Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 20

Văn bản gốc(Tây Tạng)

Trang 20 / 21 (50.000 ký tự/trang)
ན་བསྒོམ་པར་བྱ་སྟེ། མན་ངག་ཇི་ལྟ་བ་ལ་ཞུགས་པས་རྗེས་སུ་གནས་པར་བྱའོ། །ས་བོན་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་གྱིས་སོ། །ས་བོན་རྣམས་སུ་མཚན་ཉིད་ཅེས་བྱ་བ་ནི་རང་གིས་རིག་པའི་ས་བོན་གྱི་མྱུ་གུ་ཅན་དུ་རྣམ་པར་བརྗོད་དོ། །དེ་ཉིད་གསུངས་པ་མྱུ་གུ་
སེམས་ཀྱི་གཟུགས་ཅན་ཞེས་བྱ་བ་སྟེ། ཁམས་ཐམས་ཅད་ལས་སྐྱེས་པའོ། །མྱུ་གུ་ཅན་ནི་བསམ་པའོ། །ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་བདེ་བའི་རང་བཞིན་འཇིག་རྟེན་ཐམས་ཅད་ཀྱིའོ། གསུངས་པ་དེས་འཇིག་རྟེན་ཐམས་ཅད་ཀྱི་དང་འཇིག་རྟེན་ལས་འདས་པ་བཞག་པའོ་
ཞེས་བྱ་བ་ནི་ངེས་པའོ། །དེ་ལྟར་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་འཇིག་རྟེན་ལས་འདས་པའི་དེ་ལྟར་སྤྱད་པར་བྱའོ། །བདེ་བའི་བདག་ཉིད་སྐྱེས་ཞེས་བྱ་བའི་བར་དུ་ལེགས་པར་གོ་སླའོ། །ད་ནི་དགེ་བ་དང་མི་དགེ་བའི་རྒྱུ་སྐར་དང་། ཚེས་གྲངས་རྣམས་ཀྱིས་སྤྱིར་བསྡུས་

པས་བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་བརྟག་པ་གསུངས་པ། རོ་ཀྲི་མ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡི་གེ་རེ་རེའི་བརྗོད་པར་བྱ་སྟེ། རོ་ཞེས་བྱ་བ་ནི་རོ་ཧི་ཏའི་ཚེས་གྲངས་སོ། །ཀྲི་ཞེས་བྱ་བ་ནི་སྨིན་དྲུག་གོ། །མ་ཞེས་བྱ་བ་ནི་བཀྲ་ཤིས་རྣམས་དང་ལྷན་ཅིག་པ་
དེར་བྱེད་པས་དེའི་ཚེས་ནི་རྙེད་པར་བྱེད་པ་པོའོ། །དེ་ལྟར་མ་བྷ་མ་ཞེས་བྱ་བ་ནི་ཆུ་སྲིན་དང་སའི་བུ་དང་མཆུ་སྟེ་འདིས་གདུང་བ་དང་འཇོམས་པར་འགྱུར་བས་དེའི་ཕྱིར་ཚེས་གྲངས་ཏེ་སྤང་བར་བྱའོ། །ཀུ་སྭཱ་ཨ་ཞེས་པ་ནི་སྤེན་པ་དང་རྨི་ལམ་དང་གལ་ཏེ་ལག་སྲིད་པ་ན་དེ་དེ་བཞིན་དུ་
བཤད་དོ། །མོ་བུ་མ་ཞེས་བྱ་བ་ནི་མོ་ཧི་ཏ་དང་གཟའ་ལྷག་དང་མཆུ་སྟེ་ཚེས་གྲངས་དེ་ནི་བཟང་པོའི་རིགས་བཀྲ་ཤིས་པར་འགྱུར་རོ། །ར་བུ་ཨ་ཞེས་བྱ་བ་ནི་ཡུགས་ས་མོ་དང་གཟའ་ལྷག་དང་གལ་ཏེ་དེ་དེ་བཞིན་ནོ། །བྷུ་བུ་བྷ་ཞེས་བྱ་བ་ནི་སའི་དབང་ཕྱུག་དང་གཟའ་ལྷག་དང་གལ་ཏེ་
བྲ་ཉེ་འཛོམ་ན་ཚེས་གྲངས་དེ་ནི་རྩོད་ཅིང་འཆི་བའི་དུས་བྱེད་པས་དེའི་ཕྱིར་ཡོངས་སུ་སྤང་བར་བྱའོ། །བྷ་པུ་གུ་ཞེས་བྱ་བ་ནི་བཟང་པོ་དང་གྲེ་དང་གལ་ཏེ་བླ་མའི་རེས་ནི་ཚེས་གྲངས་དེ་ནི་དེ་བཞིན་ནོ། །མི་གུ་དྷ་ཞེས་བྱ་བ་ནི་མི་ཀི་ར་དང་བླ་མ་དང་གལ་ཏེ་མོན་གྲུར་སྲིད་ན་ནོར་ལ་སོགས་པ་འཛད་
དོ། །ཏྲ་གུ་ཨ་ཞེས་བྱ་བ་ནི་བཅུ་གསུམ་པ་དང་བླ་མའི་རེས་དང་གལ་ཏེ་སྐག་ཏུ་གྱུར་ན་དུས་ཀྱི་གཟུགས་སུ་ཡང་དག་པར་བཤད་པས་སྐྱོན་དང་འཇིགས་པ་ཐམས་ཅད་ལ་ཞོན་པའོ། །བྲི་ཤུ་ཏུ་ཞེས་བྱ་བ་ནི་ཁྱུ་མཆོག་དང་པ་སངས་དང་གལ་ཏེ་ཁྲུམས་སྟོད་འཛོམ་ན་ཚེས་གྲངས་དེ་དེ་
བཞིན་ནོ། །བྷི་ཤུ་སྟུ་ཞེས་བྱ་བ་ནི་བྷི་རི་ཀ་དང་པ་བ་སངས་ཀྱི་རེ་མོས་དང་ཆུ་སྟོད་དུ་གལ་ཏེ་གྱུར་ན་ནད་དང་གདུང་བ་དང་དེ་བཞིན་དུ་མི་ཆོམས་པར་འགྱུར་རོ། །བྷུ་བྷ་ཤུ་ཞེས་བྱ་བ་ནི་འབྱུང་པོའི་ཉི་མ་སྟེ་བཅུ་བཞི་དང་བྲ་ཉེ་དང་པ་སངས་འཛོམ་ན་གཤིན་རྗེའི་མཆེ་བ་ཅན་དུ་བཤད་པས་ཚེས་
གྲངས་དེ་ཡོངས་སུ་དོར་བར་བྱའོ། །ཀུ་མ་ཀྲི་ཞེས་བྱ་བ་ནི་རུས་སྦལ་དང་སྤེན་པ་དང་ལྡན་པར་གལ་ཏེ་སྨིན་དྲུག་གྱུར་ན་གྲགས་པ་དང་རྙེད་པར་བྱེད་པར་ཡོངས་སུ་བཤད་པས་བསོད་ནམས་ཀྱི་འབྲས་བུ་ཐམས་ཅད་རབ་ཏུ་སྟེར་རོ། །བྱ་མ་ཨ་ཞེས་བྱ་བ་ནི་ནད་དྲག་པོ་དང་སྤེན་པ་དང་གལ་

ཏེ་སྐག་ལྷན་ཅིག་སྐྱེས་པར་གྱུར་ན་ཚེས་གྲངས་དེ་དེ་བཞིན་དུ་བཤད་དོ། །པུ་ར་མ་ཞེས་བྱ་བ་ནི་ཉ་དང་ཉི་མའི་རེ་མོས་དང་མཆུ་ནི་འཆི་བའི་དུས་སུ་རྣམ་པར་བཤད་པས་ཚེས་གྲངས་དེ་ཡོངས་སུ་སྤང་བར་བྱའོ། །ད་ནི་ཕྱོགས་ཀྱི་ཆས་བསྒྲོད་པ་དང་བསྒྲོད་པར་བྱ་བ་མ་ཡིན་པ་ལ་སོགས་པ་གསུངས་
པ། མེའི་གདན་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་ནི་ལྷོར་རོ། །སྲིན་པོ་ནི་བདེན་བྲལ་དུའོ། །ཆུ་ལྷ་ནི་ནུད་རྩའོ། །རབ་ཏུ་འཇོམས་པ་ནི་རླུང་ངོ་། །གཏེར་ནི་བྱང་དུའོ། །མིག་གསུམ་པ་ནི་དབང་ལྡན་དུའོ། །ཤར་ནི་ཤར་དུའོ། །དེ་ལྟར་ཟླ་བ་ཞེས་བྱ་བ་ལ་སོགས་པས་དཀར་
པོའི་ཕྱོགས་སུ་ཟླ་བའི་རྒྱུ་བའོ། །དེ་ལ་ཁྱུ་མཆོག་དང་ཆུ་སྲིན་དང་རྨི་ལམ་དང་ཉར་གནས་སོ། །ཉི་མའི་རྒྱུ་བར་ནག་པོའི་ཕྱོགས་སུ་འབྱུང་པོའི་ཉི་མ་བཅུ་བཞི་པར་གནས་ཏེ་བཟང་པོ་དང་ཡུགས་ས་མོ་དང་ནད་དྲག་པོའོ། །དེ་བཞིན་དུ་རཱ་ཧུའི་རྒྱུ་བ་གསུངས་པ། ཉ་ལ་མེར་ཞེས་བྱ་བ་ལ་
སོགས་པ་སྟེ་ཚེས་གྲངས་འདི་རྣམས་ཉ་དང་གནམ་སྟོང་དག་ལ་རཱ་ཧུས་གནས་ན་ཚེས་གྲངས་ལྷག་མ་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་ལྟ་བས་ཡོངས་སུ་གདུང་བ་བྱེད་དོ། །དེ་ལྟར་སླར་ཟླ་བ་དང་ཉི་མ་འབྱུང་པོའི་རི་མོ་ཞེས་བྱ་བ་ནི་ཟླ་བ་བགྲོད་པ་དང་ཉི་མ་བགྲོད་པའི་གྲིབ་མ་ཡོངས་སུ་
འཛོམ་པས་བུ་བཞིན་དུ་སྟེ་མཉམ་པའི་ལྟ་བར་འགྱུར་རོ། །དེའི་འདི་རྣམས་དེས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་དེ་བཞིན་དུ་བཤད་དོ། །དཀར་དང་ཅིག་ཤོས་བྱ་བ་ནི་དཀར་པོ་དང་ནག་པོའི་ཕྱོགས་སུའོ། །ལྷག་མ་གོ་སླའོ། །ད་ནི་ཡེ་ཤེས་ཀྱི་རྣམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་
བསྒོམ་པ་གསུངས་པ། དེ་ཉིད་མྱུ་གུ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། །འབར་བའི་འཁོར་ལོའི་ནང་སོན་པར། །ཞེས་བྱ་བའི་གཏུམ་མོའི་ནང་དུ་སོན་པའི་དཀྱིལ་འཁོར་འཁོར་ལོ་སྔོན་ལྟ་བུ་དེའི་གཟུགས་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་གསུངས་སོ། །ལྷག་མ་
རྟོགས་སླའོ། །དཔལ་ཐམས་ཅད་གསང་བ་ལེའུ་ལྔ་བཅུ་པ་ལས་མྱུ་གུ་ཅན་གྱི་དུས་ཀྱི་ངེས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣལ་འབྱོར་མའི་གཟུགས་ཀྱིས་གཟའ་ལ་སོགས་པས་བདེ་བ་དང་སྡུག་བསྔལ་སྟེར་བ་པོ་དང་བསྒྲོད་པ་དང་བསྒྲོད་པར་བྱ་བ་མ་ཡིན་པ་ལ་

སོགས་པ་ཟླ་བ་དང་ཉི་མ་དང་རཱ་ཧུའི་རྒྱུ་བ་ཡོངས་སུ་བརྟག་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཆོ་ག་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་དགུ་པའི་བཤད་པའོ།། །།ལས་ཀུན་ཟད་པའི་མཐའ་ཅན་གྱི། །རྡོ་རྗེ་རལ་པར་ཕྱག་བྱས་ནས། །ཇི་ལྟའི་བདག་གི་བློ་ཡོད་
པས། །དེ་ཡི་འགྲེལ་པ་བཤད་པར་བྱ། །ད་ནི་རྡོ་རྗེ་རལ་པ་ཅན་གྱི་བཤད་པ་གསུངས་པ། དེ་ནས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་གར་ཞེས་བྱ་བ་ནི་སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་རྣམས་དང་ལྡན་པ་སྟེ་བྱས་ནས་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་
ཀྱིས་རྡོ་རྗེ་སེམས་དཔའ་ལ་དེའི་ཚེ་དྲི་བ་འདི་གསུངས་པ་སྟེ། ཇི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མཐུ་རྩལ་ཆེ་བའོ། །ལས་དང་བྲལ་བས་ཇི་ལྟར་འབྱུང་བར་འགྱུར། །བདག་ཐེ་ཚོམ་ཟ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་གི་
ཕྱིར་བཅོམ་ལྡན་འདས་ཀྱི་ཚིག་གིས་སོ། །དེ་གསུངས་པ། ཡེ་ཤེས་མྱུ་གུ་བསྒོམ་པ་ཡིས། །ལས་རྣམས་ཐམས་ཅད་ཉམས་པར་བྱེད། །ཅེས་བྱ་བ་སྟེ། དེ་བཞིན་དུ་ཐམས་ཅད་ཀྱི་བདག་ཉིད་དུ་ཡང་དག་པར་སྦྱོར་བ་ལས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡོད། འདི་ཐེ་ཚོམ་ཡོད་དེ་
གལ་ཏེ་སྔོན་གྱི་ལས་རྣམས་པ་ཉམས་པས་དེའི་ཚེ་རྒྱུན་ཉམས་པས་ལྡོག་པ་མེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྐྱེ། དེ་ནས་མི་སྐྱེ་ན་དེའི་ཚེ་ཐམས་ཅད་ཆད་པ་ཐོབ་པར་འགྱུར་རོ། །དེས་ན་ཀྱེ་སྙིང་རྗེས་གཉེན་གཤིན་པ་གསུངས་ཤིག་པ་ནི་དྲི་བའོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། བཤད་པ་ཞེས་བྱ་བ་ལ་སོགས་པ་སྟེ། མདོར་བསྡུས་པ་ཞེས་བྱ་བ་ནི་ཡོངས་སུ་བསྡུས་ནས་སོ། །ཉོན་ཞེས་བྱ་བ་ནི་ཁྱེད་ཕག་མོ་ལ་སོགས་པ་ཐོས་པ་ལ་སྦྱོར་བའོ། །དེ་ཉིད་གསུངས་པ། རྡོ་རྗེ་རལ་པ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། ལས་
ཀྱི་བྱེ་བྲག་ཅེས་བྱ་བ་ནི་སྔོན་གྱི་ལས་ཀྱི་མི་དགེ་བ་རྣམ་པ་དང་བྲལ་ཞིང་རྣམས་ཉམས་ལ་དགེ་བ་བསྒྲུབས་པ་དེས་དེ་ལྟར་སྟོབས་ཆེན་རྣམས་ཀྱིས་སྐྱེ་བར་འགྱུར་རོ། །དེ་ལྟར་ཤུགས་ལ་སྟོན་པ་འདི་རྣམས་ཀྱི་ཐོག་མ་ཉིད་དུ་རལ་པ་ཅན་གྱི་ཡི་གེ་རྣམས་ཀྱི་དོན་གསུངས་པ། རེ་རེ་ཞེས་བྱ་བ་ལ་

སོགས་པ་སྟེ། འདིར་གང་གི་ཚེ་སྒྲུབ་ཐབས་གཅིག་བསྒོམས་པར་གྱུར་པའམ་རྣལ་འབྱོར་མའི་མན་ངག་ཀྱང་རུང་དེའི་ཚེ་མཐའ་མེད་པའི་རྣལ་འབྱོར་རྣམས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདིར་སེམས་ཀྱི་སྤྱོད་པ་མཐའ་མེད་པའི་ཆོས་ཉིད་ཅན་ཏེ། གང་གི་ཕྱིར་སེམས་ཀྱི་རྒྱུན་
གཅིག་ཀྱང་གཟུགས་མང་པོར་འབྱུང་ངོ་། །དེ་ནས་ཏུའི་ཡི་གེ་ངེས་པར་གཟུང་བ་སྟེ། དེའི་ཕྱིར་དེ་རྣམས་ཀྱི་སྦྱོར་བ་རྣམས་སུ་རེ་རེའི་སྦྱོར་བའི་རྒྱུན་རང་བྱུང་དུ་གནས་ཏེ་དགེ་བའི་བག་ཆགས་ཀྱི་ལས་སོ། །སླར་ཡང་ཤིན་ཏུ་དེས་དེ་ལྟར་རྣལ་འབྱོར་ལ་དད་པས་གནས་པ་ཞེས་བྱ་བ་སྟེ་མཆོག་ཏུ་
བདེ་བ་ཆེན་པོ་གང་གིས་རབ་ཏུ་མཐར་ཕྱིན་པར་གྱུར་བ་དེའི་ཚེ་དབང་པོ་ཐམས་ཅད་འདུ་བ་སྟེ་མིག་ལ་སོགས་པའི་དབང་པོ་ཐམས་ཅད་ཀྱི་སོན་པའི་སེམས་རབ་ཏུ་བརྟན་པའི་གཟུགས་ཉིད་ཀྱིས་ཏེ་ཨ་ཝ་དྷཱུ་ཏཱིའི་ནང་དུ་འདུ་བར་འགྱུར་ཏེ་འཁྱིལ་པའི་གཟུགས་ཉིད་དུའོ། །དེ་ནས་རལ་པ་
ཞེས་བྱ་བ་ནི་བླུན་པོའི་མིག་ལ་སོགས་པའི་སྒོ་རྣམས་སུ་བྱུང་བ་རྣམས་དུས་རྟག་ཏུ་དུས་ཐམས་ཅད་དུ་འཇིག་རྟེན་པ་དགེ་བ་མ་ཡིན་པའི་བདག་ཉིད་ཅན་རྣམས་ཀྱིས་ཐམས་ཅད་བདེ་བར་ཉེ་བར་སྤྱོད་པས་འཆི་བར་འགྱུར་རོ། །འདི་རྣམ་པར་དག་པ་བྱ་བའི་རྒྱུར་བདག་ཉིད་རྡོ་རྗེ་
འཆང་ཀྱང་རལ་པའི་ཅོད་པན་ཏེ་རལ་པ་འཆིང་བར་བྱེད་པའོ། །དེ་ལྟར་སེམས་ཅན་རྣམས་ཀྱང་ངོ་། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བཛྲའི་ཡི་གེ་གཉིས་ཀྱི་དོན་གསུངས་པ། །རྡོ་རྗེའི་སྐུ་ཉིད་ཐོབ་པའོ། །ཞེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པའི་གཟུགས་ཅན་གྱི་བྱང་ཆུབ་
སེམས་དཔའ་རྣམས་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བ་ཐམས་ཅད་ཀྱི་ཁྱད་པར་དུ་བྱས་པ་སྟེ་བཞི་པ་འདས་པའི་མཚན་ཉིད་ཀྱིས་དེ་དེ་བཞིན་དུ་བཤད་དོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ཇི་ལྟར་བྱས་པས་ཁྱད་པར་ཇི་ལྟ་བུར་ད་ལྟར་གནས་ཤེ་ན་
གསུངས་པ། རྟོག་མེད་ཅེས་བྱ་བ་ལ་སོགས་པ་སྟེ། རྟོག་མེད་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་སྟེ་དེས་བརྟགས་པས་བྱང་ཆུབ་སེམས་དཔའི་རྣམས་དུས་ཐམས་ཅད་དུ་བདག་ཏུ་འཛིན་པ་སྤངས་པས་གནས་པ་སྟེ། དེའི་ཕྱིར་སེམས་ཅན་གྱི་དོན་གྱི་དབང་གིས་གནས་སོ་ཞེས་བྱ་བའི་དོན་ཏོ། །

གལ་ཏེ་ཡང་སེམས་ཅན་གྱི་དོན་གྱི་དབང་གིས་གནས་ན་དེ་ཉིད་ཀྱང་རྟོག་པས་རྟོག་པ་མེད་པ་འབྱུང་བར་འགྱུར་བ་སྟེ། ཆོས་ཀྱི་བདག་མེད་པའི་རྟོག་པས་གང་ཟག་གི་བདག་མེད་པའི་གཟུགས་ཅན་ནོ། །རྟོག་པ་སྣ་ཚོགས་པའི་གཟུགས་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། དེའི་
ཚེ་དེ་རྣམས་སུ་ཡོངས་སུ་རིག་པ་བདག་མེད་པའི་གཟུགས་ཀྱི་གང་ཟག་ཏུ་བཤད་དེ་དེ་ཉིད་ཕྱག་རྒྱར་བཤད་པ། སྒྲ་ཞེས་བྱ་བ་ལ་སོགས་པ་སྟེ་དོན་དམ་པ་ནང་གི་བདག་ཉིད་ཀྱི་དྲིལ་བུ་བསྒྲུབས་ནས་ཞེས་བྱ་བ་ནི་དེ་ལ་ཡང་དག་པར་བརྟེན་ནས་བདེ་བ་དམ་པར་གྱུར་པ་ཉིད་ཀྱིས་ནཱ་དའོ། །དེ་ལྟར་
རྩེ་མོ་དགུ་པ་ཞེས་བྱ་བ་ནི་རྩེ་དགུའི་བདག་ཉིད་ཅན་ནོ། །རྩེ་མོ་གཅིག་པ་ནི་དབུ་མའོ། །དང་ནིའི་ཡི་གེས་རྩེ་མོ་གཉིས་པ་སྟེ་འོག་དང་སྟེང་དུ་འབབ་པ་ཅན་ནོ། །རྩེ་ལྔ་པ་ནི་དཀྱིལ་འཁོར་ལྔ་འབབ་པ་ཅན་ནོ། །ནའི་ཡི་གེས་སླར་ཡང་རྩེ་མོ་བཞི་པ་འཁོར་ལོ་འབབ་པའོ། །རྩེ་མོ་གསུམ་
པ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ནོ། །དེ་ལ་སོགས་པ་ཞེས་བྱ་བ་ནི་དབང་པོ་དྲུག་དང་ཁམས་བདུན་དང་ཐུན་ཚོད་བརྒྱད་དང་རླུང་བཅུ་རྣམས་དང་། འདོད་པའི་སྲིད་པའི་གནས་བཅུ་གཅིག་དང་ས་བཅུ་གསུམ་དང་། ས་བཅུ་བཞི་དང་། ཆ་བཅོ་ལྔ་དང་། རྣལ་འབྱོར་པ་
རྣམས་ཀྱི་འཕོ་བ་བཅུ་དྲུག་དང་། གཟུགས་ཀྱི་སྲིད་པའི་གནས་བཅུ་བདུན་དང་། ཁམས་བཅོ་བརྒྱད་རྣམས་དང་། ཚད་མ་གྲུབ་པའི་མཐའ་བཅུ་དགུ་རྣམས་ཏེ་འདི་ལྟ་སྟེ། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་དང་། དེ་བཞིན་དུ་ཡན་ལག་བདུན་
གྱི་རབ་ཏུ་བྱེད་པ་རྣམས་དང་། དེ་ཡང་བུམ་པ་དང་སློབ་དཔོན་དང་གསང་བ་དང་ཤེས་རབ་ཡེ་ཤེས་རྣམས་སོ། །མཆོག་གི་བདེ་བ་ཆེན་པོའི་རོ་མྱང་བའི་ཆོས་ཀྱི་སྐུ་དང་འོད་གསལ་བ་དང་ཞི་གནས་དང་ལྷག་མཐོང་ཞེས་པ་ལའོ། །རྣམ་པ་ཉི་ཤུའི་བྱང་ཆུབ་པ་དང་ཉི་ཤུ་རྩ་གཅིག་པ་
སྲིད་པ་གསུམ་དང་། དེ་ལ་འཆི་བའི་སྲིད་པ་དང་། བར་དོའི་སྲིད་པ་དང་། སྐྱེ་བའི་སྲིད་པའོ། །བདུན་དང་གསུམ་དང་ཉི་ཤུ་རྩ་གཅིག་སྟེ། ཉི་ཤུ་རྩ་གཉིས་དབང་ཕྱུག་སོ་སོར་མངོན་པར་ཤེས་པ་ཡོད་པར་སྨྲ་བ་རྣམས་སེལ་བར་བྱེད་པ་སྟེ། དེ་ལ་རང་གི་སེམས་ཀྱི་གནས་སྐབས་

བཅུ་གཉིས་དབང་ཕྱུག་སོ་སོར་མངོན་པར་ཤེས་པ་ཡོད་པར་སྨྲ་བའི་བཤད་པ། བྱེད་པ་དེའོ་ཐམས་ཅད་ཀྱི། །ད་ནི་ཀུན་དུ་བྱེད་པོ་བྱེད། །འཚོ་བར་བཤད་པ་འཚོ་བའི་གཟུགས། །ཐར་པ་འཁོར་བའི་འཁོར་ལོ་སྐྱེས། །ཡེ་ཤེས་དབང་པོ་རིག་པ་དང་། །རྣལ་འབྱོར་ཡེ་ཤེས་སོགས་དེ་
བཞིན། །འཇིག་རྟེན་པ་སོགས་དེ་ཉིད་གང་། །མདོར་བསྡུས་པ་ཡིས་བཅུ་གཅིག་གོ། ཞེས་སོ། །དེ་ལྟ་བུར་གནས་པ་ལ་དམ་པ་དང་མ་ཡིན་པ་རྣམ་པར་དཔྱད་པས་མེད་པ་ཉིད་སོ་སོར་མངོན་པར་ཤེས་ཤེ་ན། དེའི་ཚེ་སེལ་བར་བྱེད་པ་རྣམ་པ་བཅུ་གཅིག་གསུངས་པ། །ཀུན་
གྱི་བྱེད་པ་དེ་མིན་ཏེ། །ལས་རྣམས་ཀྱིས་ནི་བྱུང་བའོ། །ལས་ཀྱི་རྒྱུ་ཡང་མེད་པ་སྟེ། །འདི་ལ་འབྱུང་བ་ཡོད་མ་ཡིན། །གང་གི་བྱེད་པ་གང་དག་བྱུང་། །དེ་ལ་བྱ་བའི་དངོས་པོ་མེད། །བྱས་དང་བྱེད་པ་མེད་པའོ། །དངོས་པོ་ཐམས་ཅད་མ་བྱས་པའོ། །བྱ་བ་བྱེད་པའི་འབྲེལ་པ་ཡིས། །
འདི་ནི་དངོས་པོ་མེད་པར་བཤད། །ལས་དང་བྲལ་བས་བྱེད་པ་མེད། །བྱ་བ་མེད་པས་བྱེད་པོ་མེད། །གལ་ཏེ་འབྱུང་བའི་བདག་ཡོད་ནའང་། །འབྱུང་བ་མེད་པས་མེད་པའོ། །གཅིག་དང་དུ་མས་རྣམ་དཔྱད་པས། །འབྲེལ་པའི་དངོས་པོ་མེད་པར་འདོད། །སུ་ཞིག་བྱེད་པོ་ཅིའི་བྱེད་པོ། །
འདི་རྣམས་བྱེད་པོ་ཡོད་མ་ཡིན། །གང་གིས་རྟག་ཏུ་འཚོ་བར་འགྱུར། །དངོས་པོ་གཟུགས་ནི་མི་རིག་གོ། །ཇི་ལྟར་གཟུགས་ཅན་གང་ཟག་བཤད། །སྨིག་རྒྱུ་དང་ནི་འདྲ་བར་འགྱུར། །འཁྲུལ་པས་འཁྲུལ་བའི་རྣམ་པར་ནི། །ཡོད་པ་སྐད་ཅིག་མར་འགྱུར་རོ། །འཇིག་རྟེན་གྱི་
ནི་སྐྱེ་བ་མེད། །རང་ལས་འབྲས་བུས་བགྲོད་པར་འགྱུར། །ཀུན་ལ་ཐར་པ་ཡོད་པ་ཡིན། །གོང་མའང་འཆི་བ་མེད་པའོ། །གལ་ཏེ་ཐར་པ་ཙམ་ཡོད་ཀྱང་། །རོར་འཛིན་པ་ནི་དེ་ལ་མེད། །དེའི་ཕྱིར་འཇིག་རྟེན་ལས་འབྲས་བུ། །དགེ་དང་མི་དགེ་གང་བྱས་པ། །རྨོངས་པའི་
སྐྱེས་བུ་དེ་ཡོད་པར། །འཁོར་བ་ཡང་ནི་འདོད་པའོ། །སྒྱུ་མས་འཁོར་བར་རྨོངས་བདག་ཉིད། །རྨོངས་པས་བརྟན་པར་འདོད་པའོ། །གཏི་མུག་བདག་ཅན་འཁོར་བ་མེད། །རྡུལ་ཕྲན་ཆ་ཤས་མེད་པས་སོ། །ཡེ་ཤེས་ཤེས་བྱ་འདིར་མེད་དེ། །སེམས་བྱུང་གཟུགས་

མེད་པའི་ཕྱིར་རོ། །དབང་པོ་ལ་སོགས་བརྗོད་པ་མེད། །རིག་པ་ཅི་ཞིག་འབྱུང་བ་མེད། །མངོན་སུམ་བཞི་ཡི་དངོས་པོ་རྣམས། །དངོས་པོ་ལ་སོགས་དེ་བཞིན་ཏེ། །ཡིད་ཀྱི་མངོན་སུམ་རྣལ་འབྱོར་དང་། །རང་གིས་རིག་པའི་མངོན་སུམ་མོ། །ཇི་ལྟར་ཡེ་ཤེས་བཞི་དབུས་
སུ། །མངོན་སུམ་ཉིད་ཀྱང་མི་རིག་གོ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དེ་ནི་དེ་ཉིད་ཡང་དག་འབྱུང་། །མངོན་སུམ་དང་ནི་རྗེས་དཔག་གིས། །དེ་རྣམས་དངོས་པོ་རིག་པ་ཡིན། །གང་ཙམ་རུ་ནི་བཞག་པ་སྟེ། །འཁྲུལ་པ་ངེས་པ་མེད་པའོ། །དེ་ལྟར་བཤད་པའི་རིམ་
ཞེས་བྱ། །རྒྱ་ཆེ་བར་ནི་དུ་མའོ། །དབང་ཕྱུག་ཐམས་ཅད་དུ་མེད་པས། །སོ་སོར་མངོན་ཤེས་ཅི་ལས་འགྱུར། །མཁས་པ་རྣམ་པར་དཔྱད་བྱ་ཡིས། །འདི་ལ་སྡང་བར་མི་བྱའོ། །ལོའི་སྦྱོར་བས་དུས་ཚིགས་ཉི་ཤུ་རྩ་གསུམ་སྟེ་དཀར་པོ་དང་ནག་པོའི་ཕྱོགས་དག་གི་ཚེས་
བཅུ་སྟེ་རྒྱལ་གྱི་ཚེས་བཅུའི་ལོ་ཅན་ཞེས་བྱ་བ་ནི་དེར་དཔའ་བོ་དང་དཔའ་མོའི་དབང་ཕྱུག་རྣམས་ཐམས་ཅད་ཀྱིས་འདུ་བར་འགྱུར་ཏེ། གནས་དང་ཉེ་བའི་གནས་ལ་སོགས་པ་ཉི་ཤུ་རྩ་བཞི། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་སྔོན་དུ་བཤད་པ་རྣམས་ཀྱི་དང་། སྙིང་རྗེའི་བདག་ཉིད་དང་དེ་ཁོ་
ན་ཉིད་ཉི་ཤུ་རྩ་དྲུག་གོ། །སྙིང་རྗེ་ཆེན་པོ་སུམ་ཅུ་རྩ་དྲུག་པ་དང་རྒྱུ་སྐར་ཉི་ཤུ་རྩ་བདུན་དང་འདོད་ཆགས་ཆེན་པོའི་ས་ཉི་ཤུ་རྩ་བརྒྱད་དེ། དེ་ཡང་འདོད་པའི་སྲིད་པའི་གནས་བཅུ་གཅིག་དང་གཟུགས་ཀྱི་སྲིད་པའི་གནས་བཅུ་བདུན་ནོ། །སེམས་ཅན་ལ་དམིགས་པའི་སྙིང་རྗེ་
ཆེན་པོ་འདོད་ཆགས་ཆེན་པོའི་སའི་བདག་ཉིད་ཅན་རྣམས་ཀྱི་བཅུ་དགུ་རྣམས་དང་ཆོས་ལ་དམིགས་པ་བཅུ་དགུའོ། །སྒྱུ་མའི་དེ་ཁོ་ན་ཉིད་སུམ་ཅུ་རྣམས་ནི་ཡོངས་སུ་བརྟགས་པ་སུམ་ཅུ་སྟེ་སུམ་ཅུ་རྩ་གཅིག་པ་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་དྲན་པའི་སངས་རྒྱས་པའི་དེ་ཁོ་ན་ཉིད་དོ། །
བྱང་ཆུབ་ཀྱི་གཟུགས་ཀྱི་བདག་ཉིད་ཅན་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་སུམ་ཅུ་རྩ་གཉིས་ཏེ་སུམ་ཅུ་རྩ་གསུམ་པ་སྲིད་པ་གསུམ་སྟེ་མདོར་བསྡུས་པས་སོ། །གཞན་ཆོས་ཆེན་པོ་ཡོངས་སུ་སྡུད་པའི་རིམ་པས་སྟོང་ཕྲག་གི་བར་དུ་སྦྱང་བར་བྱ་བར་ཤེས་པར་བྱའོ། །རྩ་རབ་ཏུ་

འབབ་པ་ཅན་གྱིས་དེ་ལ་དྲིལ་བུའི་སྒྲ་ཡང་དག་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དེའི་ཕྱིར། ངོ་བོ་ཉིད་ཀྱིས་སྒྲ་སྒྲོགས་པ། །ཞེས་བྱ་བ་ནི་འདོད་ཆགས་ཆེན་པོས་སེམས་ཅན་ལ་ཕན་པའི་རྒྱུར་བྱང་ཆུབ་ཀྱི་སེམས་ཞུ་བ་དང་ལྡན་པ་ཕྲ་མོའི་ཡེ་ཤེས་ཀྱི་རྣམ་པའི་སེམས་སོ། །དེ་ཡང་སྤྲོས་
པ་མེད་པ་དྲི་མ་ཐམས་ཅད་ནུབ་པ་ཟག་པ་མེད་པ་ཞེས་བྱ་བ་སྟེ། མཆོག་ཏུ་ཟག་པ་མེད་པའི་གཟུགས་ཉིད་དེ། དེ་ཉིད་སྒྲ་ཡང་དག་པར་བཤད་དེ་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱིས་དེའི་རང་བཞིན་གྱི་རྟོག་པ་ཡོངས་སུ་འབྱུང་སྟེ་བསམ་དུ་མེད་པའི་མཁའ་འགྲོ་རྒྱ་མཚོ་དག་རྣལ་
འབྱོར་པས་བསྒོམས་པས་སོ་སོར་འཕར་བའོ། །དེ་ཡང་དེ་ཉིད་ཀྱིས་རྟོག་པ་མེད་པའི་བདག་ཉིད་ཅན་གྱི་སྔོན་གྱི་བག་ཆགས་ཀྱིས་གནས་གང་དུ་གནས་པ་སྟེ། འཆད་པར་འགྱུར་བའི་སྤྲུལ་པའི་སྐུའི་རྣམ་པ་ལ་སོགས་པས་སོ། །དེའི་ཕྱིར་རྡོ་རྗེ་ཞེས་བྱ་བ་སྟེ་རྡོ་རྗེའི་མཚན་ཉིད་ཅན་གྱི་
རྡོ་རྗེའི་སྐུའི་གཟུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྟོགས་སླའོ། །ད་ནི་ཕྱི་རོལ་གྱི་རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་གསུངས་པ་ཆ་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། འོག་དང་སྟེང་དང་དབུས་རྣམས་སུ་ཆ་ལ་སོགས་པ་མཉམ་པར་བྱའོ། །ལྷག་མ་རྡོ་རྗེ་དང་དྲིལ་བུའི་མཚན་
ཉིད་དོ། །དེ་བཞིན་དུ་རྡོ་རྗེ་རལ་བ་ཅན་གྱི་པདྨ་དང་རྡོ་རྗེ་རབ་ཏུ་སྦྱོར་བས་སེམས་ཅན་ཐམས་ཅད་སྒྲུབ་པའི་ཐབས་སོ། །དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་བདག་པོས་ཏེ་རྟོགས་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་རྡོ་རྗེ་རལ་པ་ཅན་གྱི་རབ་ཏུ་སྦྱོར་
བས་ཆད་པའི་ལས་རྣམ་པར་འཇོམས་ཤིང་དགེ་བའི་ལས་ལ་སོགས་པ་སྒྲུབ་པ་བྱང་ཆུབ་སེམས་དཔའ་སྒྲུབ་པ་རྣམས་འབྱུང་བ་དང་རྡོ་རྗེ་དྲིལ་བུ་ལ་སོགས་པའི་མཚན་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་པའི་བཤད་པའོ།། །།
གཏུམ་མོ་སྟོང་ཕྲག་ཞལ་ཅན་གྱི། །དཔའ་བོ་ཆེན་པོར་ཕྱག་བྱས་ནས། །སྨན་དང་བཅུད་ཀྱི་སྦྱོར་བ་དང་། །ཡི་གེ་ཐམས་ཅད་རྣམས་ཀྱང་ངོ་། །ད་ནི་དཔའ་བོ་ཆེན་པོའི་བཤད་པ་གསུངས་པ། །དེ་ནས་གཞན་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་མ་ལ་ལྟོས་པ་གཞན་ནོ། །སྦྱོར་

བ་ཆེན་པོ་ནི་སྦྱོར་བ་ཐམས་ཅད་ལས་གཞན་པའི་སྦྱོར་བ་ཆེན་པོ་སྟེ། རྣལ་འབྱོར་ཐམས་ཅད་ལས་ཕུལ་དུ་བྱུང་བའོ། །དེ་ཡང་དཔའ་བོ་ཆེན་པོའི་སྦྱོར་བས་ཞེས་བྱ་བ་ནི་མིང་གི་ཡི་གེའི་རིག་པ་སྟེ། བདག་གིས་མངོན་སུམ་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་གྱུར་པས་དེ་
བཤད་པ་སྟེ། གཅིག་ཏུ་ན་བདག་གཅིག་པུའི་མ་ཡིན་ཏེ་ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས་ཉམས་སུ་མྱོང་བ་རྣམས་ཀྱིས་བཤད་པ་སྟེ་དེས་ཏུའི་ཡི་གེ་ངེས་པར་གཟུང་བའོ། །དེ་ལྟར་ཉོན་ཞེས་བྱ་བ་ནི་ཕག་མོ་ལ་སོགས་པའི་རྣལ་འབྱོར་ཐམས་ཅད་ཐོས་པ་ལ་ངེས་པར་སྦྱོར་
བའོ། །འདི་ལ་བཅོམ་ལྡན་འདས་ཀྱིས་བཤད་པ་གསུངས་པ། གནད་ཅེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ཉིད་དུ་ཆེན་པོའི་ཡི་གེ་དག་བཤད་པ། གནད་སྟོང་ཕྲག་ཅེས་པ་སྟེ་འདིར་ལུས་ལ་མི་ཕྱེད་མ་ལ་སོགས་པ་རྩ་སུམ་ཅུ་རྩ་གཉིས་རྣམས་ཏེ། གང་རྣམས་དེ་རྣམས་
ཀྱི་རེ་རེ་ལ་སུམ་ཅུ་རྩ་གཉིས་ཀྱི་འགྱུར་གྱིས་སྟོང་ཕྲག་གཅིག་ལ་ཉི་ཤུ་རྩ་བཞིས་ལྷག་པ་རྣམས་སུ་འགྱུར་རོ། །དེའི་ནང་ནས་སྟོང་ཕྲག་ནི་ལུས་ཐམས་ཅད་ཀྱི་ལག་པ་དང་རྐང་པ་ལ་སོགས་པའི་གནད་ཀྱི་རྩ་རྣམས་སོ། །ལྷག་མ་ཉི་ཤུ་རྩ་བཞི་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་སྟེ་
དེ་རྣམས་སུ་རྩ་ཐམས་ཅད་དུ་ཇི་ལྟ་བའི་རིམ་པས་ཡི་གེ་རྣམས་དགོད་པ་གསུངས་པ། ཀ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་དང་ཧའི་བར་དུ་སུམ་ཅུ་རྩ་གསུམ་སྟེ་དེ་རྣམས་ཡོན་ཏན་ལ་སོགས་དབྱངས་རྣམས་ཀྱིས་ཞེས་བྱ་བ་ནི་ཡོན་ཏན་དང་འཕར་མ་
དང་ཡ་ཎ་བསྟན་པ་དང་ཐུང་ངུ་དང་རིང་པོ་སྟེ་སུམ་ཅུར་འགྱུར་རོ། །དེ་རྣམས་ཀྱི་ཕྱི་མོ་རྣམས་ཀྱིས་དབྱེ་བ་ཞེས་བྱ་བ་སྟེ། སླར་ཡང་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་ནོ། །དེ་ལྟར་འབར་བ་ཚིགས་ཐམས་ཅད་དུ་གནས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་
ཀྱིས་བལྟས་པར་གྱུར་པས་འོད་ཀྱི་རང་བཞིན་གྱི་ཡི་གེ་གཏུམ་མོ་སྟོང་ཕྲག་གི་བདག་ཉིད་ཅན་ཞེས་བྱ་བ་སྟེ། འབར་ཞིང་ཐམས་ཅད་དུ་དེ་ལྟར་རང་བཞིན་མེད་པར་སོན་པའོ། །དཔའ་བོ་ཞེས་བྱ་བ་ལ་སོགས་པས་བའི་རའི་ཡི་གེའི་དོན་གསུངས་པ། དེ་ལྟར་དཔའ་བོའི་ལོངས་

སྤྱོད་ཐོབ། །ཅེས་བྱ་བ་ནི་རྩ་སྟོང་ཕྲག་གི་ཁམས་གང་དེ་ཐམས་ཅད་བདེ་བའི་གནས་ལ་བདེ་བའི་རང་བཞིན་དུ་འགྱུར་ཏེ་གནས་ཀྱི་དབང་གིས་སོ། །དེ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་བདེ་བའི་འོད་ཟེར་རྣམས་ཀྱིས་སོ། །བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་
སྣ་ཚོགས་པ་ལས་བྱུང་བའི་རིགས་དེ་རོ་མཉམ་པར་ལྷན་ཅིག་དགུག་པར་བྱའོ། །ཅིའི་རྒྱུར་ཞེ་ན། དེ་གསུངས་པ། ཆོས་འབྱུང་གཉིས་མེད་ནང་དུ་ཞེས་བྱ་བ་སྟེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ལ་ལ་ནཱ་དང་ར་ས་ནཱ་དག་བཙིར་བར་གྱུར་པས་ཨ་ཝ་དྷཱུ་ཏཱི་དབུས་སུ་བདག་ཉིད་
བདག་མེད་པའི་གཟུགས་སུ་བྱང་ཆུབ་སེམས་དཔའི་ཆོ་གས་གཞལ་བར་བྱ་བ་ནི་ངེས་པའོ། །ད་ནི་རྣལ་འབྱོར་པ་རྣམས་ཀྱི་རང་གི་ལུས་ཀྱི་བཅུད་ལེན་སྒྲུབ་པའི་ཆོ་ག་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་སྟོང་ཕྲག་ལྕེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ནི་ལྕེའི་
སྒྲར་བརྗོད་དེ། དེ་ལྟར་དབུ་མར་རབ་ཏུ་ཞུགས་པས་དཔའ་བོ་ཆེན་པོ་རང་གིས་རིག་པའི་ཡེ་ཤེས་དེའི་གོ་འཕང་ལ་གནས་པ་སྟེ་སེམས་ཀྱི་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྟོགས་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་དཔའ་བོ་ཆེན་པོའི་ཡི་གེའི་རབ་ཏུ་སྦྱོར་བས་
རྣལ་འབྱོར་ཆེན་པོ་སྒྲུབ་པ་དང་བཅུད་ལེན་གྱི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའི་བཤད་པའོ།། །།ཆོས་འབྱུང་ནང་དུ་གར་བྱེད་པའི། །རྡོ་རྗེ་ཧཱུཾ་མཛད་ཕྱག་བྱས་ནས། །དེ་དག་རྣམས་ཀྱིས་བདག་རྟག་ཏུ། །རྡོ་རྗེ་ཆོས་ཀྱི་བསྟན་པར་བྱ། །ད་ནི་
རྡོ་རྗེ་ཧཱུཾ་མཛད་ཀྱི་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་སྟེ་རྡོ་རྗེ་འཆང་ཆེན་པོ་ཡང་དག་པའི་ཏིང་ངེ་འཛིན་གྱི་དཔལ་ཧེ་རུ་ཀ་ཇི་ལྟར་ལེའུ་བཅོ་ལྔ་པ་གསུངས་པའོ། །གྲོང་ཁྱེར་གསུམ་ན་སུ་ཞེས་བྱ་བ་ནི་སྲིད་པ་གསུམ་རྣམས་སུ་ཇི་ལྟར་
འབྱུང་བར་འགྱུར་ཞེས་པའོ། །ཅིའི་གཟུགས་ཀྱིས་ཞེས་བྱ་བ་ནི་རྡོ་རྗེ་འཆང་གི་གཟུགས་ཀྱིས་སོ། །ཅིར་ཡང་གཞན་གྱིས་གཞན་གྱི་གཟུགས་བཟུང་ནས་དེའི་གཟུགས་ཀྱིས་ཁྱེར་ནས་འོངས་སམ། དེ་ལྟར་གང་དུ་སྤྲུལ་པ་འདི་ལ་ཐེ་ཚོམ་མ་མཆིས་སོ། །དེ་བཞིན་དུ་ཆོས་

ཉན་པའི་དུས་སུ་ཞེས་བྱ་བ་ནི་འཁོར་གྱི་ཚོགས་རྣམས་ཀྱིས་ཅིས་དེ་བཞིན་གཤེགས་པ་དཔའ་བོ་དང་རྣལ་འབྱོར་མ་དང་བྱང་ཆུབ་སེམས་དཔའི་ཚོགས་ལ་སོགས་པའི་དབུས་སུ་ཐུགས་བརྟན་པའི་གཟུགས་སུ་མཛད། དེ་ལྟར་ལྷ་ཞེས་བྱ་བ་ལ་སོགས་
པས་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ཀྱེ་སྟོན་པ་གསུངས་ཤིག་ཅེས་བྱ་བར་འབྲེལ་ཏོ། །འདི་ནི་དྲི་བའོ། །འདིའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པས་ཏེ། །མཁས་པའི་འཇིག་རྟེན་གྱིས་མི་ཤེས། །ཞེས་བྱ་བ་ནི་སྐྱེ་བོ་སྒྲིན་པོ་རྣམས་ཀྱིས་
མི་ཤེས་ཏེ་འོན་ཀྱང་འཇུག་གོ། །ཤིན་ཏུ་ཟབ་པའི་དོན་ཆེན་པོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མན་ངག་ལ་སོགས་པ་སྟེ། དེ་ཉིད་གསུངས་པ། མདོར་བསྡུས་པ་ཞེས་བྱ་བ་ལ་སོགས་པས་སོ། །ངེས་པར་སྒྱུ་མ་ཞེས་བྱ་བ་ནི་སྒྱུ་མའི་རྣམ་པར་བསྟན་པར་བྱ་བ་དང་སྟོན་པ་པོ་ལ་
སོགས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་གི་རང་གིས་མངོན་པར་སྣང་བ་སྟེ་སོ་སོར་སྣང་བར་འགྱུར་རོ། །འདིར་གང་གི་རྡོ་རྗེ་སེམས་དཔའ་སོ་སོར་སྣང་བར་མཛད། དེ་ཉིད་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས་ཀྱང་ལིང་གར་རྗེས་སུ་
གནས་ཞེས་བྱ་བ་ནི་ལིང་ག་ནི་མཚན་མ་སྟེ་ཕྱག་རྒྱ་ཆེན་པོར་མངོན་པར་བརྗོད་པ་དེའི་ནང་དུ་ལུས་ཐམས་ཅད་ཀྱི་ཁམས་དེ་རྣམས་སུ་གོང་བུར་གྱུར་པའི་སེམས་ཀྱི་ཁམས་དེ་གནས་པ་སྟེ་རྡོ་རྗེ་སེམས་དཔའི་རྣམ་པར་གྲོང་ཁྱེར་གསུམ་རྣམས་སུ་སྐྱེ་གནས་སོ་སོར་སྣང་སྟེ་སྐུ་ལ་སོགས་
པའི་དག་པས་ཁམས་གསུམ་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་དྲི་བ་ཐོག་མའི་བསལ་བའོ། །གཉིས་པའི་གསུངས་པ། ཁྱེར་ནས་འོངས་པ་སྔོན་གྱི་དངོས། །ཞེས་བྱ་བ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་ལ་རྗེས་སུ་སྤྱོད་པའི་དུས་སུ་སེམས་དང་ལྷན་ཅིག་རང་གིས་རིག་
པར་འགྲོའོ། །དེས་རྡོ་རྗེ་སེམས་དཔའི་འཇིག་རྟེན་རྣམས་ཀྱི་མཉམ་པའི་དུས་བཞིན་དུ་རྟོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ངེས་པར་ལས་ཆུང་ངུ་སྟེ། སེམས་ཅན་གྱི་དོན་ཐམས་ཅད་བསྟན་པར་བྱ་བ་དང་སྟོན་པ་པོ་ལ་སོགས་པའི་ལས་ཙམ་མཛད་ནས་དེ་

ཉིད་དུ་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཛད་ནས་བཞུད་དོ། །ཡང་ན་ཕྱོགས་གཞན་དུས་ཐམས་ཅད་དུ་སྐྱེ་འགྲོ་ལ་རྗེས་སུ་ཆགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་མེ་ལོང་ལ་གཟུགས་བརྙན་སྣང་བ་དེ་
བཞིན་དུ་གཅིག་ལ་གཅིག་གནས་པས་ཀྱང་སེམས་གཟུགས་བརྙན་དུ་མཐོང་ངོ་ཞེས་བྱ་བ་ནི་ངེས་པའོ། །གསུམ་པའི་གསུངས་པ། ཉན་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་དུ་ཉན་པ་བསྒྲུབས་ནས་ཞེས་བྱ་བ་ནི་ཐོག་མ་མེད་པའི་རྒྱུད་ནས་སྔོན་གྱི་དུས་ཀྱི་ཐོས་པ་དང་བསམ་པ་དང་
བསྒོམ་པའི་བག་ཆགས་ལ་བརྟེན་ནས་དེ་ཡང་དག་མེད་པ་སྟེ་སྒྲ་བརྙན་ལྟ་བུར་སོ་སོར་སྣང་ངོ་། །སྟོན་པ་ཞེས་བྱ་བ་ནི་སེམས་དེ་དེ་ཉིད་དུ་ཡང་ཐིམ་ནས་འགྲོ་སྟེ་ངེས་པར་བསྟན་པར་འགྱུར་རོ། །གཏི་མུག་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལྷ་ལ་སོགས་པ་ཚངས་པ་ལ་སོགས་པ་བཀུག་པ་
སྟེ། རྣམ་པར་སྣང་མཛད་ཆེན་པོའི་ཏིང་ངེ་འཛིན་གྱིས་སོ། །དེ་ལྟར་དེའི་ཡང་ཏིང་ངེ་འཛིན་གྱི་རབ་ཏུ་སྦྱོར་བ་རྣམས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་རྨོངས་པར་བྱས་སོ། །དེའི་ཕྱིར་ཐུགས་རྡོ་རྗེ་ཧཱུཾ་མཛད་ཉིད་དུ་ཞུགས་པར་འགྱུར་རོ། །དེས་འཇིག་རྟེན་བྱང་ཆུབ་སེམས་དཔའ་
ལ་སོགས་པ་རྟག་ཏུ་སྤྲུལ་པའོ། །འདིའི་རབ་ཏུ་སྦྱོར་བ་གསུངས་པ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། བཛྲའི་ཡི་གེའི་དོན་ཏོ། །རྡོ་རྗེ་རྩེ་མོར་རོ་མཉམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་དུས་སུ་སྟེ་དེ་ལ་འཇིག་རྟེན་གྱི་མཐར་སྤྲུལ་པ་ཐམས་ཅད་ཆོས་ཉན་པའི་དུས་སུ་འོད་ཟེར་སྤྲོ་བར་
བྱེད་དོ། །ལྕགས་ཀྱུའི་རྣམ་པའི་ཧཱུཾ་གི་ཡི་གེའི་སྒྲ་སྒྲོགས་པའི་སྒྲ་དབྱངས་ཀྱིས་བཀུག་པའི་དྲི་ཟའི་སེམས་ཅན་ཁར་བཅུག་ནས་གཅིག་ཏུ་འདྲེས་པའི་དངོས་པོའི་འཁོར་ལོར་བྱས་ནས་མཆོག་གི་སྟོན་པ་འོད་གསལ་བ་མཆོག་ཏུའོ། །ཆོས་འབྱུང་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །
མན་ངག་འདི་ལ་གནས་པས་དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་སྟེ་རྡོ་རྗེ་སློབ་དཔོན་དུ་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་དོ། །ད་ནི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་གསུངས་པ། སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ནས་དེ་བཞིན་གཤེགས་པ་

ཞེས་པའི་བར་དུ་གོ་སླའོ། །ད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སེམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དེས་དེ་ལྟར་རྡོ་རྗེའི་མན་ངག་གི་བཤད་པ་གསུངས་པ། བསྒོམ་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ནཱ་ད་རྣམས་སུ་ཞེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པར་ནཱ་དའི་ཡེ་ཤེས་སོ། །
དེའི་དུས་སུ་དཀྱིལ་འཁོར་པ་རྣམས་ཁམས་གསུམ་གྱི་རྣམ་པའོ། །དེའི་ཕྱིར་ནཱ་ད་དང་རྡོ་རྗེ་ཧཱུཾ་མཛད་ཁྱབ་བདག་གོ། །འཕོ་བ་ཞེས་བྱ་བ་ལ་སོགས་པས་སྔོན་དུ་བསྟན་པའི་མདོར་བསྟན་པའི་ཚིག་རྣམས་ཀྱི་རྡོ་རྗེའི་རྩེ་མོར་སྤྲུལ་པ་ཞེས་བྱ་བ་ལ་སོགས་པའི་མན་ངག་རྒྱས་པར་བསྟན་པའོ། །
ལྷག་མ་ཐམས་ཅད་རྟོགས་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་རབ་ཏུ་སྦྱོར་བ་ཕྱི་དང་ནང་གི་བདག་ཉིད་ཅན་བསྟན་པར་བྱ་བ་དང་སྟོན་པ་པོ་ལ་སོགས་པའི་རྣམ་པར་གཞག་པའི་ཆོ་གའི་ངེས་པ་དང་དེ་བཞིན་དུ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང་དཀྱིལ་
འཁོར་གྱི་འཁོར་ལོ་བསྒོམ་པའི་མན་ངག་གི་རྣམ་པར་གཞག་པ་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའི་བཤད་པའོ།། །།ཤིན་ཏུ་བཟང་པོར་མགོས་ཕྱག་འཚལ། །བསམ་མེད་སྦྱོར་བའི་སྤྱོད་པ་ཡིས། །གཞུང་ཆུང་ངུ་ཡིས་རྟོགས་བྱེད་པ། །དེ་ཡི་འགྲེལ་
པ་བཤད་པར་བྱ། །ད་ནི་ཤིན་ཏུ་དབང་པོའི་བཤད་པ་གསུངས་པ། དེ་ནས་བསམ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཕྱི་དང་གཉིས་མེད་སྦྱོར་བའི་བདག །ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་བདག་ཉིད་ཀྱི་སྤྱོད་པའི་དུས་སུ་ཡང་རྣལ་འབྱོར་པ་རྣམས་ཀྱིས་བྱ་བ་སྟེ། ནང་གི་
བདག་ཉིད་དུ་ཤིན་ཏུ་བཟང་པོའི་ཡི་གེའི་རབ་ཏུ་སྦྱོར་བ་གསུངས་པ། ཡིད་བཟང་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ཉིད་དུ་སུའི་ཡི་གེའི་དོན་གསུངས་པ། ཡིད་བཟང་མའི་དབུས་སུ་ཐམས་ཅད་ཀྱི་བདག་ཉིད་ཐིམ་པར་བྱའོ། །དེ་ལྟར་བདག་ཉིད་འདིར་མིག་ལ་སོགས་པའི་འཇུག་
པའི་རྣམ་པར་ཤེས་པ་དྲུག་དང་ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱིས་དེ་ལྟར་དབང་པོ་ཐམས་ཅད་གཟུགས་དང་སྒྲ་ལ་སོགས་པར་གནས་ཏེ། གྲོང་ལ་བརྟེན་ཞེས་བྱ་བ་ནི་ཡུལ་ལ་བརྟེན་པའོ། །དེ་རྣམས་སུ་ཡིད་ཀྱི་ཡུལ་གྱི་གྲོང་

རྣམས་སུ་གང་སྤྱོད་པ་དེ་ཡེ་ཤེས་ཀྱི་སྤྱོད་པའི་བདག་ཉིད་དུ་བཤད་དེ། དམ་ཚིག་དེ་གང་ལ་ཡོད་པས་དེ་ལ་ལྟ་བར་གྱུར་པ་དེ་ཉིད་མཐོང་བའི་ལམ་གྱི་བདག་ཉིད་དུ་འགྲུབ་པའོ། །དེ་སླར་ཡང་སྲིད་པ་དང་མྱ་ངན་ལས་འདས་པའི་གཟུགས་ཅན་དུ་རྣལ་འབྱོར་པ་སྐྱེ་བ་འདི་ལ་བཤད་དེ་གཞན་དུ་མ་
ཡིན་ནོ། །དེ་སླར་ཡང་དེའི་གཟུགས་ཀྱིས་གང་དུ་ཞེས་བྱ་བ་སྟེ་དེ་དེ་བཞིན་དུའོ། །དེ་ལྟར་གང་ལ་བལྟས་པས་མཐོང་བ་ཞེ་ན་གསུངས་པ། མཐོང་བ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཀྱི་གཟུགས་བརྙན་ཞེས་བྱ་བ་ནི་སོ་སོར་སྡུད་པ་ལ་སོགས་པ་སྦྱོར་བའི་ཡན་ལག་དྲུག་རྣམས་
ཀྱིས་གཟུགས་མཐོང་ངོ་། །དེ་ལྟར་བྷའི་ཡི་གེའི་དོན་སོང་ཟིན་པས་སོ། །དེ་བཞིན་དུ་ཞུ་བ་ཞེས་བྱ་བ་ལ་སོགས་པས་དྲིའི་ཡི་གེའི་དོན་གསུངས་པ་སྟེ། ཞུ་འགྱུར་བ་ཡི་སེམས་བརྟེན་ནས། །ཞེས་བྱ་བ་ནི་དེ་ཡང་རང་གི་སེམས་ཞུ་བའི་གཟུགས་སོ་སོར་མི་སྣང་ངོ་། །དེ་ཅིའི་ཕྱིར་ལུས་ལ་
རྣམ་པར་ཐིམ་ཞེས་བྱ་བ་སྟེ་ལུས་ནི་གཟུགས་ཀྱི་ལུས་ལ་ངེས་པར་ཐིམ་པར་འགྱུར་རོ། །ལྷག་མ་རྟོགས་སླའོ། །འོན་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་མ་གསུངས་ཀྱང་རྗེས་སུ་གནས་པར་བྱའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་ཤིན་ཏུ་བཟང་པོའི་རབ་ཏུ་
སྦྱོར་བས་སྤྱོད་པའི་བརྟུལ་ཞུགས་ཕྱི་དང་ནང་གི་བདག་ཉིད་ཅན་བསམ་དུ་མེད་པའི་སྦྱོར་བ་བསྒོམ་པ་ལ་སོགས་པའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའི་བཤད་པའོ།། །།རིགས་ཀུན་རབ་ཏུ་འཇོམས་པའོ། །རྡོ་རྗེ་བཟང་པོར་ཕྱག་བྱས་ནས། །
དེ་ཡི་ངོ་བོར་དེར་གནས་ནས། །རྒྱུ་སྐར་ལ་སོགས་སྤྲུལ་པ་ཅན། །ད་ནི་རྡོ་རྗེ་འོད་ཀྱི་བཤད་པ་བརྗོད་པར་བྱ་སྟེ། དེ་ནས་རིགས་ཞེས་བྱ་བ་ལ་སོགས་པས་སོ། །རྡོ་རྗེ་བཟང་པོའི་རབ་སྦྱོར་བས། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཡི་གེའི་དོན་གྱིས་དེ་དེ་བཞིན་དུ་བཤད་དོ། །འདིར་ཐ་
སྐར་ལ་སོགས་པ་ལ་སྐྱེས་པའི་རིགས་གསུངས་པ། དེ་ལ་དང་པོར་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བས་ཤེས་པར་བྱ་སྟེ། འདིར་ཐ་སྐར་དང་མགོ་དང་ན་བ་སོ་དང་རྒྱལ་དང་མེ་བཞི་དང་ས་རི་དང་ལྷ་མཚམས་དང་གྲོ་བཞིན་དང་ནམ་གྲུ་སྟེ་དེ་བཞིན་དུ་ཞེས་བྱ་བ་ནི་

དེ་ལྟར་ལྷ་རྣམས་ཀྱི་ཚོགས་སུ་འགྱུར་རོ། །དེ་བཞིན་དུ་བཞི་པ་ཞེས་བྱ་བ་ནི་སྣར་མ་དང་ཤར་པ་གསུམ་རྣམས་ཞེས་བྱ་བ་ནི་ཤར་གྱི་གྲེ་དང་ཤར་གྱི་ཆུ་སྟོད་དང་ཤར་གྱི་ཁྲུམས་སྟོད་དོ། །གཉིས་པ་བྲ་ཉེ་དང་དྲུག་པ་ལག་དང་བྱང་པ་གསུམ་ཞེས་བྱ་བ་ནི་བྱང་གི་སྦོ་དང་བྱང་གི་ཆུ་
སྨད་དང་བྱང་གི་ཁྲུམས་སྨད་དེ་མི་ཞེས་བྱ་བ་དེ་དེ་བཞིན་དུ་བཤད་དོ། །དེ་བཞིན་དུ་གསུམ་པ་ལ་སོགས་པ་རིམ་པ་ཇི་ལྟ་བས་སྲིན་པོའི་ཚོགས་གསུངས་པ། སྨིན་དྲུག་དང་མཆུ་དང་སྐག་དང་མོན་གྲུ་དང་ནག་པ་དང་ས་ག་དང་སྣྲོན་དང་སྣྲུབས་དང་མོན་གྲེ་མཆོག་གོ། །དེ་བཞིན་དུ་སྟོབས་ཀྱིས་
བདག་ཏུ་བྱེད་པར་ཕྱི་མ་ཕྱི་མར་གང་གི་ཚེ་མི་རྣམས་ལ་འགྱུར་བ་དེ་རྣམས་ཀྱི་རིགས་ཀྱི་ཁྱད་པར་གསུངས་པ། ར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་གསུམ་པ་དང་བརྒྱད་པ། །ཞེས་བྱ་བ་ནི་སྨིན་དྲུག་དང་རྒྱལ་ནི་རའི་རིགས་སོ། །བཞི་པ་དང་ལྔ་པ་དེ་སྣར་མ་དང་མགོ་ནི་ཀླུའི་རིགས་སོ། །དྲུག་
པ་དང་བཅུ་དགུ་པ་དེ་ལག་དང་སྣྲུབས་ནི་ཁྱིའི་རིགས་སོ། །བཅུ་པ་དང་བཅུ་གཅིག་པ་དེ་མཆུ་དང་གྲེ་ནི་བྱི་བའི་རིགས་སོ། །བདུན་པ་དང་དགུ་པ་དེ་སླར་ཡང་ནབ་སོ་དང་སྐག་ནི་བྱི་ལའི་རིགས་སོ། །བཅུ་བཞི་པ་དང་བཅུ་དྲུག་པ་དེ་ནག་པ་དང་ས་ག་ནི་སྟག་གི་རིགས་སོ། །བཅུ་གཉིས་པ་དང་བཅོ་
ལྔ་པ་དེ་དབོ་དང་ཁྲུམས་སྟོད་ནི་ཁྱུ་མཆོག་གི་རིགས་སོ། །ཐོག་མ་དང་ཐ་མ་དེ་ཐ་སྐར་དང་ནམ་གྲུ་ནི་བོང་བུའི་རིགས་སོ། །བཅུ་གསུམ་པ་དང་བཅོ་ལྔ་པ་དེ་མེ་བཞི་དང་ས་རི་ནི་མ་ཧེའི་རིགས་སོ། །སླར་ཡང་ཐོག་མ་ཞེས་བྱ་བ་ནི་ཐ་སྐར་དང་ཉི་ཤུ་རྩ་དྲུག་པ་དེ་ནི་ཁྲུམས་སྨད་ནི་རྟའི་རིགས་སོ། །ཉི་ཤུ་
པ་དང་ཉི་ཤུ་རྩ་གཉིས་པ་དེ་ནི་ཆུ་སྟོད་དང་གྲོ་ཞུན་ནི་སྤྲེའུའི་རིགས་སོ། །གཉིས་པ་སྟེ་བྲ་ཉེ་དང་མཐའ་མ་སྟེ་ནམ་གྲུ་ནི་གླང་པོའི་རིགས་སོ། །ཉི་ཤུ་རྩ་གསུམ་པ་དང་ཉི་ཤུ་རྩ་བཞི་པ་དེ་ནི་མིའི་རིགས་ཏེ་མོན་གྲུ་དང་མོན་གྲེའོ། །སྟོབས་ཆེན་ཞེས་བྱ་བ་ནི་གཡུལ་ངོ་ལ་སོགས་པར་སྟོབས་དང་སྟོབས་
མེད་པའོ། །བཅུ་བདུན་པ་དང་བཅོ་བརྒྱད་པ་སྟེ་ལྷ་མཚམས་དང་སྣྲོན་ནི་རི་དགས་ཀྱི་རིགས་སོ། །ཉི་ཤུ་རྩ་གཅིག་པ་ཆུ་སྨད་ནི་སྲིན་མོའི་རིགས་ཏེ། ཁྱད་པར་ཞེས་བྱ་བ་ནི་སླར་མངོན་སྤྱོད་ལ་སོགས་པའི་ལས་ཀྱི་རྒྱུ་སྐར་ལ་སོགས་པའི་སྟོབས་གསུངས་པ། རྒྱུ་སྐར་སྲོག་ཅེས་བྱ་

བ་ལ་སོགས་པ་སྟེ་གང་ཞིག་གང་གི་རྒྱུ་སྐར་གྱི་མིང་རྣམས་ཀྱི་དེ་རྣམས་སུ་དེའི་སྲོག་ཏུ་རབ་ཏུ་ཐོབ་པོ། །གལ་ཏེ་སྐར་མར་དུས་ཀྱི་རྩ་སོན་པ། །ཞེས་བྱ་བ་ནི་འདི་ལ་གང་གི་ཚེ་རྒྱུ་སྐར་གནས་པའི་ཉི་མ་དང་མུན་པ་ཐོག་མར་བྱས་ནས་ཕྲེང་གསུམ་རྣམས་གཞག་པར་བྱ་སྟེ་དགུ་པོ་གསུམ་གྱི་བར་དུའོ། །
དེའི་ཚེ་རྩ་དབུ་མ་གང་གཟའི་རྒྱ་མཚོ་དེའི་ཟས་སོ། །དེའི་ཕྱིར་མངོན་སྤྱོད་ལ་སོགས་པའི་དུས་སུ་འཆི་བ་སྟེ་དེ་ནས་དབུས་མའི་འཛིན་པ་པོ་གང་ཞིག་ངེས་པར་ཏེ་གདོན་མི་ཟ་བར་རོ། །དེ་བཞིན་དུ་ལུག་ལ་སོགས་པ་བཞི་རྣམས་ནི་མཐོན་པོའི་ལས་རྣམས་ལའོ། །ཀཱི་ཊ་ཞེས་བྱ་བ་ནི་བྲིཥྚི་ཀ་
ལ་སོགས་པ་བཞི་བསྟན་པར་རབ་ཏུ་བཤད་པ་སྟེ་བརྟན་པའི་ལས་རྣམས་ལའོ། །ཉ་ལ་སོགས་པ་བཞི་འདྲེན་མའི་ལས་རྣམས་ལའོ། །དེ་ལྟར་སླར་ཡང་བླ་མ་དང་ཉི་མ་ཞེས་བྱ་བ་ལ་སོགས་པས་སྐྱེས་པ་དང་བུད་མེད་རྣམས་སུ་སྟོབས་དང་སྟོབས་མེད་པར་ཤེས་པར་བྱའོ། །ད་ལྟར་ཞེས་
བྱ་བ་ལ་སོགས་པས་ཐ་མལ་ལ་སོགས་པ་ཐམས་ཅད་ཀྱི་གསོད་པར་འགྱུར་རོ། །བྱང་ཆུབ་སྲས་པོ་ལ་མི་འགྱུར། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བསོད་ནམས་འཕེལ་བ་རྣམས་ཀྱི་གསོད་པ་པོར་མི་འགྱུར་རོ། །དེ་ཅིའི་ཕྱིར་དེ་རྣམས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་དེ་བཞིན་དུ་
བཤད་དོ། །དེ་རྣམས་ཀྱི་རབ་ཏུ་སྦྱོར་བའི་ཡི་གེ་རྣམས་ཀྱི་བཤད་པ་གསུངས་པ། གཡོན་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལ་ལ་ནཱར་སོན་པའི་སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཡི་གེའི་རྣམ་པའི་དོན་གྱིས་སོ། །དབུས་མ་དང་མཐའ་མའི་སྦྱོར་བ་ལྡན་ཞེས་བྱ་བ་ནི་དབུ་མར་རབ་ཏུ་
ཞུགས་པས་མཐའ་མ་བཞི་པ་འདས་པའི་ཡེ་ཤེས་དེའི་སྦྱོར་བར་འདོད་པས་རྣལ་འབྱོར་པས་བྱའོ། །དེ་ལྟར་འབབ་ཅིང་འགྲོ་བ་བྱང་ཆུབ་ཀྱི་ས་བོན་རྣམས་ཡེ་ཤེས་ཀྱི་རྣམ་པའི་སེམས་བྱང་ཆུབ་ཀྱི་ས་བོན་རྣམས་ཞེས་བྱའོ། །སླར་ཡང་སྲིད་པའི་དབུས་སུ་འབྱུང་བ་རྣམས་དེའི་
ཚེ་བྱང་ཆུབ་དེ་ཞེས་བྱ་བ་ལ་སོགས་པས་དེ་རྣམས་དེ་བཞིན་དུ་བཤད་པ་ནི་ངེས་པའོ། །དེ་ལྟར་བཤད་པས་ཀྱང་སའི་མཐིལ་དུ་ཅི་བྱེད་པ་གསུངས་པ། འཛག་ཅེས་བྱ་བ་ལ་སོགས་པས་ཛྲའི་ཡི་གེའི་དོན་གྱིས་ཏེ་ཀུན་དུ་སྦྱོར་བས་མི་འཛག་པས་ཛྲ་བའི་ཡི་གེ་ཕྱི་བས་འཛག་པ་སྟེ། དེ་

ལྟར་ཅི་འབབ་པ་གསུངས་པ། ལས་ཀྱི་ཉི་མ་ཞེས་བྱ་བ་སྟེ་འདོད་ཆགས་ཆེན་པོའི་འོད་ཟེར་རྣམས་ཀྱིས་ལས་བྱེད་པར་སྔགས་ཀྱི་ཐེག་པ་ཆེན་པོ་གསུངས་ཏེ་སྙིང་རྗེ་སོན་པའི་ཡིད་ཀྱིས་ཏེ། སྔོན་གྱི་བག་ཆགས་ཉེ་བར་སྤྱོད་པས་བཤད་པར་འགྱུར་རོ། །ད་ལྟར་ཞེས་བྱ་བ་ལ་
སོགས་པ་སྟེ་བཤད་པ་བཞིན་དུ་སྟེ་སེམས་ཅན་ཐམས་ཅད་ཀྱི་བྱེད་པའོ། །སླར་ཡང་བྱང་ཆུབ་སེམས་དཔའ་རྣམས་སྲིད་པ་འདོད་པ་ཅན་ཡིན་ནོ། །འདིར་ཅི་འབྱུང་བར་འགྱུར་བ་གསུངས་པ། འགྱུར་ཞེས་བྱ་བ་ལ་སོགས་པ་སྟེ། བྷའི་ཡི་གེའི་དོན་ཏེ། རྩེན་ཞེས་བྱ་བ་ནི་རྩེད་མོ་ཙམ་དུའོ། །
ལྷག་མ་གོ་སླའོ། །ད་ནི་ཡེ་ཤེས་འདིའི་རྣམ་པའི་ཏིང་ངེ་འཛིན་གྱི་སྦྱོར་བས་ལས་མཛད་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ་ཐམས་ཅད་རྟོགས་པར་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་རྡོ་རྗེ་བཟང་
པོའི་ཡི་གེ་རྣམས་ཀྱི་རབ་ཏུ་སྦྱོར་བས་ལས་རྣམས་འཇོམས་པ་དང་རྒྱུ་སྐར་ལ་སོགས་པས་རིགས་ཀྱི་ཁྱད་པར་དང་དེ་བཞིན་དུ་མངོན་སྤྱོད་རྣམས་ལ་སྟོབས་དང་བདག་ཏུ་བྱེད་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་གཞག་པའི་ཁྱད་པར་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་
ལ་སོགས་པའི་ཆོ་གའི་མཚན་ཉིད་ཅེས་བྱ་བ་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའི་བཤད་པའོ།། །།སྦྱོར་བ་ཀུན་དུ་བླ་མེད་པ། །འཇིགས་བྱེད་ཆེན་པོར་ཕྱག་བྱས་ནས། །སྔགས་ཀྱི་འཁོར་ལོའི་རབ་སྦྱོར་བས། །ཐམས་ཅད་འབྱུང་བར་བྱེད་པའོ། །ད་ནི་འཇིགས་
བྱེད་ཆེན་པོའི་བཤད་པ་གསུངས་པ། དེ་ནས་གསང་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་བདེ་བའི་བདག་ཉིད་སྐྱེས། །ཞེས་བྱ་བ་ནི་འཁོར་ལོའི་ར་བའི་མཐར་ཐུག་པར་སེམས་ཅན་གྱི་ཁམས་བདེ་བ་ལས་སྐྱེས་པ་རྣལ་འབྱོར་པ་བསྒོམ་པས་འཆད་པར་འགྱུར་བའི་སྔགས་
ཀྱི་འཁོར་ལོར་དེའི་སྦྱོར་བ་བཤད་པར་བྱའོ་ཞེས་བྱ་བ་འབྲེལ་ཏོ། །དེའི་ཕྱིར་གསུངས་པ། དོན་དམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ནི་བཟླས་པའི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། གཅིག་ནི་དོན་དམ་པ་ལ་གཉིས་པ་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་དོ། །དེ་ལ་དོན་དམ་པའི་

སྦྱོར་བས་ཞེས་བྱ་བའི་སྦྱོར་བ་ནི་བགྲོད་པར་བྱ་བ་སྟེ་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་སོགས་པས་སྲོག་རྒྱུ་བའི་ཡི་གེ་རྣམས་ཀྱིས་སོ། །དེ་ཉིད་སླར་ཡང་དེ་བཞིན་དུ་རབ་ཏུ་གཞུག་པར་བྱའོ། །སླར་ཡང་ཡི་གེ་འདི་རྣམས་ཀྱི་སྐྱེ་བའི་གནས་ཀྱི་སྦྱོར་བས་གསུངས་པ། འཇིགས་བྱེད་ཆེན་པོའི་
སྦྱོར་བས་ཞེས་བྱ་བ་སྟེ་འཆད་པར་འགྱུར་བའི་མིང་གི་ཡི་གེའི་དངོས་པོས་སོ། །སྔགས་ཀྱི་ཕྲེང་བ་ལས་བྱུང་བ། །ཞེས་བྱ་བ་ནི་ཕྲེང་བར་སྔགས་བྱུང་བའོ། །དེ་སའི་མཐིལ་དུ་འཁོར་ལོ་བྲི་བ་གསུངས་པ། བཞི་བཅུ་རྩ་བརྒྱད་དེ་བཞིན་ཞེས་བྱ་བ་སྟེ། ས་རྣམས་ཀྱི་དུམ་བུ་ཅན་གནས་རྣམས་
ཞེས་བྱ་བ་ནི་དེ་ལ་དང་པོ་འཁོར་ལོ་དྲུག་གི་རྣམ་པའི་རི་མོ་ཟླུམ་པོའི་རྣམ་པར་བྱའོ། །དེ་རྣམས་རེ་རེ་ལ་ལེའུ་ཚེ་བརྒྱད་བརྒྱད་རྣམས་བྱའོ། །དེ་ལ་རྐང་པ་བཞི་བཅུ་རྩ་བརྒྱད་བྲི་བར་བྱའོ་ཞེས་བྱ་བ་སྟེ་རེ་རེར་རེ་རེ་འཆད་པར་འགྱུར་བའི་རིམ་པས་སྔགས་ནི་ཐམས་ཅད་དུ་རྐང་པ་རྐང་པ་རྣམས་
ལེའུ་ཚེ་ལེའུ་ཚེ་རྣམས་སུ་བྲི་བར་བྱའོ། །དེ་རྣམས་ཀྱིས་ཉེ་བར་སྡུད་པ་གསུངས་པ། དེ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། སྲོག་ནི་ཡི་གེའི་རྣམ་པ་ཅན། །ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་དེ་རྣམས་ཀྱི་སྲོག་གི་གཟུགས་སུ་ཡང་སྐྱེས་པར་གྱུར་པ་ནི་ཐིམ་པར་བྱའོ། །དེ་ལྟར་གསུངས་པ།
ཡི་གེའི་ཆ་རྣམས་ལྷ་རྫས་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱི་དབུས་སུ་སེམས་ཡི་གེའི་རྣམ་པ་རྣམས་སུ་སྔགས་རྣམས་ཀྱི་འདུ་ཤེས་རྣམས་ཀྱིས་ཏེ་ཡོངས་སུ་བྱུང་བའི་ལྷ་རྫས་ཀྱི་ཆ་དང་འདྲེས་པའོ། །ལྷན་ཅིག་སྐྱེས་པའི་བདེ་བས་ཞེས་བྱ་བ་སྟེ། དོན་དམ་
པའི་སྔགས་དེ་རྣམས་སྤངས་པ་བྱས་ནས་བཞི་པའི་མཐར་གནས་པ་སྟེ་དབུ་མར་དེ་བཞིན་ཉིད་དུ་རབ་ཏུ་འཇུག་པར་འགྱུར་རོ། །སྟོང་པར་དེ་བཞིན་ཐིམ་བྱས་ནས། །ཞེས་བྱ་བ་ནི་སྙིང་གར་ཐིམ་པར་བྱའོ། །འོག་དང་སྟེང་དུ་ངེས་པར་བལྟ། །ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་གཉིས་
བརྟན་པར་བྱས་ནས་སོ། །དེ་སྲིད་ཅེས་བྱ་བ་ལ་སོགས་པས་གོང་དུ་བསྡུ་བ་དང་རྗེས་སུ་གཞིག་པ་གསུངས་ཏེ། དེ་བཞིན་དུ་རྗེས་སུ་གཞིག་པའི་རིམ་པས་གསད་པ་གྱེན་དུ་འཕོ་བ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ལ་སོགས་པས་འཇིགས་བྱེད་ཆེན་པོའི་དོན་ཅན་ནོ། །དེ་བཤད་པར་བྱ་སྟེ།

དབུས་ཞེས་བྱ་བ་ལ་སོགས་པས་ཐོག་མ་ཉིད་དུ་མའི་ཡི་གེའི་དོན་གྱིས་ཏེ། དེ་ལྟར་དབུ་མར་རབ་ཏུ་འཇུག་པའི་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རིག་པས་སོ། །བསྣུན་པ་ཞེས་བྱ་བ་ནི་ཧའི་ཡི་གེའི་དོན་ཏེ་ཡུལ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་དང་བྲལ་བས་བསྣུན་པའོ། །
བསམ་གཏན་ལ་སོགས་སྤངས་ཞེས་བྱ་བ་ནི་སྣ་ཚོགས་པའི་ཆོས་ཀྱི་དོན་སེམས་ཀྱི་ཡོངས་སུ་འཛིན་པ་ཉིད་ལ་དེའི་ཚེ་ཆགས་པ་སྤངས་པ་སྟེ་ཆོས་དང་ཆོས་ཉིད་བསམ་དུ་མེད་པས་སོ། །འཐོར་རླུང་ཞེས་བྱ་བ་ལ་སོགས་པས་བྷེའི་ཡི་གེའི་དོན་ཏེ་འཐོར་རླུང་ནི་སྲོག་གི་རླུང་བཟུང་བར་གྱུར་
པས་ཐམས་ཅད་བསམ་དུ་མེད་པའི་ཆོས་དང་ཆོས་ཉིད་དུ་བསྐྱེད་པ་སྟེ་བྱེད་པའོ། །འོན་ཀྱང་ཉི་མ་ཞེས་བྱ་བ་ནི་རའི་ཡི་གེའི་དོན་ཏེ། ཉི་མ་ནི་དང་པོའི་རྣལ་འབྱོར་གྱི་དབང་ཕྱུག་གི་ཉི་མ་ཁྲག་དང་ཁུ་བ་ནི་སེམས་དང་སེམས་པ་པོ་སྟེ་སོགས་པའི་སྒྲས་སོ། །ཟད་པའི་མཐའ་ཅན་དེས་དེ་
ལྟར་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་དང་འོད་གསལ་བ་ཟད་པའི་མཐའ་ཅན་དུ་འགྱུར་རོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་པའི་ཡི་གེའི་དོན་ཏེ་དེ་ལྟར་རྡོ་རྗེའི་ལམ་འོད་གསལ་བ་དེ་ལས་བྱུང་བའི་སེམས་ཆོས་དང་ཆོས་ཉིད་ཀྱི་མཚན་ཉིད་ཀྱི་རང་བཞིན་དུ་ཇི་ལྟར་སྔོན་
ཉམས་སུ་མྱོང་བའི་ཆོས་ལ་སོགས་པ་ཐམས་ཅད་གང་གི་ཕྱིར་བརྒྱུད་པའི་རིམ་པས་ཞེས་བྱ་བ་སྟེ་འགྲོ་བས་སོ། །བཤད་པ་འདིས་རྒྱུའི་སྐུ་སྟེ་ཀུན་རྫོབ་དང་དོན་དམ་པ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པ་དང་ཆོས་དང་བདེ་བ་ཆེན་པོ་དང་ལྷན་ཅིག་སྐྱེས་པའི་སྐུ་བྱུང་བའོ། །དེས་
དེ་ལྟར་སྤྲུལ་པའི་སྐུའི་ཡན་ལག་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་སྒྱུ་མའི་བཟླས་པ་ཡང་འདིར་ཞེས་བྱ་བ་ནི་སྔོན་དུ་སྒྱུ་མའི་རྣམ་པ་རྣམས་སུ་དབང་པོའི་གཞུ་ལ་སོགས་པའི་མདོག་དང་རྣམ་པར་བཟླས་པར་གྱུར་པས་དེ་ལྟར་སྒྱུ་མའི་རྣམ་པ་འབྱུང་བར་འགྱུར་རོ། །
སྔགས་དེ་ཡང་རྩ་བའི་སྔགས་སོགས་དུམ་བུ་ཞེས་བྱ་བ་ནི་རྩ་བའི་འཁོར་ལོའི་དུམ་བུ་ལས་འབྱུང་བའོ། །དེ་སླར་ཡང་དཔའ་བོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཕྱི་རོལ་དུ་བསྒོམ་པའི་གནས་རྣམས་སུ་དགོད་པར་བྱའོ་ཞེས་པ་སྟེ། དེ་ཉིད་གསུངས་པ། ཏིང་ངེ་འཛིན་གྱིས་ཞེས་

བྱ་བ་ནི་ལེའུ་བཅོ་ལྔ་པར་བཤད་པའི་ཡང་དག་པའི་ཏིང་ངེ་འཛིན་དཔལ་ཧེ་རུ་ཀ་རྡོ་རྗེ་མགོན་པོའི་དཔའ་བོ་གང་རྣམས་འཁོར་ལོ་བཅུ་གཉིས་རྣམས་སུ་སོན་པ་ཞེས་བྱ་བ་སྟེ། དེ་རྣམས་སུ་གང་ཞིག་གང་གི་མིང་གི་ཡི་གེ་སྔོན་དུ་སོང་བ་སྟེ་སོགས་པའི་སྒྲས་སྣ་ཚོགས་པའི་སྔགས་རྣམས་སུ་
དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་དེ་རབ་ཏུ་སྦྱར་བར་བྱའོ། །དེ་ལྟར་སྐུ་ལ་སོགས་པ་བཟླས་པ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་བཟླས་པ་སྟེ། དེ་བཞིན་དུ་ངག་ལ་སོགས་པའི་བཟླས་པ་ཞེས་བྱ་བ་ནི་ངག་དང་སེམས་དང་ཡེ་ཤེས་དང་ལུས་ཀྱི་བཟླས་པའོ། །སེམས་
ལ་སོགས་པའི་བཟླས་པ་ཞེས་བྱ་བ་ནི་སེམས་དང་ཡེ་ཤེས་དང་ལུས་དང་ངག་གི་བཟླས་པའོ། །དེ་བཞིན་དུ་ཡེ་ཤེས་ལ་སོགས་པའི་བཟླས་པ་ཞེས་བྱ་བ་ནི་ཡེ་ཤེས་དང་སྐུ་དང་ངག་དང་སེམས་ཀྱི་བཟླས་པ་ཡང་ངོ་། །དེ་ལྟར་ཕལ་པ་དང་གཙོ་བོ་ཡིས་གཅིག་ལ་གཅིག་བསྡོམས་པའི་བཟླས་
པའི་མཚན་ཉིད་བཞི་ཆོས་ལ་སོགས་པའི་སྐུ་ཅན་ནོ། །དེ་ལས་འབྱུང་བ་ནི་དེ་དེ་བཞིན་དུ་བཤད་དོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། འཇིགས་བྱེད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དབུས་སུ་ཞེས་བྱ་བ་ནི་དབུས་མའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོའི་
གཟུགས་སུ་བདག་ཉིད་བསྒོམ་པར་བྱ་སྟེ་དེའི་དབུས་སུ། འཇིགས་བྱེད་ཆེན་པོ་མེའི་གཟུགས་ཀྱི། །ཞེས་བྱ་བ་སྟེ། གཏུམ་མོའི་གཟུགས་ཀྱིས་སོ། །དེ་ཇི་ལྟར་ཞེ་ན། ཤེས་རབ་རིགས་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་རིགས་ལས་བྱུང་བ་སྟེ་བཅོམ་ལྡན་འདས་མཁའ་འགྲོ་མ་ཐམས་
ཅད་ཀྱི་རང་བཞིན་ཉིད་པས་སོ། །དེའི་ནུས་པ་སྟེ་དེ་དེ་བཞིན་དུ་བཤད་དོ། །འདིའི་སླར་ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞི་བ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་བཤད་པའི་ཡི་གེ་ཐམས་ཅད་དགོད་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་དེ་
བཞིན་ནོ། །ད་ནི་སྔགས་བཟླས་པའི་མཚན་ཉིད་གསུངས་པ། ནཱ་ད་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཟློས་པའི་དུས་སུ་ཡི་གེ་ཐམས་ཅད་ཀྱི་ནཱ་ད་ནཱ་ད་ལ་དང་ཐིག་ལེའི་ཐིག་ལེ་དག་ལ་སྟེ་གཅིག་ཏུ་བྱེད་པས་སྒྲས་རྒྱུན་མ་ཆད་པར་བཟླས་པར་བྱའོ་ཞེས་བྱ་བར་དགོངས་སོ། །སྔགས་

གསུངས་པ། ཨོཾ་གྱི་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ལ་རིམ་པ་ཇི་ལྟ་བས་རྐང་པ་རྣམས་རེ་རེའི་མཐར་སྦྱར་བར་བྱའོ། །ལྷག་མ་ཐམས་ཅད་རྟོགས་སླ་སྟེ། འདི་ནི་ངེས་པའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་འཇིགས་བྱེད་ཆེན་པོའི་
རབ་ཏུ་སྦྱོར་བས་གསང་བའི་སྦྱོར་བ་ལ་སོགས་པ་དང་བཟླས་པའི་མཚན་ཉིད་དང་སྔགས་ལས་བྱུང་བའི་ནང་གི་བདག་ཉིད་ཀྱི་གནས་སྐབས་ཀྱི་སྐུ་བཞི་ལ་སོགས་པའི་སྦྱོར་བའི་མཚན་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་ཞི་བ་ལ་སོགས་པའི་ལས་ཀྱི་གཟུགས་ཀྱི་བདག་ཉིད་
ཀྱིས་འཆི་བ་བླུ་བའི་ཆོ་གའི་བཟླས་པའི་ཁྱད་པར་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའི་བཤད་པའོ།། །།མངོན་པར་ཤེས་སྒྲུབ་ཁྱབ་བདག་ཆེ། །མིག་མི་བཟང་ལ་ཕྱག་བྱས་ནས། །གྲུ་གཟིངས་དག་གི་དྲ་བ་ཅན། །རབ་ཏུ་གོ་དོན་དུ་བཤད་བྱ། །ད་ནི་མིག་མི་བཟང་གི་
བཤད་པ་གསུངས་པ། དེ་ནས་མངོན་ཤེས་ཆོ་ག་ཞེས་བྱ་བ་ལ་སོགས་པ་སྟེ། མིག་གི་དབང་པོ་ཐམས་ཅད་ཅེས་བྱ་བ་ནི་འདིར་ནི་དབང་པོའི་སྒྲས་ཡིད་གང་དུ་འགྲོའོ། །ལུས་ཀྱི་ཁམས་ཐམས་ཅད་དུ་འགྲོ་བ་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་ཀྱི་དབང་པོའི་སྒྲ་ཡོད་དེ་གང་ཟག་
ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་རྒྱ་ཆེ་བ་མ་ཡིན་ཀྱང་དེ་བཞིན་དུ་ཡང་རྒྱ་ཆེ་བ་ཡིན་ཏེ་ཁམས་ཐམས་ཅད་ཀྱི་མིག་ལ་སོགས་པ་དེ་ལས་བྱུང་བའི་ཕྱིར་རོ། །དེ་ཡང་མིག་མི་བཟང་གི་རབ་ཏུ་སྦྱོར་བ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མིང་གི་ཡི་གེའི་རབ་ཏུ་སྦྱོར་བས་སོ། །དེས་དེ་ལྟར་རྡོ་རྗེ་
གསུམ་ནི་སྐུ་ལ་སོགས་པ་སྟེ། དེ་རྣམས་སྒྲུབ་པར་བྱེད་པ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེ་ཉིད་གསུངས་པ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྟེ་བྱང་ཆུབ་ཀྱི་སེམས་གནས་པའོ། །གང་དུ་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་འདི་རྣམས་ཐམས་ཅད་
ཀྱི་ཁམས་དང་རྩ་རང་རང་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཤེས་རབ་དང་ཐབས་ཀྱི་སྦྱོར་བས་སོང་ནས་དེ་གནས་གང་དུ་གནས་པའོ། །དེར་མིག་གིས་བལྟ་བར་བྱ་ཞེས་བྱ་བ་ནི་ནོར་བུའི་སྐུད་པ་ལྟ་བུར་སེམས་ཀྱིས་མིག་ཤེས་པར་བྱའོ། །ལྷ་རྫས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་

ཀྱི་མཆོག་ཏུ་ཟག་པ་མེད་པ་སྟེ། རྡོ་རྗེའི་མིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་གསལ་བར་བྱེད་པ་གསུངས་པ། ཆུ་ཚོད་ཅེས་བྱ་བ་ལ་སོགས་པ་སྟེ། ཀུན་དུ་སྤྱོད་པ་ཆད་པའོ། །སྔོན་དུ་བཤད་པའི་ཀུན་དུ་སྤྱོད་པ་དེས་དེའི་དུས་སུ་བྱུང་བའི་གང་ཤེས་པར་བྱ་བ་རོའི་བག་ཆགས་ཀྱི་རྣམ་པའི་
སེམས་དེ་དེའི་དུས་སུ་གཉིས་སུ་མེད་པའི་གཟུགས་ཀྱིས་དེར་ཐིམ་པར་བྱའོ། །བཤད་པ་འདིས་དངོས་པོ་ཐམས་ཅད་མིག་གི་དངོས་པོར་ཐིམ་ནས་འགྲོའོ། །དེའི་མངོན་ཤེས་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་དོ། །ད་ནི་རྣ་བའི་མངོན་པར་ཤེས་པ་གསུངས་པ། སྐྱེ་འགྲོ་
ཞེས་བྱ་བ་ལ་སོགས་པ་སྟེ་འདིར་གང་གི་ཚེ་སྐྱེ་འགྲོའི་ནང་དུ་སོན་པའི་གཟུགས་སུ་འགྱུར་ཏེ་དེའི་ཚེ་ཡིད་ཀྱིས་སྒྲ་ཉན་ནོ། །དངོས་པོ་ཐམས་ཅད་ཡིད་ཀྱི་གཟུགས་ཉིད་པས་ཡིད་ཀྱི་སྒྲ་འདིར་བརྗོད་དོ། །དེ་བཞིན་དུ་སྣའི་མངོན་ཤེས་གསུངས་པ། འགྲོ་དང་འོང་བ་ཞེས་བྱ་བ་ལ་སོགས་
པ་སྟེ། གང་གི་ཚེ་ཡིད་ཀྱི་དངོས་པོ་ཡུལ་ལ་འགྲོ་བར་འགྱུར་ཏེ་བརྟེན་པ་ཉིད་ཀྱི་ཕྱིར་ཡུལ་ལས་སྤངས་ནས་འོང་བའོ། །དེའི་ཆོ་གས་ཀྱང་རྣལ་འབྱོར་པ་རྣམས་ཀྱི་སྔོན་གྱི་དངོས་པོའི་རྗེས་སུ་དྲན་པར་བྱ་བའི་ཕྱིར་ཏེ། མི་ཡི་ལྷ་རྫས་དྲི་ཡིས་བྱུག་པར་བྱ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དྲི་ཞེས་
བྱ་བར་དགོངས་སོ། །ད་ནི་རོའི་མངོན་ཤེས་གསུངས་པ། ལྕེ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་དངོས་པོ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཡུལ་དེའི་འབྲས་བུ་མྱང་བས་རྩ་ཐམས་ཅད་ཀྱི་སྦྱོར་བའི་ཆོ་གས་གཙོ་བོ་ཨ་ཝ་དྷཱུ་ཏཱི་རོའི་ལྕེ་ནང་གི་བདག་ཉིད་ཅན་དེ་ཡང་འདིའི་རབ་ཏུ་སྦྱོར་
བས་དགའ་བ་དང་བཅས་པར་བྱ་སྟེ་ཇི་ལྟར་བཤད་པའི་ལྷ་རྫས་ཀྱི་རོའི་རབ་ཏུ་སྦྱོར་བས་སོ། །ལྷག་མ་དེ་དེ་བཞིན་དུ་བཤད་པར་འགྱུར་རོ། །ད་ནི་ལུས་ཀྱི་མངོན་ཤེས་གསུངས་པ། རེག་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་གང་གི་ཚེ་ཡིད་ཀྱི་དངོས་པོ་ཐམས་ཅད་རེག་བྱའི་རྣམ་པ་
ཉམས་སུ་མྱོང་བར་བྱེད་དོ། །དེའི་ཚེ་ཉེ་བར་སྤྱོད་དོ། །དེའི་ཚེ་ལུས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དེ་བསྒྲུབ་བྱ་སྟེ་བསྒྲུབ་པར་བྱའོ། །རེག་བྱའི་ས་ཞེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པར་འགྱུར་རོ། །འདིས་ཟག་པ་ཟད་པར་ཡང་ངོ་། །ད་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་པར་ཤེས་པ་

གསུངས་པ། སྔོན་ཞེས་བྱ་བ་ལ་སོགས་པ་སྟེ་གང་གིས་ཚེ་འདིར་ཡིད་ཐམས་ཅད་དུ་འགྲོ་བ་དང་བྲལ་བ་དག་དང་འདིར་ཐམས་ཅད་དུ་མི་འོང་བ་དག་མ་ཡིན་པ་དག་སྟེ་དེའི་ཕན་ཚུན་རང་བཞིན་ཉིད་ལགས་སོ། །དེ་ལྟར་ཐམས་ཅད་དུ་བྲལ་བའི་དེ་ཁོ་ན་ཉིད་རྣལ་འབྱོར་
པ་རྣམས་ཀྱི་སྐུ་བཞིའི་བདག་ཉིད་ཅན་ནོ། །དེའི་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་དང་ལྡན་པར་གོམས་པར་གྱུར་པ་རྣམས་ཀྱི་རྗེས་སུ་དྲན་པ་སྐྱེ་བར་འགྱུར་རོ། །དེའི་ཚེ་སྔོན་གྱི་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །འདི་རྣམས་ཀྱི་ཁྱད་པར་དུ་བྱེད་པ་སྐད་ཅིག་མ་ལས་སྐྱེས་པ་ཐམས་ཅད་ཀྱི་དུས་
ཀྱི་ཆའི་དབྱེ་བ་གསུངས་པ། ཉིན་ཞག་ཅེས་བྱ་བ་ལ་སོགས་པ་སྟེ་དེ་ལྟར་རྟོགས་པར་སླའོ། །ཕ་རོལ་ཕྱིན་པ་དྲུག་ཅེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚུལ་རྣམ་པར་དག་པའི་དབུགས་རྒྱུ་བ་ཅན་ནོ། །དཀྱིལ་འཁོར་གང་རྒྱུ་བ་དེ་དག་གི་ཚུལ་རྣམ་པར་དག་
པའི་དབུགས་རྒྱུ་བ་ཅན་ནོ། །དཀྱིལ་འཁོར་གང་རྒྱུ་བ་དེ་དག་གི་ཚུལ་དག་གིས་ཆོས་ཀྱི་དབྱིངས་ཀྱི་རབ་ཏུ་ཞུགས་པས་མངོན་པར་ཤེས་པ་ཐམས་ཅད་མཚོན་པར་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། བསྒོམ་
པར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ། དུས་དང་དུས་མིན་སེལ་བ་ཞེས་བྱ་བ་ནི་རྟག་པའི་གཟུགས་ཉིད་ཀྱིས་མི་རྟག་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མིག་མི་བཟང་སྟེ་རང་བཞིན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་སོན་པར་བྱས་ནས་བསྒོམ་པར་བྱ་སྟེ། རྣལ་
འབྱོར་མའི་མཚོན་པར་བྱ་བ་མཚོན་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་གྱི་སེམས་ཅན་དུས་ཐམས་ཅད་དུ་མཉམ་པར་མེད་དོ། །དེ་ལྟར་འདིའི་མིང་གི་ཡི་གེ་རྣམས་ཀྱིས་རབ་ཏུ་སྦྱོར་བའི་ཁྱད་པར་གསུངས་པ། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་
མ་ཉིད་དུ་བའི་ཡི་གེའི་དོན་ཏོ། །དེའི་མདུད་པ་རྣམས་ཀྱི་རེག་པས་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རྩ་བ་ཐམས་ཅད་གཅིག་ལ་གཅིག་སྲོག་དང་ཐུར་སེལ་ལ་སོགས་པས་འབུད་པ་ལ་རེག་པ་སྟེ་དེར་བརྟན་པའི་སེམས་ཇི་ལྟར་གསུངས་པ་བཞིན་དུ་འགྱུར་རོ། །དེ་ལྟར་གནས་ཀྱང་གཟུགས་

ཞེས་བྱ་བ་ལ་སོགས་པས་ཏུའི་ཡི་གེའི་དོན་གྱི་གསུངས་པ་སྟེ་གཟུགས་སུ་བྱེད་དོ། །དེའི་དངོས་པོ་ཞེས་བྱ་བ་སྟེ་མདུད་པའི་ཚོགས་ལས་གང་བྱུང་བ་དངོས་པོ་གཟུགས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་དེའི་རང་བཞིན་ཅན་མཆོག་གི་དང་པོ་བྲལ་བའི་མཐའ་ཅན་ཞེས་བྱ་བ་སྟེ་རྣལ་འབྱོར་པ་རྣམས་ཀྱི་ལྷན་
ཅིག་སྐྱེས་པའི་རང་བཞིན་གྱི་གཟུགས་སུ་བྱེད་པའོ། །ལྷག་མ་ཐུར་སེལ་ཞེས་བྱ་བ་ལ་སོགས་པས་པའི་ཡི་གེའི་དོན་ཏོ། །འཛག་ཅེས་བྱ་བ་ལ་སོགས་པས་ཀྵའི་ཡི་གེའི་དོན་ཏེ་དེ་ལྟར་ཐམས་ཅད་རྟོགས་པར་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་མིག་མི་བཟང་གི་
རབ་ཏུ་སྦྱོར་བས་མིག་ལ་སོགས་པའི་མངོན་པར་ཤེས་པའི་མཚན་ཉིད་དང་དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་མིང་གི་ཡི་གེ་རྣམ་པར་གཞག་པའི་ཆོ་ག་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའི་བཤད་པའོ།། །།ཐོག་མར་སྟོབས་ཆེན་རབ་བཏུད་ནས། །
སྦྱིན་སྲེག་ཀུན་ཏུ་བླ་ན་མེད། །རྣམ་དག་རྫས་ནི་སྐྱེ་མེད་པ། །དེ་ནི་རྟག་ཏུ་བཤད་པར་བྱ། །དོན་སྟོབས་པོ་ཆེའི་བཤད་པ་གསུངས་པ། དེ་ནས་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་ལུས་ལ་སོགས་པའི་མཆོད་པ་ཆེན་པོ་བྱས་ནས་
གསོལ་བ་འདེབས་ཏེ། སྟོབས་པོ་ཆེའི་སྦྱིན་སྲེག་ཅེས་བྱ་བ་ནི་དཔའ་བོ་སྟོབས་པོ་ཆེའི་སྦྱོར་བས་སྦྱིན་སྲེག་བདག་པོ་ཆེན་པོ་རྡོ་རྗེ་འཆང་བདག་ཅག་ལ་ཁྱབ་བདག་བསྟན་དུ་གསོལ་ཞེས་པའོ། །དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཚིག་གསུངས་པ། ཉོན་ཅིག་སྦྱིན་སྲེག་ཅེས་བྱ་བ་ལ་
སོགས་པ་སྟེ་མཁས་པས་ཞེས་བྱ་བ་ནི་གོ་བར་གྱིས་ཤིག་པའོ། །དེ་ལྟར་སྟོབས་པོ་ཆེའི་རབ་ཏུ་སྦྱོར་བས་ཞེས་བྱ་བ་ནི་སྟོབས་པོ་ཆེའི་སྒྲས་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་གྱི་ལུས་སུ་འགྱུར་ཏེ་རྣལ་འབྱོར་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པས་སོ། །དེའི་ཕྱིར་ཁམས་ཐམས་
ཅད་ཀྱི་སྲེག་བླུགས་ཞེས་བྱ་བ་སྟེ། རྣལ་འབྱོར་གྱི་ལུས་ལས་ཏེ་རྣལ་འབྱོར་གྱི་ཁམས་སོ། །དེ་ལྟར་སོ་སོར་རིག་པ་གསུངས་པ། བདེ་བ་ཞེས་བྱ་བ་ལ་སོགས་པ་སྟེ་བདེ་བ་ཐོབ་ཅེས་བྱ་བ་ནི་བདེ་བའི་རང་བཞིན་གྱི་དབུ་མ་འབར་བ་བཞིན་གཏུམ་མོའི་མེ་ཐབས་དང་འདྲའོ། །དེ་ཇི་

ལྟར་འོད་ཉི་མ་ར་ས་ནཱ་དང་ཟླ་བ་ལ་ལ་ནཱ་ཀུན་དུ་སྦྱོར་བས་འཐོབ་པ་སྟེ་དགང་གཟར་དང་བླུགས་གཟར་རོ། །ལྷག་མ་གོ་སླའོ། །དེ་ལྟར་ཡིད་ཅེས་བྱ་བ་ལ་སོགས་པའི་དེ་ལྟར་ཚིགས་སུ་བཅད་པས་མའི་ཡི་གེའི་དོན་ཏོ། །དམོད་པ་འདོར་བ་རྗེས་སུ་འཛིན་པ་ཞེས་བྱ་
བ་ལ་སོགས་པས་ཧའི་ཡི་གེའི་དོན་ཏོ། །འཆིང་ཞེས་བྱ་བ་ལ་སོགས་པས་བའི་ཡི་གེའི་དོན་ཏོ། །མཚོན་པ་མཚོན་ཞེས་བྱ་བ་ལ་སོགས་པས་ལའི་ཡི་གེའི་དོན་ཏེ་མ་ཧཱ་བ་ལའོ། །གཞན་ལེགས་པར་རྟོགས་སོ། །འོན་ཀྱང་མ་གསུངས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་
བསྒོམ་པ་ལ་སོགས་པ་ཐམས་ཅད་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་སྟོབས་པོ་ཆེའི་རབ་ཏུ་སྦྱོར་བས་རྣལ་འབྱོར་གྱི་ལུས་ལ་སོགས་པའི་ཁམས་ཐམས་ཅད་ཡེ་ཤེས་ཀྱི་སྦྱིན་སྲེག་གི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ་རབ་ཏུ་
བྱེད་པ་བཅུ་བདུན་པའི་བཤད་པའོ།། །།དཔལ་ཆེན་རིན་ཆེན་རྡོ་རྗེ་ལ། །གུས་པ་ཡིས་ནི་ཕྱག་འཚལ་ནས། །དབང་པོ་གཉིས་ནི་སྙོམས་འཇུག་པ། །སྣ་ཚོགས་འོས་པ་སྟོན་པ་པོ། །ད་ནི་དཔའ་བོ་རིན་ཆེན་རྡོ་རྗེའི་བཤད་པ་གསུངས་པ། དེ་ནས་རྡོ་རྗེ་ཞེས་བྱ་བ་ལ་
སོགས་པ་སྟེ། འདིར་ཕྱིའི་ཡན་ལག་ཅན་མའི་པདྨ་དང་རྡོ་རྗེ་ཡང་དག་པར་སྦྱོར་བར་འདོད་པས་འདོད་ཆགས་ཆེན་པོའི་བདག་ཉིད་ཅན་རྣམས་ཀྱི་འདོད་ཆགས་ཆེན་པོས་སངས་རྒྱས་ཉིད་སྒྲུབ་པ་བསྟན་པ། བཅོམ་ལྡན་འདས་ཀྱིས་དེ་ལྟར་འཆད་པ་སྟེ་རིམ་པ་ཇི་ལྟ་བ་ཡིས་ཏེ་དེ་
བཞིན་དུ་ཁྱེད་རྣལ་འབྱོར་མ་ལ་སོགས་པ་རྣམས་ཉོན་ཅིག་པ་སྟེ། གང་གིས་ཨ་ཝ་དྷཱུ་ཏཱི་པ་འཛིན་པ་ཐམས་ཅད་ཡོངས་སུ་སྤངས་ནས་གནས་པའི་རྣལ་འབྱོར་པ་རྣམས་ལ་དངོས་གྲུབ་ཏུ་འགྱུར་རོ། །དེ་ཡང་རིན་ཆེན་རྡོ་རྗེའི་རབ་ཏུ་སྦྱོར་བས་གསུངས་པ། རོལ་པ་ཞེས་བྱ་བ་ལ་
སོགས་པ་སྟེ། ཐོག་མ་ཉིད་དུ་རའི་ཡི་གེའི་དོན་ཏེ། རྣལ་འབྱོར་མ་ཡང་དག་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་མ་ལ་སོགས་པ་གནས་ལ་སོགས་པ་མ་གནས་མ་གྲུབ་པའི་རྣལ་འབྱོར་མ་རྣམས་སོ། །དོན་དམ་པའི་རོ་ལ་གནས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རོ་ཡེ་ཤེས་ཀྱི་རོ་སྟེ་

འོད་གསལ་བའི་ཆོས་བླ་མ་སྣ་ཚོགས་པའི་ཞལ་ནས་བྱུང་བའི་དམ་པའི་ཆོས་ཀྱི་རོ་གང་གིས་དངོས་པོ་ཐམས་ཅད་ཀྱི་ཡོངས་སུ་ཤེས་པ་ཞེས་པ་སྟེ། དེ་ལ་མྱང་བས་དུས་ཐམས་ཅད་དུ་ཚིམ་པའོ། །སླར་ཡང་རྗེས་སུ་དྲན་པ་དང་ལྡན་པའི་སྦྱོར་བས་དོན་དམ་པའི་རོ་ལ་གནས་པར་
འགྱུར་རོ་ཞེ་ན། དེའི་ཚེ་རྩེན་པ་སྟེ་འདོད་པས་སོ་ཞེས་བྱ་བར་འབྲེལ་ལོ། །དེའི་སྦྱོར་བས་ཞེས་བྱ་བ་ནི་རྩེན་པའི་སྦྱོར་བ་སྟེ། གཉིས་སུ་མེད་པ་ཉིད་རྣམས་ཞེས་བྱ་བ་ནི་གཉིས་སུ་མེད་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་གྲོལ་བའི་རྒྱུ་རྣམས་སུ་འགྱུར་བའི་དོན་ཏོ། །དེ་ལྟར་ལུས་ཀྱིས་
ཉམས་སུ་མྱོང་བར་བྱ་བ་དེ་གསུངས་པ། ལུས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཡང་མདོར་ན་ནའི་ཡི་གེའི་དོན་ཏེ་ལུས་ཀྱི་བདེ་བའི་དུས་རྣམས་སུ་འདི་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱི་ཁྱད་པར་དུ་འཕགས་པའི་བག་ཆགས་ལ་བྱིས་པ་ཕ་རོལ་པའི་སེམས་ཅན་རྣམས་ཀྱི་དགོས་
པ་བྱེད་པ་ཉེ་བར་སྤྱད་པས་བྱང་ཆུབ་འོང་ངོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་བདེ་བ་རྣམ་པར་བཟུང་བའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བཛྲའི་ཡི་གེའི་དོན་གྱིས་ཏེ་རྡོ་རྗེའི་རྩེ་མོར་རིན་པོ་ཆེའི་ལྟེ་བར་ས་བོན་དགོད་པར་བྱ་སྟེ། ཧའི་ཡི་གེ་ལ་དྲུག་པ་དང་ལྡན་པ་ཞེས་བྱ་བ་ནི་དབྱངས་ཀྱི་དྲུག་
པ་ཡི་གེ་ཨཱུ་དང་ལྡན་པ་སྟེ་མདོར་ན་ཡི་གེ་ཧཱུཾ་ངོ་། །གཞན་རྟོགས་པར་སླའོ། །ད་ནི་འདིའི་སྦྱོར་བ་བསྒྲུབ་པས་ས་ལ་རྒྱུ་བ་ལ་སོགས་པའི་སེམས་ཅན་རྣམས་ཀྱི་ཤ་ཟོས་ནས་དེ་རྣམས་ཀྱི་ཐོད་པ་རྣམས་སུ་རས་བལ་ལ་སོགས་པའི་ས་བོན་བཏབ་པས་གཟུགས་སྣ་ཚོགས་ཡོངས་སུ་བརྗེ་བ་
གསུངས་པ། །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྟེ་རྟོགས་སླའོ། །རྡོ་རྗེ་མཁའ་འགྲོ་ཤིན་ཏུ་གསལ་བར་གསུངས་སོ། །འོན་ཀྱང་བྷ་གའི་དབུས་སུ་བསྒོམ་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སུ་སྟེ་དེ་དེ་བཞིན་དུ་གསུངས་པ་བཞིན་དུ་བྱའོ། །ལྷག་མ་རྟོགས་སླའོ། །དཔལ་ཐམས་ཅད་
གསང་བའི་ལེའུ་ལྔ་བཅུ་པ་ལས་རིན་ཆེན་རྡོ་རྗེའི་རབ་ཏུ་སྦྱོར་བས་ལས་ཀྱི་ཕྱག་རྒྱའི་སྒོ་ནས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་དང་དེ་བཞིན་དུ་གཟུགས་ཡོངས་སུ་བརྗེ་བའི་དངོས་གྲུབ་ཀྱི་སྦྱོར་བའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅོ་བརྒྱད་པའི་བཤད་པའོ།། །།རྒྱུན་དུ་རྟ་

མགྲིན་ཕྱག་བྱས་ནས། །དབྱངས་ཅན་འདོད་པ་ཐམས་ཅད་པ། །ཡེ་ཤེས་རྣམ་ཤེས་སེམས་ཀྱིས་ནི། །བསྒོམ་པས་མཆོག་ནི་སྟེར་བའོ། །ད་ནི་རྟ་མགྲིན་གྱི་རབ་ཏུ་སྦྱོར་བས་དབྱངས་ཅན་མ་ལ་སོགས་པ་བསྒྲུབ་པ་གསུངས་པ། དེ་ནས་འཁོར་བ་ཞེས་བྱ་བ་ལ་སོགས་
པ་སྟེ་འཁོར་བའི་ཕ་རོལ་ནི་མྱ་ངན་ལས་འདས་པ་སྟེ་དེའི་མཐའ་ལོངས་སྤྱོད་རྫོགས་པ་བཤད་པ་དེ་ལ་གནས་པའི་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་ཉེ་བར་སྟེར་བ་པོ་ཆོས་ཀྱི་རོས་དེ་རྣམས་བཤད་པར་བྱ་བའོ། །མཁའ་འགྲོའི་མཚན་ཉིད་ཅེས་བྱ་བ་ནི་ལྷན་ཅིག་
སྐྱེས་པའི་སྦྱོར་བའི་མཚན་ཉིད་སྟོང་པ་ཉིད་ཀྱི་གཟུགས་ཉིད་པས་སོ། །འདི་ལྟར་གསུངས་པ། རྟ་མགྲིན་གྱི་རབ་ཏུ་སྦྱོར་བས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མིང་གི་ཡི་གེ་རྣམས་ཀྱི་བསྒྲུབ་པར་བྱ་བ་སྟེ། ཕོ་ཉའི་མཚན་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་གྱི་མཚན་ཉིད་འཕྲལ་དུ་ཡིད་ཆེས་
བྱེད་པའོ། །དེ་ཉིད་གསུངས་པ། ཧ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ད་ནི་རྟའི་རྣམ་པས་བདེ་བ་ཆེན་པོའི་རྣམ་པར་གཞག་པ་གསུངས་པ། རྟའི་རྣམ་པའི་སྲོག་ཅེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ལྷག་མ་ཅན་ཞེས་བྱ་བ་ནི་རྟ་མགྲིན་གྱི་སྒོམ་པའི་ལྷག་མས་རྟ་
བཞིན་དུ་མྱུར་དུ་འགྲོ་བས་སེམས་རྟའི་གཟུགས་ཅན་དུ་འགྱུར་ཏེ་ལྷག་མ་རྟོགས་པར་སླའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པས་མཆོད་པ་ལ་སོགས་པའི་གནས་རྣམས་སུ་བགེགས་ལ་སོགས་པ་བསམ་པ་གསུངས་པ། བསྒོམས་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་
སླའོ། །ཁམས་བདུན་རྣམ་པར་བཟུང་བ་ཞེས་བྱ་བ་ནི་སྦྱོར་བ་ལ་གོམས་པས་ལྤགས་པ་ལ་སོགས་པ་རྣམས་ཀྱིས་དེ་རྣམས་འཛིན་པར་བྱེད་པ་སྟེ། རང་བཞིན་གྱིས་དག་པའི་བདེ་བ་ཆེན་པོར་བདག་མེད་པར་རོ། །དེ་ཉིད་ལྷ་མ་ཡིན་ཞེས་བྱ་བ་སྟེ་བདག་མེད་པའི་རྣལ་འབྱོར་མ་
ལྟར་དེ་ཉིད་ལྷ་མ་ཡིན་གྱི་བུ་མོ་སྟེ་དེ་དང་ལྷན་ཅིག་རོལ་བ་འགྱུར་བས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་ཏུ་གཉིས་སུ་མེད་པའི་སྦྱོར་བར་འགྲུབ་པར་འགྱུར་རོ། །སྔགས་མི་བཟླས་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་པར་འགྱུར་རོ། །དེ་ལྟར་ཕྱི་རོལ་དུ་ཞེས་བྱ་

བ་ལ་སོགས་པས་འཇིག་རྟེན་པའི་ཡེ་ཤེས་ཀྱི་སངས་རྒྱས་ཉིད་དུ་གསུངས་སོ། །ལྷག་མ་ཐམས་ཅད་རྟོགས་པར་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་རྟ་མགྲིན་གྱི་རྣམ་པའི་རབ་ཏུ་སྦྱོར་བའི་མིང་གི་ཡི་གེས་རྡོ་རྗེ་དབྱངས་ཅན་མ་སྒྲུབ་པ་དང་དེ་བཞིན་དུ་དེ་ཁོ་ན་
ཉིད་ཀྱི་ཉི་མའི་རྟའི་རྣམ་པར་གནས་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པས་བགེགས་ལ་སོགས་པ་གཞོམ་པ་དང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པར་གནས་པའི་ཆོ་གའི་མཚན་ཉིད་རྒྱས་པར་བཤད་པ་སྟེ། རབ་
ཏུ་བྱེད་པ་བཅུ་དགུ་པའི་བཤད་པའོ།། །།ནམ་མཁའི་སྙིང་པོར་ཕྱག་བྱས་ནས། །རླུང་གི་གཞོམ་པ་བྱེད་པ་སྟེ། །སྣང་བ་གསུམ་གྱི་རྒྱུ་ཉིད་ཕྱིར། །ཇི་ལྟར་གསལ་བར་འགྲེལ་བཤད་བྱ། །ད་ནི་ནམ་མཁའི་སྙིང་པོའི་རབ་ཏུ་འཇོམས་པ་ལ་སོགས་པའི་
མཚན་ཉིད་ཀྱི་བཤད་པ་གསུངས་པ། དེ་ནས་རབ་ཏུ་འཇོམས་པ་ཞེས་བྱ་བ་ལ་སོགས་པ་སྟེ། རབ་ཏུ་འཇོམས་པ་ནི་རླུང་ངོ་། །དེའི་ཡོན་ཏན་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཉིད་ལ་སོགས་པ་སྟེར་བ་པོ་སྟེ། དེ་རྣམས་བཤད་པར་བྱ་བ་སྟེ་ཇི་ལྟ་བའི་རིམ་པ་སྟེ་ཁྱོད་རྡོ་རྗེ་ཕག་མོ་སྒྲུབ་པའི་
ཐབས་རྣལ་འབྱོར་གྱི་ཡེ་ཤེས་ཉོན་ཅིག་པའོ། །དེ་རྣམས་གསུངས་པ། ནམ་མཁའི་སྙིང་པོའི་སྦྱོར་བ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིགས་པས་སོ། །རྡོ་རྗེའི་རླུང་གི་མཚན་ཉིད་ཅེས་བྱ་བ་ནི་ལུས་ཀྱི་དབྱིབས་ལ་སོགས་པ་རྣམས་སུ་རྡོ་རྗེ་ལྟ་བུའི་མཚན་ཉིད་ཇི་ལྟར་གསལ་
བར་བྱེད་ན། དེ་ཡང་ཆགས་པ་ལ་སོགས་པ་ནས་སྟོང་པའི་གཟུགས་སུ་རབ་ཏུ་གནས་ཏེ་དེ་སྲོག་ཆགས་ཀྱི་རྟེན་གྱི་གཟུགས་འདིས་ཏེ་དངོས་པོ་ཐམས་ཅད་དེའི་རྣམ་པའི་གཟུགས་ལས་སོ། །ཁམས་རྣམས་དེ་དང་འདྲ་ཞེས་བྱ་བ་ནི་ལུས་ཀྱི་ཁམས་འདི་རྣམས་ཐམས་ཅད་ཀྱི་
རྟེན་གྱི་གཟུགས་སུ་ཤེས་པར་བྱ་སྟེ་སྲོག་ཅེས་བྱ་བ་ནི་གཞན་མེད་པས་ཇི་ལྟར་ཤེས་པར་བྱེད་ཅེ་ན། དེ་ཉིད་གསུངས་པ། དུབ་པའི་སྦྱོར་བས་ཡོངས་སུ་གནས། །ཞེས་བྱ་བ་སྟེ་རྣལ་འབྱོར་གྱིས་དུབ་པའི་དུས་སུ་ཇི་ལྟར་བརྡ་བྱེད་པའི་བསྒོམ་པའི་ཁྱད་པར་ཏེ་ཟླ་བའི་གཟུགས་

སུ་ཡང་དག་པར་བཤད་པ་དཔག་ཏུ་མེད་པའི་བདེ་བ་སྟེར་བ་པོའོ། །དེ་བཞིན་དུ་སྲོག་གིས་གཟུགས་ཀྱི་རྡོ་རྗེའི་རླུང་གི་ཤེས་པ་ཡོད་པས་དེའི་ཡོན་ཏན་སྟེར་བའོ། །དེ་ལྟར་རང་གི་རང་བཞིན་ཅན་སྐྱེས་འཛག་ཅེས་བྱ་བ་ནི་ཐ་མལ་པ་རྣམས་ལ་སྡུག་བསྔལ་ལ་སོགས་
པ་འཛག་པའོ། །མཁས་པ་རྣམས་ལ་བདེ་བ་ལ་སོགས་པའོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ད་ནི་ཡི་གེ་རེ་རེ་རྣམས་ཀྱི་ངེས་པའི་ཚིག་གསུངས་པ། བདག་ཉིད་ཀྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། ཨའི་ཡི་གེའི་དོན་གྱིས་སོ། །མེ་ལོང་ཞེས་བྱ་བ་ནི་
ཐུགས་རྡོ་རྗེའི་མེ་ལོང་རྣམས་སུ་ཡེ་ཤེས་ཀྱི་ཉི་མའི་སྣང་བས་ཐམས་ཅད་ཀྱི་གཟུགས་བརྙན་བྱུང་བའོ། །དེ་ལྟར་སྐུ་ཞེས་བྱ་བ་ལ་སོགས་པས་ཀྵའི་ཡི་གེའི་དོན་ཏེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོའི་སྐུ་རྣམས་ཏེ། དེ་བཞིན་དུ་དེ་ཉིད་ཀྱང་སེམས་ཅན་
གྱི་དོན་གྱི་དབང་གིས་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་སུ་སྐྱེ་བས་ན་ཁམས་གསུམ་དུ་ཁྱབ་པར་བྱེད་པའོ། །ཆོས་ལ་སོགས་པས་ཀྱང་སྟེ་སངས་རྒྱས་ཀྱིས་དེ་དེ་བཞིན་དུ་བཤད་དོ། །དེ་བཞིན་དུ་ཤ་རི་ཡི་གེའི་དོན་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས་པ་སྟེ་བྱང་ཆུབ་
ཀྱི་སེམས་འབབ་པའི་ལམ་རྣམས་སུ། ནམ་མཁའ་ཞེས་བྱ་བ་ནི་རང་གིས་རིག་པའོ། །གཞན་ཇི་ལྟ་བ་བཞིན་ནོ། །གའི་ཡི་གེའི་དོན་གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་སླར་ཡང་ནམ་མཁའ་ཞེས་བྱ་བ་ནི་རྡོ་རྗེའི་རླུང་སྟེ་ལུས་ཀྱི་ཁམས་ཐམས་
ཅད་ཀྱི་དེའི་སྙིང་པོ་ཞེས་བྱ་བ་ནི་བདུན་པའི་དོན་གྱི་དྲུག་པ་སྟེ་དེ་རྣམས་ཀྱི་སྙིང་པོ་སྙིང་དུ་གྱུར་པ་འདི་རྣམས་རང་གི་རིག་པ་ཉིད་དུ་རབ་ཏུ་བསྟན་ཏོ། །སྔོན་གྱི་ཐབས་དང་ཤེས་རབ་ཅེས་བྱ་བ་ནི་བཤད་པ་དེ་རྣམས་ཀྱི་གནས་སྐབས་ལ་ཆོས་དེ་ཉིད་བསྟན་པར་བཞེད་ནས་གསུངས་པ།
སྲིད་པ་ཞེས་བྱ་བ་ལ་སོགས་པ་སྟེ། བྷའི་ཡི་གེའི་དོན་གྱིས་སོ། །སྲིད་པ་ཞེས་བྱ་བ་ནི་སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་ཀྱི་གནས་སུ་རང་ཉིད་རྣམ་པར་འཕྲོ་བའོ། །དེ་ཅིའི་ཕྱིར་ཞེ་ན། གསུངས་པ། དབང་པོའི་དབུས་སུ་སྦྱར་བར་བྱ། །ཞེས་བྱ་བ་སྟེ་དབང་པོ་ཐམས་ཅད་ཀྱི་གཙོ་བོ་

རང་གིས་རིག་པའི་དབང་པོ་ཨ་ཝ་དྷཱུ་ཏཱིའི་དབུས་སུ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱར་བར་བྱ་བ་སྟེ་ཡོངས་སུ་གཞག་པར་བྱ་བའོ། །དེར་དེས་ཅི་སྤྲོ་བ་གསུངས་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཞིང་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་དོན་
ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་ནམ་མཁའ་སྙིང་པོའི་སྒོམ་པ་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ་ཐམས་ཅད་རྟོགས་པར་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་ནམ་
མཁའི་སྙིང་པོའི་རབ་ཏུ་སྦྱོར་བའི་མིང་གི་ཡི་གེ་ལ་སོགས་པའི་སྦྱོར་བས་རབ་ཏུ་འཇོམས་པའི་ཡོན་ཏན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་སྒྲུབ་པ་དང་སྣ་ཚོགས་པར་གནས་པའི་ཁྱད་པར་གྱིས་སངས་རྒྱས་ཀྱི་ཡོན་ཏན་ལ་བཞག་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་
པ་དང་བཅས་པའི་ཡེ་ཤེས་ཀྱི་བདག་པོ་ཉིད་པས་རྣམ་པ་མེད་པར་གནས་པའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའི་བཤད་པའོ།། །།རང་རིག་རང་བཞིན་ཁྱབ་བདག་གི །དཔལ་ཧེ་རུ་ཀར་ཕྱག་བྱས་ནས། །འཁོར་ལོ་བཞི་ཡི་བདག་ཉིད་
མགོན། །ཐམས་ཅད་ཀྱི་ནི་རིགས་ཆེན་པོ། །ད་ནི་དཔའ་བོ་ཆེན་པོ་དཔལ་ཧེ་རུ་ཀ་སེམས་ཅན་ཐམས་ཅད་ལ་ཉེ་བར་སྤྱོད་པའི་བཤད་པ་གསུངས་པ། །དེ་ནས་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཕག་མོས་བཅོམ་ལྡན་འདས་དེ་ལ་ཇི་ལྟ་བའི་ཆོ་གས་ཉེ་བར་སྤྱོད་པའི་མཆོད་པ་
བྱས་ནས་གསོལ་བ་འདེབས་པ་སྟེ། གསུངས་ཤིག་ཅེས་བྱ་བ་ལ་སོགས་པ་སྟེ་ཇི་ལྟར་སྔོན་དུ་བཤད་པའི་རང་གིས་རིག་པའི་མཚན་ཉིད་དེ་བཞིན་དུ་གསུངས་ཤིག་པའོ། །འདིའི་བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་གསུངས་པ། བཤད་པར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ་
རང་གིས་རིག་པའི་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ་ནི་གང་གི་ཕྱིར་རང་གི་རིག་པ་ལས་བྱུང་བ་དེ་རྣམས་ཀྱི་རིག་པས་བཤད་པར་བྱ་བར་འབྲེལ་ཏོ། །དེ་རྣམས་གསུངས་པ། དཔལ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་རབ་ཏུ་སྦྱོར་བས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་

མིང་གིས་ཡི་གེའི་རིགས་པ་རྣམས་ཀྱིས་སོ། །འདིར་ཐོག་མ་ཉིད་དུ་སྦྱོར་བ་རྣམ་པར་གཞག་པ་གསུངས་པ། རྣལ་འབྱོར་ཟླ་བའི་བགྲོད་པ་རང་གི་ཞེས་བྱ་བ་ནི་ཇི་ལྟར་ཟླ་བའི་དཀར་པོའི་ཚེས་གཅིག་ལ་སོགས་པར་ཆ་འཕེལ་ལོ། །དེ་བཞིན་དུ་རང་གི་ཡེ་ཤེས་ཀྱི་
རྒྱ་མཚོ་ཟླ་བའི་ཆ་ལྟར་འཕེལ་ཏེ་སྦྱོར་བ་བསྒོམ་པས་སོ། །སྦྱོར་བ་སྒོམ་པ་ནི་འདིར་འཆད་པར་འགྱུར་བ་ཡིད་ཀྱང་སྟེ་ཟླ་བའི་འཁོར་ལོ་རྣམས་སུ་དཔལ་ཧེ་རུ་ཀའི་ཡི་གེ་བསྒོམ་པས་དགའ་བ་བཅུ་དྲུག་རྣམས་སུ་སྐྱེས་ཏེ་དེ་རྣམས་ཀྱི་རྣམ་པར་གཞག་པ་ཟླ་བའི་ཆ་རྣམས་ཀྱིས་ཇི་ལྟ་
བ་བཞིན་དུ་འདིར་གསུངས་པ། ཐོག་མར་ཞེས་བྱ་བ་ལ་སོགས་པ་སྟེ། འཕོ་བ་རྣམས་ནི་དབྱེ་བས་རང་བཅུ་དྲུག་གོ། །དགའ་བ་ཐོག་མ་སྐྱེ་བའོ། །ཡེ་ཤེས་ཞེས་བྱ་བ་ནི་ལུག་གི་འཕོ་བ་རྣམ་པར་གཟུང་བས་རྣལ་འབྱོར་པ་རྣམས་ཀྱི་འདི་ནི་ཤེས་པར་བྱ་བ་འདི་ནི་མི་བདེན་
པར་རིག་པས་ཡེ་ཤེས་སོ། །གཉིས་པ་ཁྱུ་མཆོག་གི་འཕོ་བ་ལ་རབ་ཏུ་ཞུགས་པས་ནམ་མཁའ་ལ་འགྲོ་བའི་གཟུགས་ཏེ། རླུང་གི་རྣམ་པའི་གཟུགས་ཀྱིས་ཡང་དག་པར་འགྲོ་བའོ། །གསུམ་པ་འཁྲིག་པས་མདའི་གཎྜི་བཞིན་སེམས་དེའི་གཟུགས་སུ་སྐྱེ་བ་སྟེ་གཟུགས་
མེད་པ་བཞིན་ནོ། །བཞི་པ་ཀརྐ་ཊར་འབེན་གྱི་གཟུགས་བརྙན་ཞེས་བྱ་བ་སྟེ་དངོས་པོ་ཐམས་ཅད་འབྱེད་པར་བྱེད་དེ་སེམས་འབིགས་པའོ། །ལྔ་པ་སེང་གེའི་འཕོ་བར་རྩེ་མོ་ལྔའི་བདག་ཉིད་ཅེས་བྱ་བ་ནི་སེམས་རྡོ་རྗེ་བདེ་བའི་བདག་ཉིད་ཅན་རྣམ་པ་ལྔ་འབིགས་ཏེ་འདོད་པ་ལྔ་
རྣམས་ཏེ་གཟུགས་དང་སྒྲ་ལ་སོགས་པ་རྗེས་སུ་དྲན་པར་བྱེད་པའོ། །དྲུག་པ་བུ་མོར་ཁམས་དྲུག་འབྱུང་བ་ཞེས