕྱེད་མཐོ་གང་སྟེ། ཡང་མཐེ་བོང་བཅུ་གཉིས་ཀྱི་ཚད་དང་ལྷན་ཅིག་ཏུ་བསྲེགས་མ་ཐག་ཏུ་སོར་ཉི་ཤུ་རྩ་བཞིར་བསྒྱུར་ཏེ། དེའི་ཚད་ཀྱིས་ཏི་སེ་གངས་རིའི་ཚད་ཡིན་ནོ་ཞེས་ཇི་སྙེད་པའོ། །འདབ་མ་བརྒྱད་ལ་སོགས་པའི་གནས། །རིམ་བཞིན་ལྷ་ནི་བཞུགས་སུ་
གསོལ། །ཞེས་པ་ནི་འདབ་བརྒྱད་ཇི་ལྟར་གོ་རིམས་གྱིས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་གཞག་པར་བྱའོ། །ཚད་ཀྱི་ཚད་མ་ནི་གདོན་མི་ཟ་བར་བྱའོ་ཞེས་གསུངས་པ། རྣལ་འབྱོར་པས་དེ་ཚད་ཁྱད་པར་དུ་ཡང་སྦྱར་བར་བྱའོ། །དེ་དག་ནི་དཔལ་ལྡན་གདན་བཞི་པ་གཟིགས་
པ་ལས་གཞན་གྱི་གདན་ལས་རྣམ་པར་བཤད་པའི་ལེའུ་དང་པོའོ།། །།ཆུ་ཡི་སྦྱིན་སོགས་ཇི་ལྟར་ལགས། །ཆུ་ཡི་སྦྱིན་སོགས་དེ་ལ་ཡང་། །ཞེས་པ་ལ་སོགས་པ་གསུངས་པས་ནི། ཆུའི་སྦྱིན་སྲེག་ལ་སོགས་པ་ཉན་འདོད་པ་ཕྱག་ན་རྡོ་རྗེས་གཞན་གྱིས་གཞན་ལེའུ་
གཉིས་པ་ཡོངས་སུ་ཞུས་སོ། །ཆུ་ཡི་སྦྱིན་སྲེག་ཅེས་པ་ནི། ཆུའི་སྦྱིན་སྲེག་པས་ན་ཆུའི་སྦྱིན་སྲེག་གོ། །འདི་ལ་སོགས་པའི་སྒྲ་ནི། གཏོར་མ་དང་ཉེ་བར་མཆོད་རྫས་ལ་སོགས་པ་རྣམས་གཟུང་བར་བྱའོ། །མཚན་ཉིད་ཇི་ལྟར་མཚོན་པར་བགྱི། །ཞེས་
པ་ནི་ཆུའི་སྦྱིན་སྲེག་གི་ངོ་བོ་ཇི་ལྟར་ཡིན་ཞེས་པའི་དོན་ཏོ། །དབུས་སུ་ཆུ་ཡི་སྣོད་ལ་སོགས། །ཞེས་པ་ནི་འོག་ནས་གསུངས་པའི་བུམ་པ་བརྒྱད་ལ་གཞན་པདྨའི་ཚུལ་དུ་གསེར་ལ་སོགས་པ་ལས་བྱས་པའི་ཆུའི་སྣོད་ཅེས་པའོ། །དཀར་པོའི་རྫས་ཀྱིས་བསྐུ་བར་བྱ། །ཞེས་

བ་ནི་དཀར་པོ་དྲི་ཞིམ་པོ་ལ་སོགས་པས་བསྐུ་བར་བྱའོ། །དེ་ནས་ཕྱི་རོལ་གནས་པ་ནི། །ཆུའི་ལས་ལ་སོགས་ཞེས་པ་ནི། །ཡུད་ཙམ་གྱིས་རྡོ་རྗེ་མཁའ་འགྲོ་མའི་བདག་ཉིད་བསྒོམས་ཏེ། ཕྱི་ནས་བདག་གི་དབུགས་ཀྱིས་གོང་ནས་གསུངས་པའི་བཀོད་པའི་རིམ་པས་
ཕྱུང་ནས་ཕྱི་རོལ་གྱི་གནས་ལ་ཆུའི་དབུས་སུ་ཡེ་ཤེས་མཁའ་འགྲོ་མ་ལས་ཀྱི་རིམ་པས་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པར་བསྐྱེད་ནས་ཞི་བ་ལ་སོགས་པའི་སྦྱིན་སྲེག་བྱའོ། །སོ་སོར་རྟོགས་ནི་བརྟན་པ་ནི། །རང་གི་གཟུགས་ཀྱིས་ཁ་དོག་ལྡན། །དམ་
ཚིག་ཀུན་གྱི་ཕྱག་རྒྱ་ནི། །སྔགས་དང་ཕྱག་རྒྱ་ལ་སོགས་བསྟན། །ཞེས་པ་ནི་ཡེ་ཤེས་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་བཞིན་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ལ་སྟོན་པར་བྱའོ་ཞེས་སོ། །སྔགས་པས་རྟག་ཏུ་ཆུ་གཏོར་ན། །ཁྱད་པར་དག་ནི་རྒྱས་པར་འགྱུར། །
ཞེས་པ་ནི་མདུན་ན་བསྒོམས་པའི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་དབུ་རྒྱན་གྱི་རྡོ་རྗེ་རྩེ་མོར་ཉིན་རེ་བཞིན་དུ་ཆུ་གཏོར་ནས་ཕུལ་པས་རྒྱས་པ་ཆེན་པོར་སྐྱེ་བའོ་ཞེས་པའོ། །དེ་དག་ནི་དཔལ་ལྡན་གདན་བཞི་པའི་རྣམ་པར་བཤད་པ་ལས་གཞན་གྱི་གདན་གྱི་ལེའུ་གཉིས་
པའོ།། །།འདི་ལྟར་བསྒོམ་པའི་རྣལ་འབྱོར་པའི་དཀྱིལ་འཁོར་བྲི་བ་མེད་པར་མཆོག་གི་དངོས་གྲུབ་མི་འགྱུར་པས། འཁོར་བ་ལས་བརྒལ་མཚན་ཉིད་དག །ཉོན་ཅིག་རྒྱལ་པོ་རྡོ་རྗེ་ཆེ། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ལེའུ་བརྩམས་སོ། །ཕུང་པོ་ལྔ་ལ་སོགས་པ་རྣམས་རང་
བཞིན་མེད་པ་ནི་སྟོང་པ་ཉིད་ཀྱི་ལེའུ་བཤད་ཟིན་པས་ན་འདིར་མ་བཀྲོལ་ལོ། །ཇི་ལྟར་མཉམ་པར་བལྟ་བ་དང་། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །གཉིས་མེད་ཡེ་ཤེས་མཚན་ཉིད་དག །ཉོན་ཅིག་རྡོ་རྗེ་དེ་ཁོ་ན། །ཞེས་པ་ལ་སོགས་པ་ནི་དངོས་པོ་རྣམ་པར་དག་པ་གསུངས་སོ། །
བླ་མེད་ཉིད་དུ་བྱ་བའི་ཕྱིར། །ཐལ་སྦྱར་འདི་གསུམ་བརྗོད་པར་བྱ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་བསྐྱེད་ནས་བླ་ན་མེད་པའི་སངས་རྒྱས་ཀྱི་མཆོད་པ་བྱའོ་ཞེས་པའི་དོན་ཏོ། །ཧཱུྃ་ཞེས་བྱ་བ་ལ་སྦྱོར་བ། །ཕྱག་འཚལ་འཇོམས་པ་མཐར་གཞག་སྟེ། །ཞེས་པ་ནི། དེ་ལ། ཧཱུྃ་ཞེས་བྱ་བ་

རབ་སྦྱོར་བ། །ཞེས་པ་ནི་ཕྱག་འཚལ་དང་འཇོམས་པ་གཉིས་ཀྱི་བར་དུ་ཡི་གེ་ཧཱུཾ་སྦྱོར་བར་བྱའོ་ཞེས་པ་ཇི་སྙེད་པའོ། །དེ་ལྟར་ཟིན་མ་ཐག་ཏུ། ཨོཾ་ཧཱུྃ་ཕཊ་ཅེས་པའི་སྔགས་སུ་འགྱུར་རོ། །སྔགས་དེས་རང་གི་ལག་པ་རྡོ་རྗེར་བསམས་ནས་དེ་བཞིན་གཤེགས་པ་
ལྔའི་གནས་སུ་བརྟག་པར་བྱས་ནས་ས་སྦྱང་བར་འགྱུར་རོ་ཞེས་པའོ། །དེ་ནས་ཤིན་ཏུ་དྲི་ཞིམ་པའི་དྲིས་གྲུ་བཞིའི་དཀྱིལ་འཁོར་བྱས་ཏེ། རྡུལ་ཚོན་ལྔས་པདྨ་འདབ་མ་བརྒྱད་བྲིས་ཏེ། དེའི་དབུས་སུ་དངོས་གྲུབ་ཐམས་ཅད་ཀྱི་བུམ་པ་དང་། ཤར་གྱི་འདབ་མ་ལ་ཚོན་སྣ་
ལྔའི་ཐིག་ལེ་དང་། ལྷོའི་འདབ་མ་ལ་རྡོ་རྗེ་དང་། བྱང་གི་འདབ་མ་ལ་དྲིལ་བུ་དང་། ནུབ་ཀྱི་འདབ་མ་ལ་བདུད་རྩིས་གང་བའི་དུང་ཆེན་པོ་ལ་སོགས་པའི་སྣོད་རྣམས་ཀྱི་དཀྱིལ་འཁོར་བྲིས་ཏེ། སྐུད་པ་དམར་པོས་དེའི་གློར་ཀུན་ཡོངས་སུ་དཀྲིས་ནས་གཞག་པར་བྱའོ། །དེའི་འོག་ཏུ་
རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་གྱིས་མེ་ཏོག་དང་། དྲི་དང་། སྤོས་དང་། མེ་ཏོག་གི་ཕྲེང་བ་དང་། ལྷ་བཤོས་དང་། གཏོར་མ་དང་། ཉེ་བར་སྤྱོད་པ་ལ་སོགས་པས་མཆོད་པ་རྣམས་བྱའོ། །དེའི་འོག་ཏུ་ཡང་ལག་པ་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། སྣའི་
རྩེ་ལ་ཕྱིན་ཅི་ལོག་ནས་བཞག་སྟེ། ཕྱོགས་སུ་བརྐྱང་ནས་བགེགས་རྣམས་སྔགས་འདིས་གཞོམ་པར་བྱའོ། །རེ་ཞིག་གང་དང་གང་ཞིག་ཁྱེད་ཅག་ས་བདག་རྣམས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོ་དང་། འབྱུང་མོ་དང་། མཁའ་འགྲོ་མ་ལ་སོགས་པ་རྣམས་སེམས་
ཅན་གྱི་དོན་དུ་འདིར་དཀྱིལ་འཁོར་རྩོམ་གྱིས་མྱུར་བ་ཁོ་ནར་སོང་ཤིག །ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་པ་ནི་བགེགས་བསྐྲད་པའི་སྔགས་དང་ཕྱག་རྒྱའོ། །དེ་ནས་སྒེག་མོའི་སྔགས་དང་ཕྱག་རྒྱ་བཅིངས་ནས། ཨོཾ་པྲ་སཱ་དྷ་ཀུ་རུ་མང་མེ་ཏི་སུན་དྷཱ་རཱི་ད་ཡ་ཙི་ཏ་ཏྃ་ཧཱུྃ་ཛུྃ་ཛུྃ་སྭཱ་ཧཱ། དེ་ནི་སའི་ལྷ་མོ་ལ་གསོལ་
བ་གདབ་པའི་སྔགས་དང་ཕྱག་རྒྱའོ། །དེའི་འོག་ཏུ་རྡོ་རྗེ་དེ་བཞིན་ཉིད་ཀྱིས་གཟུང་། དྲིལ་བུ་ཆོས་ཀྱིས་དཀྲོལ་བར་བྱའོ། །དེ་ནས་པདྨའི་དབུས་ན་གནས་པའི་བུམ་པ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དཀར་བ། རྡོ་རྗེ་དང་ད