Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 18
Văn bản gốc(Tây Tạng)
Trang 8 / 16 (50.000 ký tự/trang)
ནོ། །དོན་ཡོངས་སུ་བསྡུས་པར་བསྟན་ལ་ཚིག་རྒྱ་ཆེར་མ་བསྟན་པའོ། །འདིར་མངོན་པར་རྟོགས་པ་ལྟར་ན། དང་པོར་རང་ ཉིད་སྐད་ཅིག་གིས་ཉི་མ་ལ་གནས་པའི་ཧེ་རུ་ཀ་ཞལ་གཅིག་གིས་ཉི་མ་ལ་གནས་པར་བལྟས་ལ། སེམས་བསྐྱེད་སྔོན་དུ་འགྲོ་བས་གནས་དང་བདག་དང་རྣལ་འབྱོར་སྲུང་བ་བྱས་ལ། ཚོགས་གཉིས་སོགས་པར་བྱ་བ་དང་། སྟོང་པའི་ངང་ལས་འབྱུང་བཞི་རིམ་བརྩེགས་ཀྱི་སྟེང་དུ། བྷཱུཾ་ལས་བྱུང་བའི་རི་བོ་བཟང་པོ་ནི། ལྷུན་པོ་རི་བོ་མཆོག་རབ་སྟེ། བྲི་བར་བྱ་ཞིང་ནི་ཡིད་ཀྱི་ཡུལ་དུ་བློས་བསམ་པའོ། །མེ་ཏོག་ནི་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་སོ་གཉིས་པའོ། །འབྲས་བུ་ནི་ལྟེ་བ་ལ་གེ་སར་དང་ལྡན་པ་སྣ་ཚོགས་ཀྱིས་ནི་རྡོ་རྗེ་རྒྱ་གྲམ་ཁ་དོག་བཞི་ལྡན་ ནོ། །ཡང་བཟང་པོ་བྲི་བྱ་ཞིང་ནི་དཀྱིལ་འཁོར་ཕོ་བྲང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ་སངས་རྒྱས་ཀྱི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་བསམ་པའོ། །དེའི་སྟེང་དུ་རྟག་ཏུ་བསྒོམ་པ་ནི་བརྟེན་པ་ལྷའི་འཁོར་ལོ་བསྟན་པ་ལ། དཔའ་བོ་རྣམས་ནི་ཉི་ཤུ་རྩ་བཞི་པོ་ ཐམས་ཅད་དོ། །དེ་དག་གི་དཔའ་བོ་ཆེན་པོ་ཉིད་ནི་རྒྱལ་བ་རིགས་ལྔ་རྡོ་རྗེ་འཆང་དང་། དྲུག་པའི་བདག་ཉིད་ལས། རྡོ་རྗེའི་མུ་ཁྱུད་ཀྱིས་བསྐོར་བའི་འཁོར་ལོ་ཕོ་བྲང་ཆེན་པོར་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ་མེད་པའི་མཁའ་འགྲོ་མ་དང་། རྣམ་པར་སྣང་མཛད་དང་གཉིས་སུ་མེད་པའི་གཟུགས་ ཅན་མ་དང་དོན་ཡོད་རྒྱལ་པོ་དང་སྦྱོར་བའི་ལཱ་མ་དང་། འོད་དཔག་མེད་དང་། སྦྱོར་བའི་དུམ་སྐྱེས་མ་དང་། རིན་ཆེན་འབྱུང་ལྡན་དང་། གཉིས་སུ་མེད་པའི་རིན་ཆེན་རིགས་ཀྱི་ལཱ་མ་དང་། དབུས་སུ་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་རྣལ་འབྱོར་མ་སྟེ་ཆོས་ཀྱི་དབྱིངས་ སྟོང་པ་ཉིད་ཀྱི་རང་བཞིན་ཅན་ནོ། །ཧ་ཧ་ཧེ་ཧེ་ཞེས་བྱ་བ་ནི། རིན་པོ་ཆེ་ཀེ་ཀེ་རུ་དང་། མརྒཏ་ལྗང་བ་དང་། བཻ་ཌཱུརྱ་དང་། པདྨ་རཱ་གའི་བུམ་པའི་ཤིང་ལོའི་ཁ་རྒྱན་སྟེང་ན་ཐོད་པ་བཞི་དང་བཅས་པ་བདུད་རྩིས་གང་བ་ལ་རབ་ཏུ་བཞད་ཅིང་དགྱེས་པར་རོལ་པའོ། །རིགས་དྲུག་འཁོར་ ལོས་སྒྱུར་བའི་འཁོར་དུ་བཀོད་པ་ནི། དཔའ་བོ་ཉི་ཤུ་རྩ་བཞི་ཞེས་རིགས་རེ་རེ་ལ་དཔའ་བོ་ཡབ་ཡུམ་ཅན་བཞི་བཞིས་ཡོངས་སུ་བསྐོར་བ་སྟེ། སོ་སོའི་འཁོར་ལོ་ལ་རྡོ་རྗེ་དང་འཁོར་ལོ་དང་རྡོ་རྗེ་རྒྱ་གྲམ་དང་པདྨ་དང་རིན་པོ་ཆེས་ཡོངས་སུ་བསྐོར་བའོ། །གཙོ་བོ་ལ་རྡོ་རྗེ་གྲི་གུག་གི་ཕྲེང་བས་ བསྐོར་བ་མཚམས་སུ་བུམ་པ་བདུད་རྩི་ཅན་ཀ་པཱ་ལ་དང་བཅས་པ་ཉིད་དོ། །དེར་ནི་དཔའ་བོ་རྣམས་ནི་ཁཎྜ་ཀ་པཱ་ལ་ལ་སོགས་པ་སྟེ། རྒྱན་ཆ་ལུགས་དང་ལྡན་པའོ། །མཁའ་འགྲོ་ཉིད་ནི་མཚམས་མ་བརྒྱད་དམ་ཚིག་འཁོར་ལོ་བཀོད་པའོ། །དཔའ་བོ་དཔའ་མོ་རྣམས་ཀྱིས་འགྲོ་ བ་འདི་དག་ཐམས་ཅད་ཁྱབ། །ཅེས་པ་གསུམ་ཀུན་དུ་ཡེ་ཤེས་ཀྱི་རོལ་པས་ཕྱི་ནང་དེ་ཁོ་ན་ཉིད་དུ་རོལ་པས་སོ། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། །ཞེས་པ་ཐུགས་རྗེ་ཆེན་པོ་མངའ་བའི་དེ་ཉིད་ཀྱི་འགྲོ་བ་གཞན་དོན་དང་འབྲེལ་པ་ཉིད་སྟོན་པའོ། །དེ་ལས་དཀྱིལ་ འཁོར་གྱི་དཔའ་བོ་རྣམས་ནི་བཛྲ་ཏྭ་ལ་སོགས་ནས། ཁཎྜ་ཀ་པཱ་ལའི་བར་དུ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བདེ་སྟོང་དབྱེར་མེད་དུ་བསྡུས་པ་ཉིད་འཛམ་བུའི་གླིང་དུ་གནས་དང་ཉེ་བའི་གནས་ལ་སོགས་པར་གདོད་མ་ནས་གྲུབ་པའི་དཔའ་བོ་ཉི་ཤུ་རྩ་བཞི་ཡིས་ཞེས་ལྷ་དྲག་པོ་འཇིགས་ བྱེད་ཨུ་མར་བཅས་པ་འདུལ་བ་སྟེ། རྣལ་འབྱོར་མ་ནི་རབ་གཏུམ་སོགས་དང་གཉིས་སུ་མེད་པས་བྱ་བ་ཀུན་ནི་འཇུག་ཅིང་མགོ་ཟུག་པ་དང་། དབང་དུ་བྱ་བ་ཉིད་དང་། ལོངས་སྤྱོད་ཅིང་ཡོངས་སུ་ཐིམ་པའི་ཚུལ་གྱིས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པར་འགྱུར་བས་ནི། གདུལ་བྱའི་མིང་ནི་ འདུལ་བྱེད་ལ་བཏགས་པར་ཤེས་པར་བྱའོ། །དེས་སྔོན་བྱུང་བསྟན་ཅིང་། རྗེས་འཇུག་ལ་སྒྲུབ་པ་པོས་མངོན་པར་རྟོགས་པ་ལ། ཐོག་མར་རིགས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དྲུག་རིགས་དྲུག་ལྡན་དེར་ཞུགས་པར་བལྟ་བར་བྱ་བ་ནི་རྟོགས་པར་བྱེད་པའི་དུས་སུ་དང་། རྒྱུན་རྣལ་ འབྱོར་པས་མྱུར་དུ་གྲུབ་ཅིང་ཤིན་ཏུ་མཉམ་བཞག་པས་ཞེས་ལམ་གོམས་པར་བྱ་བ་ལ། འཁོར་ལོའི་བདག་ཉིད་རྟག་ཏུ་བསྒོམ་པ་ལྷའི་སྐུའི་རྣམ་པ་གསལ་བར་རོ། །རིམ་པ་གཉིས་མཉམ་པར་གནས་པ། སྔར་བཤད་པ་ཡི་ཆོ་ག་ཡིས། །ཞེས་ལེའུ་སོ་གཉིས་པར་གསུངས་པ་དང་། འབྲེལ་བ་ འམ་དེ་ལས་འདིར་རྡོ་རྗེ་མཁའ་འགྲོ་ནི་བཅོམ་ལྡན་འདས་ཧེ་རུ་ཀ་ཉིད་དེ་འདྲ་བའི་བདེ་མཆོག་བརྗོད་ནི་རིགས་ཐམས་ཅད་དེ་ལས་འབྱུང་ཞིང་བསྡུས་པའི་ངོ་བོ་འཁོར་ལོ་འབྲེལ་པ་ཉིད་དོ། །དེ་ཉིད་སྙིང་པོ་གསང་བ་གྲུབ་པ་བསྟན་པའི་ཕྱིར། འཁོར་ལོ་ཆེན་པོ་ནི་དཔལ་སྡོམ་པ་རིགས་དྲུག་ གི་དཀྱིལ་འཁོར། དམ་ཚིག་དང་། ལུས་དང་། བྷ་གའི་དཀྱིལ་འཁོར་གདོད་ནས་གྲུབ་ཅིང་ཀུན་ཁྱབ་པར་གནས་པ་ལམ་དུ་བྱ་བ་ཉིད་དོ། །འདི་ནི་སངས་རྒྱས་དེ་བཞིན་གཤེགས་པ་རྣམས་དང་། དཔའ་བོ་རྣལ་འབྱོར་གྱི་དབང་ཕྱུག་བྱ་བ་ཐམས་ཅད་དཔལ་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་རྣམ་ པ་ཐ་དད་དུ་མ་ཡང་དག་པར་འདུས་པའི་སྐུ་གསུང་ཐུགས་རྡོ་རྗེས་ལེགས་པར་གསུངས་ཞེས་ཆེ་བའི་བདག་ཉིད་བསྟན་པའོ། །ལྷག་པར་གྱུར་པ་མཁའ་འགྲོ་མ་ནི་རེ་རེའི་ཞེས་ལྷན་སྐྱེས་དང་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་རྣམས་ལ། འཁོར་ནི་བྱེ་བ་དག་ཏུ་འགྱུར་བ་དཔག་ཏུ་མེད་པས་ ཡོངས་སུ་བསྐོར་བའོ། །སྙིང་པོའི་རྣལ་འབྱོར་མ་ནི། རྡོ་རྗེ་རྣལ་འབྱོར་མ་ནི་མཁའ་འགྲོ་རྡོ་རྗེའི་རིགས། ལཱ་མ་དང་དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ནི་ལས་དང་པདྨ་དང་རིན་པོ་ཆེའི་རིགས་སོ། །དེ་དག་ལ་སོགས་ནི་རྣལ་འབྱོར་མ་རྣམས་ལ། དངོས་གྲུབ་ཀུན་བྱེད་དགེ་བ་ཡིན། ཞེས་བར་ཆད་མེད་པར་འགྲུབ་པ་མཐར་ཕྱིན་པ་ཉིད་དོ། །ལེའུའི་མཚན་བསྟན་པ་ནི། དཔའ་བོ་མཁའ་འགྲོ་མའི་གནས་ཉིད་གྲུབ་པའི་རིགས་བསྡུས་ཆེན་པོ་བླ་ན་མེད་པའི་གསང་བའི་དཀྱིལ་འཁོར་མཆོག་གི་ལེའུ་སྟེ། བཞི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །། ཁྱད་པར་གསང་ཆེན་རབ་བསྒྲུབ་ཆོ་ག་སྒྲུབ་པོས་གོ་འཕང་བདེ་བ་ཆེན་པོ་སྒྱུ་མའི་རྣམ་འཕྲུལ་གར། །སྐྱེ་བ་བདུན་པའི་མཚན་ཉིད་རྟོགས་པས་མི་འཆི་སྒྲོན་མེར་ལྡན་པས་གྲུབ་པའི་གསང་བ་གྲུབ་པར་འགྱུར། །དེ་ལ་རྣལ་འབྱོར་པ་བསམ་གཏན་མཐར་ཕྱིན་ཅིང་སྡོམ་པའི་གསང་བ་སྤྱོད་པ། མགོན་པོ་ཀུན་དུ་སྤྱོད་པས་གོམས་པར་འགྱུར་བས་ནི། སྤྱོད་པ་སྤྲོས་བཅས་དང་སྤྲོས་མེད་ལ་གནས་པས་དངོས་གྲུབ་ཤིན་ཏུ་མྱུར་བར་བྱེད་པ་སྐྱེ་བ་བདུན་པའི་ལུས་ཀྱི་ཆོ་གའི་གྲུབ་པ་དངོས་གཟུང་བའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་སྨོས་ཏེ། གང་དུ་ཧེ་རུ་ཀའོ། །ཞལ་ གྱིས་གྲུབ་པས་བདག་ཉིད་མངོན་ཤེས་ཕྲ་མོ་དང་ལྡན་པས། ལེའུ་བཅུ་གཅིག་པའི་དོན་བཤད་པ་སྟེ། བསྒྲུབ་བྱ་ནི་ལམ་མྱུར་དུ་གཅོད་པ། ཇི་བཞིན་ཆོ་ག་ནི་དཔལ་ཧེ་རུ་ཀ་དང་རྗེ་བཙུན་མའི་སྙིང་པོ་གཉིས་དང་རྗེས་སུ་འབྲེལ་པའི་དོན་ཏོ། །གང་ཞིག་གིས་ནི་གང་ཟག་དེ་སྤྱོད་པ་ཤིན་ཏུ་སྤྲོས་ མེད་སྣང་བ་སེམས་ཀྱི་ཡུལ་དུ་ཤེས་པ་ཙམ་གྱིས་ནི། །རྣམ་ཤེས་གཞན་དུ་སྤྲོ་བ་གྲོང་དུ་འཇུག་དང་འཕོ་བའི་ནད་ཀྱིས་མྱུར་དུ་དངོས་གྲུབ་ཐོབ་འགྱུར་བ། །དབང་པོ་རབ་ཀྱིས་ཚེ་འདི་ཉིད་དུ་ཡེ་ཤེས་ཀྱི་ལུས་སུ་སྒྱུར་བར་བྱེད་པའོ། །སྔགས་པས་འབྲས་ཀྱི་ཕྱེ་མ་ལས། །རིམ་པ་བཞིན་དུ་ ཕྱུགས་གཟུགས་བྱ། །ཞེས་པས་ཁྱད་པར་གསང་བའི་འཕོ་བའི་དམིགས་པ་དང་བཅས་པས་ལྐོག་ཏུ་ཕྲིན་ལས་བྱ་བ། སཱ་ལུ་དང་འབྲུ་ལས་གཟུགས་བརྙན་གྱི་སྦྱོར་བས་ལམ་དུ་བྱ་བ། དུད་འགྲོ་ནི་མི་དང་གླང་པོ་རྟ་བོང་དང་། རུས་སྦལ་དང་། རྔ་མོ་ཕག །སྣ་ཚོགས་ ནི་འདི་དག་ཀྱང་དེ་ཉིད་སྐྱེ་བ་བདུན་རིམ་པར་ཐོབ་པ་འགའ་ཞིག་སྟེ། འདི་དག་ལ་སོ་སོའི་རྣམ་ཤེས་ལྡན་པར་དམིགས་ཤིང་། ལྷའི་འོད་ཟེར་གྱིས་འདི་ལ་ཌཱ་ཀི་མ་སྤྱན་དྲངས་པ་བསྟིམ་པས་ནི། སྲོག་འཕྲོག་པར་ནུས་པ་དང་ལྡན་པར་བྱེད་པ་ཉིད་ཀྱིས། ཕྱུགས་འདི་དག་ཏུ་ཤེས་པར་བྱ་བ་ལས་ཀྱི་ ཌཱ་ཀི་བསྐུལ་བའོ། །འདི་དག་གི་ཁྱད་པར་རང་བཞིན་ཤེས་པར་བྱ་བ་ནི། ཇི་ལྟར་མཚན་ཉིད་རྣམ་པ་ཡིས། །འདི་དག་ལ་ནི་བཤད་པར་བྱ་བ་ཉིད་དེ། ཇི་ལྟར་མིའི་འགྲོ་བ་ལ་སྐྱེ་བ་བདུན་པ་ཡོད་པ་བཞིན་དུ་དུད་འགྲོ་བ་ལ་ཡང་དེ་དང་མཚུངས་པར་རོ། །དེ་ལྟར་ཡང་། མི་ནས་མིར་གྱུར་བདུན་པ་ལ། ། རྡོ་རྗེ་སྟོབས་མཆོག་དངས་བྱེད་པའི། །ནུས་པ་ལུས་ལ་རྫོགས་གྱུར་ཏེ། །འབྱུང་བ་བརྟན་ལ་འོད་སྙིང་པོ། །རླུང་ནི་ནམ་མཁའ་སྲོག་གསང་གིས། །མཁའ་ལ་ལྡིང་ཞིང་བདུད་རྩི་ཐོབ། །ཚེས་བརྒྱད་ཞུན་མེར་གྲིབ་མ་ལ། །བདུན་འགྱུར་བྱ་རྒོད་རྐང་མིག་ལྟ། །དེ་ལས་ཐེ་ཙོམ་མེད་པར་ འགྱུར། །ཞེས་རྡོ་རྗེ་སྙིང་པོ་ཌཱ་ཀི་རང་འབྱུང་བའི་རྒྱུད་ལས་གསུངས་པའི་དོན་ཏོ། །དེ་ལས་སྐྱེ་བ་བདུན་གྱི་ངེས་པ་བསྟན་པ་ནི། སྐྱེ་བ་གཅིག་དང་ཞེས་པ་ནས། འགྲོ་ནའང་ངང་པ་ལྟར་དལ་གྱིས་འགྲོ་བ་དང་། བརྫུན་མི་སྨྲ་བ་དང་། སྐད་ཀྱི་གདངས་སྙན་པ་དང་། གཟི་བརྗིད་ཆེ་བ་ལ་སོགས་པ་ སྟེ། སྐྱེ་བ་བདུན་དུ་འབྱུང་བ་ཡིན། །ཞེས་པའི་བར་གྱིས་གཏན་ལ་དབབ་པ་ངེས་པའོ། །དེ་ཡི་སྙིང་གའི་རོ་ཙ་ན། །ཞེས་པ་སྲོག་གི་ས་བོན་ནོ། །མཁས་པ་ཡིས་ནི་བླངས་ནས་ནི། །ཞེས་པ་རིམ་པ་གཉིས་ཀྱི་རྣལ་འབྱོར་པས་འཁྲུལ་འཁོར་དང་དམིགས་པའི་སྦྱོར་བའོ། །སྙིང་པོའི་སྔགས་ནི་ བཟླས་ནས་སུ། །ཞེས་པ་ཡབ་ཡུམ་གྱི་སྙིང་པོ་ལ་དཔའ་མོའི་གོ་ཆའི་སྔགས་བཏགས་པ་བསྐྱེད་རིམ་དང་འབྲེལ་པའོ། །རྫོགས་རིམ་དུ་རླུང་གིས་བྱེད་པ་དང་བསམ་གཏན་གྱིས་གསང་བའི་འཕོ་བའི་བྱ་བས་དེའི་ཐིག་ལེ་དབང་དུ་བྱ་བ་ཡིན་ཞེས་ཡེ་ཤེས་ཡུལ་གཞན་ལ་གྲོང་འཇུག་བྱ་བའོ། ། དེ་ཉིད་ཐོབ་པ་ལས་ཕན་ཡོན་ནི། དེ་ནི་བསྟན་པ་ཙམ་གྱིས་ནི། །ཞེས་པ་ནས། འདི་ནི་རང་དགའི་གཟུགས་འཆང་འགྱུར། །ཞེས་པའི་དོན་གྱིས་མངོན་ཤེས་ལྔ་ཐོབ་ཅིང་། ཡེ་ཤེས་ལུས་སུ་འགྱུར་བ་བསྟན་པའོ། །འདིའི་དོན་ནི་འདི་ལྟ་སྟེ། རང་ཉིད་དཔལ་ཧེ་རུ་ཀའི་སྐུར་གསལ་བ་ཐུགས་ཀའི་ ས་བོན་ལ་སྙིང་པོ་གཉིས་པོས་འཁོར་བར་བལྟས་པ་ལས་འོད་སྤྲོས་ཏེ། བླ་མ་དང་ལྷག་པའི་ལྷ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་པ་ལ་མཆོད་པ་སྣ་ཚོགས་ཕུལ་ཏེ། དེ་དག་ལ་གསོལ་བ་གདབ་པ། བདག་སངས་རྒྱས་ཐོབ་ནས་འགྲོ་བའི་དོན་བགྱིད་པས། གང་ཟག་སྐྱེ་བ་བདུན་པ་འདིའི་ལུས་ འདི་བདག་ལ་གནང་ཞིང་རང་དབང་ཐོབ་པར་མཛད་དུ་གསོལ་ཞེས་གསོལ་བ་གདབ་པའོ། །དེའི་ཉེ་བའི་མཚན་མ་རྨི་ལམ་དང་ཉམས་ལ་གསལ་བའི་རྟགས་ཅུང་ཟད་བྱུང་བ་དང་། སྔར་བྱས་པའི་མི་དང་དུད་འགྲོ་ལ་སོགས་པའི་གཟུགས་བདུན་པོ་ལ་དམིགས་པ་གཏད་པས། ལུས་ཅུང་ཟད་ འགུལ་ཞིང་གཡོ་བའམ་འཕར་བ་བྱུང་ན། ཁམས་གཞན་གྱིས་བདུད་རྩི་ལེན་པ་བཞིན་དུ་བྱ་བ་ནི་དཔལ་ཌོཾ་བི་ཧེ་རུ་ཀའི་བཞེད་པའོ། །ཡང་ན་བདག་གི་ས་བོན་ལས་ཌཱ་ཀི་མ་བསྐུལ་བས། ཌཱ་ཀི་མའི་སྐུའི་འོད་ཟེར་གྱིས་དེ་ཉིད་ཀྱི་སྙིང་དཀར་ནག་གི་མཚམས་ནས་རྣམ་ཤེས་སྲོག་གི་ཐིག་ལེ་ཨ་ཤད་ ལྟ་བུ་དང་བཅས་པ་དེ་བླངས་ཏེ། མདུན་གྱི་གཟུགས་བརྙན་ལ་བསྟིམ་པར་བྱ་བ་འདིས་ནི་མྱུར་དུ་གྲུབ་པར་བྱེད་པ་དཔལ་ཛཱ་ལནྡྷ་རའི་བཞེད་པའོ། །ཡང་རང་ལྷར་གནས་པའི་ས་བོན་ལས་འོད་སྤྲོས་ནས་རླུང་རྩོལ་དྲག་ཏུ་བྱས་ཏེ། འོད་ཁ་དོག་ལྔ་སྤྲོས་པས། དེའི་སྒོ་ལྔའི་རྣམ་ཤེས་ལ་བསྟིམ་ ནས་ཚུར་དྲང་ཞིང་། ཡང་རང་གི་སྣ་སྒོ་གཡས་ཀྱི་རླུང་ཕྱིར་སྤྲོ་བ་དང་བསྟུན་ཏེ། འོད་ཟེར་སྤྲོས་པས་དེའི་སྣ་སྒོ་གཡོན་ནས་ཞུགས་པས་དེའི་ལུས་ཀྱི་ནུས་པ་ཐམས་ཅད་བསྡུས་ཏེ། སྲོག་འཕྲོག་པའི་ཐིག་ལེ་ཚུར་བྱུང་བས་མདུན་གྱི་གཟུགས་བརྙན་དེ་དག་གི་སྣ་སྒོ་གཡོན་ནས་ཞུགས་ཤིང་ཐིམ་ པར་བལྟ། དེ་ལྟར་ཡང་དང་ཡང་དུ་བྱས་པས་དམིགས་པ་གསལ་བར་འགྱུར་བས་མྱུར་དུ་གྲུབ་པར་འགྱུར་བའོ། །མཁས་པས་ཤིང་ལོ་ཞེས་པ་ལ་སོགས་པ་རང་ལུས་ལྗོན་ཤིང་གི་རྣམ་པར་བསྒྱུར་བ་ལེའུ་བཅུ་གཉིས་པའི་ལས་སོ། །ཡང་ཕྱུགས་ཉིད་ཀྱིས་ནི་ཞེས་པ་ལ་སོགས་པས་ ལེའུ་ཞེ་བདུན་པའི་དོན་གྱི་རྣམ་པར་བསྒྱུར་བ་ཉིད་དོ། །མི་རྣམས་ཞེས་པ་ནས་འགོག་བྱེད་ཡིན་གྱིས་ལོག་རྟོག་དགག་པ་བསྟན། གླང་པོ་རྟ་དང་ནས་ཁྲུང་ཁྲུང་ཁྲའི་བར་གྱིས་རྟེན་འབྲེལ་བཅུ་གཉིས་དག་པའི་རྣལ་འབྱོར་པས་སྲིད་པ་དག་པའི་ཡེ་ཤེས་ཀྱི་ལུས་ཉོན་མོངས་པ་དང་ ལས་དང་སྡུག་བསྔལ་དག་པས། དུས་སྦྱོར་དང་ཉི་ཁྱིམ་རྣམ་པར་དག་པས། ལས་ཀྱི་རླུང་དག་པས། ས་ར་ས་ནམ་མཁའ་ལྡིང་སའི་དབང་ཕྱུག་ཐོབ་པས། བཟང་ངན་ཐམས་ཅད་དག་པ་ལྷའི་གཟུགས་སུ་དེ་འགྱུར་རོ་ཞེས་ལས་ཀྱི་ལུས་རྣམ་པར་དག་པ་རྡོ་རྗེའི་སྐུ་བསྟན་པའོ། །འཇིག་རྟེན་ གསུམ་ན་ཡོད་མ་ཡིན་གྱི་བར་གྱིས་ནི། འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་བའི་ཆེ་བ་སྟོན་པ་སྐད་ཅིག་མའི་ཡེ་ཤེས་རྣམ་ཐར་སྒོ་གསུམ་དག་པ་ཧེ་རུ་ཀར་གྱུར་པས་བདེ་ཆེན་མི་འགྱུར་བའི་གནས་ཐོབ་པར་སྟོན་པའོ། །ལེའུའི་མཚན་ནི་སྐྱེ་བ་བདུན་པ་བསྒྲུབ་པར་བྱ་བ་སྟེ་ཞེ་དགུ་པའི་ རྣམ་པར་བཤད་པའོ།། །།དཔལ་ལྡན་ཉི་མའི་སྙིང་པོས་རྡོ་རྗེ་རྣལ་འབྱོར་མ་ཡི་འཁོར་ལོ་དོན་ཀུན་བྱེད་མ་ཉིད་ཀྱིས་ཕྲིན་ལས་སྤྱོད། །གང་དུ་གནང་ལ་འབེབས་པའི་སྦྱིན་སྲེག་གསང་བ་ལས་ཀྱང་རབ་དབྱེ་མཆོག་ཏུ་བསྟན་པ་སྡོམ་པ་བསྡུས་པ་ཉིད། ཅེས་པའི་དོན་ཏོ། །དེ་ལ་འདིར་གོང་དུ་གསུངས་པའི་ བསམ་གཏན་དང་གསང་སྔགས་ཀྱི་སྒྲུབ་པ་བསྟན་པར་བྱ་བ་ལས་རབ་འབྱམས་ཀྱི་ཕྲིན་ལས་ཀྱི་གཞུང་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། དེ་ནས་སྦྱིན་སྲེག་ཆོ་ག་ནི། །ཞེས་སྨོས་ཏེ། འདི་ཉིད་དོན་མདོར་བསྟན་པའི་གསང་བ་སྟེ། ཕྱི་ནང་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་གིས་ཐུན་མོང་བ་དང་ཁྱད་པར་བའི་ལྷ་མཆོད་ པས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་འགྱུར་བའོ། །ངེས་པར་དབང་དུ་བྱེད་འགྱུར་བ་ནི་ཡུལ་གང་ལ་དམིགས་པ་ཐམས་ཅད་དོ། །ཡང་དག་ཆོ་ག་ནི་སྤྱིར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྒྱས་བསྡུས་ཀྱི་བྱེ་བྲག་ལས། འདིར་ནི་དཔལ་རྡོ་རྗེ་རྣལ་ འབྱོར་མའི་མངོན་པར་རྟོགས་པའི་ཕྲིན་ལས་གང་གིས་ནི་གསང་ཆེན་གྱི་ཆེ་བ་དཀའ་བ་མེད་པར། མྱུར་དུ་དངོས་གྲུབ་ཐོབ་འགྱུར་བཤད། །ཅེས་སྔོན་བྱུང་དང་རྗེས་འཇུག་ལ་དགོངས་པའོ། །ད་ནི་རྒྱས་པར་བཤད་པ་ལ། དང་པོར་ལྷའི་རྣལ་འབྱོར་ནི་གནས་དབེན་པར། ནུབ་མོ་ཆོས་ཀྱི་སྐུའི་འོད་གསལ་ གྱི་ངང་དུ་ཉལ་བ་ལས། རྨི་ལམ་ལོངས་སྐུའི་ཚུལ་དང་སད་པ་སྤྲུལ་པའི་སྐུའི་ཚུལ་ལས་སེམས་བསྐྱེད་ཅིང་། གནས་དང་བདག་དང་རྣལ་འབྱོར་སྲུང་བ་བྱས་ནས། ཚོགས་གཉིས་བསགས་པའི་རྗེས་ལ། འབྱུང་བཞི་རིམ་བརྩེགས་དང་། གཞལ་ཡས་ཁང་གི་ལྟེ་བར། པདྨ་ལ་གནས་པའི་ ཨཱ་ལི་ཀཱ་ལི་ལས་ཉི་ཟླ་པདྨའི་དབུས་སུ་ས་བོན་བཾ་དམར་བ་ལས་རྡོ་རྗེ་གྲི་གུག་འོད་འབར་བ་ལས་འོད་འཕྲོས་པས་གདོད་མ་ནས་གྲུབ་པའི་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་མཆོད་པར་གྱུར། འོད་དེ་ཚུར་འདུས་པ་ལས་དཔལ་རྗེ་བཙུན་མ་ཞལ་གཅིག་ཕྱག་གཉིས་པ་ སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱག་གཡས་ན་རྡོ་རྗེ་གྲི་གུག་བསྣམས་པ། གཡོན་པ་ཀ་པཱ་ལ་བདུད་རྩིས་བཀང་པ་འཛིན་པ། གྲུ་ཁུགས་སུ་ཁ་ཊྭཱཾ་གཡོ་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་དུས་མཚན་དང་འཇིགས་བྱེད་མནན་པ། ཐོད་པའི་ཕྲེང་བ་དབུ་ལ་བཅིངས་པ། མགོ་བོ་རློན་པའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་རིན་པོ་ཆེས་བརྒྱན་པས། དར་དཔྱངས་ཀྱིས་མཛེས་པའོ། །དེའི་ཕྱོགས་བཞིར་ཌཱ་ཀི་མ་དང་ལཱ་མ་སོགས་པ་པདྨ་ལ་གནས་པ། ཕྱོགས་བྲལ་དུ་རིན་པོ་ཆེའི་བུམ་པའི་སྟེང་ན་ཀ་པཱ་ལ་བདུད་རྩིས་བཀང་བ་ཅན་ནོ། །དེ་ནས་དམ་ཚིག་འཁོར་ ལོའི་ལྷ་མོ་བརྒྱད་དང་བཅས་པ་གསལ་བར་བལྟས་ལ། གནས་གསུམ་བྱིན་གྱིས་བརླབ་ཅིང་གོ་ཆ་བགོ་བ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་བསྟིམ་པ་དང་དབང་བསྐུར་ཞིང་། དཔལ་རྡོ་རྗེ་སེམས་དཔས་རྒྱས་གདབ་ཅིང་། ཕྱི་ནང་དེ་ཁོ་ན་ཉིད་ཀྱི་མཆོད་བསྟོད་དང་། ལྟེ་བར་ ས་བོན་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས་བཟླས་པའི་རྣལ་འབྱོར་བྱ་བའོ། །དེ་ཉིད་ལ། ལྷ་རྣམས་ཐམས་ཅད་བསྒོམ་པ་ནི། །ཞེས་དཀྱིལ་འཁོར་འཁོར་ལོ་ལས། ལས་ཐམས་ཅད་པའི་ཐབ་ཁུང་དུ་མེ་ལྷའི་ཐུགས་ཀར་ལྷ་ཚོགས་གསལ་བར་བལྟ་བའོ། །ཐུན་གཉིས་བར་དུ་ནི་མཆོད་ བསྟོད་དང་ལྡན་པས་སྦྱིན་སྲེག་བྱ་བ་ནི་ཚེ་དང་དབང་ཐང་འཕེལ་བའི་དོན་དུའོ། །དེའི་ཕན་ཡོན་ནི། མཁའ་ལ་སྤྱོད་པ་ཉིད་ཐོབ་གྱུར་ནི་ཨ་དྷ་རི་ཤི་གྷ་མན་ཞེས་ཡེ་ཤེས་ཀྱི་སྐུ་འཐོབ་པའི་དོན་ཏོ། །རང་གི་ལུས་ནི་དེ་ཉིད་ཀྱིས་ཞེས་རྣལ་འབྱོར་པ་ཐ་མལ་པའི་ལུས་འདི་ཉིད་ཡོངས་སུ་དག་པའི་དོན་ ཏོ། །དེ་ལ་དང་པོར་དབང་གི་ཐབ་ཁུང་ལ་དབྱིབས་ཟླ་གམ་པར་རོ། །གོམ་ས་ནི་བ་ལང་དམར་སེར་གྱི་ཤ་དང་། མྱོས་བྱེད་བསྲེ་བ་ད་དུ་ར་དང་ངོ་། །ལག་པ་གཡོན་པ་ལ་ནི་དེའི་དུས་སུ་ལག་པའི་མཆོད་པ་དང་རྗེས་སུ་འབྲེལ་བ་སྟེ། དགང་གཟར་བླུགས་གཟར་དང་ལྡན་པས་ སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱ་བ་ཉིད་དོ། །མེ་ལྷ་དམར་བའི་སྙིང་གར་ལྷ་ཡང་དམར་བ་སྟེ། ཞག་བདུན་ལ་སོགས་པར་སྤེལ་ཚིག་དང་ལྡན་པས་ཕྲིན་ལས་ལ་སྦྱར་བས་སངས་རྒྱས་ལྟ་བུའམ། བརྒྱ་བྱིན་ལྟ་བུ་ནུས་ལྡན་ཡང་དབང་དུ་གྱུར་ན། ཕྲན་ཚེགས་མི་ནི་སྨོས་མི་དགོས། །དེས་ཤིན་ཏུ་ མྱུར་པར་གྲུབ་པར་བྱེད་པ་བསྟན་པའོ། །ལས་ཀྱི་བྱ་བ་ལས། ཁ་ཆུ་ནི་བ་དམར་སེར་གྱི་ཁ་ནས་འབབ་པ་སྟེ། ཡང་ན་རྣལ་འབྱོར་པས་ག་ཎ་ཙཀྲའི་དུས་ཀྱི་ཤ་ལྔའི་བདུད་རྩི་ཟོས་ནས་སྐྱུགས་པ་དང་། སོ་ཤིང་བསྲེགས་པའི་ཐལ་བ་དེ་དག་དང་ནི་སྦྱར་བ་ལས་ཡང་འབྲས་ཕྱེས་དྲིལ་ཕྱིས་བྱས་པའི་ རང་གི་ལུས་མཉེས་པ་དྲི་མ་དེ་བཞིན་ཆགས་པ་དང་མྱོས་བྱེད་ད་དུ་ར་འམ། ཡང་ན་མ་ད་ན་མིང་དང་བཅས་པ་ནི་འདི་ཞེས་བྱ་བ་ཨཱ་ཀཪྵ་ཡ་མེ་པ་ཥ་མ་ན་ཡ་ཧྲཱིཿཛཿཀུ་རུ་ཧོཿཞེས་མིང་སྤེལ་དང་བཅས་པས། ཁམས་གསུམ་བདག་ནི་དབང་དུ་འགྱུར་བ་ལ་ཌཱ་ཀི་ཕྲིན་ལས་ལ་སྦྱར་བ་ཕྱི་ནང་དུ་ཡང་ དག་བར་གྲུབ་པའོ། །ད་ནི་དགུག་པའི་ལས་ལ་སྦྱར་བ་ནི། རང་འབྱུང་གི་ནི་མཚལ་དང་ནི་རིགས་ལྡན་གྲུབ་པར་བྱ་བ། རློན་པའི་ཟས་དང་ཟོས་པ་ནི་སྐེ་ཚེ་ཡུངས་མར་བཙོས་བ་སྐྱུག་པའོ། །མིའི་བུ་མོ་གཞོན་ནུ་མའི་སྐྲ་དང་ལྡན་པའི་སྦྱིན་སྲེག་བྱས་ན། མིང་སྤེལ་དང་ལྡན་པས་བརྒྱ་རྩ་བརྒྱད་ལ་ སོགས་པས་མོད་ལ་འགུགས་པར་འགྱུར་བ་ཡིན་ཞེས་ཐབས་ཀྱི་ཆེ་བ་བསྟན་པའོ། །ད་ནི་དྲག་པོའི་བྱེ་བྲག་མཛའ་བོ་ནང་དབྱེ་བར་བྱ་བ་ནི། བསྒྲུབ་བྱའི་སྐྱུགས་པ་དང་ཡང་ཟག་པ་སྐྲ་དག་སྟེ། ནིམ་པའི་ཤིང་ལས་སྦྱིན་སྲེག་རབ་སྦྱར་ཏེ། མིང་སྤེལ་བ་དང་བི་དེ་ཤ་ཡ་དང་རང་ཁ་ལྷོར་བལྟས་པས་ མེ་ལྷ་ནག་པོར་བསྐྱེད་པས་མོད་ལ་དབྱེ་བར་འགྱུར་བ་ཡིན་ཞེས་ནང་འཐབ་པའམ་སོ་སོར་འགྲོ་བའོ། །ཡང་དྲག་པོའི་ཐབ་ཁུང་དུ་མེ་ལྷ་ནག་པོའི་སྙིང་གར་ལྷའི་འཁོར་ལོ་བསྐྱེད་པ་རབ་མཉམ་བཞག་པས་ཤེས། དམ་ཚིག་པ་ལ་ནི་ཡེ་ཤེས་པ་བསྟིམ་པར་བྱས་ཤིང་བསྲེག་རྫས་ད་དུ་རའི་ ལྡུམ་བུ་ལ་བུད་ཤིང་བྱ་སྟེ། བྱ་ཁྭ་ཏའི་གཤོག་པ་དང་། ཡུངས་མར་མེས་གདུངས་པ་ལ་བསྒྲེས་པ་ནི་མཆོད་སྦྱིན་ལ་བརྒྱ་རྩ་བརྒྱད་དུ་མཱ་ར་ཡ་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ་ཀྱིས་སྦྱིན་སྲེག་བྱས་པར་གྱུར་ན་ནི། གདོན་མི་ཟ་བར་འཕྲལ་དུ་འཆི་བའམ། སྐྲོད་པར་འགྱུར་ཞེས་པའི་དོན་ཏོ། །རྣལ་འབྱོར་ པ་ལ་ཕ་རོལ་གྱི་འཁྲུལ་འཁོར་ལ་སོགས་པའི་བར་ཆད་ཀྱིས་མི་ཚུགས་པ་ནི། ཟས་ལ་སྤྱོད་པ་དང་དེ་ལ་སོགས་པ་རྣམས་ནི་སྤྱོད་ལམ་གྱི་དུས་ཐམས་ཅད་དུ་སྔགས་པས་ལྷའི་ང་རྒྱལ་དུས་རྟག་ཏུ་ཚམ་ངམ་གྱིས་གསང་སྔགས་ཀྱི་བཟླས་བརྗོད་བྱེད་ན་སྲུང་བ་ཆེན་པོ་སྟེ། དེ་ལ་བགེགས་ནི་ ཡོད་མ་ཡིན། མཉམ་ལངས་དུས་སུའོ། །གཉིད་ལོག་མ་ལོག་འདུག་པའམ། །ཞེས་པའི་དོན་ལ་འོད་གསལ་ལམ་དུ་བྱེད་པའི་སྙིང་གའི་འཁོར་ལོ་ཧཱུཾ་དང་ཐིག་ལེ་ཁ་དོག་ལྔ་ལྡན་ལ་དམིགས་པས་ལམ་དུ་བྱ་བ་དཔལ་ལ་བ་ཆེན་པོའི་བཞེད་པའོ། །ཡང་རྒྱས་པའི་ཐབ་ཁུང་ཁ་དོག་ཙནྡན་དང་ཡུང་བ་ བྱུགས་ཤིང་སྒྲོན་མེ་ལྔ་དང་བདུད་རྩི་ལྔ་དང་ལྡན་པ་མེ་ཏོག་སེར་པོས་མཆོད་ཅིང་། ཝའི་ཤའི་སྲེག་བླུགས་བརྒྱ་དབུལ་ཞིང་། འབྲས་བུ་ཅན་གྱི་ཡམ་ཤིང་གིས་མཆོད་པ་ལས། ཡང་དག་སྦྱིན་བླུགས་བྱེད་པའི་མི་ནི་ཁྱད་པར་དུ་བརྗོད་པ་རྡོ་རྗེ་ལུས་ཀྱི་རྩ་འཁོར་ལོ་རྣམས་སུ་ལྷ་ཐམས་ཅད་གསེར་ མདོག་ཏུ་བལྟས་ལ། སྤེལ་ཚིག་པུཥྚིཾ་ཀུ་རུ་ཡང་བརྗོད་པས། དུས་གསུམ་དུ་ཕྲིན་ལས་འདིར་རིན་པོ་ཆེའི་བྱེ་བྲག་གིས་དེ་ནི་ཟླ་བ་གསུམ་རྗེས་ལ་ནུས་པ་མངོན་དུ་འབྱུང་བ་སྟེ། རིགས་ཀྱི་དབུལ་བ་འཇིག་པར་འགྱུར། །ཞེས་མཐོང་ཆོས་མྱོང་བ་ཉིད་དོ། །དེ་ལ་རྒྱས་པའི་ཐབ་ཁུང་དང་ ལྡན་པ་ལ་ཤ་ཆེན་པོ་དང་མ་ད་ལ་བརྟེན་པའི་རྣལ་འབྱོར་པས་བདུད་རྩི་ལྔ་དང་ལྡན་པ་དག་གིས་ལ་ལ་ཞིག་དབང་དུ་གྱུར་པ་མྱོས་བྱེད་ལྡན་པར་ནི་ལྷ་མཆོད་པའི་ཚུལ་ལས་སྦྱིན་སྲེག་བྱེད་པ་ཚོགས་འཁོར་དང་འབྲེལ་བ་བརྒྱ་རྩ་བརྒྱད་པ་སྲེག་བླུགས་ཐུན་གསུམ་དུ་བྱེད་པས་ནི། མ་ལུས་པ་རྣམས་ སྤྱོད་པ་ནི། ཞེས་ཁམས་གསུམ་ས་དགུ་ཟག་བཅས་ཟག་མེད་དུ་སྤྱོད་པ་ཟླ་བ་དྲུག་གིས་དབང་དུ་འགྱུར་བའི་གླིང་བཞི་ལ་སོགས་པ་ལ་དབང་བྱེད་པ་ཉིད་འཐོབ་པའོ། །ཡང་ལྷ་རྣམས་སྐུ་མདོག་དམར་སེར་ལ། འབྲས་བུ་ལྡན་པའི་ཡམ་ཤིང་ལ་ཝའི་ཤ་དང་མངར་གསུམ་སྦྱར་བས་མཆོད་པ་ ནི་ཚིམ་འགྱུར་མཁའ་འགྲོ་མས་དེ་ལས་ནི་ལོངས་སྤྱོད་རྒྱལ་སྲིད་སྟེར་བར་གདོན་མི་ཟ་ཞེས་རྒྱས་པའི་ཕྲིན་ལས་སོ། །ད་ནི་རྣལ་འབྱོར་པའི་ཚེ་དང་ལོངས་སྤྱོད་རྒྱས་པར་བྱ་བ་ནི། གོ་མ་ཡུའི་འཕྲལ་གྱི་ཤས་ཅེ་སྤྱང་ངམ་ཡང་ན་ཝའི་ཤ་དང་མྱོས་བྱེད་ཀྱིས་ཕྱི་དང་ནང་གཏོར་མ་ དང་མཆོད་རྫས་ལྡན་པ། ནང་གི་སྦྱིན་སྲེག་བྱ་བ་ནི་རྫས་བྱིན་རླབས་ལྡན་པ་དག་ལུས་ཀྱི་ལྷ་བསྐྱེད་པ་ལ་མཆོད་པའོ། །མེའི་ལྷ་མཆོད་པ་ཅན་གྱིས་ལག་པར་མྱུར་དུ་ནི་བར་ཆད་མེད་པར་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཞེས་གང་བསམས་པ་གྲུབ་པ་བརྒྱད་སོགས། ཕྲིན་ལས་དེ་དག་ ཐམས་ཅད་ལ་སྔགས་ཀྱི་བཟླས་བརྗོད་མཚན་མོ་བཟླས་པ་གསང་སྤྱོད་དང་འབྲེལ་བ་སྟེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤའོ། །ཡུལ་འཁོར་ཡང་ནི་འཁྲུགས་པར་བྱེད་པ་ཕྱི་དང་ནང་དུ་ངེས་པའོ། །དུས་བསྟན་པ། དེ་ལྟར་ཉིན་རེ་བྱས་ན་ནི། །ཞེས་ཟླ་བ་དྲུག་གི་བར་དུ་ཐུན་གསུམ་པར་བྱའོ། །ཕན་ཡོན་ ནི་རྒྱལ་པོ་ཉིད་དུ་བྱེད་འགྱུར་ནི་ནུས་པ་ཐོབ་པའི་སྒྲུབ་པ་པོས་སོ། །འདི་ལ་རབ་མཆོག་གཞན་དག་ནི་འཁོར་ལོ་སྡོམ་པའི་ཕྲིན་ལས་འདི་ཉིད་ཀྱིས་མྱུར་དུ་གྲུབ་པ་སྟེ། འཇིག་རྟེན་གསུམ་ན་ཡོད་མ་ཡིན་ནི་གོང་ན་མེད་པ། ས་གསུམ་ལས་སོ། །རྣལ་འབྱོར་ཆེན་པོ་འཚེ་མེད་ནི་སྒྲུབ་པ་པོ་དེའི་ཚེ་ འཕེལ་བར་འགྱུར་བས་རང་དགའ་འཆི་བདག་འཇོམས་པར་འགྱུར་བའོ། །སྒྱུ་མ་ལྟ་བུའི་རྫུ་འཕྲུལ་སྟོན་པས་ཏེ། སྣ་ཚོགས་གཟུགས་ནི་འགྲོ་བ་མོས་པའི་དབང་སྟེ། འཛིན་ཅིང་རོལ་པ་སྟོན་པའོ། །ཡང་རྒྱས་པའི་ཕྲིན་ལས་ཏེ། བིལ་བ་ནི་སྨན་ཀ་བེད། པཱ་ལ་ཤ་ནི་འབྲུམ་བུ་མངར་བ། ཨུ་དུ་མྺཱ་ ར་ནི་མེ་ཏོག་དཀར་སེར་རོ། །རྒྱས་པའི་སྦྱིན་སྲེག་ལ་ལྷ་ཐམས་ཅད་དམར་སེར་རོ། །འབུམ་དུ་བྱས་པ་ན་གཏོར་མ་དང་མཆོད་པ་ཡང་དེ་ཙམ་གྱིས་ནོར་གྱི་བདག་པོ་ཆེན་པོར་འགྱུར་བ་འཕགས་པ་ངལ་སོས་བུའི་མཛོད་ཐོབ་པ་ལྟ་བུར་རིན་པོ་ཆེ་དབང་གི་རྒྱལ་པོ་མངའ་བརྙེས་པའོ། །ཡང་རྒྱལ་ སྲིད་འཐོབ་པར་འདོད་ཅིང་གྲུབ་པ་ནི། གོ་མཾ་ས་སྟེ་བ་ལང་ཤ་དང་སྤྱོད་བྱེད་བསྲེ་བ་ད་དུ་རའི་འབྲས་བུ་ལས་སྦྱིན་སྲེག་བྱེད་པས་བརྒྱ་རྩ་བརྒྱད་ལ་སོགས་པར་མཆོད་པས། རྣལ་འབྱོར་དབང་ཕྱུག་མཉེས་བྱས་ནི་དཔལ་སྡོམ་པའི་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དང་ཐ་མི་དད་པ་ལ་མཆོད་པས། དབུལ་པོ་ཉིད་དུ་ག་ལ་འགྱུར། །ཞེས་ཕན་ཡོན་མི་ཟད་པ་ནམ་མཁའ་མཛོད་ཐོབ་པའོ། །གོ་མཾ་ཡུ་ནི་ཅེ་སྤྱང་གི་ཤ་དང་ཞི་བའི་ཤིང་ལ་སྦྱིན་སྲེག་བྱས་པ་ནི། གང་ཟག་དེས་ནི་ལས་དང་དངོས་གྲུབ་གང་འདོད་ཅི་བདེ་བར་ནི་གྲུབ་པར་འགྱུར་བ་ཉིད་ཀྱིས། ཡང་གོ་མ་ཡུའི་སྦྱིན་སྲེག་བརྒྱའམ་སྟོང་ ལ་སོགས་པས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་མཆོད་པ་ནི་མྱུར་དུ་ནོར་བདག་མཉམ་པར་འགྱུར་ཞེས་རིན་པོ་ཆེའི་ཕུང་པོ་ཐོབ་པའོ། །དེ་དག་འདི་དུས་སུ་ཕྱི་རོལ་གྱི་དཀའ་ཐུབ་ཀྱི་སྤྱོད་པ་མཐར་ལྷུང་བ་དགག་པ་ནི། བརྟུལ་ཞུགས་དམན་པ་ལ་སོགས་པ་སྟེ། གཙང་སྦྲ་དུས་གསུམ་ གྱི་ཁྲུས་ལ་སོགས་པ་བྱ་བའི་རྒྱུད་ཀྱི་སྤྱོད་པ་མེད་པའོ། །ཡེ་ཤེས་ཆེན་པོ་གསང་བ་མཆོག་བླ་ན་མེད་པ་ཐོབ་པ་ནི་བརྟགས་པ་ནི་དངོས་གྲུབ་འཐོབ་ཅིང་། ཡོན་ཏན་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་འགྱུར་བའོ། །ད་ནི་ཁྱད་པར་དུ་སྒྲུབ་པ་པོ་ཚེ་འཕེལ་བར་འདོད་ན། འཁྲུལ་འཁོར་དང་ རྫས་གཉིས་ལས་དང་པོར་བཅུད་ལེན་དུ་གྱུར་པ་ནི། ལྷག་པའི་ཚེ་ནི་བྲག་ལས་སྐྱེ་པ་ཅན་དང་། ཀུཥྨ་ཌཾ་ནི་མེའི་ས་བོན་ཅན་ནོ། །མུངྒ་ནི་དབང་ཕྱུག་ས་བོན། མ་ཤ་ནི་སྤྲ་བ་ལོ་མ། ཙ་ན་ཀ་ནི་མོ་སྲན་ནོ། །སྦྲང་རྩིའི་ཚིགས་མ་ནི་སྦྲ་ཚིལ་ཏེ། ཀེ་ཚེ་དང་ཞེས་ར་ས་ཡཱ་ན་སྟེ་བཅུད་ལེན་དུ་གྱུར་པ་སྟེ། ཚེ་འཕེལ་བར་བྱེད་པའི་འཆི་མེད་བསྒྲུབ་པའི་སྦྱོར་བ་གསང་བ། ནང་དུ་བདུད་རྩི་རླུང་ལམ་དུ་གྱུར་པས་སོ། །འཁྲུལ་འཁོར་སྦྱོར་བ་ལ། ཏ་མ་ལའི་འདབ་བླངས་དེ་ནི་གུར་ཀུམ་གྱིས་ཡི་གེ་བཅུ་གསུམ་པའི་འཁོར་ལོ་ཨཱ་ལི་ཀཱ་ལིས་མཚན་པ་བྲིས་པ་ལ་ལྷ་བསྟིམ་ཞིང་ཚེ་བསྒྲུབ་པའི་སྤེལ་ཚིག་ཅན། ཕྱི་རོལ་མུ་ཁྱུད་ལས་རྡོ་རྗེ་ཕྱོགས་རྣམས་སུ་ཡོད་པར་རབ་གནས་ལྡན་པས་འགྲུབ་པའོ། །གདོང་གཡོགས་བྱས་ནས་ཞེས་པ་བར་ཆད་བསལ་ཞིང་གནོད་པ་བཟློག་པ་ལ་འཁྲུལ་འཁོར་ད་དུ་ར་ཡིས་བྲིས་ལ། གནོད་པ་བྱེད་པའི་སྤེལ་ཚིག་བྲིས་པ་དགུག་བསྟིམ་བྱས་ལ་དུར་ཁྲོད་དུ་སྦས་ན། ཁ་ བཅིངས་པར་ནི་འགྱུར་བ་གཅན་གཟན་ཁྲོ་བོ་ལྟ་བུའི་ཁ་དང་ལྕེ་རེངས་པར་བྱེད་དོ། །རྣལ་འབྱོར་པ་རང་གི་ཇི་ལྟར་འདོད་པ་ནི་གྲུབ་པར་འགྱུར་པ་བས། གོང་གི་ལས་དང་དངོས་གྲུབ་མ་ལུས་པ་ཡང་ངོ་། །གང་དུ་དགའ་བ་དེར་གནས་སོ། །ཞེས་པ་རིམ་པ་གཉིས་སྤྱོད་པ་མཐར་ཕྱིན་པས་སོ། ། ཧཱ་སྭཱ་ཕཊ་ཧཱུཾ་ཧཱུཾ་ཡེ་ནཱི་ཙ་རོ་བཻ་བཛྲ་ཨོཾ་གསང་སྔགས་སོ། །དེ་ལ་གསང་ཆེན་འདིར་ལམ་སྤྱོད་པ་ཡོངས་སུ་དག་པས་ཕྱོགས་ལས་རྣམ་པར་རྒྱལ་བ་མངོན་དུ་གྱུར་པས། འཁོར་ལོ་ཆེན་པོ་རིགས་བསྡུས་པ་ལ་གོམས་པ་མཐར་ཕྱིན་པས། ལམ་གྱི་རིམ་པས་བཅུ་གསུམ་གྱི་ དབང་ཕྱུག་རང་རྫོགས་སུ་གྱུར་པར་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་སྨོས་ཏེ། མཚན་ཉིད་ཀྱི་ཐེག་པར་ཇི་ལྟར་ས་ལམ་ཐམས་ཅད་འདིར་དོན་ལ་སྟོན་ཅིང་རྫོགས་པའི་ཁྱད་པར་ལས་རྣལ་འབྱོར་མའི་རྒྱུད་དུ་ཐབས་ཤེས་རབ་གཉིས་སུ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་ས་ དང་ལམ་མྱུར་དུ་ཆོད་པ་ཉིད་ལ་གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་གཉིས་ཀྱི་ཡེ་ཤེས་རང་རྫོགས་སུ་གྱུར་པར་དགོངས་པའོ། །ཧེ་རུ་ཀ་དཔལ་ནི་དཔལ་འཁོར་ལོ་སྡོམ་པ་སྐུ་ལྔ་ཡེ་ཤེས་ལྔ་བདེ་ཆེན་དུ་སྡོམ་པ་ཟུང་འཇུག་ཡེ་ཤེས་ཀྱི་སྐུའོ། །དེའི་སྐུའི་ཡན་ལག་ནི་ཕྱི་སྤྲུལ་པའི་འཁོར་ ལོ། ཇི་ལྟར་གནས་པ་དེ་ཉིད་ནང་དབང་དང་བྱིན་རླབས་ཀྱིས་ཁྱད་པར་དུ་གྱུར་པའི་དུས་ནས་སྨིན་གྲོལ་གྱིས་སྦྱངས་པའི་ཚེ། དཔལ་བདེ་མཆོག་གི་ལྷ་ཚོགས་ཀྱིས་བསྡུས་པའི་དཀྱིལ་འཁོར་པ་ཐམས་ཅད་ལུས་ལ་བསྟིམ་པས་དེ་ཉིད་དུ་ནུས་པ་བཞག་ཅིང་རྩ་གནས་སུ་རྣམ་པར་འགྱུར་བ་བསྟན་པའོ། ། སྐུ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་པ་རིགས་ལྔ་རྡོ་རྗེ་འཆང་གིས་བསྡུས་པ་རྣམས་སོ། །བརྟན་པ་ལྷའི་གཞལ་ཡས་ཁང་དང་། གཡོ་བ་འགྲོ་བ་ཐམས་ཅད་མ་ལུས་པ་ལ་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་གྱིས་ཁྱབ་ཅིང་སྤྲོ་བ་དང་བསྡུ་བའི་དབང་ཕྱུག་ཏུ་མཛད་པའོ། །དེ་དག་ལ་ཌཱ་ཀི་གསང་བ་ མཛོད་ལས་གསུངས་པ་ནི། འདིར་ནི། རྣམ་སྤྱོད་གནས་དང་ཉེ་གནས་ཞིང་དང་ཉེ་ཞིང་ཚནྡོ་ཉེ་བའི་ཚནྡོ་འདུ་བ་ཉེ་འདུ་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་འཐུང་གཅོད་ཉེ་བའི་འཐུང་གཅོད་ས་རྣམས་དག་སྟེ་ཀུན་དུ་འོད་དང་ཡེ་ཤེས་ཆེ། །བཅུ་གསུམ་རྡོ་རྗེ་འཛིན་པ་མཆོག་ཏུ་དག་པ་གསང་བའི་ས་ རྣམས་དྲི་མེད་ཧེ་རུ་ཀ་དཔལ་བརྗོད། །ས་གསུམ་དག་ཏུ་དཔའ་བོ་རྣམས་དང་རྣལ་འབྱོར་མ་ཡི་རང་བཞིན་ཡི་གེ་ཕྱི་ནང་དག་པ་དབྱེར་མེད་གསང་བར་གནས། །མ་ལུས་འཁོར་འདས་ཀུན་དུ་ཁྱབ་ཅིང་དབང་སྒྱུར་མཐའ་ཡས་འཇིག་རྟེན་འདས་པའི་བདག །དེས་མདོར་བསྟན་ནས་ད་ནི་རྒྱས་པར་བཤད་པ་ལ། གནས་ནི་རབ་ཏུ་དགའ་བའི་ས། །ཞེས་པ་ནི། ཌཱ་ཀི་བཛྲ་རྒྱ་མཚོ་ལས་གསུང་པའི་དོན་ཏེ། གང་དུ་ཕྱག་རྒྱ་དེ་ཉིད་འཁོར་ལོ་བཞིར། །སྐུ་གསུང་ཐུགས་ཀྱི་རྩ་ནི་རབ་གང་བ། །བཅུ་དྲུག་བདེ་བ་མི་ཕྱེད་ཡེ་ཤེས་ཆེ། །སྙིང་པོ་པདྨ་གེ་སར་རབ་དགའ་བ། །རང་གི་བདེ་ཆེན་གནས་ནི་ལྷན་ཅིག་སྐྱེས། །མགོ་ བོར་བདུད་རྩི་འཕེལ་བྱེད་ཕྱོགས་དག་སྟེ། །ཟླ་བ་དེ་ཉིད་དཔའ་བོ་རྣལ་འབྱོར་མ། །བདག་མེད་གཉིས་ལྡན་མཛེས་པ་ཐུགས་སྤྱོད་པའོ། །དེ་བཞིན་ཉེ་གནས་དྲི་མ་མེད། །སྤྱོད་པ་ཆུ་རྒྱུན་རབ་འབབ་རྣམ་པར་དག །ཆོས་ཀུན་བདེ་བ་མི་འགྱུར་སྤྲོས་མེད་པ། །ཏིང་འཛིན་ཉེར་སྤྱོད་སྟོང་ཉིད་ལས་ རླུང་ཞི། །རྒྱལ་བར་མཐོང་བ་རྣམ་ཐར་མཚུངས་མེད་ཐོབ། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ལུས་གནས་རྩ་ལས་སུམ་མདོར་མེ་འབར་བ། །འོད་ཟེར་བྱེ་བས་འགྲོ་ཀུན་ཁྱབ་འགྱུར་བ། །འཆི་མེད་རྣམ་པར་དག་པའི་ཞིང་གྱུར་ནི། །དཔའ་བོ་སྟོབས་མཆོག་སྐྱེ་མེད་གསུངས་རྡོ་རྗེ། །ཉེ་བའི་ཞིང་ ནི་འོད་འཕྲོ་བ། །ཡེ་ཤེས་འོད་ཟེར་དེ་ཉིད་སྤྲོ་དང་སྡུད། །སྐར་མདའ་ཐིག་ལེ་གསང་བ་རབ་དབྱེ་ཉིད། །སྨིན་ཅིང་འཛག་པ་ཆུ་དབང་ཉེར་ཞི་དྲག །སྒྲ་ལས་བརྗོད་པ་དུ་མ་སྡུད་པའོ། ཚནྡོ་ཧ་ནི་མངོན་གྱུར་ཉིད། །རྣམ་ཤེས་སྤྱོད་པས་རོ་དྲུག་ཟ་བ་སྟེ། །ཡེ་ཤེས་ཀྱིས་ནི་ཞི་བ་རབ་རྒྱས་བྱེད། ། སྒྱུར་དཀའ་སེམས་ཉིད་ཐབ་འཇོམས་པ་ལས། །འཁོར་ལོ་རལ་གྲི་རྫུ་འཕྲུལ་སྟོན་པའོ། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །སྒྱུ་མ་རྨི་ལམ་ཆོས་ནི་མངོན་དུ་གྱུར། །རྗེས་འགྲོ་ཆོས་ཉིད་འཕགས་པའི་ལམ་ཉིད་དེ། །དགེ་བ་བསམ་གཏན་མཁའ་འགྲོ་ཁམས་ཀུན་སྤྱོད། །གསལ་བ་ཉི་ མ་འཆར་ནུབ་ཐིམ་པར་འགྲོ། །འདུས་ས་རིང་དུ་སོང་བ་ཡིན། །ལུགས་གནས་ལུགས་ནི་རིང་འགྱུར་སྤྱོད་པ་དག །ཕྲ་བ་རྗེས་སྤྱོད་དགའ་བའི་ཡུལ་གྱུར་ཉིད། །འདོད་ཡོན་དག་པ་དབང་པོ་རབ་སིམ་པ། །དོན་བྱེད་གྲོང་ཁྱེར་དགྲ་རྣམས་འདུལ་བའོ། །ཉེ་བར་འདུས་མི་གཡོ་བ། །བླ་ མེད་བགྲོད་པ་སེང་གེ་སྟོབས་མཆོག་ཉིད། །ཕྱིར་མི་ལྡོག་པ་མཐའ་དག་མི་འཁྲུགས་པ། །བྱང་སེམས་རོ་མ་རྐྱང་མ་ཀུན་འདར་དུ། །སྙིང་རྗེས་འདུ་བ་རྩ་གཞན་བླ་མེད་སྤྱོད། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཡེ་ཤེས་མཚུངས་མེད་ལེགས་སྤྱོད་ནམ་མཁའ་ལ། །ཐོགས་མེད་བློ་གྲོས་ རྒྱ་མཚོའི་རྣལ་འབྱོར་ཆེ། །སྲོག་དང་རྩོལ་བ་དག་པས་རབ་མི་གནས། །འོད་གསལ་འགོག་པ་མེད་པར་སྤྱོད་པའོ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །དབའ་རླབས་ཆུ་འཛིན་སྣ་ཚོགས་བྱམས་པའི་གདུགས། །གླིང་རྣམས་འགེབས་པ་ཆོས་ཉིད་ཀློང་ཡངས་ཏེ། །རྣམ་དག་ ཡང་དག་ལམ་གྱི་སྙིང་པོ་ཆེ། །སྲ་བ་མཆོག་འགྱུར་རྡོ་རྗེ་དབྱིངས་དབང་ཕྱུག །ཡང་དག་མཐར་གནས་བྱང་ཆུབ་སྙིང་པོ་ཉིད། །རྡོ་རྗེའི་ཏིང་འཛིན་ཡེ་ཤེས་དེ་བཞིན་གཤེགས། །གདོད་ནས་དགེ་པ་སྤྲོས་མེད་ཕྱག་རྒྱ་ཆེ། །མཉམ་མེད་བདུད་འཇོམས་སྒོ་གསུམ་རོ་མཉམ་གྱུར། །འོད་གསལ་ སྙིང་པོ་སྲོག་གྱུར་རྩ་རྣམས་དག་པ་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཀུན་དུ་སྟོན་གྱུར་པ། །མཆོག་གྱུར་རྒྱལ་པོ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་ནི་ཁྱབ་བདག་མ་ལུས་རྣམ་མི་རྟོག །རྒྱུ་འབྲས་བདེ་ཆེན་ལྷུན་གྲུབ་བཅུ་གསུམ་པ། །སྐད་ཅིག་གཙུག་ཏོར་རྫོགས་པར་རབ་ཐིམ་པ། །རྒྱུན་མི་འཆད་པར་བྱང་ ཆུབ་སེམས་འབྱུང་འགྱུར། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་བཞིན། །ངོ་བོ་ཉིད་སྐུ་ཡེ་ཤེས་ཟུང་འཇུག་སྐུ། །སངས་རྒྱས་ནམ་མཁའི་སྐུ་ནི་འདིར་འཐོབ་བྱེད། །ཅེས་གསུངས་པའི་དོན་ཏོ། །འདིར་ནི་མཚན་ཉིད་ཀྱི་ཐེག་པ་ལས། སྙིང་པོར་གྱུར་པ་རྡོ་རྗེའི་ཐེག་པ་གསང་བ་བླ་ན་མེད་པའི་དཔལ་ ལྡན་ཧེ་རུ་ཀ་གཞུང་སྤྱོད། །ཅེས་སྨོས་ཏེ། བདེ་བ་ཆེན་པོར་སྡོམ་པ་ཡེ་ཤེས་ཀྱི་སྐུ་ཅན་གྱིས་བསྟན་པའི་དོན་ཏོ། །འདི་ནི་ནང་གི་བདག་ཉིད་ཅན་ལ་མཆོག་ཏུ་འགྱུར་བ་ནང་གི་རྩ་དང་ཐིག་ལེ་ལ་སོགས་པའི་རྟེན་འབྲེལ་ཕྱི་སྣང་བ་འཁོར་ལོ་སྡོམ་པའི་ངང་ལས་མ་འདས་པའོ། །དེ་ཡང་དབང་བཅུ་མངོན་དུ་གྱུར་ པས་སྦྱིན་པ་ནས་ཡེ་ཤེས་ཀྱི་བར་གྱི་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ཀྱི་དང་། ལམ་རྣམས་ནི་ཐོབ་ཚུལ་མཚུངས་ཀྱང་ལམ་བགྲོད་ཚུལ་མི་འདྲ་བ་ཉིད་དོ། །རྣལ་འབྱོར་མའི་བརྡའི་སྐད་ནི་ཀླ་ཀློའི་སྐད་ཀྱིས་སྦས་པའི་གསང་བ་འཇིག་རྟེན་གྱི་སྒྲ་དང་རྟོག་གེ་བས་མི་རྟོགས་པར་གྱུར་པའོ། །དེ་ལ་དཀྱིལ་ འཁོར་གསང་བ་ཡང་དག་པའི་གནས་ཚུལ་ནི། མཐོ་རིས་ཏེ་ཐུགས་མཁའ་སྤྱོད་དང་ས་སྟེང་ནི་ས་སྤྱོད་གསུང་དང་། ས་འོག་ཏུ་སྤྱོད་པ་སྐུའི་འཁོར་ལོ་ལ་དཔའ་བའི་ཡན་ལག་ནི་དཔལ་ཧེ་རུའི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་བའོ། །བརྟན་པ་དཀྱིལ་འཁོར་གཞལ་ཡས་ཁང་ལ་གཡོ་བ་ལྷ་ ཚོགས་འཁོར་ལོར་གནས་པ་དག་གི་བདག་ནི་དེ་ཐམས་ཅད་རྣལ་འབྱོར་པའི་ལུས་སེམས་ལ་སྡོམ་པར་གྱུར་པའོ། །པུལླི་ར་སོགས་གང་བསྟན་པ་ནི་སྤྲུལ་པ་འཛམ་བུའི་གླིང་གི་འཁོར་ལོ་ཡུལ་གྱི་བྱེ་བྲག་ཐ་དད་པའོ། །དེ་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ལ་གནས་པ་བཞིན་དུ་རྣལ་འབྱོར་པའི་ ལུས་ལ་ཡང་སྦྱར་བའོ། །ཐོག་མེད་དུས་སུ་གང་བསྟན་པ་ནི་གདོད་མ་ནས་གྲུབ་པའི་ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་གྱི་འཁོར་ལོ། འོག་མིན་དང་། རི་རབ་རྩེ་དང་། འཛམ་བུའི་གླིང་དུ་ཡང་སྣང་བར་མཛད་པའོ། །ཕྱི་ནང་བདག་ཉིད་ཅན་དུ་གནས་པ་ནི་ཀུན་དུ་ཁྱབ་ཅིང་ལྷུན་གྱིས་གྲུབ་པའོ། ། ཐོགས་པ་མེད་པར་ཀུན་གྱི་དབང་ཕྱུག་ཏུ་བསྟན་པས་གར་གྱི་ཆོ་འཕྲུལ་ནི་དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ་ནི་དུས་དང་རྣམ་པ་ཐམས་ཅད་དུ་བདུད་ལས་རྒྱལ་བའི་སྐུ་གཙོ་བོར་འགྱུར་བའོ། །འདོད་པ་ཀུན་ནི་སྒྲུབ་པ་པོས་དོན་ཀུན་སྩོལ་བ་ཉིད་ལས། དབང་ཕྱུག་གཙོ་ནི་ཡེ་ཤེས་ཀྱི་དབང་ཕྱུག་བརྒྱད་ དང་ལྡན་པ་ཉིད་དོ། །ཀུན་དུ་ཕྱག་དང་ནི་ཟླ་བ་བཅུ་གཉིས་རྣམ་པར་དག་པ། ཞབས་ལྡན་ཞིང་ནི་ཉི་མ་ལྷོ་བྱང་དུ་བགྲོད་པ་གཉིས་སོ། །ཀུན་དུ་སྤྱན་དང་ནི་དུས་གསུམ་ཐམས་ཅད་དུས་མེད་མཉམ་པ་ཉིད་དུ་གཟིགས་པའོ། །གཙུག་ཏོར་ཞལ་ཏེ་གཙུག་ཏོར་བལྟར་མི་མངོན་པ་དང་། ཞལ་གྱིས་ཁྱབ་པ་ ཚད་མེད་པ་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་བ། ཀུན་དུ་ཐོས་ལྡན་ནི་གསུང་གི་གསང་བ་བདེ་ཆེན་བསམ་གྱིས་མི་ཁྱབ་པས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བཅུ་དྲུག་འདས་པའི་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ལ་སོགས་པར་ཡང་གསུང་ཐོས་པ་ཉིད་ཀྱིས་སོ། །ཐམས་ཅད་གཡོགས་ ཏེ། རྣམ་པར་བཞུགས་པ་ནི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་གསང་བ་བདེ་ཆེན་བསམ་གྱིས་མི་ཁྱབ་པའི་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་འདས་ཐམས་ཅད་ཀྱི་དོན་མཛད་པ་ཉིད་དོ། །ད་ནི་གཞུང་ཉེ་བར་བསྡུ་བའི་སྒོ་ནས་ལམ་གྲུབ་པའི་དོན་བསྟན་པ་ནི་དེ་ནས་དངོས་གྲུབ་བྱ་བ་ནི་འབྲས་བུའི་མཆོག་གསང་བ་ མཆོག་ཐུན་མོང་ངོ་། །བསམ་གཏན་ལྡན་པའི་སེམས་ཀྱིས་ཏེ་ནི་ལམ་གྱི་རིམ་པས་དམ་ཚིག་སྡོམ་པ་སྤྱོད་པ་དང་ལྡན་པ་མཐར་འབྱིན་པའོ། །སྒྲུབ་པ་པོས་རྟེན་གྱི་གང་ཟག་ཉམས་ལེན་བྱེད་པ་ལ་ཕན་པའི་ཕྱིར་ཞེས་པ་མ་འོངས་པའི་སྐལ་བ་དང་ལྡན་པ་རྣམས་ལ་དགོངས་པ་ཉིད་དོ། །དེ་དག་ཆོས་འདི་ འཇུག་པར་འགྱུར་བས་ན། གསང་བ་ཆེན་པོ་རྒྱུད་གསུམ་སྟོན་པའི་དེ་ཉིད་གསལ་བར་གསུངས་པ་ཡིན་ཞེས་སྙིང་པོ་མཆོག་ཏུ་གྱུར་པའི་དོན་གསང་ཆེན་ལ་ཉེ་བར་གདམས་པ་བསྟན་པ་ཉིད་དོ། །ད་ནི་ལེའུའི་མཚན་ལས་དཔལ་འཁོར་ལོ་སྡོམ་པ་ལ། དབང་གི་སྦྱིན་སྲེག་ དང་། ལས་ཚོགས་རྣམས་སོ། །གནས་ལ་སོགས་པ་བསྟན་པའི་ཆོ་ག་ནི་ས་ལམ་རིམ་པ་སྟེ། ལེའུ་ལྔ་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་ཡོངས་སུ་བསྡུས་པའི་རྒྱུད་འདི་ལ། རྗོད་བྱེད་སྒྲའི་གསང་ཆེན་ དང་བརྗོད་བྱ་དོན་གྱི་གསང་ཆེན་གཉིས་སུ་མེད་པ་བདེ་བ་ཆེན་པོ། ཡེ་ཤེས་ཀྱི་གསང་ཆེན་གྱི་དོན་མ་ལུས་པ་ཐམས་ཅད་ལེའུ་དང་པོར་མདོར་བསྟན་པ། ལུས་རྣམ་པར་གཞག་པ་ལྟ་བུར་གསུངས་ནས། ལེའུ་གཉིས་པ་ནས་ཞེ་དགུ་པ་ཡན་ཆད་ཀྱིས་བརྒྱད་པར་བཤད་ལ་ལེའུ་ལྔ་བཅུ་པས་ལས་ རབ་འབྱམས་རྣམས་དང་། ལམ་དང་སའི་རིམ་པ་བསྟན་པས་ཅུང་ཟད་བསྡུ་བ་ཙམ་མཛད་ནས། ལེའུ་ལྔ་བཅུ་རྩ་གཅིག་པ་འདིས་ཚིག་དོན་ཐམས་ཅད་ཉེ་བར་བསྡུ་བ་མཛད་པ་ནི། མན་ངག་ནི་དཔལ་རྡོ་རྗེ་འཆང་ཆེན་པོ་ནས་ད་ལྟའི་བླ་མའི་བར་དུ་བྱིན་རླབས་མཆོག་ཏུ་གྱུར་པའི་རྒྱུད་འདི་ནི་སྐལ་བ་དང་མི་ ལྡན་པས་རྙེད་པར་དཀའ་བ་སྟེ། དེ་བཞིན་གཤེགས་པ་མར་མེ་མཛད་ནས། ཐུབ་པ་འོད་སྲུངས་ཀྱི་བར་གྱིས་ཀྱང་མ་གསུངས་པའི་ཕྱིར་རོ། །དེ་བས་ན་ཐུབ་པ་ཐུགས་རྗེ་ཆེ་ཞིང་ཐབས་མཁས་པས་དཔའ་བོས་ཞེས་དཔལ་ཧེ་རུ་ཀའི་བརྡའི་སྐད་དུ་ནི་སྒྲ་ཇི་བཞིན་པ་མ་ཡིན་པར་གསང་བ་སྙིང་པོའི་ དོན་ལྐོག་ཏུ་གྱུར་པ་དེ་བཞིན་གཤེགས་པ་སྤྱོད་ཡུལ་ཉིད་ཐུན་མོང་པ་མ་ཡིན་པར་བསྟན་པའོ། །ང་ཡིས་རྒྱུད་གཞན་རྣམས་ཐམས་ཅད་དུ་ཡང་གསལ་པོར་མ་བསྟན་ཏེ། ཤིན་ཏུ་སྦས་པ་ཡིན་ཞེས་སྒྲ་པ་དང་རྟོག་གེ་པས་རྟོགས་པར་དཀའ་བ་ཀླ་ཀློའི་སྐད་ལ་སོགས་པའི་སྒོ་ནས་བསྟན་པ་སྟེ། རིམ་ པ་གཉིས་མངོན་དུ་གྱུར་པའི་ཚུལ་གྱི་གཞུང་བསྡུ་བ་སྤྱིར་མཛད་པའོ། །ད་ནི་མངོན་པར་རྟོགས་པ་ཡོངས་སུ་བསྡུ་བའི་དོན་གྱི་གསང་བ་སྟོན་པ་ནི། གོས་དང་ཞེས་པ་ལ་སོགས་པ་སྟེ། བྷཱ་སྨཱ་ཤེ་ཞེས་དུར་ཁྲོད་ལས་བྱུང་བའི་གོས་སམ། པཥྛི་ཛའི་སྒྲས་གནས་ལ་འགྲོ་བས། དུར་ཁྲོད་ཀྱིས་དབེན་ པར་གནས་ཕུན་སུམ་ཚོགས་པའམ། ཚད་མེད་པ་བསྟན་པ་ཉིད་ཀྱིས་རྣལ་འབྱོར་སྲུང་བ་དང་། བདག་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀ་ལ་ཕྱག་རྒྱ་ལྔས་བརྒྱན་པ་ལ་སོགས་ཀྱིས་བདག་བསྲུང་བ་དང་། ཡང་སོགས་ཀྱིས་ཐབས་ཀྱི་ཡན་ལག་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ཀྱི་ཡན་ལག་ ཡེ་ཤེས་ཀྱི་ཚོགས་དང་། ཕུར་བུ་གུར་གྱི་གནས་བསྲུང་བ་སྔོན་དུ་འགྲོ་བའོ། །རྒྱུ་ཚོགས་ནི་རྟེན་འབྱུང་བ་རིམ་བརྩེགས་རི་ར་བ་ཆེན་པོ་གཞལ་ཡས་ཁང་བསྐྱེད་པ་ལ། བརྟེན་པ་ལྷའི་འཁོར་ལོ་བསྐྱེད་པ་ལ། སྟོང་པ་སྔོན་འགྲོ་སྟེ་ཨཱ་ལི་དང་། ཀཱ་ལི་སྟེ་ས་བོན་ཕྱག་མཚན་ལ་སོགས་ མངོན་པར་བྱང་ཆུབ་པ་ཉིད་དང་། བརྗོད་ནས་སྔོན་དུ་འགྲོ་བས་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་རྒྱུའི་ཧེ་རུ་ཀ་བསྐྱེད་པ་ཉིད་དང་། འཇུག་པ་སྒྲ་ལ་སོགས་པ་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་ཉིད་ལས། ཇི་སྲིད་བསྡུས་པ་ནམ་མཁའ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲངས་ནས་བསྟིམ་ པ་ལས། ཡུམ་གྱི་ཆོས་འབྱུང་དུ་ལྷའི་འཁོར་ལོ་རྫོགས་པ་ལས། དམ་ཚིག་གི་འཁོར་ལོ་ཕྱུང་ནས་བཀོད་པས་སྤྲོ་བ་དང་བསྡུ་བ་བསྟན་པའོ། །མྱ་ངན་ལས་འདས་པ་གཙོ་བོ་ཡབ་ཡུམ་འོད་ཀྱི་ཐིག་ལེར་ཞུ་བ་དང་བདུད་རྩི་སྟེ། ཐིག་ལེའི་རང་བཞིན་དུ་གནས་པ་ལ་ཚིམ་བྱེད་ཚད་མེད་བཞིའི་ངང་ ལས་གནས་པ་ལ་གླུས་བསྐུལ་བ་དང་། བསྡུས་པའི་སྦྱོར་ལྡན་གཙོ་བོ་ཡབ་ཡུམ་བཞེད་པར་གྱུར་པས་སྦྱོར་བ་དང་པོའི་ཏིང་ངེ་འཛིན་བསྟན་པའོ། །གོ་ཆ་ཆེན་པོ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་བསྟན་པ་དང་། མྱང་འདས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་བསྒོམ་སྟེ། དཀྱིལ་འཁོར་ རྒྱལ་པོ་མཆོག་གོ། །ལས་རྒྱལ་པོ་མཆོག་ལ་ལག་པའི་མཆོད་པས་གོ་ཆ་གཉིས་བགོ་བ་དང་། བསྡུས་པའི་སྦྱོར་བས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྟིམ་པ་དང་། དབང་བསྐུར་ཞིང་རྒྱས་གདབ་པར་བྱ་བ་དང་། སྔགས་རྣམས་ཀུན་གྱིས་མཆོད་པ་བླ་ན་མེད་པ་ བསྟན་པས་མཉམ་གཞག་གི་རྣལ་འབྱོར་དེ་ལྟར་དེ་ཉིད་བཅུ་བཞི་ནི། །ཞེས་པ་མངོན་པར་རྟོགས་པ་ཧེ་རུ་ཀ་མངལ་སྐྱེས་བསྟན་པ་ལ། མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་ཐུན་ཉེ་བར་བསྡུས་ནས་བདུད་རྩི་མྱང་ཞིང་གཏོར་མ་དབུལ་བར་བྱ་བ་དང་། རྫོགས་པའི་རིམ་པ་བསྒོམ་པའི་བར་ གྱིས་མཉམ་གཞག་གི་རྣལ་འབྱོར་བསྟན། དེ་ནས་རྗེས་ཐོབ་སྤྱོད་པ་ལ་གནས་པར་བྱ་བའོ། །ཡང་རྫུས་སྐྱེས་ཀྱི་རིམ་པ་ལྟར་ན་དང་པོར་བྱང་ཆུབ་ཀྱི་སེམས་དང་ལྡན་པས་དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་ལུས་ངག་ཡིད་གསུམ་དག་པར་བྱས་ནས། གོས་དང་ཞེས་ ཚངས་པའི་གནས་བཞི་བསྒོམ་པ་རྣལ་འབྱོར་སྲུང་བའོ། །ཕྱག་རྒྱ་ལྔ་ནི་ཕུང་པོ་ལྔ་རིགས་ལྔས་རྒྱས་གདབ་སོགས་ཁོངས་སུ་ཁམས་དང་སྐྱེ་མཆེད་བསྡུ་བས་བདག་བསྲུང་བའོ། །ཕུར་བུ་གུར་ནི་གནས་བསྲུང་བའོ། །པྲ་ཛྙཱ་པུ་ཎྱའི་སྒྲས་ནི་ཤེས་རབ་ཀྱིས་ཟིན་པའི་བསོད་ནམས་ཀྱི་ཚོགས་ རྫོགས་པར་བྱེད་པ་ཡན་ལག་བདུན་པས་སོ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །འཇུག་པ་ནི་སྒྲ་དེས་གཞོམ་དུ་མེད་པའི་ནཱ་ད་ལ་སོགས་པ་བྷེ་རཾ་བྷ་སྟེ། ཇི་སྲིད་བསྡུ་བའི་སྦྱོར་ལྡན་པ་ནི་འབྱུང་བ་རིམ་བརྩེགས་ནས་རི་རབ་དང་སྣ་ཚོགས་པདྨ་དང་། ཨཱ་ལི་ཀཱ་ལི་ཐིག་ལེ་ལས་ ས་བོན་དང་བཅས་པ་སྤྲོ་བ་དང་བསྡུ་བས་ངོ་བོ་ཉིད་སྐུའི་དམ་ཚིག་གི་དཀྱིལ་འཁོར་རྒྱས་པར་བསྐྱེད་པའོ། །མྱ་ངན་འདས་ནི་བྱང་ཆུབ་ཕྱོགས་ཆོས་སྐུའི་རྣལ་འབྱོར་དང་། གོ་ཆ་ཆེན་པོས་ནི་ལུས་རྟེན་དང་བརྟེན་པར་བཅས་པ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་དང་། ལག་པའི་མཆོད་པ་སྟེ་གོ་ཆ་ གཉིས་བགོ་བ་དང་། སྡུད་པའི་སྦྱོར་ལྡན་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བྱ་བ་དང་། དབང་བསྐུར་བ་དང་སྔགས་རྣམས་ཀུན་གྱིས་མཆོད་པར་བྱ་བ་ཕྱི་དང་། གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་བསྟོད་བྱ་བ་དང་། སྔགས་རྣམས་ཞེས་པས་བཟླས་པའི་རྣལ་འབྱོར་ ཡང་བསྟན་བདུད་རྩི་ཚིམ་བྱེད་ཀྱི་བདུད་རྩི་མྱང་བ་གཏོར་མ་དབུལ་བ་དང་ཡང་བསྡུས་པའི་སྦྱོར་ལྡན་པས་ཐུན་ཉེ་བར་བསྡུ་བ་ཡང་བསྟན་ཏོ། །དེས་བསྐྱེད་པའི་དོན་གཞུང་བསྡུ་བ་དེ་ཁོ་ན་ཉིད་སྟོན་པའོ། །ད་ནི་དེ་ཉིད་ལ་རྫོགས་པའི་རིམ་པ་ལྟར་ན། ཁྱད་པར་དུ་རྣལ་འབྱོར་རྣམ་པར་གྲོལ་བ་ལས། གོས་ ནི་ལུས་ཀུན་དུ་ཁྱབ་པའི་ཀུན་ད་བྱང་སེམས་དེ་ལ་བརྟེན་པའི་དོན་དམ་པ་བདེ་བས་ཀུན་དུ་ཁྱབ་པས་གོས་སམ་གནས་སུ་གྱུར་པའོ། །ཕྱག་རྒྱ་ལྔ་ནི་འབྱུང་བ་ལྔ་དང་དུག་ལྔ་དག་པའི་ཡེ་ཤེས་ལྔ་ཉིད་དོ། །སོགས་ནི་རྩ་འཁོར་ལོ་དྲུག་ལ་སོགས་པ་དབྱེ་བསྡུ་རྣམས་སོ། །ཤེས་རབ་ཡན་ལག་ ནི་ལས་དང་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པའོ། །ཕུར་བུ་གུར་ནི་རྡོ་རྗེ་དྲ་གུར་ལྟ་བུ་སྟེ། བྱང་ཆུབ་སེམས་ཀྱི་ཕུར་བུས་སྲུང་བ་ཆེན་པོའོ། །ཨཱ་ལི་ཀཱ་ལི་ནི་རྩ་འཁོར་ལོ་བཞི་ཡིག་འབྲུ་དགོད་པ་རྣམས་སོ། །བརྗོད་པ་ནི་རླུང་སྲོག་དང་རྩོལ་བའོ། །རྒྱུ་ནི་ཆོས་ཉིད་ཀྱི་རྩྭ་ཀུན་འདར་ མའོ། །སོགས་ནི་རོ་རྐྱང་གཉིས་དང་གཞན་རྩ་ཐམས་ཅད་དོ། །བདེ་བ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེ་བའི་རྟེན་རྩ་དབུ་མ་དེ་ཉིད་དང་པོ་ལུས་ཆགས་པའི་ཐོག་མར་དང་པོ་བྱུང་བས་ན་སྔོན་འགྲོ་བའོ། །འཇུག་པ་ནི་རླུང་ལམ་དུ་བྱ་བ་སྟེ་འབྱུང་འཇུག་གནས་པའོ། །སྒྲ་ལ་སོགས་པ་ནི་རླུང་དང་རྩ་ ཡིག་ཁོང་ན་གནས་པ་ལས། ངག་ལས་ཚིག་དང་། མིང་དང་། བརྗོད་པ་དང་། རབ་ཏུ་བྱེད་པ་དུ་མ་འབྱུང་བ་གནས་པ་ཐིམ་པའོ། །ཇི་སྲིད་ནི་སྲིད་པ་གསུམ་སྟེ་རྩ་གསུམ་མཚོན་པའོ། །བསྡུས་པ་ནི་རྩ་དབུ་མ་དང་ཨ་ཐུང་ལས། མི་ཤིགས་པའི་ཐིག་ལེ་གནས་པ་ལས་འོད་ཟེར་སྤྲོ་བ་ དང་སྡུད་པའོ། །དེ་ཉིད་ཁམས་གཞན་གྱི་བདུད་རྩི་བླངས་ནས་རང་གི་གནས་སུ་བསྡུས་པས་ཡེ་ཤེས་མྱུར་དུ་སྐྱེ་བའོ། །སྦྱོར་ལྡན་པ་ནི་ལྟེ་བའི་འོག་གི་ཙཎྜ་ལཱི་དང་སྟེང་གི་སྤྱི་བོའི་ཧཾ་ལས་བདུད་རྩི་ཕབ་སྟེ་འཁོར་ལོ་རྣམས་སུ་རིམ་པ་བཞིན་དུ་སྦྱོར་བའོ། །དེ་ཉིད་ལ་འབར་འཛག་ཏུ་གྱུར་ པས་བདུད་རྩི་ནི་སྤྱི་བོའི་ཧཾ་ལས་སོ། །ཚིམ་བྱེད་ནི་འབར་བ་ལ་ཐིམ་པས། ལུས་སེམས་ལ་བདེ་སྟོང་ལྷན་ཅིག་སྐྱེས། ཚིམ་བྱེད་དུ་གྱུར་བའོ། །མྱ་ངན་འདས་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་བསྲེགས་པས་བདེ་སྟོང་དུ་རང་སར་རྣམ་པར་དག་པའོ། །ལག་པ་ནི་ཕྱག་རྒྱ་སྟེ་དེ་ དག་ཐམས་ཅད་ལ་ཡང་ཕྱག་རྒྱ་བཞི་ལྡན་དུ་གནས་པས། མཆོད་པ་ནི་རང་ལུས་ཐབས་ཧེ་རུ་ཀ་བདེ་བ་དང་། ཡུམ་སྟོང་ཉིད་དེ། ཐབས་ཤེས་རབ་གཉིས་མེད་ཡེ་ཤེས་ཆེན་པོ་མཆོད་པའོ། །དབང་བསྐུར་བ་ནི་དགའ་བ་དང་སྐད་ཅིག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་དུ་ དབང་བསྐུར་བ་ཉིད་དོ། །གོ་ཆ་ཆེན་པོ་ནི་ལུས་ཀྱི་གནས་དང་། ཉེ་བའི་གནས་ལ་སོགས་པ་ཐམས་ཅད་དུ་དཔའ་བོ་ཐབས་དང་རྣལ་འབྱོར་མ་ཤེས་རབ་དབྱེར་མེད་གྱུར་པས་རྩ་དང་བྱང་སེམས་རོ་མཉམ་བདེ་ཆེན་མི་རྟོགས་པར་གནས་པས་བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་ འཇོམས་ཤིང་བསྲུང་བར་འགྱུར་བའོ། །སྔགས་རྣམས་ནི་འབྱུང་བ་ལྔའི་རླུང་སྟེ་སྲོག་རྩོལ་ལ་སྦྱངས་པས་དབུ་མར་ཆུད་པས་སྣང་གྲགས་ཐམས་ཅད་བདག་གཞན་དབྱེར་མེད་བདེ་བ་དང་སྟོང་པ་གཉིས་མེད་ཀྱི་མཆོད་པར་བྱ་བ་ཉིད་དེ། དེ་དག་གིས་ལམ་རྫོགས་པའི་ རིམ་པ་དང་སྦྱར་བ་དཔལ་ཌོཾ་བི་ཧེ་རུ་ཀའི་བཞེད་པའོ། །ད་ནི་དེ་དག་གི་གཞུང་ཡོངས་སུ་བསྡུ་བའི་ཚུལ་གྱིས་གདམས་པ་ནི། བཱ་ས་ནི་ཞེས་གནས་དང་གོས་ལ་འཇུག་པས། ས་ལ་འདོད་པ་ཀུན་དབང་ཕྱུག་ནི་གནས་ཕུན་སུམ་ཚོགས་པ་བསྟན་པའི་གཞུང་བསྡུ་བའོ། །དབང་གི་གཞུང་བསྡུ་ བ་ནི་དབང་བསྐུར་བ་ཞེས་པའོ། །ལམ་བསྐྱེད་པའི་རིམ་པའི་དེ་ཉིད་བཅུ་བཞི་པོ་ཐམས་ཅད་ཀྱིས་བསྟན་ཡང་རྫོགས་རིམ་ཀྱང་དེ་ཉིད་ཀྱིས་སོ། །རྫོགས་རིམ་ཕྱག་རྒྱ་ཆེན་པོ་ནི། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་པའོ། །དམ་ཚིག་ལ་གཉིས་ལས་བསྲུང་བའི་དམ་ཚིག་ནི་གང་གིས་ ཐོབ་ནས་མ་དད་པ་དབུལ་པོ་སྡུག་བསྔལ་གྱིས་གདུངས་པ་དེ་ལ་རྟག་ཏུ་འབྱུང་བར་འགྱུར། དེ་ལ་ཉེས་དམིགས་ཀྱི་སྒོ་ནས་བསྟན་པའོ། །བདུད་རྩི་ཚིམ་བྱེད་ཀྱི་ཚོགས་ཀྱི་འཁོར་ལོའི་དུས་སུ་ཡང་ལག་པའི་མཆོད་པ་ཞེས་པས་བཟའ་བའི་དམ་ཚིག་གི་གཞུང་བསྡུ་བའོ། །སྤྱོད་པ་ལ། ཕྱག་ རྒྱུ་ལྔ་སོགས་དང་། མགུལ་རྒྱན་གདུ་བུ་སོགས་ཚིག་རྐང་བཞིས་རིག་པའི་བརྟུལ་ཞུགས་དང་། སྤྱོད་པ་སྣ་ཚོགས་སྟོན་མཛོད་ཀྱིས་ཀུན་དུ་བཟང་པོ་མགོན་པོ་ཀུན་སྤྱོད་སྦས་པ་ཨ་ཝ་དྷཱུ་ཏཱི་པའི་སྤྱོད་པ། ཕྱོགས་ལས་རྣམ་པར་རྒྱལ་བར་བསྡུས་པའི་སྤྱོད་པ་ཡང་བསྡུས་པའོ། །ཨཱ་ལི་ཀཱ་ ལི་དང་སྔགས་རྣམས་ཀུན་གྱི་ཞེས་གསང་སྔགས་སྙིང་པོ་ཉེ་སྙིང་རྩ་སྔགས་བཟླས་པའི་དོན་ཏོ། །ཤེས་རབ་ཡན་ལག་དང་། མཆོད་པར་བྱ་ཞེས་པས་རིག་ལྡན་མཆོད་པ་བསྡུས་པའོ། །ལམ་མངོན་དུ་གྱུར་པ་ལ་སྤངས་ཐོབ་གཉིས་ལས། སྤང་བྱ་རང་སར་དག་པར་གྱུར་པ་ནི། ཇི་ལྟར་ སྔོན་བསགས་སྡིག་པ་ཡི། །བག་ཆགས་ཀུན་ཟད་མཚན་ཉིད་ཅན། །ཞེས་པས་སོ། །འབྲས་བུ་མངོན་དུ་གྱུར་པ་ལ། །དེ་བཞིན་གཤེགས་པའི་ས་ཐོབ་ཅིང་། །ས་ལ་འདོད་པ་ཀུན་དབང་ཕྱུག །ཅེས་པས་ཡེ་ཤེས་ས་ལམ་རྫོགས་པའི་གཞུང་བསྡུ་བའོ། །ད་ནི་དཔལ་འཁོར་ལོ་ སྡོམ་པའི་རྒྱུད་འདིར་ཞུགས་པའི་རྣལ་འབྱོར་པས། འབྲས་བུ་མཆོག་མངོན་དུ་གྱུར་པ་བསྟན་པ་ནི། མི་མཆོག་གང་ཞིག་ཀུན་སྤྱོད་པ། །ཞེས་སྨོས་ཏེ། འདིར་རྟེན་གྱི་གང་ཟག་གིས་ཐོས་བསམ་བསྒོམ་པས་རྒྱུད་སྦྱངས་པས་ལམ་ལ་གོམས་པར་གྱུར་པས། སྒྲིབ་པ་ཐམས་ཅད་རྣམ་པར་དག ། བདག་ནི་ལས་དང་ཉོན་མོངས་པ་གནས་ངན་ལེན་མྱུར་དུ་བདག་སྤྱོད་པ་དང་ལྡན་པའོ། །དེ་བཞིན་གཤེགས་པའི་ས་ཐོབ་ཅིང་ནི་ས་བཅུ་གསུམ་པའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཚེ་འདི་ཉིད་ལ་མངོན་དུ་གྱུར་པ་དབང་པོ་ཡང་རབ་སྟེ། ས་ལ་འདོད་པ་ཀུན་དབང་ཕྱུག །ཅེས་པ་ལ་ཕྲ་ཞིང་ཡང་ལ་ཕྲ་ བར་ནུས་པ་དང་། །སྤྱོད་པ་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་ཅིང་ཐམས་ཅད་དབང་དུ་གྱུར། །ཅེས་འདོད་བསྐྱེད་དང་དབང་ཕྱུག་དོན་བརྒྱད་དོ་ཞེས་པའི་དོན་གྱི་མཚུངས་པ་མེད་པའོ། །ཡང་སྐྱེ་བ་བདུན་ཚུན་ཆོད་ཀྱིས་མཆོག་མངོན་དུ་གྱུར་པ་བསྟན་པ་ནི། ཇི་ལྟར་སྔོན་ ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་མ་རིག་པའི་བག་ཆགས་ཀུན་ཟད་པར་བྱེད་པའི་མཚན་ཉིད་ཅན་ནི། བརྩོན་འགྲུས་ལྡན་པ་གང་ཞིག་གིས་འདི་ནི་དུས་རྟག་ཏུ་བསྒོམ་པ་དག་ནི། སྐྱེ་བ་དང་ནི་གང་དང་གང་དུ་སྐྱེ་བ་དེར་བདེ་བར་གཤེགས་པ་དག་གི་རིགས་སྐྱེ་སྟེ། ཁྱད་ པར་དུ་རྣལ་འབྱོར་དབང་ཕྱུག་ཆེན་པོར་གྱུར་པ་ནི། དང་པོ་ནས་ཆོས་དང་ལྡན་པ་ཉིད་ལ་སྟེ། དབང་པོ་རབ་ཀྱིས་ཐོབ་པའོ། །ད་ནི་མཚན་ཙམ་གྱིས་གྲོལ་བ་དྲི་མ་དག་ཚུལ་དཔེའི་སྒོ་ནས་བསྟན་པ། དཔེར་ན་མར་གྱིས་གང་བའི་སྣོད། །ཅེས་བུམ་པ་ལྟ་བུ་དེ་ཉིད་མེ་འབར་བའི་དབུས་སུ་བཞག་པར་ གྱུར་ན་ནི། མར་འབྲུ་ལས་བྱུང་བའམ་སྲོག་ཆགས་ལས་བྱུང་བའི་དངས་མ་སྟེང་དུ་ཞུ་བར་གྱུར་ཅིང་སྙིགས་མ་ལུས་པ་ཕྱེད་ཅིང་སྣོད་དེ་ཉིད་ཀྱི་དྲི་མ་འཇིག་པ་ཉིད་དུ་འགྱུར་བ་དྲི་མ་ཐམས་ཅད་མྱུར་དུ་འདག་པའི་ཁྱད་པར་བསྟན་པ་ལས། དོན་ནི་དེ་བཞིན་ཤྲཱི་ཧེ་རུ་ཀའི་ཞེས་པ་ལ། ཤྲཱི་ནི་གཉིས་མེད་ ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའི་དོན་གྱིས་རྣམ་ཐར་སྒོ་གསུམ་སྐུ་གསུང་ཐུགས་སྐད་ཅིག་མ་བཞི་པ་མངོན་པར་རྫོགས་པར་བྱང་ཆུབ་པ་སྙིང་པོ་ཡེ་ཤེས་མངོན་དུ་གྱུར་པའོ། །མཚན་ཐོས་པ་ཙམ་གྱིས་ སྐད་ཅིག་ལ་སྒྲིབ་པ་འཇིག་པར་འགྱུར་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ཤིན་ཏུ་སྦྱངས་པ་ཅན་གྱི་སྤྱོད་ཡུལ་དུ་གྱུར་པའོ། །བསམ་གཏན་ནི་ཐུན་བཞི་ལ་སོགས་པར་རོ། །འདི་ཉིད་ཡིད་ལ་སེམས་པ་ཙམ་གྱིས་སམ་མོས་པ་བྱས་པ་ཙམ་གྱིས་ཀྱང་ཡོན་ཏན་དུ་མ་ ཐོབ་ལ། གླེགས་བམ་དུ་བཀླག་ཅིང་ཁ་ཏོན་དུ་འདོན་པ་དང་བྲིས་ཤིང་བཅངས་པས་ནི། ཕན་ཡོན་གྱི་ཁྱད་པར་མཐོ་རིས་ཡན་ལག་དང་ལྡན་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཐོབ་འགྱུར་བའམ་ཞེས་གནས་སྐབས་པ་ལ། ཡང་ན་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་རྩིབས་ ཀྱི་མུ་ཁྱུད་ལྟ་བུ་འཐོབ་ཅེས་དབང་པོ་ཐ་མའི་ལམ་མོ། །ཚེ་འདིར་མཆོག་མ་ཐོབ་ནའང་བར་མ་དོར་དཀྱིལ་འཁོར་གྱི་འཁོར་ལོའི་སྣང་བ་དང་མི་འབྲལ་བར་དག་པའི་ཞིང་ཁམས་སུ་སྤྱོད་པར་འགྱུར་བ་ནི། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཞེས་སྨོས་ཏེ། སྒྲུབ་པ་པོ་རིམ་པ་གཉིས་ལ་རྟགས་ སྣ་འགའ་ཙམ་ལས་མ་ཐོབ་ན་ཡང་། བར་མ་དོར་ཞལ་སྟོན་པར་འགྱུར་བ་ནི། དཔལ་ལྡན་ཁྲག་འཐུང་ནི་བཅོམ་ལྡན་འདས་ཉིད་རྡོ་རྗེ་བཙུན་མོ་དང་བཅས་པ་དང་། སོགས་ནི་དཔའ་བོ་རྣམས་ཐམས་ཅད་དང་། མཁའ་འགྲོ་ས་གསུམ་ན་གནས་པ་ཐམས་ཅད་ཡུལ་ཉི་ཤུ་རྩ་བཞི་དང་འོག་མིན་ ན་བཞུགས་པའི་ལྷ་ཚོགས་ཀྱིས་ལག་ན་མེ་ཏོག་སྣ་ཚོགས་ཐོགས་པ་སྟེ། ལྷ་རྫས་ཀྱི་མེ་ཏོག་པདྨ་དང་། ཨུཏྤལ་དང་། ཀུ་མུ་ཏ་དང་། པུཎྜ་རཱི་ཀ་དང་། མཉྫུ་ཥ་ཀ་ལ་སོགས་པས་མཆོད་པར་བྱེད། ལྷའི་རིན་པོ་ཆེའི་རྒྱལ་མཚན་སྣ་ཚོགས་དུ་མ་དང་། བ་ད་ན་སྣ་ཚོགས་པ་དུ་མ་དང་ གདུགས་དང་བླ་རེ་ཆེན་པོ་དང་འཕན་ལ་སོགས་པ་དང་། རོལ་མོའི་སྒྲ་ནི་སྣ་ཚོགས་པ་དུང་དང་རྔ་བོ་ཆེ་དང་གཎྜི་དང་། པི་ཝང་དང་། གླིང་བུ་དང་། རྒྱུད་མངས་དང་། པ་ཊ་ཧ་དང་། ཕེག་རྡོབ་པ་དང་། ཌ་མ་རུ་དང་། དྲིལ་བུ་ལ་སོགས་པ་དུ་མ་སྒྲོགས་པར་བྱེད་ཅིང་། སྣ་ཚོགས་ཀླུའི་ མཆོད་པས་མཆོད་པ་ནི་དྲུག་ལྡན་དང་བཞི་འགྱུར་ལ་སོགས་པ་རྡོ་རྗེའི་གླུ་དབྱངས་ཡིད་དུ་འོང་བ་དུ་མ་ནི་ལྷ་མོའི་ཚོགས་ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་སྟེ། ཚུ་རོལ་པ་རྣམས་ཀྱིས་འཆི་བ་ཞེས་བྱ་བ་རྟགས་ཙམ་དུ་བས་ཀྱི། སྒྲུབ་པ་པོ་ལ་འཆི་བ་མེད་པས་བདེ་བའི་སྣང་བ་ལས་ མ་འདས་ཏེ། རྣམ་རྟོག་འདི་ཞེས་གཞན་དག་རྣམས་ཀྱི་འཁྲུལ་སྣང་ཡིན་ནོ། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པ་ནི་ལུས་འཇའ་ཚོན་ལྟ་བུའི་རྣམ་པ་ལ་སེམས་ཡེ་ཤེས་བདེ་སྟོང་དུ་གྱུར་པ་ཉིད་ཀྱིས་ཟག་པ་མེད་པའི་སྐུར་འགྱུར་བའི་དོན་ཏོ། །དེས་ནི་དབང་པོ་འབྲིང་གི་ལམ་མངོན་དུ་ བྱ་བའོ། །ཕན་ཡོན་དེ་དག་ཀྱང་ཕལ་པ་རྣམས་ལ་འབྱུང་བ་མ་ཡིན་ཏེ། དེ་འདྲའི་དཔལ་ཆེན་དེ་སྒྲུབ་པ་པོ་དང་། རྣལ་འབྱོར་པ་ལུས་ངག་ཡིད་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་དང་ཐ་མི་དད་དུ་གྱུར་པ་དག་ས་སྟེང་ནས་ནི་རྙེད་པར་དཀའ་བ་སྟེ་ཨུ་དུ་མྺཱ་ར་ལྟ་བུ་སྲིད་པ་ཙམ་དུ་བསྟན་པའོ། །ད་ནི་ བསྲུང་བྱའི་དམ་ཚིག་ལས་དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཆེན་འདི་ལ་དང་པོར་ཞུགས་ཤིང་། དབང་ཐོབ་པ་ཆོས་ཐོས་ནས། །གང་གིས་བླ་མ་དང་ལྷག་པའི་ལྷ་དང་གསང་བའི་སྤྱོད་པ་དང་། མཆོད་རྫས་བརྟེན་པ་ལ་སོགས་པ་ལ་རང་བཞིན་ཤེས་ནས་མ་དད་པས་དམ་ཚིག་མ་བསྲུངས་ན། ཚེ་འདི་ལ་ དབུལ་བའི་སྡུག་བསྔལ་གྱིས་གདུང་བ་ལ་སོགས་པ་རྣམ་པར་འཚེ་བ་དུ་མ་འབྱུང་ལ། སྐྱེ་བ་ཕྱི་མ་དེ་ལ་དུས་རྟག་ཏུ་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བར་འགྱུར་བ་སྟེ། དམ་ཚིག་ལས་འདས་པའི་སྐྱོན་པ་བསྟན་པའོ། །ད་ནི་མངོན་པར་རྟོགས་པ་སྒོམ་པའི་གཞུང་བསྡུ་བ་ལས། དང་པོར་ རྫུས་སྐྱེས་རིམ་པ་བསྟན་པ་ནི། རི་སྟེང་ནི་འབྱུང་བཞི་རིམ་བརྩེགས་ཀྱི་སྟེང་དུ་རི་བོ་མཆོག་རབ་པོ། །སྣ་ཚོགས་པདྨ་ནི་འདབ་མ་སུམ་ཅུ་རྩ་གཉིས་པ་དེའི་ལྟེ་བར་སྣ་ཚོགས་རྡོ་རྗེའི་དབུས་སུ་པདྨ་འདབ་མ་བརྒྱད་པར་གནས་པ་ལ། ཡི་གེ་ས་བོན་ཙམ་ལས་ཨཱ་ལི་ཀཱ་ལི་སྐྱེས་ནི་དབྱངས་དང་། གསལ་བྱེད་ཀྱི་དབུས་སུ་ཧཱུཾ་འོད་འཕྲོ་བ་ལས། སྤྲོ་བསྡུ་ནས་སྐད་ཅིག་གིས་གཞལ་ཡས་ཁང་ལྷའི་འཁོར་ལོ་ལྔ་ལྡན་དུ་བཅས་པ་རྫོགས་བྱེད་དུ་རྣམ་པར་བལྟ་སྟེ། དཔལ་ཧེ་རུ་ཀ་ཞབས་གཡས་བརྐྱང་པས་ལྷ་མོ་ཨུ་མ་དུས་མཚན་མོ་མནན་ཅིང་། ཞབས་གཡོན་པས་དེའི་བདག་པོ་ འཇིགས་བྱེད་སུམ་བལྟབ་ཏུ་རྣམ་པར་གནོན་ཅིང་སྟེ་ཆད་པ་དང་རྟག་པར་ལྟ་བ་འཇོམས་པའོ། །བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་འཁྱུད་ཅིང་མཉམ་སྦྱོར་བའོ། །ཉི་ཤུ་རྩ་བཞི་ཕྱེད་ལྡན་པ་ན་ཕྱག་བཅུ་ གཉིས་རྟེན་འབྲེལ་བཅུ་གཉིས་དང་ས་བཅུ་གཉིས་རྫོགས་པས་བཅུ་གསུམ་རྡོ་རྗེ་འཛིན་པ་ལ་གནས་པའོ། །འགའ་ཞིག་གིས་ལྷ་བཅུ་གསུམ་པའི་ཚིག་ཟིན་དུ་འདོད་པའང་ཡོད་དོ། །དཔའ་བོ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ་གནས་པའི་ཚོགས་སོ། །རྣལ་འབྱོར་མ་ ཚོགས་ཌཱ་ཀི་མ་སུམ་ཅུ་རྩ་དྲུག་གིས་ཡོངས་སུ་བསྐོར་བའོ། །དེ་རྣམས་ཀྱི་སྐུའི་རྒྱན་ནི། སྤྱི་གཙུག་གི་འཁོར་ལོ་ཐོད་པ་ལྔ་ནོར་བུ་དང་ལྡན་པ་མི་བསྐྱོད་པའི་ཕྱག་རྒྱ་དང་། མགུལ་རྒྱན་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ། ལག་པ་གདུ་བུ་དཔུང་རྒྱན་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་ རྒྱ། རྣ་རྒྱན་འོད་དཔག་མེད་ཀྱི་ཕྱག་རྒྱ། ཚངས་པའི་སྐུད་པ་མཆོད་ཕྱིར་ཐོགས་དང་སྐ་རགས་འོག་པགས་སིལ་སིལ་སྒྲ་སྒྲོགས་པ་ནི་དམ་ཚིག་རིགས་ཀྱི་ཕྱག་རྒྱའོ། །ཐལ་བའི་རྡུལ་གྱིས་བྱུགས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཉིད་དོ། །དོ་ཤལ་མགོ་བོའི་ཕྲེང་བ་ནི་མི་མགོ་ ཁྲག་འཛག་པ་ཅན་ལྔ་བཅུ་ཐག་པ་རྒྱུ་མས་བྱས་པ་འདུ་བྱེད་ལྔ་བཅུ་དག་པའི་བརྡའོ། །ཤཱི་ཧེ་རུ་ཀ་ཕྱག་རྒྱ་ཆེན་པོ་ནི། བཅོམ་ལྡན་འཁོར་ལོ་ལྔའི་དབུས་ན་སྐུ་ལྔ་བདེ་ཆེན་དུ་བཞུགས་པའོ། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །ཞེས་པས་དངོས་གྲུབ་ཐམས་ཅད་སྒྲུབ་པར་ འདོད་པས་ཐུན་བཞི་རིམ་པས་གནས་པར་བྱ་བའོ། །ད་ནི་མངལ་སྐྱེས་ལྟར་ན་ཁྱད་པར་ནི་དཔའ་བོ་ཉེར་བཞི་པོ་ཀུན་དང་རྣལ་འབྱོར་མ་སུམ་ཅུ་སོ་དྲུག་པའི་འཁོར་ལོ་ལྔ་ལྡན་དུ་གྱུར་པ་བྷ་གའི་དཀྱིལ་འཁོར་གྱི་དབུས་སུ་དཔལ་ཧེ་རུ་ཀ་ཡབ་ཡུམ་སྦྱོར་ལྡན་བསྲུབས་བས་པ་ལས་བྱུང་བའི་མངོན་པར་ བྱང་ཆུབ་པ་ལྔ་ལས་བྱུང་བ་རྒྱུའི་ཧེ་རུ་ཀ་རྫོགས་པའོ། །འབྱིན་པ་དམ་ཚིག་གི་དཀྱིལ་འཁོར་དུ་བཀོད་པས། སྡུད་པ་གཙོ་བོ་ཡབ་ཡུམ་ཞུ་བ་ནི་སྟོང་ཉིད་འོད་གསལ་དུ་འཇུག་པར་མཛད་པ་ཡིན་ཞེས་ཐིག་ལེའི་གཟུགས་སུ་གནས་པ་ལ། མཚམས་ཀྱི་ལྷ་མོའི་གླུས་བསྐུལ་བས་ལྷ་ཚོགས་ ཐམས་ཅད་དགྱེས་པས་ཁྱབ་པར་གྱུར་ཅིང་གཉིས་མེད་འགྱུར་བ་འབྲས་བུའི་ཧེ་རུ་ཀ་སླར་བཞེངས་པ་ཉིད་ཆོ་ག་བླ་ན་མེད་པ་ཏིང་ངེ་འཛིན་གསུམ་དུ་བསྟན་པའོ། །དེ་ལས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་འགྲོ་བ་རྣམས་ཀྱི་མོས་པའི་བྱེ་བྲག་དང་དབང་པོའི་བྱེ་བྲག་ཐ་དད་པ་དུ་མའི་སེམས་ཅན་ལ་སྐུའི་རྣམ་ པར་འཕྲུལ་བ་གང་ལ་གང་འདུལ་དུ་སྟོན་པའོ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ་ནི་ཞི་བ་དང་ཁྲོ་བོ་དང་ཉན་རང་དང་བོ་དྷི་སཏྭ་རྣལ་འབྱོར་དབང་ཕྱུག་དང་ཞལ་གདོང་བརྙན་མི་འདྲ་བར་གར་གྱི་རོལ་པས་སྣ་ཚོགས་ཚུལ་གྱིས་ཐུན་མོང་དང་ཁྱད་པར་གྱིས་འཁོར་བ་མ་སྟོངས་བར་དུ་གདུལ་བྱ་ནམ་མཁའ་ དང་མཉམ་པ་ལ་ཐབས་ནི་སྣ་ཚོགས་སྒྱུ་མ་ལྟ་བུའི་སྤྲོས་པ་དང་། ཡང་སྤྲོས་པ་མེད་པ་ཟབ་པ་དང་། རྒྱ་ཆེ་བ་དུ་མ་སྟོན་པ་ཡིན་ཞེས་སྣོད་དང་འཚམ་པར་རོ། །ད་ནི་གསང་ཆེན་བླ་ན་མེད་པ་ཟབ་མོ་སྙིང་པོའི་ཆོས་འདི་ནི་ཧེ་རུ་ཀ་ངས་སྟོན་པ་ལ་འགའ་ཞིག་གལ་ཏེ། མོས་པར་མ་གྱུར་ཀྱང་ཞེས་དབང་པོ་དམན་ པས་འདི་ལ་མི་འཇུག་ན་ཡང་སྨོད་པ་དག་ཏུ་མི་བྱ་སྟེ། ཚར་བཅད་པའི་སྤྱོད་ཡུལ་ལོ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ་ནི་ཐམས་ཅད་ལ་བློའི་ཡུལ་ལས་འདས་པ་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་ལ་གནས་པར་བྱ་བའོ། །ཡང་གང་ཟག་གང་གིས་ཆོས་འདི་བདག་གིས་རྟོགས་པའི་སྤྱོད་ཡུལ་ མིན་པས་སུས་ཀྱང་འདིའི་དོན་མངོན་དུ་གྱུར་པ་མེད་པའི་ཤེས་བྱེད་ནི། བདག་གིས་ཆོས་འདིའི་ཆོས་ཉིད་ནི་མ་རྟོགས་པས་གཞན་དག་ཀྱང་མ་ཤེས་པ་ཡིན་ནོ་ཞེས་ཟེར་བ་ཅན་ནི་མ་རྟོགས་པ་སྟེ། གང་གིས་མངོན་དུ་བྱེད་པ་བསྟན་པ་རྫོགས་སངས་རྒྱས་དང་ཞེས་དབང་པོ་ཡང་རབ་དང་དེའི་ སྲས་ནི་བྱང་ཆུབ་སེམས་དཔའ་དབང་པོ་རབ་དང་འབྲིང་དུ་གྱུར་པ་རྣམས་དང་བདག་ཉིད་ཆེན་པོ་གང་ཟག་ཐོད་རྒལ་བ་རྣལ་འབྱོར་དབང་ཕྱུག་ཏུ་གྱུར་པ་རྣམས་ཀྱིས་མཁྱེན་ཅིང་མངོན་དུ་གྱུར་པར་མཛད་པའོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལྷུན་གྲུབ་འགྱུར་བ་མེད་པར་སྟོན་པའི་ཕྱིར། སངས་ རྒྱས་རྣམས་ནི་བྱོན་གྱུར་ཏམ། །ཞེས་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བྱོན་ནས་ཆོས་དཔག་ཏུ་མེད་པ་གསུངས་པའམ། མ་བྱོན་ན་ཡང་ཆོས་མང་པོ་མ་གསུངས་ན་ཡང་དུས་དང་རྣམ་པ་ཀུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་བདེ་བ་ཆེན་པོ་ བསམ་གྱིས་མི་ཁྱབ་པ་དཔལ་བདེ་མཆོག་གི་འཁོར་ལོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་དབྱིངས་ཡེ་ཤེས་དབྱེར་མེད་ལ་ནི་འཕེལ་འགྲིབ་སྤངས་པ་སྟེ་ཟུང་འཇུག་རབ་ཏུ་མི་གནས་པ་བརྗོད་པ་ལས་འདས་པ་ཉིད་དོ། །དེ་ལྟར་ཆོས་ནི་ཚིག་དང་དོན་དུ་བཅས་པ། བརྗོད་བྱའི་གསང་བ་དང་རྗོད་བྱེད་ཀྱི་ གསང་ཆེན་འདི་ལ་ལུང་དང་རིགས་པས་རྣམ་པར་གཞལ་ནས་ཀྱང་ཞེས་གང་ཟག་དབང་པོ་རྣོན་པོ་ལ་དགོངས་ནས་གསང་ཆེན་བྱིན་རླབས་གསང་བ་མཆོག་ཏུ་གྱུར་པ་བསྟན་པ་ལ། འཇིག་རྟེན་པ་ཐ་སྙད་པ་དངོས་པོ་ལ་མཚན་མར་འཛིན་པ་ཀུན་གྱིས་ཡོང་མི་སྨད་དེ། སྒྲོ་འདོགས་ སྐུར་འདེབས་ཀྱི་སྤྲོས་པ་ལས་འདས་པའི་ཕྱིར་རོ། །ཁྱད་པར་སྙིང་པོ་གསང་བ་དེའི་བགྲོད་པ་ལམ་མྱུར་ཞིང་བདེ་བའི་ལམ་མཆོག་འདིར་བསམས་ཤིང་ཞེས་ཆོས་སྐུ་ཟབ་པ་དབྱིངས་ཡེ་ཤེས་རོ་མཉམ་པའི་ངང་ལས། རྒྱ་ཆེ་བ་སངས་རྒྱས་གཟུགས་སྐུའི་རྣམ་པར་རོལ་པ་གསང་བ་བསམ་གྱིས་ མི་ཁྱབ་ཅིང་། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མཁྱེན་པ། ངོ་བོ་ཉིད་བདེ་བ་ཆེན་པོ་བྱང་ཆུབ་སེམས་ལྷུན་གྱིས་གྲུབ་པའོ། །སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་བསྟན་པ་ནི། མདོ་སྡེ་ནི་མཚན་ཉིད་ཀྱི་ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོ་རྣམས་སོ། །ཇི་སྲིད་བྱ་བ་སྤྱོད་ སོགས་ཀྲྀ་ཡ་དང་ཙརྱ་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་བར་རྡོ་རྗེ་ཐེག་པ་སྤྱིའོ། །ཁྱད་པར་བ་རྣལ་འབྱོར་གསང་མཐའ་སྟེ་བླ་ན་མེད་པ་དབྱེ་བ་ཉིད་ནི་རྒྱུད་སྡེ་བཞི་རིམ་པས་འཇུག་པ་ལ་སེམས་ཅན་མོས་པས་འཇུག་པ་རྣམས་བློའི་རིམ་པའམ། འདོད་པའི་ཡོན་ཏན་ལ་ཆགས་ཚུལ་རིམ་པས་བསྟན་ པ་དེ་དང་། དེ་ལ་དགའ་བ་བཞིས་ཞེས་དྲང་བ་དང་ངེས་པ་དང་སྙིང་པོའི་དོན་བསྟན་པའོ། །མཚན་གྱིས་རབ་གྲོལ་དབང་ཕྱུག་བདེ་ཆེན་གོ་འཕང་ཡན་ལག་མངོན་འགྱུར་མི་ཕྱེད་གནས་ཐོབ་པ། །གང་ཟག་ཨུ་དུམ་ལྟར་ཏེ་ཕྱིར་ལྡོག་གང་ཡིན་འཁོར་བར་ལྷུང་ལ་ཕྱག་རྒྱར་གྲུབ་པས་ལམ་གྱུར་པ། ། སྐད་ཅིག་དག་གིས་རྫོགས་བྱེད་རྣལ་འབྱོར་དེ་ཉིད་གསང་བ་སྲིད་པ་སྐྱེ་ཚུལ་དང་མཚུངས་སྟོན། །འགྲོ་བ་སྐལ་ལྡན་སྐལ་མེད་འཇིག་རྟེན་དག་ན་ཆོས་རྣམས་དག་ཅིང་བདག་མེད་མཉམ་པ་ཉིད་དུ་རང་འབྱུང་བའོ། །ཉན་རང་ཐེག་ཆེན་ཞུགས་དང་བྲམ་ཟེར་སྤྱོད་དང་བརྟུལ་ཞུགས་ཅན་དེ་རྣལ་འབྱོར་ རྗེས་སུ་རིགས་པ་དང་། །མཉམ་སྦྱོར་མི་འགྱུར་དེ་ཉིད་ཐམས་ཅད་སེམས་ཀྱི་སྤྱོད་ཡུལ་གསང་བ་མི་ཟད་ཆེན་པོར་བརྟག །གང་དུ་སྟོང་དང་སྙིང་རྗེ་དབྱེར་མེད་ཆོས་ཉིད་བདེན་པའི་དོན་ནི་མི་རྟོགས་བྱིན་རླབས་བྲལ། །ཚུལ་ངན་རིག་བྱེད་རྟོག་གེའི་གཞུང་ལུགས་ལོག་པར་ལྟ་ལ་ཞེན་བྱས་རིག་ དོན་མ་མཐོང་། །བླ་མའི་མན་ངག་བྲལ་བའི་སྐྱེ་བོ་རྟོག་པའི་དྲ་བས་བཅིངས་པ་རྣམས་ཀྱིས་རྟོགས་མིན་པ། གསང་ཆེན་སྙིང་པོའི་རྒྱུད་ནི་དྲི་མེད་འཕགས་པའི་ནོར་གྱི་བློ་ལྡན་སྤྱོད་ཡུལ་དག་ཏུ་ནི། །ལོག་ལྟ་ཉམས་བྱེད་སྐལ་བར་ལྡན་རྣམས་ཡང་དག་ལམ་སྟོན་མཁས་རྣམས་བསྲུང་། །མི་བཟེད་སྙིགས་ དུས་རྩོད་པའི་འགྲོ་རྣམས་གསང་ཆེན་ལམ་རྟོགས་བྱ་ཕྱིར་ང་ཉིད་དེ་ཡི་ཚེ་ན་ཡང་། །དུས་དང་དུས་སུ་སྙིང་པོའི་དོན་སྟོན་བླ་མ་ཉིད་དུ་གྱུར་ནས་བསྟན་པ་འབྱུང་བར་འགྱུར་བ་ཉིད། །དཔལ་ལྡན་སྡོམ་པ་ཆེན་པོ་ཡོན་ཏན་རྒྱ་མཚོའི་འབྱུང་གནས་གསང་བ་མཛོད་འདི་གསང་བའི་དོན་སྟོན་པའོ། །དེ་ལ་ བརྗོད་བྱ་དང་རྗོད་བྱེད་དུ་བཅས་པའི་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་བསྟན་པ་ནི། དཔལ་ཧེ་རུ་ཀ་ཞེས་བྱ་བ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་ཐར་སྒོ་གསུམ་སྐད་ཅིག་མ་རྣམ་པར་དག་པའོ། །རྒྱུད་ཀྱི་རྒྱལ་པོ་ནི་བླ་ན་མེད་པའི་གསང་ཆེན་ནོ། །ནམ་མཁའ་དང་མཉམ་པ་འབུམ་པའི་ནང་ནས་བྱུང་བ་ཞེས་ཁྱད་ པར་སྙིང་པོ་ལྟ་བུ་ཉིད་དེ་རྒྱ་མཚོ་ཆེན་པོ་ལས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟར་སྟོན་པ་དཔལ་རྡོ་རྗེ་དྲིལ་བུ་པས་གདན་དྲངས་པའོ། །དངོས་གྲུབ་ཀྱི་ཆོ་ག་ནི་མཆོག་དང་ཐུན་མོང་གི་གྲུབ་པ་མྱུར་དུ་འགྲུབ་པ་སྦྱིན་སྲེག་དང་འཁྲུལ་འཁོར་ལ་སོགས་པའི་ལམ་མོ། །ཤིན་ཏུ་རྨད་དུ་བྱུང་བ་ནི་བྱིན་ རླབས་ཕུལ་དུ་བྱུང་བའོ། །བསྟན་བཅོས་ཐམས་ཅད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་པའོ། །དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་ནི་བདུད་ལས་རྣམ་པར་རྒྱལ་བ་བཀླགས་པས་འགྲུབ་པ་ནི། ཤིན་ཏུ་མྱུར་དུ་དོན་གྲུབ་པར་བྱེད་ པའོ། །ཐམས་ཅད། །མཁྱེན་པ་ནི་རང་གཞན་གཉིས་མེད་རྣམ་པ་མ་ལུས་པའི་དོན་ཏོ། །གཞན་གྱིས་མི་ཐུབ་པ་ནི་བར་དུ་གཅོད་པ་མི་འབྱུང་བའོ། །གདོད་མ་ནས་གྲུབ་པ་ནི་དཔལ་ཧེ་རུ་ཀ་རྡོ་རྗེ་འཆང་གི་དགོངས་པའོ། །རྒྱུད་ཕྱི་མ་ནི་དང་པོ་ཆེན་པོ་ལ་ལྟོས་པའོ། །དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བ་ རྒྱུད་སྡེ་རྣམས་ལས་འདི་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་ལྔ་བཅུ་རྩ་གཅིག་པ་རྫོགས་སོ་ཞེས་ཡོངས་སུ་བསྟན་པ་མ་ལུས་པའི་དོན་ཏོ། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ་ཞེས་བྱ་བའི་རྣམ་པར་བཤད་པ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་མཛད་པའོ།། །། ༄༅། །རྒྱ་གར་སྐད་དུ། མཱུ་ལ་ཏནྟྲ་ཧྲི་ད་ཡ་སཾ་གྲ་ཧ་ཨབྷི་དྷཱ་ནོཏྟར་ཏནྟྲ་མཱུ་ལ་མཱུ་ལ་བྲྀ་ཏྟི། །བོད་སྐད་དུ། རྩ་བའི་རྒྱུད་ཀྱི་སྙིང་པོ་འདུས་པ་ངེས་པར་བརྗོད་པའི་རྒྱུད་བླ་མ་རྩ་བ་རྩ་བའི་འགྲེལ་པ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །གང་དུ་སྙིང་གི་པདྨ་ཁ་སྦྱར་དབུས་ ན་གསལ། །ཕྲ་བར་ལྟ་བ་རང་འབྱུང་མྱོང་བའི་སེམས་འཇུག་པ། །ཁམས་གསུམ་མེ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །གསལ་བ་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། །གང་གི་ཕྱིར་ན་རྒྱུད་ནི་གཉིས་ཏེ། རྩ་བའི་དང་ཡན་ལག་གིའོ། །ཡང་རྩ་བ་དང་བཤད་པའོ། །ཅི་ རྩ་བ་གཉིས་གཅིག་གམ་ཐ་དད་ཅེ་ན། གཉིས་ཉིད་དེ། གཙོ་བོར་གྱུར་པ་དང་། བཤད་བྱར་གྱུར་པའོ། །དེ་དང་དེ་གཉིས་རྒྱས་པ་དང་བསྡུས་པ་སྟེ། ཇི་ལྟར་ཞེ་ན། འདི་ནི་ཕྱི་མའོ། །རྩ་བའི་རྒྱུད་འབུམ་པའི་གླེང་གཞི་སྟོང་ཕྲག་གསུམ་བསྡུས་རྒྱུད་འདི་ལེའུ་གཅིག་གིས་མདོར་བསྡུས་པ་བཤད་ དོ། །རྩ་བའི་རྒྱུད་འབུམ་པའི་གླེང་བསླང་བ་སྟོང་ཕྲག་གསུམ་བསྡུས་རྒྱུད་འདིའི་ལེའུ་གཅིག་གིས་མདོར་བསྡུས་ནས་བཤད་དོ། །རྩ་བའི་རྒྱུད་འབུམ་པའི་རྒྱུད་འབྱུང་བའི་རྒྱུད་སྟོང་ཕྲག་གསུམ་བསྡུས་པའི་རྒྱུད་འདི་ལེའུ་གཅིག་གིས་མདོར་བསྡུས་ཏེ་བཤད་དོ། །རྒྱུད་འབུམ་པའི་བསྐྱེད་པའི་རིམ་ པའི་སྔོན་འགྲོ་གནས་ཕུན་སུམ་ཚོགས་པ་དང་། གང་ཟག་ཕུན་སུམ་ཚོགས་པ་དང་། སྒྲུབ་པའི་ཡན་ལག་ཕུན་སུམ་ཚོགས་པ་དང་། སྔོན་དུ་འགྲོ་བ་རྣལ་འབྱོར་བསྲུང་བ་དང་། བདག་བསྲུང་བ་དང་། གནས་བསྲུང་བ་དང་། བསོད་ནམས་ཀྱི་ཚོགས་བསགས་པ་དང་། ཡེ་ཤེས་ཀྱི་ ཚོགས་བསགས་པའི་རྩ་བའི་རྒྱུད་ལས་སྟོང་ཕྲག་གཅིག་གསུངས་པ། བསྡུས་པའི་རྒྱུད་འདིའི་ལེའུ་བཞི་པའི་ཆ་གཅིག་གིས་བཤད་པ་ཡིན་ནོ། །དེ་ལྟར་རྒྱུད་འབུམ་པའི་སྟོང་ཕྲག་བཅུ་རྒྱུད་འདིའི་ལེའུ་ཕྱེད་དང་བཞིས་བཤད་དོ། །ལེའུ་བཞི་པ་ནས་ཉི་ཤུའི་བར་གྱི་ལེའུ་བཅུ་བདུན་ གྱིས་རྩ་བའི་རྒྱུད་འབུམ་པའི་སྟོང་ཕྲག་བཅུ་བདུན་གྱི་འཁོར་ལོ་བཤད་དོ། །ལེའུ་བཞི་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་གིས་རྫོགས་པའི་རིམ་པ་དང་། ལེའུ་བཅུ་བཞི་པ་རིམ་པ་བཞི་པ་བསྒོམ་པའི་རྫོགས་པའི་རིམ་པ་དང་། ལེའུ་ཉི་ཤུ་རྩ་ལྔ་བ་ཐིག་ལེ་བསྒོམ་པའི་རྫོགས་པའི་རིམ་པ་ གསུམ་གྱིས་རྒྱུད་འབུམ་པའི་རྫོགས་པའི་རིམ་པ་སྟོང་ཕྲག་གསུམ་བཤད་དོ། །དེ་དེ་ལྟར་ན་སྟོང་ཕྲག་སུམ་ཅུ་ཐམ་པ་བསྡུས་རྒྱུད་འདིའི་ལེའུ་ཉི་ཤུ་མན་ཆད་ཀྱིས་བཤད་དོ། །ལེའུ་ཉི་ཤུ་རྩ་གཅིག་པ་ནས་ལེའུ་བདུན་ཅུའི་བར་གྱིས་རྒྱུད་འབུམ་པའི་སྟོང་ཕྲག་ལྔ་བཅུ་བསྡུས་རྒྱུད་འདིའི་ལེའུ་ལྔས་ བཤད་དོ། །དེའི་ཕྱིར་དེ་ལྟར་ན་རྒྱུད་འབུམ་པའི་སྟོང་ཕྲག་བརྒྱད་ཅུ་ནི་བསྡུས་པའི་རྒྱུད་ངེས་པར་བརྗོད་པའི་རྒྱུད་བླ་མ་འདིས་བསྡུས་པ་ཡིན་ལ། རྩ་བའི་རྒྱུད་ཀྱི་རྫོགས་པའི་རིམ་པ་དང་། ལས་ཚོགས་ནི་རྒྱུད་འདི་དང་ཕྱི་མའི་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་དང་། སྒྱུ་མ་ཆེན་མོ་དང་། ཧེ་རུ་ཀ་ འབྱུང་བ་དང་། རིག་པ་བྱེད་རྒྱ་མཚོའི་རྒྱུད་བཞིས་སྟོང་ཕྲག་ཉི་ཤུ་བཤད་པ་ཡིན་ནོ། །དེ་ལྟར་ན་བཤད་པའི་རྒྱུད་ཀྱིས་རྩ་བའི་རྒྱུད་སྟོང་ཕྲག་བརྒྱ་པ་བཤད་པ་ཡིན་ནོ། །རྗོད་བྱེད་ཀྱི་རྒྱུད་དེ་རྣམས་ཀྱི་བརྗོད་བྱའི་རྒྱུད་ནི་གསུམ་སྟེ། རྒྱུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་འབྲས་བུའི་རྒྱུད་དོ། །རྒྱུའི་རྒྱུད་ ནི་གསུམ་སྟེ། བསྐྱེད་པའི་རིམ་པ་བསྒོམ་པ་དང་། རྫོགས་པའི་རིམ་པ་བསྒོམ་པ་དང་། བསྐྱེད་རྫོགས་གཉིས་ཀ་བསྒོམ་པ་དང་གསུམ་མོ། །ཐབས་ཀྱི་རྒྱུད་ནི་གཉིས་ཏེ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །འབྲས་བུའི་རྒྱུད་ནི་གསུམ་སྟེ། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་ སྐུའོ། །རྒྱུད་ཀྱི་དོན་གསུམ་པོ་ཐོས་བསམ་གྱིས་ཁོང་དུ་ཆུད་པ་ནི་དགོས་པའོ། །བསྒོམ་པའི་ཤེས་རབ་ཀྱིས་བསྐྱེད་རྫོགས་ཀྱི་དོན་མངོན་སུམ་དུ་གྲུབ་པ་ནི་དགོས་པའི་དགོས་པའོ། །འབྲེལ་བ་ནི་བརྗོད་བྱ་དང་རྗོད་བྱེད་ཀྱི་རྒྱུ་ལས་དགོས་པའི་ཤེས་པ་བསྐྱེད་པས་དེ་ཉིད་ལས་འབྲེལ་ པ་ལོག་ཤིག་ན་མེད་དོ། །དེ་ལྟར་དགོས་པའི་དོན་བཤད་ནས། བསྡུས་པའི་དོན་ནི་བཞི་སྟེ། གླེང་གཞི་དང་གླེང་བསླང་བ་དང་རྒྱུད་འབྱུང་བའི་ལེའུ་གསུམ་དང་། རྒྱུད་དངོས་སོ། །དངོས་ལ་ལྔ་སྟེ། ལེའུ་བཞི་ནས་ཉི་ཤུའི་བར་ནི་དངོས་གྲུབ་བསྒྲུབ་པའི་འཁོར་ལོ་བཅུ་བདུན་ནོ། །ཉི་ཤུ་རྩ་ གཅིག་པ་ནས་སུམ་ཅུ་རྩ་བདུན་གྱི་བར་གྱིས་ནི་དངོས་གྲུབ་སྣ་ཚོགས་ཀྱི་འཁོར་ལོའོ། །ལེའུ་སུམ་ཅུ་རྩ་བརྒྱད་པ་ནས་བཞི་བཅུ་རྩ་བདུན་གྱི་བར་གྱིས་ནི་དངོས་གྲུབ་ཀྱི་ཡན་ལག་ཚོགས་ཀྱི་འཁོར་ལོ་བཤད་དོ། །ལེའུ་བཞི་བཅུ་རྩ་བརྒྱད་པ་ནས་དྲུག་ཅུ་རྩ་གསུམ་གྱི་བར་གྱིས་ལེའུ་བཅུ་ དྲུག་གིས་ཐུན་མོང་གི་འཁོར་ལོ་བཤད་དོ། །དྲུག་ཅུ་རྩ་བཞི་པ་ནས་ལེའུ་བདུན་ཅུའི་བར་གྱིས་ཕྲིན་ལས་རྣམ་བཞིའི་ཁྱད་པར་གྱི་འཁོར་ལོ་བཤད་དོ། །དེ་ལྟར་བསྡུས་པའི་དོན་བཤད་ནས། ཡན་ལག་གི་དོན་བཤད་པ་ནི། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་ སོགས་པ་སྟོན་ཏེ། འདིའི་བཤད་པའི་རྒྱུད་ཀྱི་ལེའུ་བཞི་བཅུ་རྩ་བཞི་པས་བཤད་པ་ནི་དེ་ཉིད་དང་སྦྱར་གྱི་འདིར་མི་བླང་ངོ་། །ལྕང་ལོ་ཅན་གྱི་ཕོ་བྲང་དུ་སྡུད་པ་པོ་ལག་ན་རྡོ་རྗེ་ལ་བླ་གོས་ལྔ་བརྒྱ་གདན་དུ་བཏིང་ནས། འཕགས་པ་ཀུན་དུ་བཟང་བོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། ། བདེ་བར་གཤེགས་པས་གང་དུ་གསུངས། ཤེས་རབ་ཆེན་པོ་ཁྱོད་སྨྲོས་ཤིག །རྡོ་རྗེ་འཆང་བ་ཁྱོད་སྨྲོས་ཤིག །ཅེས་གསོལ་བ་བཏབ་པ་དང་། སྡུད་པ་པོས་གླེང་བསླང་བའི་ཚིག་འདི་སྐད་བདག་གིས་ཐོས་པ་ཞེས་གསུངས་སོ། །དེ་ལ་འདི་སྐད་ནི་ལག་ན་རྡོ་རྗེའི་ཡིད་ཀྱི་རྣམ་པར་ཤེས་ པ་ལ་རྒྱུད་ཀྱི་ཚིག་དང་སྒྲོ་འདོགས་དང་སྐུར་འདེབས་བྲལ་བར་སྣང་བ་ལ་ཨེ་ཝཾ་ཞེས་བྱའོ། །བདག་གིས་ཞེས་བྱ་བ་ནི་བདག་ཁོ་ནས་ཐོས་ཀྱི་བརྒྱུད་པས་སམ། འཁོར་ལས་སམ་སྤྲུལ་པ་ལས་སམ། ཕྲིན་གཏང་བ་ལས་ནི་མ་ཡིན་ནོ་ཞེས་བཞི་གཅོད་པ་ཡིན་ནོ། །ཐོས་པས་ནི་རང་གིས་རྟོགས་ ནས་བྱས་པ་མ་ཡིན་གྱི་སངས་རྒྱས་ཀྱིས་གསུངས་ནས་ཐོས་པས་གཞན་དབང་ཡིན་པར་སྟོན་ཏོ། །ཡང་འཁོར་རྣམས་ཀྱིས་དུས་གང་གི་ཚེ་ཐོས། སྟོན་པ་གང་ལས་ཐོས། གནས་གང་དུ་ཐོས། འཁོར་སུ་དང་ལྷན་ཅིག་ཏུ་ཐོས། བཤད་པའི་ཆོས་ཅི་ཐོས་ཤེ་ན། དྲི་བ་ལྔའི་ལན་དུ་རྒྱུད་ཀྱི་ གླེང་གཞི་གསུངས་ཏེ། དུས་གཅིག་ན་ནི་ཀུན་རྫོབ་ཏུ་ལན་ཅིག་འདི་ཐོས་ལ། དུས་གཞན་གྱི་ཚེ་ནི་གཞན་དག་ཀྱང་ཐོས་སོ། །དེས་ན་ཐོས་པ་མང་བར་སྟོན་ཏོ། །དོན་དམ་པར་ན་རྒྱུད་ཀྱི་དོན་རྣམ་པར་ཐར་པའི་སྒོ་མཐའ་ཡས་པས་དུས་ཀྱི་མཐའི་སྐད་ཅིག་མ་གཅིག་ལ་རྟོགས་ཏེ། དེ་ཡང་། བློ་གྲོས་ཆེན་པོས་མཐོང་རྣམས་ཀྱི། །རྣམ་པ་ཐམས་ཅད་ཅིག་ཅར་ངེས །ཞེས་བཤད་དོ། །བཅོམ་ལྡན་འདས་ནི་བདུད་བཞི་བཅོམ་པས་སམ། དབང་ཕྱུག་ལ་སོགས་པ་དྲུག་དང་ལྡན་པས་སོ། །གང་དུ་ཐོས་པའི་གནས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ཕྱོགས་ཐམས་ ཅད་ཀྱི་དུས་ཐམས་ཅད་ཡེ་ཤེས་ལྔའི་སྣང་བ་རིགས་ལྔའོ། །དེའི་འཁོར་ལོ་རྡོ་རྗེ་ཁྲོ་བའི་མཁའ་འགྲོ་ནི་དཔའ་བོ་ཉི་ཤུ་རྩ་བཞིའོ། །མཁའ་འགྲོ་མ་རྣམས་ནི་དཔའ་མོ་སུམ་ཅུ་རྩ་བདུན་ནོ། །དེ་ལ་རྡོ་རྗེ་ནི་ཟག་མེད་ཀྱི་ཡེ་ཤེས་སོ། །ཁྲོ་བོ་ནི་ཞི་བས་མི་འདུལ་བ་ལ་མངོན་སྤྱོད་ཀྱི་སྐུའོ།