Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 20

Văn bản gốc(Tây Tạng)

Trang 21 / 21 (50.000 ký tự/trang)
་བྱ་བ་ནི་སྐྱེས་བུ་ཆེན་པོའི་གང་ཟག་གི་དགའ་བ་སྐྱེ་སྟེ་བྱང་ཆུབ་ཀྱི་ཡིད་ཀྱིས་སོ། །བདུན་པ་སྲང་ལ་རྒྱ་མཚོའི་གཟུགས། །ཞེས་བྱ་བ་ནི་རྒྱ་མཚོའི་མདུན་རྣམས་ཏེ་ཡེ་
ཤེས་ཀྱི་རྒྱ་མཚོ་ལ་སོགས་པ་སྔོན་དུ་བཤད་པ་རྣམས་ཏེ་ལཱ་མའི་མཚན་ཉིད་ཀྱི་ལེའུ་རོ། །བརྒྱད་པ་སྡིག་པའི་འཕོ་བ་ལ་པདྨ་ཞེས་བྱ་བ་ནི་སྙིང་གའི་པདྨའི་ནམ་མཁའ་བརྒྱད་རྣམས་དེ་ཉིད་དགའ་བའི་གཟུགས་ཏེ་རྒྱུ་བ་དང་མི་རྒྱུ་བར་བཅས་པ་སྐྱེ་བའོ། །དགུ་པ་གཞུ་ལ་བཅུད་

ལེན་ཞེས་བྱ་བ་ནི་རྩ་དགུ་རྣམས་སུ་རབ་ཏུ་འབབ་པ་མེད་པས་ལུས་ཀྱི་ཁམས་ཐམས་ཅད་བདེ་བ་དང་བཅས་པ་ཉིད་ཀྱི་བཅུད་ལེན་དུ་འགྱུར་རོ། །བཅུ་པ་ཆུ་སྲིན་ལ་ཆུ་སྲིན་ཟླ་བ་འདོད་པ་ཞེས་བྱ་བ་ནི་དེ་རྣམས་ཁྱད་པར་དུ་འཕགས་པས་ལྷན་ཅིག་སྐྱེས་པའི་གཟུགས་ཞེས་བྱ་བ་སྟེ་བྱ་བ་
ཐམས་ཅད་ལ་བཅུ་པའི་གནས་སྐབས་དེའི་རང་བཞིན་དུ་འགྱུར་བའོ། །བཅུ་གཅིག་པ་བུམ་པ་ལ་ཞི་བའི་གཟུགས་ཞེས་བྱ་བ་ནི་གྲོལ་བའི་གཟུགས་བཞི་པ་འདས་པ་ཉིད་དུ་སྐྱེ་བ་སྟེ་ཁྱད་པར་གྱི་དགའ་བའོ། །བཅུ་གཉིས་པ་ཉའི་འཕོ་བར་རབ་ཏུ་ཞུགས་པས་འཁོར་ལོའི་
གཟུགས་ཞེས་བྱ་བ་ནི་སེམས་ལ་ཁྱབ་འཇུག་གི་རིགས་ཀྱི་གཟུགས་ཀྱི་དགའ་བ་ཐམས་ཅད་ཀྱི་འཚོ་བའི་གཟུགས་ཉིད་ལས་བྱང་ཆུབ་ཀྱི་ས་བོན་ཞེས་བྱ་བའི་དོན་ཏོ། །བཅུ་གསུམ་པ་ཉི་མ་འཆར་བའི་ཟས་སུ་དང་། བཅུ་བཞི་པ་ཟླ་བ་འཆར་བའི་ཟས་སུ་སྟེ། བཅོ་ལྔ་པ་རཱ་ཧུའི་
སྦྱོར་བས་ཨ་ཝ་དྷཱུ་ཏཱི་མཚམས་ཐམས་ཅད་དུ་ཞུ་བས་སོ། །བཅུ་དྲུག་པ་ཐིག་ལེའི་མིང་ཅན་ཞེས་བྱ་བ་སྟེ་དེའི་ཕྱིར་བཤད་པ་དུས་དང་བྲལ་བ་ཞེས་བྱ་བ་སྟེ་དེའི་ཕྱིར་རང་གི་རིག་པ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་དེའི་མཚན་ཉིད་དུ་ཤེས་པའོ། །ལྷག་མ་རྟོགས་པར་སླའོ། །ད་ནི་
དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། དཀྱིལ་འཁོར་གྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ་ཐམས་ཅད་ལེགས་པར་གོ་བར་ཟད་དོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་དཔལ་ཧེ་རུ་ཀའི་ཡི་གེའི་རབ་ཏུ་སྦྱོར་བས་རང་གི་རིག་པའི་མཚན་ཉིད་ཀྱི་ཆོ་
ག་དང་འཁོར་ལོ་བཞི་བསྒོམ་པས་དགའ་བའི་གནས་སྐབས་རྣམ་པ་བཅུ་དྲུག་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་འཆར་བ་དང་དེའི་ཆོ་གའི་ཁྱད་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའི་བཤད་པའོ།། །།པདྨ་
གར་དབང་ཕྱག་བྱས་ནས། །ལྷ་རྫས་ཁ་ཟས་བྱེད་པ་སྟེ། །རྩ་ཡི་འཁོར་ལོའི་རབ་སྦྱོར་བས། །ལས་ཐམས་ཅད་ནི་བསྒྲུབ་པར་བྱ། །ད་ནི་པདྨ་གར་གྱི་དབང་ཕྱུག་གི་བཟའ་བའི་སྦྱོར་བ་ལ་སོགས་པའི་བཤད་པ་གསུངས་པ། དེ་ནས་བཤད་པར་བྱ་བ་ལ་སོགས་པ་སྟེ།

ལུས་ལ་སོགས་པ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་ཀྱིས་དེར་ཡང་དག་པར་བྱུང་བའི་དཔའ་བོའི་ཁམས་རྣམས་ཀྱི་མངོན་པར་བཟའ་བ་སྟེ་དེ་ཉིད་རྟོགས་པ་དང་བཅས་པས་ཟ་བའོ། །དེ་ཡང་པདྨ་གར་གྱི་དབང་ཕྱུག་གིས་དེ་ལྟར་ཞེས་བྱ་བ་ནི་
འཆད་པར་འགྱུར་བའི་མིང་གི་ཡི་གེའི་རབ་ཏུ་སྦྱོར་བ་འདིས་འབྱུང་བ་སྟེ་དེ་རྣམས་གསུངས་པ། རྩ་ཞེས་བྱ་བ་ལ་སོགས་པ་སྟེ་མདོར་ན་ཡི་གེ་གཉིས་གཉིས་ཀྱི་བཤད་པའོ། །པདྨའི་དོན་ནི་རྩའི་པདྨ་ལས་ཡང་དག་པར་བཤད་དེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཏེ་
དེ་རྣམས་སུ་གར་བྱ་བ་སྟེ། གར་གྱི་ཡི་གེ་དག་གི་ནི་སྲོག་གི་རླུང་གི་འདི་རྣམས་ཐམས་ཅད་དུ་ཀུན་དུ་རྒྱུ་བའི་སྣ་ཚོགས་པའི་སེམས་ཀྱི་སྤྱོད་པས་སངས་རྒྱས་ཀྱི་གཟུགས་དམིགས་པས་གར་མཁན་ནོ། །དབང་ཕྱུག་ཅེས་བྱ་བ་ནི་དབང་ཕྱུག་གི་ཡི་གེ་སྟེ། བྱང་ཆུབ་ཀྱི་
སེམས་ཀྱི་ཞེས་བྱ་བ་ནི་ཀུན་དུ་རྒྱུ་བའི་དུས་སུ་ཐམས་ཅད་དུ་འགེངས་པར་བྱེད་པས་དེ་རྣམས་ཀྱི་ནང་དུ་གནས་པ་སྟེ་ཡེ་ཤེས་དང་རྣམ་པར་ཤེས་པའི་རྣམ་པའི་རང་བཞིན་གྱིས་སོ། །བཟའ་བར་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །བསྒོམ་པ་ཞེས་བྱ་བ་ལ་སོགས་པ་རྣམས་
ཀྱིས་འཆད་པར་འགྱུར་བའི་རྣལ་འབྱོར་མའི་འཁོར་ལོའི་དབུས་སུ་ལྷན་ཅིག་སྐྱེས་པའི་གཟུགས་རྣམས་ཀྱིས་རྩེན་པ་སྟེ་པདྨ་གར་གྱི་དབང་ཕྱུག་གོ། །སླར་ཡང་འདིའི་རིམ་པ་ཇི་ལྟ་བས་ཡི་གེ་རེ་རེའི་དོན་གསུངས་པ། པ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འོན་
ཀྱང་བཤད་པ་འདིས་སྲིད་པ་དང་མྱ་ངན་ལས་འདས་པ་ཐམས་ཅད་དང་ལྡན་པའི་རབ་ཏུ་སྦྱོར་བ་མདོར་བསྡུས་པར་བྱའོ། །གང་གི་ལམ་གྱིས་སངས་རྒྱས་ཉིད་བསྒྲུབ་པར་བྱ་བ་སྟེ། དེའི་རྒྱ་ཆེ་བར་བྱ་བ་ནི། བདེ་མཆོག་ཕྱི་མ་ཞེས་བྱ་བ་སྟེ་ངེས་པར་བརྗོད་པ་འབུམ་པར་ཇི་ལྟར་
གསུངས་པ། དེ་བཞིན་དུ་ཐམས་ཅད་ཤེས་པར་བྱ་སྟེ་སངས་རྒྱས་ཀྱི་རྒྱུར་རང་བཞིན་གྱི་ཆོས་འདིའམ་དེ་ལ་སོགས་པར་པདྨ་གར་གྱི་དབང་ཕྱུག་གི་རྟོག་པར་མཚམས་སྦྱོར་གྱི་སྐད་ཀྱི་ཁྱད་པར་གསུངས་པས་སོ། །དེའི་ཕྱིར་བགྲོད་པ་འདི་རྣམས་ཞེས་བྱ་བ་ལ་སོགས་པས་དེ་རྣམས་

དེ་བཞིན་དུ་བཤད་དོ། །ནམ་མཁའ་ཞེན་པའི་སྦྱོར་བས་ཞེས་བྱ་བ་ནི་སྤྲིན་གྱི་གོ་སྐབས་ཕྱེ་བ་ཅན་གྱི་སྦྱོར་བ་སྟེ་སོ་སོར་བསྡུས་པ་ལ་སོགས་པས་དུ་བ་ལ་སོགས་པའི་རྟགས་བཅུ་མཚོན་པར་བྱའོ། །རབ་ཏུ་གསལ་བའི་གཟུགས་གར་བྱེད་བཞིན་པ་མཐོང་བར་འགྱུར་བས་སོ། །ད་ནི་
དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པས་གསུངས་པ། རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་སླའོ། །འདི་བསྒོམ་པས་ཐམས་ཅད་དབང་དུ་འགྱུར་རོ། །གཅིག་ཏུ་ན་འཇིག་རྟེན་ལ་སོགས་པ་ཙམ་འགྱུར་བ་མ་ཡིན་ཏེ། དེ་ཉིད་གསུངས་པ། བསྒྲུབ་
པ་བྱང་ཆུབ་ཤིང་དྲུང་དུ། །ཞེས་བྱ་བ་སྟེ་ལྟེ་བའི་རྩ་བར་སྲོག་གི་ཤིང་ལ་བརྟེན་པས་རང་གི་སེམས་ལས་བྱུང་བའི་སངས་རྒྱས་ཀྱང་སྒྲུབ་པར་བྱེད་དེ་དེའི་ཚེ་དབང་དུ་འགྱུར་རོ། །བདུད་འཇོམས་པ་སྟེ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཞོམ་པ་བྱས་སོ། །ལྷག་མ་རྟོགས་པར་སླའོ། །དཔལ་
ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་པདྨ་གར་གྱི་དབང་ཕྱུག་གི་རབ་ཏུ་སྦྱོར་བས་དཔའ་བོ་དང་གཉིས་སུ་མེད་པའི་སྟོན་མོ་ལུས་ལ་སོགས་པ་རྣམས་ཀྱི་རང་གི་རིག་པའི་རྣམ་པར་རྟོག་པ་བཟའ་བ་དང་མཚམས་སྦྱོར་གྱི་སྐད་ཀྱི་ཁྱད་པར་གྱིས་ཁམས་གསུམ་དེ་དེ་བཞིན་དུ་སངས་རྒྱས་ཉིད་
ལ་སྦྱར་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་དབང་ལ་སོགས་པའི་ལས་བསྒྲུབ་པ་དང་མུ་སྟེགས་ཅན་རྣམས་གཞུག་པ་དང་མན་ངག་སྣ་ཚོགས་པའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཉིས་པའི་བཤད་པའོ།། །།རྣམ་སྣང་མཛད་ལ་ཕྱག་
བྱས་ནས། །གསལ་བའི་སྐུ་ཡི་དངོས་པོ་ཡིས། །དག་པའི་སྐུ་ནི་འཐོབ་པ་སྟེ། །རུལ་པའི་ལུས་ནི་གྲོལ་བྱེད་པའོ། །ད་ནི་རྣམ་པར་སྣང་མཛད་ཆེན་པོའི་རབ་ཏུ་སྦྱོར་བའི་མཚན་ཉིད་ཀྱི་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་མཚན་
ཉིད་ཅེས་བྱ་བ་ནི་འཆད་པར་འགྱུར་བའི་རབ་ཏུ་སྦྱོར་བས་རྣམས་ཀྱིས་ཏེ་དེ་ལྟར་འདིའི་མདོར་བསྟན་པ་གསུངས་པ། གཟུགས་ལས་འདས་པའི་ཡེ་ཤེས་གང་། །ཞེས་བྱ་བ་སྟེ། འདིར་གང་གི་ཚེ་བསྟན་བཅོས་ཐམས་ཅད་དུ་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོར་གསུངས་

སོ། །འདིར་དེ་དང་འདྲ་བ་མ་ཡིན་ཏེ། ཅིའི་ཕྱིར་མ་ཡིན་ཞེ་ན། ཅིའི་ཕྱིར་རྣམ་པར་མཛད་ཆེན་པོ་མ་ཡིན་པས་གང་གི་ཕྱིར་དེའི་གཟུགས་ལས་འདས་པ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བ་གལ་ཏེ་འདི་དང་འདྲ་བའི་ཡེ་ཤེས་ཀྱི་གཟུགས་སྤྲུལ་པ་སྟེ་དེའི་ཚེ་དེ་ཉིད་ཡེ་ཤེས་
ཆེན་པོའི་རང་བཞིན་ཞེས་བྱ་བར་བརྗོད་དོ། །དེ་རྣམས་ལ་ལྷ་མོ་ཐམས་ཅད་ཉོན་ཅིག་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེའི་ཕྱིར་མིང་གི་ཡི་གེ་རྣམས་ཀྱིས་གསུངས་པ། ཁྱད་པར་དུ་གསལ་ཞེས་བྱ་བ་ལ་སོགས་པ་སྟེ་བཻའི་ཡི་གེའི་དོན་ཐོག་མ་ཉིད་དུ་བཤད་པར་བྱ་སྟེ།
ཁྱད་པར་དུ་གསལ་བར་གྱུར་པས་དེ་བཞིན་ཏེ་བསྒོམ་པར་རྟོགས་པའི་དུས་སུ་གང་འབར་བ་སྟེ་ཡེ་ཤེས་ཀྱི་རྣམ་པའི་གཟུགས་སོ། །དེ་ཡང་སེམས་དཔའི་ཆེན་པོའི་འདུ་ཤེས་ཅན། །ཞེས་བྱ་བ་སྟེ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོ་སྤྲུལ་པའི་སྐུ་དུ་མ་
འཕྲོ་བའི་གཟུགས་སོ། །དེ་ལྟར་རོའི་ཡི་གེའི་དོན་གྱིས་རྣལ་འབྱོར་པ་རྣམས་ཀྱི་བ་སྤུའི་ཁུང་བུའི་རྩེ་མོ་ལས་བརྟན་པ་དང་སྐྱེ་འགྲོ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་སུ་ངེས་པར་འགྲོ་བ་སྟེ། སྟོབས་ཆེ་བ་ཕ་རོལ་གནོན་པར་བརྩོན་པ་ཆོས་དང་ཆོས་ཉིད་ལ་ཡོངས་སུ་གང་བས་སོ། །དེ་
ལྟར་སེམས་ཅན་གྱི་དོན་བྱས་ནས་དེ་རྣམས་བ་སྤུའི་ཁུང་བུའི་བུ་ག་རྣམས་ཀྱི་དེ་བཞིན་དུ་བཤད་པར་འགྱུར་རོ། །དེ་ལྟར་རང་དང་གཞན་གྱི་ཡེ་ཤེས་ཀྱིས་འདྲེས་པར་འགྱུར་རོ། །དེ་ཉིད་རྩའི་ཡི་གེའི་དོན་གྱི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་རྣམས་གསལ་བར་བྱེད་པ་གསུངས་པ།
གཡོ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་སྲོག་འགོག་པ་བྱས་པས་ཞེས་བྱ་བ་ནི་དབུ་མའི་ནང་དུ་ཐིམ་པར་བྱའོ། །དེ་ནས་དེ་དང་འདྲ་བར་མཐའ་མེད་པའི་སྤྲུལ་པ་པོ་རྣམ་པར་སྣང་མཛད་ཆེན་པོའི་གཟུགས་སུ་རང་ཉིད་རང་གིས་མཐོང་བའོ། །དེ་ལྟར་གདོང་གིས་གདོང་ལ་ཞེས་བྱ་
བ་ནི་མེ་ལོང་དུ་སོན་པ་ཇི་ལྟ་བ་བཞིན་དུ། དེ་ལྟར་སླར་ཡང་སྐྱེ་བོ་ཐམས་ཅད་ཀྱི་རྣམ་པར་བཞག་པ་གསུངས་པ། མི་ཞེས་བྱ་བ་ལ་སོགས་པ་སྟེ་ནའི་ཡི་གེའི་དོན་གྱིས་སོ། །མི་བོ་མི་མོ་ལ་སོགས་པ་ནི་རྐང་གཉིས་དང་རྐང་བཞི་རྣམས་ཀྱི་དང་འདི་རྣམས་ཐམས་ཅད་ཀྱི་གཟུགས་སུ་སྟེ་ཇི་

ལྟར་པདྨའི་འདབ་མ་ལ་ཆུས་མི་གོས་སོ། །རྣལ་འབྱོར་པ་རྣམས་ཀྱིས་ཡེ་ཤེས་ཡོངས་སུ་བསྒོམས་པས་ན་རང་གི་བདག་ཉིད་ཡོངས་སུ་ཤེས་པ་ཙམ་གྱིས་ཀྱང་བག་ཆགས་དང་བཅས་པས་འཆིང་བ་སྟེ། སླར་ཡང་སྲོག་དེ་དང་འདྲ་བ་མ་ཡིན་ཏེ། གང་གི་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་སྲོག་གིས་དེ་ལྟར་འགྲོ་བའི་དོན་བྱེད་དེ་དེའི་ནང་དུ་རབ་ཏུ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་སྲོག་ཆེན་པོ་རྣམ་པར་སྣང་མཛད་ཆེན་པོའི་བདག་ཉིད་ཅན་ནོ། །དེ་ལྟར་རིག་པའི་རོའི་ལུས་ལས་རྣམ་པར་གདོན་ནོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་ཐ་མལ་
པའི་གཟུགས་སུ་རིག་པར་བྱའོ། །དེ་ཉིད་མཁས་པ་རྣམས་ཞེས་བྱ་བ་ནི་དེ་ལྟར་སྲོག་གི་རང་བཞིན་ཉེ་བར་མཚོན་པས་སོ། །སྦྱོར་བ་དང་ལྡན་པ་གསུངས་པ། ཨ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། ཡིད་ཀྱིས་ཞེས་བྱ་བ་ནི་བུམ་པ་ཅན་གྱི་སྦྱོར་བས་ཡོངས་སུ་བསྡུ་བར་བྱ་བ་སྟེ། དབུགས་
རྒྱུ་བ་བསྐུལ་བས་སྲོག་རང་བཞིན་མེད་པའི་གཟུགས་སུ་མཚོན་པར་བྱའོ། །དེ་ལྟར་ཧཱུཾ་ཡིག་ཅེས་བྱ་བ་ལ་སོགས་པས་དབྱུང་བར་བྱ་བ་སྟེ་གསོར་བའི་སྦྱོར་བ་དང་ལྡན་པས་ཞེས་བྱ་བ་ནི་གཏོང་བ་དང་འགེངས་པས་སོ། །དེ་ལྟར་དགང་བ་ནི་ཨོཾ་གྱི་ཡི་གེས་ཏེ་ངལ་སོ་བའི་སེམས་ཀྱི་གཟུགས་
སུ་འགྱུར་ཏེ་སེམས་དེ་ལུས་ཡོངས་སུ་གནས་པས་མཚོན་པར་བྱའོ། །དེ་ལྟར་ཧའི་ཡི་གེའི་ནཱ་དའི་གཟུགས་མཆོག་གི་དང་པོ་རྣམས་སུ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྐུ་ཡེ་ཤེས་ཀྱི་དངོས་པོར་སྤྲུལ་པར་བྱ་བ་སྟེ། སྣའི་རྩེ་མོ་སྟེ་དབུ་མར་དེ་ཉིད་བསྒོམ་པ་ནི་རྣམ་པར་སྣང་མཛད་དེ། ཆོས་
ཀྱི་དབྱིངས་ཀྱི་དབུས་སུ་ཞེས་བྱ་བའི་ཚིག་གིས་སོ། །དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་བསྒོམ་པར་བྱ་བ་སྟེ་སྒྲུབ་ཐབས་ཀྱི་རིམ་པས་སོ། །འཛག་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་གོ་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་རྣམ་པར་སྣང་མཛད་
ཀྱི་ཡི་གེའི་རབ་ཏུ་སྦྱོར་བས་སྣ་ཚོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་རྣམ་པར་གཞག་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་རྩ་ཐམས་ཅད་དུ་མི་འཕོ་བ་དང་ཡན་ལག་དྲུག་ཏུ་འཇུག་པ་དང་སྣ་ཚོགས་པའི་ཁམས་ཀྱི་མར་ཁུས་བྱུགས་པའི་མཚན་ཉིད་ཀྱི་ཆོ་

ག་རྒྱས་པར་བསྟན་པ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་གསུམ་པའི་བཤད་པའོ།། །།དཔའ་བོ་ཐམས་ཅད་ཀྱི་བདག་ཉིད། །དང་པོར་རྡོ་རྗེ་སེམས་བཏུད་ནས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་རྣམས། །གནས་ཐམས་ཅད་དུ་ཁྱབ་པ་པོའོ། །ད་ནི་དཔའ་བོ་ཆེན་པོ་རྡོ་རྗེ་
སེམས་དཔའི་གནས་ལ་སོགས་པའི་རིམ་པའི་བཤད་པ་གསུངས་པ། དེ་ནས་གསང་བ་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ཏུ་རྙེད་པར་དཀའ་བ་ཉིད་པས་གསང་བ་སྟེ། སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པའི་སྤྱོད་ཡུལ་མིན་པའི་ཡེ་ཤེས་ཏེ། དེ་ཡང་མདོར་བསྡུས་པ་སྟེ་
རྒྱས་པར་མིན་ཞེས་བྱ་བ་ནི་མདོར་བསྡུས་པ་ལ་སོགས་པའི་དོན་སྔོན་དུ་སོང་ཟིན་ཏོ། །དེ་ལྟར་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེ་རྣམས་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའི་རབ་སྦྱོར་བས། །ཞེས་བྱ་བ་ནི་མིང་གི་ཡི་གེའི་རབ་ཏུ་སྦྱོར་བ་སྟེ་མིང་གི་ཡི་གེའི་
རབ་ཏུ་སྦྱོར་བ་པུལླཱི་ར་ལ་སོགས་པའི་གནས་ཐམས་ཅད་དུ་ཇི་ལྟར་ཡོངས་སུ་གནས་པ་སྟེ། དེ་རྣམས་གསུངས་པ། རྡོ་རྗེ་མི་ཕྱེད་ཡེ་ཤེས་སོ། །ཞེས་བྱ་བ་སྟེ་བཛྲའི་ཡི་གེ་དག་གི་དོན་ཏོ། །དེའི་ཕྱིར་རྡོ་རྗེའི་སྒྲས་དབྱེར་མེད་པའི་ཡེ་ཤེས་ཏེ་ཆོས་ཀྱི་སྐུ་གཅིག་ཏུ་ངེས་པའི་སེམས་སོ། །སེམས་དཔའི་
སྒྲས་སེམས་དཔའི་སྙིང་པོར་སྟོན་པས་དབྱེ་བ་མེད་པར་ཉེ་བར་སྤྱོད་པ་སེམས་ཅན་གྱི་དོན་དུ་རབ་ཏུ་འཇུག་པ་དེས་སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པ་རྣལ་འབྱོར་པ་རྣམས་ཀྱི་ལམ་དུ་རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས་པ་སྟེ་བཅོམ་ལྡན་འདས་དེས་སྣ་ཚོགས་པའི་གནས་སུ་བརྟེན་པ་རྣལ་འབྱོར་པ་
རྣམས་ཀྱི་རྒྱུའི་རྣལ་འབྱོར་གསུངས་པ། ཟླ་བ་རྡོ་རྗེ་རབ་སྦྱོར་བས། །ཞེས་བྱ་བ་སྟེ། ཟླ་བ་ནི་བདག་མེད་པའི་ཡེ་ཤེས་ཀྱི་རྣམ་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་སླར་ཡང་རྡོ་རྗེ་ཞེས་བྱ་བ་སྟེ་རྡོ་རྗེའི་ལམ་ནས་འཕོ་བ་མེད་པ་དེ་དག་གི་རབ་ཏུ་སྦྱོར་བས་གནས་ཀྱི་མིང་ཅན་གྱི་རྩ་འདི་རྣམས་
ཐམས་ཅད་ཀྱི་ཁར་དགུག་པ་སྟེ། བགྲོད་པས་བཀའ་བསྒོ་བྱ་ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟར་ལུས་ལ་གནས་ལ་སོགས་པ་སྦྱར་བས་རེ་རེའི་ཕྱི་དང་ནང་གི་བདག་ཉིད་དུ་རྒྱུ་དང་འབྲས་བུ་གསུངས་པ། འབབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་དངོས་གྲུབ་ཉི་ཤུ་རྩ་བཞི་སྟེར་བ་པོ་རྡོ་རྗེ་

སེམས་དཔའ་སྟེ་དེ་དེ་བཞིན་དུ་བཤད་དོ། །འདི་ནི་གོ་སླའོ། །འོན་ཀྱང་གནས་འདི་རྣམས་སུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཁམས་དང་རྩའི་སྦྱོར་བས་ལྷག་པར་རྟོགས་པར་བྱ་སྟེ། དེ་རྣམས་ཀྱི་རང་གི་སེམས་ལ་ཇི་ལྟར་གསུངས་པ་སྟེར་བའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་
པ་གསུངས་པ། རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས་ལས་བྱུང་བའི་རོ་ཆེན་པོ། །ཞེས་བྱ་བ་ནི་སྲུབ་པ་དང་སྲུབས་པས་ལྷ་རྫས་ཀྱི་རོ་ཡེ་ཤེས་སུ་བཤད་པའོ། །དེའི་དེ་ལྟར་ཁྱད་པར་དུ་བྱེད་པ་གསང་བ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དངོས་པོ་མེད་མིན་ཞེས་བྱ་བ་ལ་སོགས་
པས་ཧཾ་གི་ཡི་གེ་གཞོམ་དུ་མེད་པ་རྡོ་རྗེ་སེམས་དཔའི་གཟུགས་སུ་བཤད་པ་སྟེ་དེ་ལྟར་མ་ལུས་པ་མདོར་བསྡུས་པའི་སྒྱུ་མ་ཆེན་པོའི་ཆོས་སུ་བཅོམ་ལྡན་འདས་ཀྱིས་ངེས་པར་བསྟན་པར་འགྱུར་རོ། །ལྷག་མ་སྔོན་ཇི་ལྟ་བ་སྟེ་འདི་ནི་ངེས་པའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་
ལས་རྡོ་རྗེ་སེམས་དཔའི་ཆོ་གའི་རབ་ཏུ་སྦྱོར་བའི་ཡི་གེས་ཕྱི་དང་ནང་གི་བདག་ཉིད་ཀྱི་སྦྱོར་བ་དག་གིས་གནས་ལ་སོགས་པའི་དངོས་གྲུབ་སྟེར་བ་པོ་དཔའ་བོ་གཉིས་སུ་མེད་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་ལྷ་རྫས་ཀྱི་རོ་ཉེ་བར་སྤྱོད་པས་གསང་བ་ལ་སོགས་པའི་ཚིག་
རྣམས་ཀྱི་ངེས་པའི་ཚིག་རྣམས་དང་ནཱ་ད་ལས་བྱུང་ཞིང་བསྐྱེད་པ་ཐིམ་པ་ཉི་ཤུ་རྩ་བཞིའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ནཱ་དའི་ཡི་གེ་དང་ཡི་གེ་མེད་པའི་མཚན་ཉིད་ཀྱི་རྣམ་པར་བཞག་པའི་ཆོ་ག་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པའི་བཤད་པའོ།། །།དཔལ་ལྡན་དུས་མེ་
ཆར་སྤྲིན་འདྲ། །བདུད་ཐམས་ཅད་ལ་ཞབས་བཀོད་གང་། །ཕྱག་དང་ཞལ་དང་ཞབས་རྣམས་ཀྱིས། །འཇིག་རྟེན་ཁམས་སུ་འཁྲུག་པར་མཛད། །རྡོ་རྗེ་ཕག་མོ་ལ་འཁྱུད་པའི། །བདུད་ཚོགས་དགྲ་དེ་ལ་ཕྱག་འཚལ། །གཉིས་མེད་དཔའ་བོ་རྣལ་འབྱོར་མ། །དཀྱིལ་འཁོར་པ་དང་
བཅས་དེ་ལའོ། །ད་ནི་ཉི་ཤུ་རྩ་ལྔ་པ་དཔའ་བོ་ཐམས་ཅད་ཀྱི་གཙོ་བོའི་རྣམ་པའི་གཟུགས་དཔལ་ཧེ་རུ་ཀ་ཡང་དག་པའི་ཏིང་ངེ་འཛིན་རྡོ་རྗེ་བཤད་པ་ཞེས་བྱ་བ་དཔའ་བོ་ཐམས་ཅད་ཀྱི་བདག་པོས་སྤྱིར་བསྡུས་པའི་བཤད་པ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ལས་ཀྱི་ཚོགས་ཞེས་

བྱ་བ་ནི་ཇི་ལྟར་སྔོན་དུ་བཤད་པའི་རིགས་པས་སྣ་ཚོགས་པའི་ལས་ཀྱི་ཚོགས་ཀྱི་ཕྱི་དང་ནང་གི་བདག་ཉིད་ཅན་དུ་ཤེས་པར་བྱ་བ་སྟེ་བྱ་བར་བྱའོ། །དཔའ་བོའི་གཙོ་བོ་ཞེས་བྱ་བ་ནི་དཔའ་བོ་འདི་རྣམས་ཐམས་ཅད་ཀྱི་གཙོ་བོ་ཇི་ལྟར་དཔལ་བཅོ་ལྔ་པར་བཤད་པ་དེ་བཞིན་དུ་
འདིར་ཡང་ཉི་ཤུ་རྩ་བཞིའི་བདག་ཉིད་ཉམས་དགའ་བ་དང་དཔའ་བོའི་དཀྱིལ་འཁོར་གསང་བའི་གནས་སུ་མདོར་བསྡུས་པའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ལྟར་འདིར་བྱས་པས་ཅི་བྱ་ཞེ་ན། དེ་ཉིད་གསུངས་པ། ཀུན་སྤྱོད་ཅེས་བྱ་བ་ལ་སོགས་པ་སྟེ། འདིར་ནི་ཀུན་དུ་སྤྱོད་པ་
ཉི་ཤུ་རྩ་བཞི་མདོར་བསྟན་པ་ཙམ་སྟེ། འོན་ཀྱང་རྣམ་པ་སྣ་ཚོགས་པར་བཤད་པར་བྱ་བ་སྟེ་དེའི་ཆོ་ག་རྒྱས་པར་བསྟན་པ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །གང་གི་གསང་བ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་གསང་བ་ལ་སོགས་པའི་གོ་འཕང་ལ་གནས་པ་སྟེ་
དེ་རྣམས་ཀྱི་ཀུན་དུ་སྤྱོད་པའི་ཆོ་ག་སྔོན་དུ་བཤད་པ་ཞེས་བྱ་བ་ལ་སོགས་པས་ཁམས་སྣ་ཚོགས་པ་འབབ་པའི་སྦྱོར་བས་ཉི་ཤུ་རྩ་བཞི་རྣམས་རེ་རེ་ལ་གསུམ་གསུམ་སྟེ་དེ་རྣམས་ཀྱི་སླར་ཡང་བརྒྱད་བརྒྱད་དོ། །དེ་ཡང་ཉི་ཤུ་རྩ་བཞི་སུམ་འགྱུར་རོ། །དེ་ལྟར་ཚད་ཟླུམ་པོའི་རྣམ་པ་ཞེས་
བྱ་བ་ནི་འཁོར་ལོའི་རྣམ་པའི་སྦྱོར་བར་རྩ་རྣམས་ཀྱི་སྦྱོར་བ་ལས་བྱུང་བའི་ཐིག་ལེའི་གཟུགས་རྣམས་གཞག་པར་བྱ་བ་སྟེ་ཇི་ལྟ་བའི་རིམ་པས་ཕྱི་རོལ་དུ་ཡང་མཚོན་པར་བྱའོ། །དེ་རྣམས་ཀྱི་གནས་གསུངས་པ། ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལྟར་རྡོ་རྗེའི་འཁོར་ལོ་ལ་
སོགས་པ་རྣམས་སུའོ། །ཀུན་དུ་འཕོ་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་རྣམས་སུ་ཤར་ལ་སོགས་པ་ཐིག་ལེའི་ཕྱིའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡོངས་སུ་འཕོ་བར་བྱའོ། །ཡེ་ཤེས་ཞེས་བྱ་བ་ནི་ལྷའི་རྣམ་པའི་གཟུགས་ཀྱིས་སོ། །ལྷག་མ་གོ་སླའོ། །འདིར་མདོར་ན་བསམ་པ་ལས་འདས་པའི་
ཀུན་དུ་སྤྱོད་པ་བསྟན་པར་འགྱུར་རོ། །ད་ནི་བསམ་པ་དང་བཅས་པའི་ཀུན་དུ་སྤྱོད་པ་གསུངས་པ། འདི་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་དཔའ་བོ་རྣམས་ཀྱི་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་ཏུ་བྱེད་པ་གསུངས་པ། པཱུརྞ་གི་རིར་ལོངས་སྤྱོད་དོ། །ཛཱ་ལནྡྷ་རར་ཐིམ་

མོ། །ཨ་རྦུ་དར་བདག་ཏུ་བྱེད་དོ། །ཨོཌྱཎ་དུ་ཁྱབ་བདག་ཉིད་དོ། །ཛཱ་ལནྡྷར་ར་ལོངས་སྤྱོད་དོ། །ཨོ་ཌྱཎ་དུ་ཐིམ་མོ། །པཱུརྞ་གི་རིར་བདག་ཏུ་བྱེད་དོ། །ཨརྦུ་དར་ཁྱབ་བདག་ཉིད་དོ། །ཨཽཌྱ་ཎ་དུ་ལོངས་སྤྱོད་དོ། །ཨརྦུ་དར་ཐིམ་མོ། །ཛཱ་ལ་ནྔྷ་ར་ར་བདག་ཏུ་བྱེད་དོ། །པཱུརྞ་གི་རིར་ཁྱབ་བདག་
ཉིད་དོ། །ཨརྦུ་དར་ལོངས་སྤྱོད་དོ། །པཱུརྞ་གི་རིར་ཐིམ་མོ། །ཨཽཌྱཎ་བདག་ཏུ་བྱེད་དོ། །ཛཱ་ལནྡྷ་རར་ཁྱབ་བདག་ཉིད་ཅེས་བྱའོ། །དེ་བཞིན་དུ་གོ་དཱ་པ་རཱིར་ལོངས་སྤྱོད་དོ། །རཱ་མེ་ཤྭ་རིར་ཐིམ་མོ། །མཱ་ལ་བར་བདག་ཏུ་བྱེད་དོ། །དེ་བཱི་ཀོ་ཏིར་ཁྱབ་བདག་ཉིད་དོ། །རཱ་མེ་ཤྭ་རར་ལོངས་སྤྱོད་དོ། །
དེ་བཱི་ཀོ་ཊིར་ཐིམ་མོ། །གཽ་དཱ་ཝ་རཱིར་བདག་ཏུ་བྱེད་དོ། །མཱ་ལ་ཝར་ཁྱབ་བདག་ཉིད་དོ། །དེ་ཝཱི་ཀོ་ཊིར་ལོངས་སྤྱོད་དོ། །མཱ་ལ་ཝར་ཐིམ་མོ། །ར་མེ་ཤྭ་རར་བདག་ཏུ་བྱེད་དོ། །གོ་དཱ་བཱ་རིར་ཁྱབ་བདག་ཉིད་དོ། །མཱ་ལ་བར་ལོངས་སྤྱོད་དོ། །གོ་ད་བ་རིར་ཐིམ་མོ། །དེ་ཝཱི་ཀོ་ཊིར་བདག་ཏུ་བྱེད་དོ། །རཱ་མེ་
ཤྭ་རར་ཁྱབ་བདག་ཉིད་ཅེས་བྱའོ། །དེ་བཞིན་དུ་ཀཱ་མ་རུ་པར་ལོངས་སྤྱོད་དོ། །ཨོ་ཊེར་ཐིམ་མོ། །ཀོ་ས་ལར་བདག་ཏུ་བྱེད་དོ། །ཏྲི་ཤ་ཀུ་ནར་ཁྱབ་བདག་ཉིད་དོ། །ཨོ་ཊིར་ལོངས་སྤྱོད་དོ། །ཏྲི་ཤ་ཀུ་ནར་ཐིམ་མོ། །ཀཱ་མ་རཱུ་པར་བདག་ཏུ་བྱེད་དོ། །ཀོ་ས་ལར་ཁྱབ་བདག་ཉིད་དོ། །ཏྲི་ཤ་ཀུ་ནར་
ལོངས་སྤྱོད་དོ། །ཀོ་ས་ལར་ཐིམ་མོ། །ཨོ་ཊེར་བདག་ཏུ་བྱེད་དོ། །ཀཱ་མ་རཱུ་པར་ཁྱབ་བདག་ཉིད་དོ། །ཀོ་ས་ལར་ལོངས་སྤྱོད་དོ། །ཀ་མ་རཱུ་པར་ཐིམ་མོ། །ཏྲི་ཤ་ཀུ་ནར་བདག་ཏུ་བྱེད་དོ། །ཨོ་ཊིར་ཁྱབ་བདག་ཉིད་ཅེས་བྱའོ། །དེ་བཞིན་དུ་ཀ་ལིངྒར་ལོངས་སྤྱོད་དོ། །ལམྦྷཱ་ཀར་ཐིམ་མོ། །ཧི་
མཱ་ལ་ཡར་བདག་ཏུ་བྱེད་དོ། །ཀཱ་ཉྩིར་ཁྱབ་བདག་ཉིད་དོ། །ལམྦཱ་ཀར་ལོངས་སྤྱོད་དོ། །ཀཱ་ཉྩིར་ཐིམ་མོ། །ཀ་ལིངྒར་བདག་ཏུ་བྱེད་དོ། །ཧི་མཱ་ལ་ཡར་ཁྱབ་བདག་ཉིད་དོ། །ཀཱ་ཉྩིར་ལོངས་སྤྱོད་དོ། །ཧི་མཱ་ལ་ཡར་ཐིམ་མོ། །ལ་མྦ་ཀར་བདག་ཏུ་བྱེད་དོ། །ཀ་ལིངྒར་ཁྱབ་བདག་ཉིད་དོ། །ཧི་
མཱ་ལ་ཡར་ལོངས་སྤྱོད་དོ། །ཀ་ལིངྒར་ཐིམ་མོ། །ཀཱ་ཉྩིར་བདག་ཏུ་བྱེད་དོ། །ལམྦྷཱ་ཀར་ཁྱབ་བདག་ཉིད་ཅེས་བྱའོ། །དེ་བཞིན་དུ་པྲེ་ཏ་པུ་རིར་ལོངས་སྤྱོད་དོ། །གྲྀ་ཧ་དེ་བ་ཏར་ཐིམ་མོ། །སུ་བརྞཱ་དྭཱི་བར་བདག་ཏུ་བྱེད་དོ། །སཽརཱ་ཥྚར་ཁྱབ་བདག་ཉིད་དོ། །གྲྀ་དེ་བ་ཏར་ལོངས་སྤྱོད་དོ། །སཽརཱ་ཥྚར་ཐིམ་

མོ། །པྲེ་ཏ་པུ་རིར་བདག་ཏུ་བྱེད་དོ། །སུ་བརྞྞ་དྭཱི་པར་ཁྱབ་བདག་ཉིད་ཅེས་བྱའོ། །སཽ་རཱ་ཥྚར་ལོངས་སྤྱོད་དོ། །སུ་བརྞྞ་དྭཱི་པར་ཐིམ་མོ། །གྲྀ་ཧ་དེ་བ་ཏར་བདག་ཏུ་བྱེད་དོ། །པྲེ་ཏ་པུ་རིར་ཁྱབ་བདག་ཉིད་དོ། །སུ་བརྞྞ་དྭཱི་བར་ལོངས་སྤྱོད་དོ། །པྲེ་ཏ་པུ་རིར་ཐིམ་མོ། །སཽ་རཱཥྚར་བདག་ཏུ་བྱེད་
དོ། །གྲྀ་ཧ་དེ་བ་ཏར་ཁྱབ་བདག་ཉིད་ཅེས་བྱའོ། །དེ་བཞིན་དུ་ནཱ་ག་རར་ལོངས་སྤྱོད་དོ། །སིནྡྷུར་ཐིམ་མོ། །ཀུ་ལུ་ཏར་བདག་ཏུ་བྱེད་དོ། །མི་རུར་ཁྱབ་བདག་ཉིད་དོ། །སིནྡྷུར་ལོངས་སྤྱོད་དོ། །མ་རུར་ཐིམ་མོ། །ན་ག་རར་བདག་ཏུ་བྱེད་དོ། །ཀུ་ལུ་ཏར་ཁྱབ་བདག་ཉིད་དོ། །མ་རུར་ལོངས་སྤྱོད་དོ། །
ཀུ་ལུ་ཏར་ཐིམ་མོ། །སིནྡྷུར་བདག་ཏུ་བྱེད་དོ། །ན་ག་རར་ཁྱབ་བདག་ཉིད་དོ། །ཀུ་ལུ་ཏར་ལོངས་སྤྱོད་དོ། །ན་ག་རར་ཐིམ་མོ། །མ་རུར་བདག་ཏུ་བྱེད་དོ། །སིནྡྷུར་ཁྱབ་བདག་ཉིད་ཅེས་བྱ་བ་ལ་བཞི་བཞི་གཡས་པ་དང་གཡོན་སྐོར་དུ་ཇི་ལྟར་བཤད་པའི་རིམ་པས་གོ་བར་བྱ་སྟེ་དཔའ་བོ་ཉི་
ཤུ་རྩ་བཞི་རྣམས་ཀྱི་གནས་རྣམས་སུ་བཅོམ་ལྡན་འདས་ཀྱང་ཀུན་དུ་སྤྱོད་དོ། །དུས་དེ་རྣམས་སུ་ཇི་ལྟར་བཤད་པའི་ཐོད་པའི་དུམ་བུ་ལ་སོགས་པར་ལེའུ་འདིར་བཤད་པའི་རིམ་པས་སོ་སོར་གཙོ་བོ་ཉིད་དུ་ལོངས་སྤྱོད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བཤད་པ་འདི་བྱས་པས་བདག་དང་
བདག་གི་བར་འཛིན་པའི་དངོས་པོའི་གཟུགས་སྐད་ཅིག་མ་ཉིད་པས་གང་ན་ཡང་མེད་པ་སྟེ་དེས་ཀྱང་སྐད་ཅིག་གིས་སྣ་ཚོགས་པའི་དཔལ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྐྱེ་བར་འགྱུར་རོ། །དེ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་དོ། །གཞན་རྟོགས་པར་སླའོ། །
དུས་དེ་རྣམས་སུ་ཇི་ལྟར་སླར་ཡང་སྐབས་ཅི་འདྲ་བའི་འཇིག་རྟེན་དུ་རབ་ཏུ་འབྱུང་བར་འགྱུར་ཞེ་ན། དེའི་ཚེ་དེ་རྣམས་ཀྱི་དགའ་བའི་གླུའི་སྔགས་ཀྱིས་ལྷན་ཅིག་སྐྱེས་པའི་སྐབས་གསུངས་པ། གཅིག་པུ་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ནི་གོ་སླའོ། །དེ་ལྟར་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔའི་བདག་ཉིད་
རྒྱུད་ཐམས་ཅད་དུ་རྙེད་པར་དཀའ་བ་བྱང་ཆུབ་ཆེན་པོ་སྟེར་བ་པོ་དགོས་པའི་དགོས་པའོ། །འདི་གསུངས་པ། དེ་ཉིད་ཉི་ཤུ་རྩ་ལྔ་རུ། །འཇིག་རྟེན་ཁམས་རྣམས་ཡོངས་སུ་བྱུང་། །ལོངས་སྤྱོད་རྫོགས་སྐུར་བཤད་པ་རྣམས། །རྣལ་འབྱོར་བྱིས་རྣམས་བགྲོད་བྱ་མིན། །མཁའ་འགྲོ་རྒྱ་མཚོར་

གནས་རྣལ་འབྱོར། །དེ་རྣམས་བགྲོད་བྱར་ཉེ་བར་བསྟན། །ལྷན་སྐྱེས་དུས་སུ་འདི་བགྲོད་དེ། །མཆོག་ཏུ་ཟག་པ་མེད་བཟུང་བ། །རང་ཀུན་སངས་རྒྱས་ཐམས་ཅད་ཀྱི། །དེར་ནི་གནས་སུ་རབ་ཏུ་བཤད། །རྒྱུད་ཐམས་ཅད་དུ་གསང་བ་སྟེ། །དེ་ཉིད་ཉི་ཤུ་ལྔ་སྐྱེས་པའོ། །དེ་ཡིས་ཐམས་ཅད་དུ་བདག་
མེད། །དབང་པོ་ཚར་བཅད་པས་ཡོད་དེ། །འཇིག་རྟེན་དུ་ནི་ཕྱག་རྒྱ་ཡི། །གྲུབ་ཡོད་སྔོན་སྐྱོབ་རྣམས་ཀྱིས་གསུངས། །ཞེས་བྱ་བ་ལ་སོགས་པ་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་པས་རྒྱ་ཆེའོ། །འདི་སྐད་གསུངས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རང་གི་སྐྱོན་ཡོངས་སུ་
སྤངས་པ་སྟེ། ལྷག་མ་རྟོགས་པར་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་ལྔའི་རང་གི་མིང་སྔོན་དུ་སོང་བས་དེ་ཁོ་ན་ཉི་ཤུ་རྩ་ལྔའི་རྣམ་པར་བཞག་པ་དང་སྣ་ཚོགས་པའི་
ལས་ཀྱི་ཚོགས་རྣམས་དང་མན་ངག་སྣ་ཚོགས་པའི་དབྱེ་བ་དང་རྣལ་འབྱོར་པ་རྣམས་ཀྱི་སེམས་བསྐྱེད་པ་དང་རྒྱུད་ཐམས་ཅད་ཀྱི་དོན་སྟོན་པ་པོ་ཉིད་པས་དེའི་དགོངས་པ་འགྲུབ་པའི་ཆོ་གའི་མཚན་ཉིད་ཀྱི་སྐབས་ཐམས་ཅད་གསང་བའི་ཆོ་ག་ཞེས་བྱ་བ་རྒྱས་པར་བསྟན་པ་སྟེ་ལེའུ་ལྔ་བཅུ་པའི་
བཤད་པའོ།། །།བྱང་ཆུབ་མཆོག་གི་བྱེད་པ་སྟེ། །དམ་ཚིག་རྡོ་རྗེ་ཕྱག་བྱས་ནས། །དམ་ཚིག་ལ་སོགས་སྦྱོར་ལྡན་པར། །བྱང་ཆུབ་རྡོ་རྗེ་ཡིས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་བསྡུས་པའི་དོན། །དང་པོའི་སྦྱོར་བའི་རྒྱས་གདབ་པ། །ལྷག་མའི་ལེའུ་རྣམས་ཀྱི་ནི་འདིར། །འགྲེལ་པ་
ངེས་པར་བཤད་པར་བྱ། །འདི་ནི་རྣལ་འབྱོར་མ་རྣམས་ཀྱི་དུས་རྟག་ཏུ་བསྟོད་པ་དང་མཆོད་པ་ལ་སོགས་པའི་དམ་ཚིག་བཤད་པ་གསུངས་པ། དེ་ནས་རྣལ་འབྱོར་མ་དང་དཔའ་བོ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་འཁོར་རྣམས་ཀྱང་རང་གི་སྟན་ལས་ལངས་ཏེ། ཀྱང་གི་
སྒྲས་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པ་དང་བཅས་པས་རྡོ་རྗེ་མཁའ་འགྲོ་ཁྱབ་བདག་ཆེན་པོ་སྣ་ཚོགས་པ་སྤྲུལ་པའི་སྐུ་ཅན་ལ་བསྟོད་པ་བྱེད་པ་དེ་ཉིད་གསུངས་པ། འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནས། ཁྱོད་དང་གཅིག་གི་གཟུགས་སུ་གནས། །ཞེས་བྱ་བའི་བར་དུ་

ཚིགས་སུ་བཅད་པ་དྲུག་རྣམས་ཀྱིས་ཡོན་ཏན་དམ་པར་བྱུང་བ་གྲགས་པར་བྱ་བའི་ཕྱིར་རོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་རབ་ཏུ་དགྱེས་པས་མཆོད་པ་བཞི་སྟོན་པར་མཛད་པ་སྟེ་ཕྱི་དང་ནང་གི་བདག་ཉིད་ཀྱི་གསུངས་པའོ། །དེ་གསུངས་པ། །དཀྱིལ་འཁོར་ཞེས་བྱ་
བ་ལ་སོགས་པ་སྟེ་དེ་ལྟར་ཐོག་མའི་མཆོད་པ་དཀྱིལ་འཁོར་གྱི་བདག་ཉིད་གཉིས་མེད་དེ་ལྟར་ཞེས་བྱ་བ་སྟེ་འདིར་དཀྱིལ་འཁོར་ནི་རྣམ་པ་མང་སྟེ། དེ་བཞིན་དུ་མདོར་བསྡུས་པས་གང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སོགས་པ་བྱས་པའམ་འཇིག་རྟེན་ཐམས་ཅད་ཀྱི་རང་བཞིན་གྱི་དཀྱིལ་
འཁོར་དེའི་རྐྱེན་གྱི་བདག་ཉིད་ཀྱིས་གཉིས་སུ་མེད་པའོ། །གཉིས་པ་དཀྱིལ་འཁོར་དེ་རྣམས་ལ་མཆོད་པ་བྱས་པ་གཉིས་སུ་མེད་པ་ཞེས་བྱ་བ་ནི་དབྱེ་བ་མེད་པའི་གཟུགས་ཀྱིས་ཇི་ལྟར་མར་ལ་མར་ཞུགས་པ་དེ་བཞིན་དུ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་རྣམས་ཀྱིས་གཉིས་སུ་མེད་པའི་དོན་དུ་
གཉེར་བ་རྣམས་ཀྱིས་བྱའོ། །གཉིས་པ་གསུངས་པ། ཕྱི་དང་ནང་གི་བདག་ཉིད་ཅེས་བྱ་བ་སྟེ། ཕྱི་ནི་ས་ལ་སྤྱོད་པ་སུམ་ཅུ་རྩ་དྲུག་པ་རྣམས་ཀྱི་དང་དེ་བཞིན་དུ་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱི་སྟེ། གླང་པོ་དང་རྟ་ལ་སོགས་པ་ནི་ས་ལ་སྤྱོད་པ་རྣམས་སོ། །མཁའ་ལ་སྤྱོད་པའི་ནི་ནམ་མཁའ་
ལྡིང་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་རྫས་ནི་ཤ་ལ་སོགས་པའི་ཁམས་སྣ་ཚོགས་རྣམས་ཀྱིས་སོ། །དེ་བཞིན་དུ་ནང་གི་བདག་ཉིད་ནི་རྣམ་པ་གཉིས་ཏེ། གཅིག་ནི་མི་རྣམས་ཀྱི་རོའི་ལུས་ཀྱི་ཁམས་ཐམས་ཅད་དོ། །གཉིས་པ་ནི་མི་དང་མི་མོ་དག་གི་ཁུ་བ་དང་ཁྲག་ལ་སོགས་པ་བྱུང་
བའི་ཁམས་རྣམས་ཏེ་དེ་ལྟར་མ་ལུས་པ་ཡོངས་སུ་བཟུང་ནས་འཁྲུལ་འཁོར་རྣམས་སུ་བདུད་རྩི་དབབ་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །བདུད་རྩི་དེས་བདག་ཉིད་ལ་ཡང་མཆོད་པ་བྱ་སྟེ་སྦུ་གུའི་སྦྱོར་བས་ཞི་བའི་བཏུང་བ་འཐུངས་པས་རྣལ་འབྱོར་མ་རྣམས་ཀྱིས་མཆོག་སྟེར་བར་
འགྱུར་རོ། །དེ་ལྟར་བཟའ་བྱ་བ་ཞེས་བྱ་བ་ལ་སོགས་པས་སྐྱེ་བོ་དམ་པ་འདུས་པ་རྣམས་དང་ལྷན་ཅིག་དེའི་དབུས་སུ་དགའ་བ་རྣམས་ཀྱིས་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་གཉིས་སུ་མེད་པ་ཅན་གྱི་མཆོད་པར་འགྱུར་རོ། །བཞི་པ་ཆོས་ཞེས་བྱ་བ་ལ་སོགས་པས་མཆོད་པ་

གསུངས་པ། ཆོས་ཞེས་བྱ་བ་ནི་ཐོས་པ་དང་བསམ་པ་དང་སྟོན་པའོ། །རྣལ་འབྱོར་ཞེས་བྱ་བ་ནི་གསུངས་པའི་མཚན་ཉིད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་སྟེ་དེ་དག་བཟུང་བས་སྒྲུབ་པ་པོ་རྣམས་ཀྱིས་རྟག་ཏུ་མཆོད་པ་བྱས་པར་འགྱུར་རོ། །འདི་ནི་བཞི་པའོ། །དེ་ལྟར་ཞེས་བྱ་བ་ལ་
སོགས་པས་མཆོད་པའི་ངག་གི་ཁྱད་པར་དུ་བྱེད་པའོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་དུས་རྟག་ཏུ་རྣལ་འབྱོར་གྱི་སྡོམ་པ་གསུངས་པ། བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ་གང་ཡང་ཅི་ཡང་རུང་བའི་གནས་རྣམས་སུ་བཟའ་བ་ལ་སོགས་པ་བྱེད་པ་ན་རྣལ་འབྱོར་པས་དེའི་
ཚེའི་གནས་སུའམ་ཚོགས་ཀྱི་འཁོར་ལོའི་དབུས་སུ་ཐོག་མ་ཉིད་དུ་ལག་པ་གཡོན་པས་མདུན་དུ་བདག་ཉིད་ཀྱིས་སུ་ར་ལ་སོགས་པས་མཎྜལ་བྱས་ཏེ་འདིའི་དབུས་སུ་སླར་ཡང་གྲུ་གསུམ་པ་བྱའོ། །དེ་བདག་ཉིད་རྡོ་རྗེ་མཁའ་འགྲོའི་གཟུགས་སུ་གྱུར་པ་གང་གི་ཚེ་བདག་ཉིད་ཀྱི་དབུས་ཀྱི་
རྡོ་རྗེ་མཁའ་འགྲོའི་གཟུགས་རྣམ་པར་སྤྲོས་ནས་གྲུ་གསུམ་པའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཀྱིས་བཅས་པ་བཞུགས་ནས་ཇི་ལྟར་འདོད་པས་དེ་རྣམས་ཀྱིས་གསོལ་དུ་གཞུག་པ་ལ་སོགས་པ་བྱའོ། །ལྷག་མ་དམ་ཚིག་གི་སྡོམ་པ་སྟེ་ཐམས་ཅད་རྟོགས་པར་སླའོ། །འདིར་
བརྗོད་པར་བྱ་སྟེ། གཉིས་མེད་མཆོག་ཏུ་གསང་བ་ནི། །མཆོད་པ་ཡིད་ནི་བསྒྲུབ་པར་བྱ། །གཉིས་མེད་དཀྱིལ་འཁོར་བདག་ལྡན་པས། །གཉིས་པའི་སྦྱོར་བ་སྤངས་པ་ལས། །ཐམས་ཅད་དེའི་རང་བཞིན་འགྲོ་སྟེ། །མཆོད་བྱས་མཆོད་པ་མཆོད་པའོ། །སྣ་ཚོགས་རྫས་ཀྱི་རྣལ་འབྱོར་
པ། །རྒས་དང་འཆི་བ་ཟད་པར་བྱེད། །མན་ངག་གཉིས་སུ་མེད་བྱང་ཆུབ། །བློ་ལྡན་འཐུང་བ་པོས་བཏུང་བྱ། །བཟའ་བཏུང་ལ་སོགས་འཇིག་རྟེན་དུ། །ཐམས་ཅད་དུ་ནི་དབང་འགྱུར་འགྲོ། །རྣལ་འབྱོར་མ་རྣམས་སྦྱོར་སྐྱེས་པ། །འདི་རྣམས་ཀུན་དང་སྙོམས་འཇུག་པས། །དེ་རྣམས་
སྔགས་ཀྱི་དངོས་གྲུབ་འགྱུར། །སྒྲུབ་པ་པོ་ཡི་ཐེ་ཚོམ་མེད། །ཆོས་ནི་རང་དོན་གཞན་དོན་དུ། །རྣལ་འབྱོར་ལྡན་པས་བསྒྲུབ་པར་བྱ། །ཐམས་ཅད་དེའི་རང་བཞིན་བགྲོད་དང་། །མཆོད་པ་དུ་མ་དེ་བཞིན་དུ། །དེ་ལྟར་མཉེས་པ་གང་བྱེད་པ། །རྟག་ཏུ་བྷ་གའི་དབུས་སུ་བྱ། །དེ་ཡི་དབུས་སུ་

འཁོར་ལོ་ཆེ། །མཁའ་འགྲོ་ལ་སོགས་གཟུགས་བརྙན་ལོ། །རང་བདག་རྣམ་པའི་མཚན་ཉིད་ཅན། །དེ་རྣམས་ཐམས་ཅད་དེ་ཡིས་འགྲུབ། །བདུད་རྩི་སྦྱོར་བས་བྱས་པ་ཡིས། །ཕྱག་རྒྱ་དག་གིས་སྣོད་གཟུང་ངོ་། །འདི་ནི་རྣམ་པར་དག་པར་འགྲོ། །ཡང་ན་རྣལ་འབྱོར་མ་ལ་
སྔར། །དེ་ཡི་ལྷག་མས་དངོས་གྲུབ་འགྱུར། །ཕྱི་ནང་རང་བདག་གིས་བླང་ངོ་། །གཏོར་མ་འབྱུང་པོ་ཐམས་ཅད་ལ། །རྣལ་འབྱོར་དངོས་གྲུབ་རྒྱུ་རུའོ། །ཆུ་སྐྱེས་ཁ་ཡི་བྱ་བ་སྟེ། །ཆོས་ཀྱི་དབྱིངས་ནི་བལྟ་བར་བྱའོ། །དེ་ལ་སོགས་པ་མཐའ་ཡས་པ། །དམ་ཚིག་སྡོམ་པ་རྣལ་འབྱོར་པ། །དངོས་གྲུབ་དོན་དུ་
རྟག་བྱ་བ། །ཐུན་མཚམས་བཞི་རུ་གསུངས་པའོ། །རྒྱུད་དང་རྟོག་པ་སྣ་ཚོགས་དང་། །བསྟན་བཅོས་སྣ་ཚོགས་ཐམས་ཅད་དུ། །གཞུང་སྨྲ་བ་ནི་འགྲུབ་དོན་དུ། །དམ་ཚིག་སྡོམ་པའི་སྦྱོར་བ་ཡིས། །ལྷག་མ་མེད་ཅིང་ལུས་མེད་པའི། །རྡོ་རྗེ་སེམས་སོགས་སྔགས་རིགས་འགྲུབ། །དེ་ཕྱིར་དམ་ཚིག་སྡོམ་པ་ཀུན། །སྡོམ་པ་
མང་པོ་བསྒྲུབ་པར་བྱ། །ཡང་ན་འདིར་གསུངས་པ། ལ་ལར་ཡང་ནི་དགོན་དང་ཤིང་མང་དང་། །སྐྱེད་ཚལ་རི་དང་སྐྱེ་བོ་སྤངས་པ་དང་། །དུར་ཁྲོད་དྲག་པོ་རི་ནི་མང་པོ་དང་། །ཆུ་འགྲམ་དེ་བཞིན་རྒྱ་མཚོར་གནས་པོ་དང་། །གང་དང་གང་དུ་གནས་པ་རྣལ་འབྱོར་པས། །དེ་དང་དེར་ནི་དོན་དམ་པ་ཡི་མཆོད་
པ་དང་། །སྡོམ་པ་ཀུན་གྱི་བདག་ཉིད་དུ་ནི་དེ་ལྟར་དུ། །རྣལ་འབྱོར་པ་ཡིས་གཉིས་མེད་གནས་པར་བྱ། །རྣལ་འབྱོར་མ་ནི་ཤེས་རབ་ཅན་གྱིས་མཆོད། །ཇི་ལྟར་ཐོབ་པའི་འདུ་བྱེད་བྱ་བའོ། །བཤང་བ་དང་ནི་གཅི་བ་བཟའ་བར་བྱ། །སྒྲུབ་པ་པོ་ནི་ས་གཞིར་རྙེད་དཀའ་སྟེ། །དེ་ནི་འདི་ཐམས་ཅད་ཀྱིས་
ཕྱག་བྱར་འོས། །ཁམས་གསུམ་རྣམས་སུ་མཐུ་སྟོབས་ཆེན་པོ་སྟེ། །ཇི་སྲིད་སྲིད་པ་ཡོངས་སུ་འབབ་པ་ན། །དེ་ཡིས་ཁྱད་པར་འཕགས་པའི་ལམ་དུ་འགྱུར། །འདི་ནི་ངེས་པའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་བསྟོད་པའི་
ངག་དང་མཆོད་པ་བཞི་དང་དམ་ཚིག་དང་སྡོམ་པ་བསྟེན་པའི་བྱ་བའི་རྣམ་པར་གཞག་པའི་ཆོ་གའི་མཚན་ཉིད་རྣལ་འབྱོར་པ་རྣམས་ཀྱི་སྦྱོར་བའི་དང་པོ་དང་མཐར་དེའི་དགོས་པས་གཉིས་སུ་མེད་པའི་བསྒྲུབ་པ་རྒྱས་པར་བཤད་པ་སྟེ་ལེའུ་ལྔ་བཅུ་རྩ་གཅིག་པའི་བཤད་པའོ།། །།ད་ནི་རྒྱུད་ཀྱི་

མཚན་ཉིད་བྱུང་བ་དང་ཉེ་བར་སྡུད་པ་དག་གི་གནས་སྐབས་གསུངས་པ། འདི་ཞེས་བྱ་བ་ལ་སོགས་པ་སྟེ། རབ་ཏུ་བྱུང་བ་ནི་རབ་ནི་མང་པོའི་དོན་སྟེ་བྱུང་བའོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ནི་འཁོར་ལོ་སྡོམ་པ་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་རྣམས་སུ་སྟེ་འཆད་པར་འགྱུར་
བའི་རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་རྒྱ་མཚོ་ལ་སོགས་པའི་མིང་ཡང་ཤིན་ཏུ་རྙེད་པར་དཀའ་བའོ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ཞེས་བྱ་བ་ནི་རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་མན་ངག་བསྡུས་པའི་དེ་ཁོ་ན་ཉིད་ཡོངས་སུ་རྫོགས་པའོ། །མཚན་ཉིད་མེད་པ་ཐམས་
ཅད་སྤངས། །ཞེས་བྱ་བ་ནི་མུ་སྟེགས་ཅན་ལ་སོགས་པའི་ཡེ་ཤེས་ཀྱི་ལྟ་བ་སྤངས་པའོ། །སུམ་ཅུ་རྩ་བདུན་བདག་ཉིད་ཅན། །ཞེས་བྱ་བ་ནི་རྒྱུད་ཐམས་ཅད་གང་བཤད་པ་འདི་བརྗོད་པར་བྱ་བ་དང་། བརྗོད་པ་པོ་ལ་སོགས་པའི་འབྲེལ་པའི་རྣལ་འབྱོར་དེ་ཐམས་ཅད་སུམ་ཅུ་རྩ་བདུན་གྱི་བདག་
ཉིད་ཅན་ནོ། །གཉིས་སུ་མེད་པའི་མཁའ་འགྲོ་རྒྱ་མཚོ་དང་། གཉིས་སུ་མེད་ཅེས་བྱ་བ་ནི་མཁའ་འགྲོ་ཞེས་བྱ་བ་ནི་རི་རབ་ཀྱི་རྡུལ་དང་མཉམ་པའི་དཔའ་བོ་རྣམས་ཏེ། རྒྱ་མཚོ་ཞེས་བྱ་བ་ནི་དེའི་ཚད་ཀྱི་རྣལ་འབྱོར་མ་རྣམས་སོ། །དེ་རྣམས་ཀྱིས་རྒྱུད་ཐམས་ཅད་གཉིས་སུ་མེད་པར་བསྡུས་
པའི་དོན་གྱིས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཀྱི་སྦྱོར་བ་བསྟན་པ་ཞེས་བྱ་བར་དགོངས་སོ། །འདི་རྣམས་ཀྱི་འདི་ཐམས་ཅད་ཀྱི་ཡང་རྩ་བའི་རྒྱུད་ཅེས་བྱ་བ་ནི་རྩ་བའི་མདོ་སྡེ་དེ་ཉིད་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཡེ་ཤེས་དང་ཤེས་བྱའི་རང་བཞིན་ནོ། །འདུས་པའི་རྣམ་པའི་གཟུགས་ཞེས་བྱ་བ་
ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གང་ཚིག་གི་རྒྱན་འདུས་པ་སྟེ་བསྡུས་པའི་གཟུགས་སུ་བསྡུ་བ་བྱས་ནས་ཐམས་ཅད་མཁྱེན་པས་གསུངས་པའོ། །དེ་ཡང་སངས་རྒྱས་ལ་སོགས་པ་རྣམས་ཀྱི་ཞལ་ལ་གནས་ཞེས་བྱ་བ་ནི་སྣ་ཚོགས་པའི་བསྟན་བཅོས་ཉེ་བར་སྤྱོད་པ་ལ་
སོགས་པར་གནས་པ་སྟེ་གང་རྣམས་དེ་རྣམས་དེ་དེ་བཞིན་དུ་བཤད་དོ། །ཟ་མ་ཏོག་ནི་གནས་ཏེ་དེ་རྣམས་ཀྱི་ལུས་སོ། །ཡི་གེ་ཐམས་ཅད་ཅེས་བྱ་བ་ནི་ཨའི་ཡི་གེ་ལ་སོགས་པའི་དབྱངས་རྣམས་འཇོག་པའོ། །སྟེའི་ཡི་གེས་ཀྱང་དངོས་པོ་ཐམས་ཅད་ཀྱི་མིང་ལ་སོགས་པའི་འདུ་ཤེས་

རྣམས་བསྐྱེད་པའི་གནས་ཏེ་སྤྲུལ་པ་གཉིས་ཀྱིས་སོ། །དེ་ལྟར་འདི་རྣམས་ཐམས་ཅད་ཀྱི་ཆེན་པོ་སྟེ་རྒྱུད་ཆེན་པོ་མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་འདིར་འདུས་པའི་གཟུགས་སུ་འབུམ་ཕྲག་སུམ་ཅུ་རྩ་དྲུག་གི་རྩ་བའི་མདོ་སྡེ་རྣམ་པར་འཆད་པ་པོར་འགྱུར་རོ། །རྒྱ་ཆེ་བར་ནི་དུ་
མའོ། །མདོར་བསྡུས་པས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི་ཆོས་ཀྱི་ཕུང་པོའི་ཚད་དེ་ནི་ངེས་པའོ། །འབུམ་ཕྲག་སུམ་ཅུ་རྩ་དྲུག་གི་རྒྱུད་རྒྱ་ཆེན་པོ་དེའི་དབུས་ནས་ཡང་ཡོངས་སུ་བསྡུས་པའི་གཟུགས་སྙིང་པོ་ལྟ་བུ་ཆུང་ངུ་མཁའ་འགྲོ་རྒྱ་མཚོ་དེ་ལྟར་འདིའི་མིང་དུ་བཤད་པའོ། །རི་རབ་ཀྱི་རྡུལ་ཞེས་
བྱ་བ་ལ་སོགས་པས་རྒྱུན་འཆད་པ་མེད་པར་རབ་ཏུ་འབབ་པ་སྟེ་དེ་དེ་བཞིན་དུ་བཤད་དོ། །སླར་ཡང་རྩོད་པའི་དུས་སུ་རྒྱུད་ཆེན་པོ་མངོན་པར་བརྗོད་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་ཤཱཀྱ་སེང་གེས་གསུངས་སོ། །དེའི་ནང་ནས་སླར་ཡང་རྡོ་རྗེ་ཕག་མོ་ལ་སོགས་པ་མ་མོ་འདུས་པ་རྣམས་ཀྱིས་རྒྱུད་འདི་
རྡོ་རྗེའི་གནས་སུ་བཅོམ་ལྡན་འདས་ལ་ཐོས་པས་ཕན་ཚུན་རྗེས་སུ་བསྟན་པ་བྱས་ནས་བསྡུས་པ་མཛད་པ་སྟེ་གང་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ལ་མངོན་པར་དགའ་བ་སྟེ། ཚིག་འདི་ལ་ཞེས་བྱ་བ་ནི་གཞུང་གི་ཚིག་གི་ཚད་ལ་ཡང་ངོ་། །ལྷག་མ་གཞན་པའི་སེམས་ཅན་རྣམས་གྲོལ་ཞེས་བྱ་བ་ནི་
རབ་ཏུ་གསུངས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་རྣལ་འབྱོར་རྒྱ་མཚོའོ། །ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་རྒྱ་མཚོའོ། །སྡོམ་པ་ཞེས་བྱ་བ་ནི་སྡོམ་པ་རྒྱ་མཚོའོ། །བྱ་བ་ཞེས་བྱ་བ་ནི་བྱ་བ་རྒྱ་མཚོའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་རྒྱ་མཚོ་སྟེ། །འདི་རྣམས་ཞེས་བྱ་བ་ནི་རྒྱུད་ལྔ་པོ་འདི་རྣམས་ལ་
མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བ་འདི་གཙོ་བོ་སྟེ་རྒྱུད་ཀྱི་རྒྱལ་པོ་རྒྱུད་ལྔ་དང་མཉམ་པར་རྒྱ་མཚོ་དྲུག་པོར་མདོར་བསྡུས་པ་རྒྱུད་ཀྱི་རྒྱལ་པོ་གཞན་གྱི་མིང་ཅན་ནོ། །དེའི་གྲུ་གཟིངས་ནི་ཕ་རོལ་དུ་འགྲོ་བར་བྱེད་པ་སྟེ། བ་ཡིག་བཟང་པོའི་གདོང་རྣམས་ལ། །དུས་ཐམས་ཅད་དུ་དྲན་པ་སྟེ། །ཨོཾ་ཡིག་
བསྒོམ་པའི་ལམ་དུ་ནི། །བདག་ཉིད་ནཱ་དའི་ནང་དུ་ཐིམ། །ཧི་ཡིག་ཕན་པ་སྐྱེ་བ་སྟེ། །རང་གཞན་དོན་ནི་མཉམ་དོན་ཅན། །ཏ་ཡིག་དངོས་པོ་ཐམས་ཅད་རྣམས། །སྟོང་པ་ཉིད་དུ་འཆད་པའོ། །སེམས་ཅན་རྗེས་སུ་འཛིན་པ་ལེགས། །བྱིས་པ་ཉིད་ནི་སྤོང་བ་སྟེ། །གྲུ་གཟིངས་འགྲེལ་པ་གང་ལྡན་པ། །

འཁོར་བའི་དབའ་རླབས་ལས་བརྒལ་ལོ། །རྒྱལ་བ་ཀུན་དང་དེའི་སྲས་དང་། །ཐམས་ཅད་ཀྱིས་ནི་བཟོད་པར་རིགས། །རྣལ་འབྱོར་མ་ཚོགས་དཔལ་རྣམས་དང་། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷ། །རྣམ་པ་སྣ་ཚོགས་འཁོར་རྣམས་དང་། །འཇིག་རྟེན་འདས་པ་ཀུན་སྟེར་དང་། །འཇིག་རྟེན་པ་སྔགས་
ལྷ་རྣམས་དང་། །གྲུབ་པའི་འཇིག་རྟེན་ཀུན་འགྲོ་དང་། །འཇིག་རྟེན་སྐྱོང་སོགས་འབྱུང་པོ་དང་། །རྫུ་འཕྲུལ་ཆེན་པོའི་ཀླུ་ཀུན་དང་། །གང་དུ་བསྟན་པ་ལ་དགའ་བའི། །སྲོག་ཆགས་གཟུགས་ཅན་ཐམས་ཅད་ཀྱིས། །མཚན་བླངས་པ་ཡི་སྐྱོན་ལ་ནི། །དེ་དག་ཀུན་གྱིས་བཟོད་པར་མཛོད། །རྒྱལ་བ་རྣམས་
ཀྱིས་ལམ་གསུངས་པའི། །རྒྱུད་དུ་འགའ་ཞིག་མ་ཤེས་པར། །འགྲེལ་བ་བྱས་པའི་སྐྱོན་འདི་ལ། །བདག་ལ་སོ་སོར་བཟོད་པ་མཛོད། །རྣལ་འབྱོར་མ་སོགས་པའི་ཡེ་ཤེས། །འགའ་ཞིག་འཁྲུལ་པར་བཤད་པ་ནི། །བཤད་པ་མཁྱེན་པ་ཡི་ནི་འཁོར། །ཐམས་ཅད་ཀྱིས་ནི་བཟོད་པ་མཛོད། །འཇིག་
རྟེན་པ་སོགས་དེ་རྣམས་ཀུན། །རྒོལ་དང་ཕྱིར་རྒོལ་འཇོམས་པ་ཡི། །གྲུབ་པའི་དབང་པོ་ཆེན་པོ་རྣམས། །ང་རྒྱལ་བྱེད་པའི་བདག་ཉིད་ཅན། །འཁོར་ལོ་སྡོམ་པའི་མཐར་སོན་པའི། །རྣལ་འབྱོར་དབང་ཕྱུག་འདི་ཀུན་གྱིས། །རྣལ་འབྱོར་ཡེ་ཤེས་གསལ་མི་གསལ། །ཐམས་ཅད་ཀྱིས་ནི་བཟོད་པར་
མཛོད། །འདུས་པ་ལ་སོགས་གཞན་གྱིས་ནི། །སྦྱོར་བ་བསྲེག་པ་གང་བྱས་པ། །དེ་ལའང་རྣལ་འབྱོར་དབང་ཕྱུག་ཀུན། །བདག་ལ་རྟག་ཏུ་བཟོད་པར་མཛོད། །བླ་མ་རྡོ་རྗེ་འཛིན་སྟོན་པ། །བདག་གི་འཁོར་བ་འགྲོལ་བ་པོ། །གང་དུ་སུ་དག་སྤྱོད་ཡུལ་པའམ། །མངོན་སུམ་དང་ནི་རིང་གནས་པ། །དེ་རྣམས་
གནང་བ་བླངས་ནས་ནི། །མྱུར་དུ་སེམས་ཅན་དོན་བརྩོན་ལ། །དེས་ན་བདག་ལ་བཟོད་པར་མཛོད། །རྡོ་རྗེའི་གྲོགས་མཆེད་ཐམས་ཅད་དང་། །མཁས་པའི་སྐྱེས་བུ་དེ་བཞིན་དུ། །བདག་ཅག་སྙན་དངགས་མཁན་རྣམས་ཀྱིས། །གཞུང་གི་སྡེབ་སྦྱོར་ཉམས་སོགས་སམ། །དོན་མ་ཤེས་པ་ཉིད་རྣམས་
ལ། །ཚིག་རྐང་ཙམ་ཞིག་བཅོམ་པ་སྟེ། །བདག་ལ་ཀུན་གྱིས་བཟོད་པར་མཛོད། །འོན་ཀྱང་བདག་གིས་གང་བཤད་འདིར། །རྣམ་པར་དཔྱད་པས་མངོན་ལེགས་ན། །གཉིས་སུ་མེད་ལྡན་སྟོན་པའི་ཕྱིར། །ལེགས་སོ་པ་ཡི་ངག་འདིར་བྱིན། །མཁའ་འགྲོའི་ཞོ་ནི་བསྲུབས་པ་ལས། །བདག་གིས་བསོད་

ནམས་སྤྲིན་གང་ཐོབ། །དེ་ཡི་བསོད་ནམས་ཀྱིས་འཇིག་རྟེན། །རྡོ་རྗེ་འཛིན་ཉིད་ཐོབ་པར་ཤོག །མ་དང་ཕ་སོགས་གཉེན་བཤེས་དང་། །དགེ་བའི་གྲོགས་པོ་དེ་བཞིན་དུ། །བྱང་ཆུབ་ཀྱི་ནི་ཡུལ་དུ་བཞུད། །ལྷན་ཅིག་སྐྱེས་པར་རོལ་ཅིང་མནོས། །སྐུ་གསུམ་ལ་སོགས་རྒྱུ་རུ་ནི། །ཐམས་ཅད་ཀྱི་ནི་ཆོས་བསྟན་གྱིས། །སྣ་
ཚོགས་སྐྱེས་པའི་རབ་དང་ནི། །སྤྲུལ་པ་པོར་ནི་འགྱུར་བར་ཤོག །དེ་ལ་གནས་ནས་རང་གཞན་དོན། །མཉམ་པ་མེད་པས་ས་ལ་གྱིས། །ཚད་མེད་པ་ཡི་བདེ་རྣམས་སུ། །དེ་ནི་རབ་ཏུ་འཇུག་པར་མཛོད། །གང་ཡང་གཞན་གྱི་སེམས་ཅན་གྱིས། །བདག་གིས་ཡོངས་བཤད་འདི་ཐོས་དང་། །རེག་དང་གང་གཞན་ཐམས་ཅད་ཀྱིས། །མངོན་སུམ་དང་ནི་
རྗེས་སུ་དཔག །དེ་རྣམས་ལུས་འདི་ཉིད་ལ་ནི། །སངས་རྒྱས་ཉིད་དུ་རྟག་གྱུར་ཅིག །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རྒྱུད་ཀྱི་མཚན་ཉིད་བསྐྱེད་པ་དང་ཡོངས་སུ་བསྡུ་བ་ལ་སོགས་པའི་ཆོ་གའི་རྣམ་པར་གཞག་པ་བཅོམ་ལྡན་འདས་ཀྱིས་རྒྱས་པར་བསྟན་པའི་བཤད་
པའོ། །རི་བོང་གི་རྟགས་ཅན་གྱི་རིགས་ལ་དགའ་བ་པདྨ་རྡོ་རྗེ་གཉིས་སུ་མེད་པར་འབྱུང་བའི་མིང་ཅན་རྣལ་འབྱོར་གྱི་དབང་ཕྱུག་གིས་བཀའ་ལུང་གིས་འགྲེལ་པ་ཆེན་པོ་འདི་བཀོད་པའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ཞེས་བྱ་བ་གྲུབ་པའི་སློབ་དཔོན་པདྨ་རྡོ་རྗེའི་ཞབས་ཀྱིས་
མཛད་པ་རྫོགས་སོ།། །།གཞུང་གི་མཚན་ཉིད་ཉམས་པའི་སྡེབ་སྦྱོར་གྱི་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱད་རྣམས་སོ། །ཨང་ཀ་ཡང་བཤད་པ། དཔལ་བལ་ཡུལ་གྲུབ་པའི་གནས་ཆེན་པོ་ཡམ་བུའི་གྲོང་ཁྱེར་གྱི་དབུས་ཡུ་ཏུང་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་པཎྜི་ཏ་རྡོ་རྗེ་སློབ་དཔོན་ཆེན་པོ་
རྟོག་གེ་བའི་གཙུག་གི་ནོར་བུ་དུས་དེང་སང་འགྲན་ཟླ་མེད་པ་སྙིང་རྗེ་ཆེན་པོས་ཐུགས་བརླན་པའི་ངང་ཚུལ་ཅན་ཕྱོགས་སྣ་ཚོགས་ནས་འདུས་པའི་སྐྱེ་འགྲོ་རྣམས་ལ་ཆོས་དང་ཟང་ཟིང་གི་ཆར་གྱིས་ཚིམ་པར་མཛད་པ་ཤཱཀྱའི་སྲས་པོ་རྒྱལ་བའི་སྡེའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་ཤཱཀྱ་སེང་གེའི་དགེ་སློང་ཆོས་
ཀྱི་ཡོན་ཏན་གྱིས་བསྒྱུར་བའོ།། །།ཡུལ་དང་ཟས་སྤྱོད་མི་མཐུན་པས། །ཕུང་པོ་རྒྱུན་དུ་ནད་ཀྱིས་གཟུང་། །འོན་ཀྱང་དམ་ཆོས་ལ་སྲེད་པས། །འབད་པས་བསྒྱུར་རོ་སྐྱོན་མཆིས་ན། །གྲུབ་ཐོབ་ཀུན་གྱིས་བཟོད་པར་མཛོད། །དེ་ལས་བྱུང་བའི་དགེ་བ་འདིས། །འཇིག་རྟེན་ཀུན་གྱི་མུན་སེལ་གྱུར། །རྫོགས་སོ།། །།