Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 18

Văn bản gốc(Tây Tạng)

Trang 2 / 16 (50.000 ký tự/trang)
་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྣང་། དམ་ཚིག་ནི་སྟོང་ཉིད་ལས་འབྱུང་ཞིང་འཇུག་པའོ། །སྤྱོད་པ་ནི་དཔའ་བོ་རྣམས་སོ། །སྤྱོད་ཡུལ་
ཡིན་ནི་རྣལ་འབྱོར་མ་རྣམས་དང་ཡབ་ཡུམ་གཉིས་མེད་དོ། །ངེས་འབྱུང་ལས་ཡང་ཐོག་མ་ནི་ཐུགས་ཀྱི་ཙཀྲ། དབུས་གསུང་། མཐར་ནི་སྐུའི་འཁོར་ལོ། །ཡང་དག་གནས་ནི་དམ་ཚིག་གི་འཁོར་ལོ་དང་བདེ་བ་ཆེན་པོའི་འཁོར་ལོ་ཉིད་དོ། །འཇིག་རྟེན་གསུམ་ནི་ལྷ་ཚོགས་དེ་དག་ཕྱི་ནང་གི་
ས་གསུམ་དུ་ཀུན་དུ་སྤྱོད་པའོ། །རྙེད་དཀའ་ནི་བླ་མའི་ལུང་དང་འབྲེལ་པ་ལའོ། །སྔགས་ལྟར་ན། སྒྲ་ནི་ཤེས་རབ་བདེ་བའི་ཨའོ། །ཚུལ་ལས་ནི་ཐབས་ཧཾ་ལས་ཐིག་ལེའོ། །ངེས་འབྱུང་བ་ནི་སྐད་ཅིག་མ་བཞི་དང་དགའ་བ་བཞི་འཆར་བའོ། །དམ་ཚིག་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་
མི་འདའ་བ། སྤྱོད་པ་ནི་ལུས་སེམས་ཀྱི་སྤྱོད་ཡུལ་ཡིན་ནི་ནང་དང་ཕྱིའི་དངོས་པོ་ཐམས་ཅད་བདེ་སྟོང་དུ་འཆར་བའོ། །ཐོག་མ་ནི་སྤྲུལ་པའི་འཁོར་ལོར་དགའ་བ་དང་པོ། དབུས་ནི་ཆོས་ཀྱི་འཁོར་ལོར་མཆོག་དགའོ། །མཐར་ནི་ལོངས་སྤྱོད་འཁོར་ལོར་དགའ་བྲལ་ལོ། །ཡང་དག་གནས་
ནི་སྤྱི་བོ་བདེ་ཆེན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བའོ། །འཇིག་རྟེན་གསུམ་ནི་དགའ་བ་གསུམ་འཇིག་ཚོགས་ཅན་ནོ། །རྙེད་དཀའ་བ་ནི་བདུན་པའི་ཚིག་གསུམ་པར་མི་མངོན་པར་གྱུར་བའོ། །ཡེ་ཤེས་ཀྱི་རིམ་པ་ནི། ཡབ་ཡུམ་འདུ་ཤེས་གསུམ་ལྡན་པས། སྒྲ་ནི་ཡེ་ཤེས་
ཀྱི་རིག་མའི་ཆོས་འབྱུང་སྔགས་བཅས་པའོ། །ཚུལ་ནི་ཐབས་ཀྱི་གསང་བ་བྱིན་གྱིས་བརླབས་པ་ལས་མཉམ་པར་སྦྱར་བའོ། །ངེས་འབྱུང་བ་ནི་རྟེན་མི་འདྲ་ཡང་ཉམས་འཆར་ཚུལ་མཚུངས་པའོ། །གསང་བའི་རིམ་པ་དང་སྦྱར་ན། ཤེས་རབ་སྟོང་ཉིད་ངང་ལས་སྒྲའི་དོན་སྐྱེ་མེད། ཚུལ་

ལས་ནི་ཐབས་སྙིང་རྗེ་ཆེན་པོ། །ངེས་འབྱུང་བ་ནི་དབྱིངས་ལས་ཡེ་ཤེས་ཐོགས་མེད་པར་རོ། །དམ་ཚིག་ནི་ངོ་བོ་ཉིད་ཀྱི་སྐུ། སྤྱོད་པ་ནི་ཡིད་བཞིན་ནོར་བུ་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བ། སྤྱོད་ཡུལ་ཡིན་ཞེས་ལོངས་སྐུ་དག་པའི་ཞིང་ཁམས་སུའོ། །སྤྲུལ་སྐུ་ཐུབ་པ་འགྲོ་བ་རྣམས་
ལ་ཆོས་གསུང་བར་མཛད་པའོ། །ཐོག་མ་ནི་ཆོས་སྐུ། དབུས་ནི་ལོངས་སྤྱོད་རྫོགས་པ། མཐར་ནི་སྤྲུལ་སྐུའོ། །ཡང་དག་གནས་ནི་བདེ་བ་ཆེན་པོའི་སྐུ་བླ་ན་མེད་པའོ། །འཇིག་རྟེན་གསུམ་ནི་རྣམ་ཐར་སྒོ་གསུམ་སྐད་ཅིག་མ་ས་བཅུ་གསུམ་པའི་དུས་སོ། །རྙེད་དཀའ་བ་ནི་ཐ་སྙད་སྤྲོས་པ་
ལས་དབེན་པ་བརྗོད་བྱ་དོན་གྱི་གསང་ཆེན་ནོ། །དེ་ཁོ་ན་ཉིད་རྙེད་པར་ཡང་རྟོགས་པར་དགའ་བའི་ཆོས་ཏེ་ཐབས་ཀྱི་ཁྱད་པར་གང་ལས་རྟོགས་པར་བྱ་ཞེ་ན། ཤེས་རབ་ཐབས་ཀྱི་ཀུན་སྦྱོར་བ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཞེས་སྨོས་ཏེ། ཤེས་རབ་ནི་དབང་པོ་རབ་ཀྱི་རྣལ་
འབྱོར་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་པས་ཆོས་ཐམས་ཅད་ལ་དངོས་པོ་མེད་པར་རྟོགས་པའོ། །ཐབས་ནི་བླ་མ་དམ་པའི་བྱིན་རླབས་ཀྱིས་དངོས་པོའི་མཚན་ཉིད་སྐྱེ་མེད་དུ་རྟོགས་པས། ཀུན་སྦྱོར་བ་ནི་གཉིས་མེད་ཡེ་ཤེས་གསང་བ་ལྷན་ཅིག་སྐྱེས་པ་མངོན་དུ་གྱུར་པར་བྱའོ། །དེ་
ཉིད་མ་རྟོགས་པ་རྟོགས་པར་བྱེད་པ་དབང་ལྟར་ན། ཤེས་རབ་ནི་བུམ་པའི་དབང་ལས། རིགས་པའི་དབང་ལྔས་ཡེ་ཤེས་དང་ལྡན་པའི་ནུས་པ་བཞག་ཐབས་དེ་ཉིད་ཀྱི་དུས་སུ་ཀུན་དུ་སྦྱོར་བ་རྡོ་རྗེ་སློབ་དཔོན་གྱི་དབང་ཕྱིར་མི་ལྡོག་པར་བྱེད་པའོ། །བསམ་གཏན་ནི་ཏིང་ངེ་འཛིན་གྱི་བྱེད་ལས།
སྔགས་བཟླས་སྙིང་པོ་ཉེ་སྙིང་ལ་སོགས་པ་བརྗོད་པའོ། །ལ་སོགས་ལྡན་ནི་དབང་རྫས་གཏད་པས་ངེས་པར་ཏེ་རྗེས་གནང་ལ་སོགས་པ་བྱའོ། །གསང་དབང་གིས་ནི། ཤེས་རབ་ནི་མཾ་རྡོ་རྗེ་སློབ་དཔོན་དུ་གྱུར་པའོ། །ཐབས་ནི་བླ་མའོ། །ཀུན་སྦྱོར་བ་ནི་བླ་མ་ཡབ་ཡུམ་ཧེ་རུ་ཀའི་རང་
བཞིན་བསྲུབས་པ་ལས་བྱུང་བའི་སྦྱིན་པའོ། །སྔགས་བཟླས་ནི་ཨ་ནུ་རཱ་ག་ལ་སོགས་པ་བརྗོད་པ། བསམ་གཏན་ནི་ལྷའི་ང་རྒྱལ་དང་ལྡན་པས་སོ། །ལ་སོགས་ལྡན་པའི་དགའ་བ་ཟག་བཅས་ལ་བརྟེན་ནས་ལུང་བསྟན་པ་ཐོབ་པའོ། །དབང་གསུམ་པའི་ཤེས་རབ་ནི་རིག་མའོ། །

ཐབས་ནི་རིག་མ་གཏད་པ་དང་མཁའ་གསང་བྱིན་རླབས་ལྷའི་ང་རྒྱལ་ལྡན་པས་སོ། །སྔགས་བཟླས་ནི་ཨཱ་ལི་ཀཱ་ལི་སྤེལ་མ་སྡེ་ཚན་གང་གི་དུས་སུ་བབ་པའི་ཡེ་ཤེས་ངོས་འཛིན་པའོ། །བསམ་གཏན་ནི་དགའ་བ་དང་སྐད་ཅིག་མ་ལས་དོན་གྱི་ཡེ་ཤེས་རྟོགས་པར་བྱ་བའོ། །
ལ་སོགས་ལྡན་ནི་ལུས་ཀྱི་འཁྲུལ་འཁོར་ཕྱག་རྒྱའི་གནད་བཅིང་བར་བྱ་བ་བསྡུས་པའོ། །དེ་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལམ་ཕྱག་རྒྱ་བཞིས་ཐབས་ཤེས་རབ་རོ་གཅིག་ཏུ་ལམ་དུ་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ནི་ལྷན་སྐྱེས། ཞིང་སྐྱེས། སྔགས་སྐྱེས་ཡེ་ཤེས་ལས་བྱུང་བའི་རིག་
མའི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་དུ་འཆར་བ་དང་། ཐབས་བདེ་བ་དབྱེར་མེད་ཉིད་དེ། བདེ་སྟོང་ལྷན་ཅིག་སྐྱེས་པ་འཆར་བ་སྦྱོར་བའོ། །ཆོས་ཀྱི་ཕྱག་རྒྱའི་ནང་དུ་ཙཎྜ་ལཱིའི་བྱེད་པས། ཡུལ་འདོད་ཡོན་ལྔའི་རང་བཞིན་ཤེས་རབ་ཀྱི་ཉམས་ལ། ཐབས་དབང་
པོའི་སྤྱོད་པ་སྣང་བ་གསལ་སྟོང་ལྷན་ཅིག་སྐྱེས་པར་སྦྱོར་བ་གཉིས་སུ་མེད་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་ཉམས་མྱོང་དེ་ཉིད་ལས་འབྱུང་བ་བཞི་ཐིམ་པས་འོད་གསལ་ཤེས་རབ་སྟོང་ཉིད་སྤྲོས་མེད་ལས། ཐབས་ཞུ་བདེ་ལྷན་ཅིག་སྐྱེས་པ་རིག་སྟེང་གཉིས་མེད་དུ་ཀུན་སྦྱོར་བ་ཡེ་ཤེས་སུ་འཆར་བའོ། །
ཕྱག་རྒྱ་ཆེན་པོ་ལ་ནི་ཤེས་རབ་ཆོས་ཐམས་ཅད་མཁའ་ལྟར་རྣམ་པར་དག་ལ། ཐབས་རང་བཞིན་ལྷན་ཅིག་སྐྱེས་པ་གཉུག་མ་བདེ་ཆེན་མི་འགྱུར་བའི་ཀུན་སྦྱོར་བ་ཟུང་འཇུག་ཏུ་འགྱུར་བའོ། །བདེ་བ་རྟོག་མེད་ཙམ་ལ་དཔེའི་ཡེ་ཤེས་སུ་འདོད་པ་ཡང་ཡོད་ལ། བདེ་ཆེན་དེ་ཉིད་འོད་གསལ་རྣམ་པར་
མི་རྟོག་པ། དོན་གྱི་ཡེ་ཤེས་ནི་ཀུན་སྦྱོར་བ་ཞེས་གཉིས་མེད་རོ་མཉམ་ཆེན་པོར་འགྱུར་བའོ། །སྔགས་བཟླས་རླུང་འགྲོ་འོང་དང་བྲལ་བའི་དབུ་མར་ཚུད་པས་གནས་པའོ། །བསམ་གཏན་གྱི་ཏིང་ངེ་འཛིན་ཁམས་གསུམ་གྱི་ཉམས་ཐོད་རྒལ་དུ་འཇུག་པ་ལས་འདས་པ་ཞི་གནས་ལྷག་མཐོང་
དབྱེར་མེད་བདེ་སྟོང་རོ་གཅིག་གོ། །ལ་སོགས་ལྡན་ཁྱད་པར་གྱི་མཆོད་པ་དང་སྦྱིན་སྲེག་དང་བརྟུལ་ཞུགས་སྤྱོད་པ་ཐམས་ཅད་ཕྱག་རྒྱ་བཞི་ལྡན་དུ་གྱུར་པས་མྱུར་དུ་ཡེ་ཤེས་འགྲུབ་པའོ། །དེ་ཉིད་མཁའ་འགྲོ་རྒྱ་མཚོ་ལས། །གསང་བ་སྒྲ་དོན་འབྲེལ་བའི་ཚུལ། །དཀྱིལ་འཁོར་འཁོར་ལོ་

ངེས་འབྱུང་རིགས། །བསྡུས་དང་སོ་སོ་དམ་ཚིག་གི །སྤྱོད་ཡུལ་ལུས་སེམས་བདེ་བར་རོལ། །ཐོག་མ་བར་དང་མཐར་དགེ་བ། །དེ་ཉིད་གསང་རིམ་སྐུ་གསུམ་མཆོག །སྲིད་གསུམ་ལས་ནི་རྣམ་དག་པའི། །ཡེ་ཤེས་རྙེད་དཀའ་ཡང་དག་གནས། །ཀུན་སྦྱོར་ཤེས་རབ་དང་ལྡན་པས། །
རླུང་ལ་རྣམ་རྒྱལ་ཏིང་འཛིན་གནས། །ཕྱག་རྒྱ་བཞི་ལ་སྣ་ཚོགས་ཐབས། །སྦྱོར་བའི་ཆོ་ག་བསྟན་པ་ནི། །རྡོ་རྗེ་རྣལ་འབྱོར་མ་ལ་ནི། །འཛིན་པའི་དོན་དུ་བསྐུལ་ཞིང་གདམས། །ཞེས་གསུངས་པའི་དོན་ཏོ། །སྙིང་པོ་བསྡུས་པ་ལ་གདམས་པ། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་
གསུངས་པ་མཉན་པར་གྱིས། །ཞེས་པའི་དོན་ལ།སྦྱོར་ཉིད་ནི། ཨེ་ཝཾ་སྟེ་སྡོམ་པ་ཐམས་ཅད་ཀྱི་བདག་ཉིད། དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་མི་ཕྱེད་པའི་རྡོ་རྗེར་གནས་པའོ། །ཆོ་ག་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྟོག་པ་གསང་བའི་རིམ་པ། མྱུར་དུ་དངོས་གྲུབ་མངོན་དུ་
བྱེད་པའོ། །ཡེ་ཤེས་ནི་ལྷན་ཅིག་སྐྱེས་པ་དེ་ལས་སྤྲོ་བ་དང་སྡུད་པ་བསྟན་པའོ། །ཡང་ན་སྦྱོར་བ་ནི་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་སྡོམ་པ་དཀྱིལ་འཁོར་འཁོར་ལོ་ཕྱི་ནང་དུ་སྟོན་པ་དུ་མའི་འབྱུང་གནས་སོ། །ཆོ་ག་ནི་ལྷའི་འཁོར་ལོའི་རྣམ་པར་སྣང་བ་ལས། དེ་ཉིད་ལྷའི་ངོ་བོ་བདེ་སྟོང་ལས་ཞི་བ་དང་
ཁྲོ་བོའི་སྐུའི་རྣམ་པ་དུ་མར་སྟོན་པས་ཕྲིན་ལས་སྣ་ཚོགས་སུ་འཆར་བའོ། །ཡེ་ཤེས་ནི་བདེ་གསལ་མི་རྟོག་པའི་ཆོས་ཉིད་འགག་པ་མེད་པ་ལས་མཁྱེན་པ་དང་ལྡན་པའོ། །རྒྱུད་ནི་བརྗོད་བྱ་དོན་གྱི་གསང་ཆེན། གཞི་རིགས་ལ་གནས་པའི་རྒྱུའི་རྒྱུད་ཁམས་རང་བཞིན་རྣམ་དག་ལས། ལམ་ཐབས་
རིམ་པ་སྤྱོད་པ་དང་དམ་ཚིག་སྡོམ་པས་རྒྱུད་ལ་སྦྱང་བ་ཐོབ་པར་བྱེད་པ་དང་། མངོན་དུ་གྱུར་བའི་སྐུ་དང་ཡེ་ཤེས་ཐོགས་པ་མེད་པར་འཆར་བ་འབྲས་བུའོ། །རྗོད་བྱེད་སྒྲའི་རྒྱུད་ཀྱི་གསང་བ་ཚོགས་པ་དང་ལྡན་པས། གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་དོན་ཏོ། །དེ་ལས་གསུངས་
པ་ནི་དཔལ་རྡོ་རྗེ་འཆང་གིས་གདུལ་བྱའི་དབང་པོའི་རིམ་པ་དང་སྦྱར་ནས་བསྟན་པའོ། །མཉན་པར་གྱིས་ཞེས་རྡོ་རྗེ་རྣལ་འབྱོར་མ་ལ་ཉེ་བར་གདམས་པའོ། །གསང་བའི་ཐབས་མཆོག་གནས་ནི་ངེས་པའི་རྒྱུད་དེ་དགའ་བ་ཡེ་ཤེས་རྟོགས་པར་འགྱུར་བ་རིམ་པ་དབྱེར་མེད་ཉིད། །བདེ་བ་

ཡུལ་ནི་སྙིང་པོ་གསང་བ་ཐབས་དང་ཐབས་ལས་བྱུང་བ་རང་འབྱུང་ཆོས་ཉིད་སྙིང་པོ་འདིར་བསྟན་པ། །རྡོ་རྗེ་རྣལ་འབྱོར་མ་ཡིས་རབ་བསྐུལ་ནས་ནི་གསང་བའི་དམ་ཚིག་དཀྱིལ་འཁོར་འཁོར་ལོ་ཉིད་དུ་བདག་བྱིན་རློབ། །ཅེས་གསང་བ་མཛོད་ལས་སོ། །དེས་གླེང་བསླང་བ་
བསྟན་པའོ།། །།དེ་ལ་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་འདིར་ནི། གཙང་སྦྲ་གསུམ་ལ་གནས་པར་བྱ་བ་ལས་དང་པོ་ཁོ་ན། ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །ཅེས་པས་དེའི་དོན་ལ། ཕོ་ཉའི་གཙང་སྦྲ་དང་པོ་ཡིན། །ཞེས་རྣལ་འབྱོར་མ་ཕྱི་དང་ནང་དུ་གནས་པའི་རིག་མ་མཉེས་པ་ལས་
ཡེ་ཤེས་གྲུབ་པར་བསྟན་པའི་ཕྱིར་རོ། །དང་པོར་ཕོ་ཉས་ངོས་གཟུང་བ་བསྟན་པ་ལ། དེས་ནི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་ཅིང་། ཕྲིན་ལས་རྣམས་ཐོགས་པ་མེད་པར་བསྒྲུབ་པ་སྟེ། ཤེས་རབ་ཀྱི་ཕོ་ཉ་དང་ཐབས་ཀྱི་ཕོ་ཉ་དང་། གསང་བ་ཡེ་ཤེས་ཀྱི་ཕོ་ཉ་བསྟན་པའོ། །དེ་
ལ་དང་པོ་གསང་བ་ཤེས་རབ་ཕོ་ཉའི་ཁྱད་པར་ནི་ལྷན་ཅིག་སྐྱེས་ཞེས་སྨོས་ཏེ། དེ་ནི་རྣམ་པར་འགྲོ་བ་ལ་ལྷ་མོའི་ཚུལ་དུ་སྣང་བ་སྟོང་པ་རྣམས་ཏེ། འོག་མིན་ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དུ་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བའི་དཀྱིལ་འཁོར་ཆེན་པོ་ཚད་མེད་པ་ན་གནས་པའི་རྣལ་འབྱོར་མ་
བདེ་སྟོང་གཉིས་སུ་མེད་པའི་ངང་ལ་བཞུགས་ཤིང་འཁོར་ཚད་མེད་པ་དང་ལྡན་པ་རྣམས་སོ། །གཉིས་པ་ཕོ་ཉ་ཞིང་སྐྱེས་ནི་ཐུགས་རྗེ་ཆེན་པོ་མངའ་བས་འཛམ་བུའི་གླིང་དུ་ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པར་འབྱུང་བ་སྟེ། རྣལ་འབྱོར་མའི་རྣམ་པའི་གཟུགས་སུ་སྟོན་པ། ངོ་བོ་ཉིད་ཀྱིས་བླ་ན་མེད་
པའི་ཆོས་ཐམས་ཅད་ལ་གནས་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་དང་ལྡན་པའོ། །གསུམ་པ་ཕོ་ཉ་སྔགས་སྐྱེས་ནི་ཡུལ་དབུས་ལ་སོགས་པར་མཁའ་འགྲོའི་སྐྱེ་གནས་འཛིན་པ་སྟེ། རྒྱུད་ལམ་གྱིས་སྦྱངས་པ་ཐོབ་པ་ལས་རྟེན་དུ་གྱུར་པ་འགའ་ཞིག་གོ། །གྲུབ་པ་སྟེར་ཚུལ་ནི། མཆོག་དང་འབྲིང་
དང་ཐ་མ་སྟེ། །ཞེས་པས་མཆོག་ནི་ལྷན་ཅིག་སྐྱེས་མ་སྟེ་ཡེ་ཤེས་ཀྱི་སྣང་བ་སྟོན་པ་ལ། བརྡ་དང་བརྡའི་ལན་ལུས་བརྡ་དག་བརྡ་ལ་སོགས་པས་ལེགས་པར་བརྟགས་ཏེ། དེས་ནི་ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བས་བླ་ན་མེད་པའི་མཆོག་ཕྱག་རྒྱ་ཆེན་པོ་གྲུབ་པ་སྟེར་བར་བྱེད་དོ། །

འབྲིང་དང་ཞེས་པ་ནི་ཞིང་སྐྱེས་མ་སྟེ་གྲུབ་པ་རྣམས་དང་ཕྲིན་ལས་སྣ་ཚོགས་ཏེ། ལས་ཆེན་པོ་ལ་སོགས་པ་ཉེ་བར་འགྲུབ་པར་བྱེད་པ་ཉིད་ཀྱིས་ཌཱ་ཀི་མ་ངོས་ཟིན་པས་ཡོན་ཏན་འབྱུང་བའོ། །ཐ་མ་ནི་སྔགས་སྐྱེས་མ་སྟེ་གྲུབ་པ་དང་དེ་དང་ཉེ་བའི་ཆོས་མཐུན་གྲུབ་ཏུ་རུང་བ་སྟེ། ལམ་ཉེ་བར་བགྲོད་པའི་
སྤྱོད་པ་བསྟན་པ་སྟེ། དམ་ཚིག་སྤྱོད་ཡུལ་ཞེས་པའི་དོན་བསྟན་པ་ཡིན་ནོ། །རིགས་ལྡན་གྱི་ཁྱད་པར་བསྟན་པ་ལས། ཕོ་ཉ་ནི་རྫུ་འཕྲུལ་གྱི་ནུས་པ་དང་ལྡན་པ་སྟེ་རྣལ་འབྱོར་བའི་རྡོ་རྗེའི་ལུས་ཀྱི་གནས་ལུགས་ལས་འབྱུང་བ་བཞི་རླུང་ལས་སུ་རུང་བས་རླུང་གི་བྱེད་ལས་ཆོས་ཉིད་ཀྱི་རླུང་ནི་རང་བཞིན་
ལུས་ལ་གནས་ནས་ཀུན་དུ་མི་གཡོ་བའི་ལས་བྱེད། ལས་ཀྱི་རླུང་ནི་རྩ་རོ་རྐྱང་གཉིས་ལ་གནས་ནས་གཟུང་འཛིན་བསྐྱེད། དག་པའི་ཆ་ནི་གཡོན་གྱི་སྐྱེ་མེད། གཡས་འགག་པ་མེད་པའོ། །ཡེ་ཤེས་ཀྱི་རླུང་རྩ་དབུ་མར་གནས་པས་རྟོག་པ་སྤངས་པ་བདེ་ཆེན་མཆོག་ཏུ་གྱུར་པར་བྱེད་པས་ན་གཟུང་འཛིན་
དབུ་མར་འགོག་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་དངོས་གྲུབ་འཆར་བའོ། །མཆོག་ནི་རྩ་ཀུན་དར་ལས་སོ། །འབྲིང་ནི་གཡོན་རྐྱང་མ་ཤེས་རབ་ཀྱི་ཆའོ། །ཐ་མ་ནི་གཡས་རྩ་རོ་མ་ཐབས་ཀྱི་ཆ་སྟེ། གཡས་གཡོན་རླུང་རྩོལ་བ་དབུ་མར་ཡོན་ཏན་འབྱུང་བའོ། །ཡིད་ནི་ནང་དུ་ཆུད་པ་ཡིས། །
འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་པ་ལ། ཕོ་ཉ་དང་པོས་ནི་གསང་བ་མཆོག་བདེ་ཆེན་ཤིན་ཏུ་མྱུར་བར་སྟེར་བ་སྟེ་ཐེ་ཚོམ་མེད་པས་སོ། །གཉིས་པས་ནི་གྲུབ་པ་ལས་དང་བཅས་པ་མྱུར་དུ་སྟེར་བས་རྟོག་པ་མེད་པར་བྱ་བས་བརྟེན་པའོ། །གསུམ་པས་ནི་ཚེ་གཅིག་གིས་འགྲུབ་པ་
སྟེ་ལོག་པར་རྟོག་པ་ཐ་མལ་གྱི་འདུ་ཤེས་དང་བྲལ་བས་མན་ངག་དང་ལྡན་པས་སོ། །དེས་ཡིད་ཀྱི་རྣམ་ཤེས་ལམ་དུ་གྱུར་པས་སྐད་ཅིག་མ་དང་དགའ་བ་བཞི་ལས། འདོད་ཡོན་ལྔ་ལམ་དུ་ཁྱེར་བས་དངོས་གྲུབ་མཆོག་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །ཡང་ཁྱད་པར་དུ་ནི། རྣལ་འབྱོར་པས་
དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་ང་རྒྱལ་བརྟན་པ་ལས། ཡིད་ཀྱི་རྣམ་ཤེས་དབུ་མར་འཇུག་པའི་གནད་དེ། ཁམས་གཞན་གྱི་བདུད་རྩི་ལེན་པས་ངེས་པར་འགྲུབ་པ་ནི་ཙཎྜ་ལཱི་འབར་བ་ལ་བརྟེན་ནས་རྟགས་བཅུ་ཡོན་ཏན་བརྒྱད་ཀྱི་དངོས་གྲུབ་ཀྱི་མཐར། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་

ཀྱི་ཡེ་ཤེས་ཀྱི་བཅུད་བླངས་ནས་འབྱུང་བ་དང་འཇུག་པའི་སྒོ་ནས་བདག་ཉིད་ལ་བསྟིམ་པས་ནི། བདག་བྱིན་གྱིས་བརླབ་པའི་ལམ་བསྒྲུབ་པར་བྱ་བ་ཐུན་མོང་མ་ཡིན་པའི་ལམ་མོ། །ད་ནི་རིགས་ལྡན་མཆོད་པར་བྱ་བའི་དོན་ལས། ཐོག་མར་མཆོད་པའི་རྫས་གང་ཡིན་པ་ནི།
དབུགས་འབྱིན་ཞེས་པ་ལ་སོགས་པས་བསྟན་ཏེ། འཁོར་བ་སྡུག་བསྔལ་ལས་ལམ་གྱི་ཡེ་ཤེས་ཅིག་ཅར་དུ་སྐྱེ་བར་བྱེད་པས་དབུགས་འབྱིན་པ་མི་སྐྱེ་བ་བདུན་པའི་ཤ་ཆེན་པོའོ། །བར་མ་ནི་གཡས་རོ་མའི་ཆ་ལས་འབྱུང་བའི་སིཧཱ་འོ། །མཆོག་ནི་ཀུནྡ་ལྟ་བུའི་ཐིག་ལེ་ཟླ་བའོ། །དྲི་ནི་གཞི་མཉམ་
མོ། །ཆུ་དང་ནི་གླ་རྩི་རྡོ་རྗེའི་རིགས་སོ། །བཅས་པ་ནི་དེ་དག་ལྷན་ཅིག་ཏུ་སྦྱོར་བར་བྱ། །བདུད་རྩི་ལྔ་པོ་དེ་ཉིད་སངས་རྒྱས་རིགས་ལྔའི་རང་བཞིན་གྱིས་གདོད་མ་ནས་བྱིན་གྱིས་བརླབས་པ་མ་ད་ནས་སྦྱར་བའམ་བའི་འོ་མས་སྦྱར་བར་བྱའོ། །ཀྱང་ཞེས་ཤ་ལྔ་དང་བསྡོམས་པས་དཀྱིལ་འཁོར་
སྒྲུབ་པ་དང་རྗེས་སུ་འབྲེལ་པས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བདེ་ཆེན་དུ་མཆོད་པའོ། །ཁྱད་པར་དུ་ནི། དབུགས་འབྱིན་ནི་ཀུན་རྫོབ་སྒྱུ་མ་ལྟ་བུའི་ལྷ་སྐུའི་ངང་ལས། རྩ་ཀུན་འདར་དུ་ལས་ཀྱི་རླུང་ཆུད་པས་དོན་དམ་འོད་གསལ་རྟོགས་
པས་སོ། །བར་མ་ནི་ཡོན་ཏན་ཅུང་ཟད་བསྐྱེད་པ། རོ་རྐྱང་གཉིས་ཀྱི་རླུང་དབུ་མར་འགྲོ་བས་གཟུང་འཛིན་ལྡོག་པའོ། །མཆོག་ནི་ཀུནྡ་ལམ་དུ་བསླངས་པས་ཡེ་ཤེས་ཁྱབ་བྱ་ཁྱབ་བྱེད་ཀྱི་ཚུལ་དུའོ། །ཁམས་ལྔའི་སྙིགས་མ་དུག་ལྔ་ཡིན་ལ། དངས་མ་ལས་རིགས་ལྔའི་དཀྱིལ་འཁོར་
འཆར་བས་ན། དྲི་ནི་སྣའི་དབང་པོ་ལ་སོགས་པ་སྒོ་ལྔར་ཡན་ལག་རོ་མཉམ་པར་སྤྱོད་པའོ། །ཆུ་དང་ནི་རྩ་བའི་ཁོང་ན་གནས་པ་ལུས་ལ་གནས་པའི་བདུད་རྩིས་རྩའི་འཁོར་ལོ་ཐམས་ཅད་འགེངས་པའོ། །བཅས་པས་ཀྱང་ཞེས་ལུས་ཕྱི་ནང་དུ་དབང་པོས་ཡུལ་ལ་སྤྱོད་པས་ར་ས་ཡཱ་ནར་
གྱུར་པའོ། །རྣལ་འབྱོར་པས་ཞེས་གང་དུ་གང་གིས་མཆོད་པའི་དུས་སྟོན་པ་སྟེ། ཐབས་ཤེས་རབ་གཉིས་ཧེ་རུ་ཀའི་བསམ་གཏན་དང་ལྡན་པས་དུས་རྟགས་ཁྱད་པར་ཞེས་པས་ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ་བར་བྱ་བ། སྐྱེས་པ་བརྟན་པ། དེ་ལས་བོགས་དང་ཡོན་ཏན་བསྐྱེད་པའི་

ཆེད་དུ། ཕྱིར་ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་སོགས་པ་དང་། ནང་དུ་ཚོགས་ཁྱད་པར་ཅན་རྫོགས་པར་བྱ་བའི་དོན་དུ་ལུས་ཀྱི་གནས་ཐམས་ཅད་དུ་ཁམས་འཇུག་པ་དང་། དབང་དུ་བྱས་པ་དང་། ལོངས་སྤྱོད་པ་དང་ཐིམ་པར་འགྱུར་བ་གནས་དང་ཉེ་བའི་གནས་ལ་སོགས་པར་རླུང་གི་འཕོ་
བ་དཔའ་བོ་དང་རྣལ་འབྱོར་མ་གཉིས་མེད་བདེ་བར་རོལ་པའི་དུས་འབྱུང་བ་རྟོགས་པར་བྱ་བའོ། །མཆོད་པའི་ཡུལ་ནི། རིགས་ལྡན་རྣམས་ནི་མཆོད་པར་བྱ། །ཞེས་པས་རིགས་ལྡན་རྣམས་ཞེས་པ་ལ་ཕྱི་དང་ནང་གི་ལས། དང་པོ་ནི་ཞིང་སྐྱེས་མ་ལ་སོགས་པ་དེ་དག་གི་སྤྱོད་ལམ་དང་ངང་ཚུལ་དང་
ལུས་ངག་གི་བརྡའི་རྣམ་པར་འགྱུར་བ་ལ་སོགས་པར་བྱས་ལ། རྣལ་འབྱོར་མ་སུམ་ཅུ་སོ་དྲུག་ལ་སོགས་པ་ཐམས་ཅད་རིགས་བདུན་དུ་ཤེས་པར་བྱས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་དང་། དམ་ཚིག་དང་ཡེ་ཤེས་ལ་སྤྱོད་པའི་ཁྱད་པར་རྟོགས་པས། དེ་ཁོ་ན་ཉིད་
ཀྱིས་མཆོད་པས་བརྟེན་པར་བྱ་བའོ། །གཉིས་པ་ནང་གི་ནི། རིགས་ལྡན་ནི། ལུས་ཀྱི་གནས་ཉི་ཤུ་རྩ་བཞི་ལ་སོགས་པ་ན་གནས་པའི། ཌཱ་ཀི་མ་རྣམས་འདུས་པའི་དུས་གནད་ཤེས་པས་བསམ་གཏན་དང་རྣལ་འབྱོར་གྱི་སྟོབས་ཀྱིས་འདུ་བ་དང་ཉེ་བར་འདུ་བ་ཤེས་པས། དབྱེ་བ་དང་བསྡུ་བའི་
རིམ་པ་ཤེས་པར་བྱ་བས་མཆོད་པར་བྱའོ། །དེ་ཉིད་ལས་ཡང་རང་རྫས་ཐིག་ལེ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་ལུས་ཀྱི་རྒྱུ་མཐུན་ལས་བྱུང་བའི་བྱང་སེམས་ཀྱིས་དཀྱིལ་འཁོར་པ་ལ་མཆོད་པ་ནི། ཕུང་པོའི་སངས་རྒྱས་དང་ཁམས་ཀྱི་རིག་མ་ལྷ་མོ་དང་། སྐྱེ་མཆེད་ཀྱི་བྱང་ཆུབ་སེམས་དཔའ་
དང་། ཡུལ་གྱི་ལྷ་མོ་རྣམས་དང་། ལུས་ཀྱི་ཆ་ཤས་ལ་གནས་པའི་ཁྲོ་བོ་ཡབ་ཡུམ་ལ་སོགས་པ་མཆོད་པར་བྱ་བ་ཡུལ་དང་ཡུལ་ཅན་གྱི་ཚུལ་གྱིས་སོ། །ཡང་ན་རང་རྫས་ནི་རང་རིག་པ་ཉིད་དོ། །རླུང་རིག་དབྱེར་མི་ཕྱེད་པའི་ཐིག་ལེས་ཞེས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྱུང་གནས་སུ་རིག་པར་བྱ་བ་
ལས། སངས་རྒྱས་ནི་ཡེ་ཤེས་ལྔའི་ངོ་བོ་བྱང་ཆུབ་སེམས་རྡོ་རྗེའོ། །བྱང་ཆུབ་སེམས་དཔའ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དེ། ཚད་མེད་པ་དང་། དཔའ་བོ་དང་རྣལ་འབྱོར་མ་ཡབ་ཡུམ་དང་སྒོ་མཚམས་མ་དང་བཅས་པ་ལ་མཆོད་པར་བྱེད་པ་དཀྱིལ་འཁོར་པ་ལ་ཟབ་པ་

ཤེས་རབ་དང་། ཐབས་རྒྱ་ཆེ་བ་ཡུལ་དང་། དབང་པོ་གཉིས་མེད་ཀྱི་ཚུལ་དུ་མཆོད་པར་བྱ་བའོ། །དེ་ཉིད་ལ་རིགས་ལྡན་མཆོད་པའི་ཕན་ཡོན་གྱི་ཆེ་བ་ནི། མཐོང་བ་དང་ནི་ཞེས་པ་ལ་སོགས་པས་བསྟན་པ་ཉིད་དེ། བདེ་བ་ལམ་དུ་བྱེད་པ་རིགས་ལྡན་བསྟེན་པའི་དུས་སུ་གཟུགས་རྡོ་རྗེ་
མཐོང་བ་དང་། བལྟས་པ་ཙམ་གྱིས་སོ། །སྒྲ་རྡོ་རྗེ་མ་ཐོས་པས་བདེ་བ་སྐྱེད་པ་དང་། དྲི་རྡོ་རྗེ་མ་བསྣམས་པས་དྲིའི་བྱེ་བྲག་པདྨ་དང་དབང་དང་སིཧླ་ལ་སོགས་པ་དང་། རོ་རྡོ་རྗེ་མ་མཆུའི་སྦྲང་རྩི་ལྟར་མྱང་བ་དང་། ལྷ་མོ་རེག་རྡོ་རྗེ་མ་ལས་ཐོབ་པའི་བདེ་སྟོང་ཡེ་ཤེས་ཀྱི་ཉམས་མྱོང་དེ་ཉིད་དྲན་པའི་ཡོན་
ཏན་ཏིང་ངེ་འཛིན་ཁྱད་པར་ཅན་གོང་དུ་འཕེལ་བར་བྱེད་པའི་ནུས་པའི་སྟོབས་འབྱུང་བའོ། །ཡང་ན་བདག་ཉིད་སྒྲུབ་པ་པོ་ཡོན་ཏན་དང་ལྡན་པ་དེ་ཉིད་ལ། གཞན་དག་གི་མིག་གིས་མཐོང་བ་དང་ནི་ལུས་ཀྱི་ཡུལ་དུ་རེག་པ་དང་ཆོས་སྨྲ་བ་རྣ་བས་ཐོས་པ་དང་ནི་ཞེས་གསུང་གིས་བརྗོད་པ་དང་། ཤེས་
པས་ཡིད་ཡུལ་དུ་དྲན་པ་ཡིས་ཞེས་གང་གིས་གུས་འདུད་བྱས་པ་ལ་ཡང་ཡོན་ཏན་འབྱུང་བ་དགོངས་པའོ། །སྐྱོན་ཇི་ལྟར་དག་ཚུལ་ཡང་སྡིག་པ་ཀུན་ལ་ཞེས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་པ་ཐམས་ཅད་ལས་མྱུར་དུ་གྲོལ་བར་འགྱུར་བ་ཞེས་འཆིང་བའི་ཞགས་པ་ཐམས་ཅད་རྣམ་
པར་བཅད་དེ། སྲིད་པ་ལས་འདས་པ་ཐོབ་པ་ནི། དེ་ལྟར་ཉིད་དུ་སྟེ་བླ་ན་མེད་པའི་གནས་མྱུར་དུ་བགྲོད་པར་འགྱུར་བར་ཐེ་ཚོམ་མེད་ཅེས་ཆོས་འདི་ཉིད་ཀྱི་ཆེ་བ་ཡང་བསྟན་པ་ཡིན་ནོ། །འདིར་གསང་བའི་སྤྱོད་པ་སྤྱད་པ་ལས་ཡོན་ཏན་འཕེལ་བར་འགྱུར་བ་ཡང་། རྣལ་འབྱོར་པ་ཉིད་ཅེས་པས། ཀུན་དུ་
བཟང་པོ་དང་། མགོན་པོ་ཀུན་དུ་སྤྱོད་པ་དང་། མཉམ་གཞག་ཆེན་པོ་སྦས་པའི་སྤྱོད་པས་རིམ་པ་གཉིས་ལ་གོམས་ཤིང་ཨ་བ་དྷཱུ་ཏཱི་པའི་སྤྱོད་པ་སྤྲོས་བཅས་ལ་སོགས་པ་ལ་གནས་པས། ཚོགས་གཉིས་རྫོགས་པ་བསོད་ནམས་ནི་ཡོན་ཏན་འཕེལ་བའི་རྒྱུ་ལ་བརྟེན་ནས་འབྲས་བུ་གཟུགས་སྐུ་
གྲུབ་པའི་དོན་མངོན་དུ་བྱེད་ལ་མཆོག་ནི་ཡེ་ཤེས་ཀྱི་ཚོགས་ཏེ་འཁོར་གསུམ་ཡོངས་སུ་དག་པ་རྫོགས་པས་འབྲས་བུ་ངོ་བོ་ཉིད་ཆོས་ཀྱི་སྐུ་དམ་པ་ཐོབ་པའོ། །དེ་ཡང་དབང་དང་ལམ་གྱིས་རྒྱུད་ཡོངས་སུ་སྦྱངས་པས་དག་པར་བྱེད་པ་ནི། མེ་ཡིས་སྦྱངས་པའི་ནོར་བུ་བཞིན་ནོ། །སྡིག་པ་འཇིག་

བྱེད་ནི་ལས་དང་ཉོན་མོངས་པའི་བག་ཆགས་ཀྱིས་ཀུན་ནས་དཀྲིས་པའི་འཆིང་བ་ལས་གྲོལ་ཞིང་ཐར་བ་འཐོབ་པའོ། །དེ་ཉིད་དུ་རྣལ་འབྱོར་པས་རིམ་པ་གཉིས་སྤྱོད་པ་དང་བཅས་པ་གནས་པའི་ནུས་པའི་སྟོབས་མྱུར་དུ་གྲུབ་པར་དེ་ཁྱད་པར་བསྟན་པའི་ཕྱིར། གསང་སྔགས་ཞེས་པ་ལ་སོགས་པས་
བསྟན་ཏེ་སྣོད་མ་ཡིན་པ་ལ་མི་བསྟན་པ་སྟེ། སྐལ་བ་བཟང་པོ་ལ་བསྔགས་པ་ལས། མནྟྲའི་སྒྲས་ཞེས་སྐྱོབ་དང་ཡིད་སྐྱོབ་སྟེ། འདི་ཉིད་ལ། གསང་སྔགས་བསམ་གཏན་གྱིས་འགྲུབ་འགྱུར། །ཞེས་སྦྱར་ཏེ། ལྷའི་རྣལ་འབྱོར་གྱི་དཔའ་བོ་གཅིག་པ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་
བར་དུ་མཉམ་རྗེས་མེད་པར་ལམ་དུ་གྱུར་པས་འགྲུབ་ལ། རྫོགས་པར་ནི་བདག་བྱིན་གྱིས་རློབ་པ་དང་། དཀྱིལ་འཁོར་འཁོར་ལོའི་ལམ་ལ་འབད་པས་ཕྱག་རྒྱ་བཞི་ལྡན་དུ་ལམ་རྫོགས་པས་གྲུབ་པའོ། །བཟླས་བརྗོད་ཀྱིས་ཀྱང་འགྲུབ་པར་ཞེས་སྦྱར་ཏེ། ལྷའི་སྙིང་པོ་དང་ཉེ་སྙིང་། རྩ་སྔགས་དང་ཕྲེང་
སྔགས་མཆོད་པར་འགྱུར་བ། གོ་ཆ་དང་སྲུང་བར་བྱེད་པ། རྗེ་བཙུན་མའི་རྩ་སྔགས་སྙིང་པོ་དང་བཅས་པ་ཚུལ་བཞིན་དུ་ཟློས་པ་དེས་ཁྱད་པར་དུའོ། །ཡང་རྫོགས་པར་སྲོག་རྩོལ་འགོག་པས་རྡོ་རྗེའི་བཟླས་པས་རླུང་ལས་རྣམ་པར་རྒྱལ་བ་ཐོབ་པས་རྗེ་བཙུན་ཡབ་ཡུམ་གྱིས་བྱིན་གྱིས་རློབ་པར་
འགྱུར་བ་ཉིད་དོ། །ད་ནི་ལམ་གྱི་གཞི་སྡོམ་པ་དང་དམ་ཚིག་བསྟན་པ་ལ། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །སྡོམ་པ་རྟག་ཏུ་བསྐྱང་བར་བྱ། །ཞེས་པས། མནྟྲ་སམྦ་ར་ནི་སྔགས་ཀྱི་སྡོམ་པས་ཏེ། སྤྱི་དང་བྱེ་བྲག་ཁྱད་པར་ཡེ་ཤེས་བླ་ན་མེད་པར་བསྡོམས་པས་གཞི་ངེས་པར་འབྱུང་བ། བསླབ་
པ་གསུམ་ལ་གནས་པས་གསང་བ་རྡོ་རྗེ་ཐེག་པའི་སྡོམ་པ་བདེ་ཆེན་ཡེ་ཤེས་སུའོ། །ཤིན་ཏུ་མཉམ་གཞག་ནི་རྣལ་འབྱོར་པས་ལྷའི་སྐུ་དང་། རྫོགས་པར་རྟེན་དང་བཅས་པ་དང་། བརྟེན་པ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་མཉམ་རྗེས་མེད་པར་རོ། །སྒྲུབ་པ་པོས་ཞེས་པའི་དོན་ལ། སོ་
སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །ཞེས་པ་དང་། ཕྱི་ནང་གསུམ་པ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ཞེས་པའི་དོན་ཏོ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཞེས་པས། མ་ཧཱ་ས་མ་ཡ་གཾ་བྷཱི་ར་བ་སྟེ་ཟབ་པའི་དམ་ཚིག་ཆེན་པོ་དང་། མུ་དྷ་རཱ་ཐཱ་སྟེ་རྒྱ་

ཆེ་བའི་དམ་ཚིག་ལས། མཱུ་ལ་སྟེ་རྩ་བ་དང་། ཨཾ་ག་ལ་སྟེ་ཡན་ལག་གི་དམ་ཚིག་ལས། འདི་ཉིད་ཀྱི་དགོངས་པ་ནི་ལེའུ་ཉེར་དྲུག་པ་ལས་རྒྱས་པར་ཤེས་པར་བྱའོ། །དེ་ཉིད་བསམས་ནས་རྣལ་འབྱོར་གྱིས། །བྱང་ཆུབ་སེམས་ཀྱིས་རྣམ་པར་བརྒྱན། །སེམས་ཅན་ཀུན་ལ་རྗེས་བརྩེ་
བས། །དམ་ཚིག་དང་ནི་སྡོམ་ལ་གནས། །ཞེས་པའི་དོན་ཏོ། །དེས་དམ་ཚིག་ལ་གནས་པའི་ཚུལ་བསྟན་ནས། ད་ནི་དམ་ཚིག་དང་བསླབ་པ་མ་བསྲུངས་པའི་ཉེས་པ་བསྟན་པའི་ཕྱིར། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་གསུངས་པས་དང་
པོར་བླ་མ་ལས་བྱིན་རླབས་དང་དབང་ཐོབ་ནས་གདམས་པ་དང་རྗེས་སུ་བསྟན་པ་ཐོབ་ཀྱང་། དམ་ཚིག་མ་བསྲུངས་ན་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་ལ། དེ་ལ་ཕྱིར་བཅོས་པ་ལ་ཉེས་པ་ཆེ་ཆུང་རིམ་པས་ཤེས་པར་བྱས་ལ། དབང་དང་ཚོགས་འཁོར་དང་བཤགས་སྡོམ་མ་བྱས་ན་རྡོ་རྗེ་དམྱལ་བར་
ལྟུང་བས་བཤགས་སྡོམ་བྱའོ། །དེས་བསྲུང་བའི་དམ་ཚིག་བསྟན་ནས། ད་ནི་བཟའ་ཞིང་སྤྱད་པར་བྱ་བའི་དམ་ཚིག་བསྟན་པ་ལ། གཙང་སྦྲ་གསུམ་ལས། དང་པོར་རིམ་པ་གཉིས་ལྡན་སྤྱོད་ཅིང་གནས་པའི་གང་ཟག་གིས། །ཞི་བའི་བཏུང་བ་བསྟན་པས་གསང་བའི་དབང་ལམ་དུ་བྱ་བ་སྟེ། སྦྲང་
རྩི་ནི་ལུས་ཀྱི་མེ་ཏོག་གི་ཁྱད་པར་ལས་བྱུང་བའི་གླ་རྩིའོ། །མཚལ་དང་ནི་རང་བྱུང་མེ་ཏོག །ག་བུར་དང་ནི་ཟླ་བ་རི་བོང་འཛིན། །དེ་དག་དང་བཅས་པ་གཞི་མཉམ་མོ། །ཙནྡན་སྣ་ཚོགས་ཀྱི་ཤ་མི་ལུས་ལས་བྱུང་བའོ། །དཀར་བ་དང་དམར་བའི་ཆ་ནི་རྐང་གི་སྦུ་གུ་ལས་དང་། གོ་རོ་ཙ་ན་མ་ད་ན་འོ་མ་
དང་སྦྱར་བ་ནི་ཤ་ལྔ་དང་ལྡན་པའི་རི་ལུར་སྦྱར་བ་དག་ཤེས་རབ་ཀྱི་རང་བཞིན་ཤ་ལྔ་པོ་ལས་གོ་ཀུ་ད་ཧ་ན། དེ་དག་ལ་ལཾ་མཾ་པཾ་ཏཱཾ་ཨཾ་ཞེས་པས་འབྱུང་བ་ལྔ་ཁམས་ཡུམ་དུ་དག་པར་བྱེད། བི་མུ་མ་ར་ཤུ་བདུད་རྩི་ལྔ་སྟེ། བྷཱུཾ་ཏྲཱཾ་ཧྲཱཾ་ཁཾ་ཧཱུཾ། ལས་རིགས་ལྔ་ཡབ་ཡེ་ཤེས་ལྔ་ལྷན་ཅིག་ཏུ་བསྡུས་པས་
ཐབས་ཤེས་རབ་བདེ་བ་ཆེན་པོར་སྦྱོར་བ་བདུད་རྩིའི་སྒྲུབ་པ་ཁྱད་པར་དུ་གདམས་པ་ཉིད་དོ། །ཁྱད་པར་དུ་ནི་སྦྲང་རྩི་ནི་ཞེ་སྡང་ཆུའི་རླུང་ངོ་། །མཚལ་ནི་ང་རྒྱལ་སའི་རླུང་། ག་བུར་ནི་འདོད་ཆགས་མེའི་རླུང་ངོ་། །བཅས་ནི་གཏི་མུག་སྟེ་ནམ་མཁའི་རླུང་ངོ་། །ཙནྡན་ནི་ཕྲག་དོག་གི་རླུང་ངོ་། །

དམར་དང་ནི་ཞེས་ཙི་ཏྲ་ཀ་དང་མཚུངས་པ་སྟེ་སིནྡྷུ་རའི་བྱེ་བྲག་གོ། །སྦྱར་བ་ནི་ཞེས་རླུང་དང་སྔགས་ལྷ་དང་ཡེ་ཤེས་དབྱེར་མེད་རོ་གཅིག་ཏུའོ། །དེ་ཉིད་ཚུལ་ཇི་ལྟ་བ་བཞིན་མྱངས་ན་ཞེས་མགྲིན་པའི་འཁོར་ལོ་ལ་སྦྱར་བར་བྱ་བ་ཉིད་སྔགས་ཨཱ་ལི་ཀཱ་ལིའི་བྱིན་གྱིས་བརླབས་པ་གསུང་རྡོ་རྗེ་བསྒྲུབ་པའོ། །
སྦོམ་པོ་སྟེ་རྡོ་རྗེ་འཛིན་པའི་ལུས་ཀྱི་ཡན་ལག་གི་ཆ་ལས། མཐའ་ལྟག་ནི་སོར་མོ་རྩེ་སྦྱར་བས་ཞེས་བདུད་རྩི་ལེགས་པར་བླངས་པས་རྣལ་འབྱོར་པ་རང་ཉིད་ཀྱི་ལྕེས་ལེན་པ་སྟེ་ཁམས་ལྔ་རོ་མཉམ་བདེ་བ་ཆེན་པོར་རིག་པས་རྟག་ཏུ་སྤྱན་ཞེས་བདག་ཉིད་ཀྱི་ལུས་ངག་ཡིད་བདེ་བར་བྱིན་གྱིས་བརླབ་
ཅིང་དབང་གི་རྒྱུད་རྒྱས་པར་འགྱུར་བའོ། །དེ་ཉིད་ལ་ཞི་བའི་བཏུང་བ་ཞེས་བྱ་སྟེ། དཔལ་རྡོ་རྗེ་རྣལ་འབྱོར་མ་དང་དཔལ་ཧེ་རུ་ཀ་གཉིས་སུ་མེད་པའི་བདུད་རྩི་འབྱུང་བའི་ནུས་པ་ལས་དངོས་གྲུབ་རྟག་པར་ཐོབ་བར་འགྱུར་བ་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི། རྟག་པ་དང་བདེ་བ་དང་། གཙང་བ་དང་། མི་
འགྱུར་བ་བདེ་ཞིང་ཡོན་ཏན་རྫོགས་པར་འཆར་བའོ། །དེ་ལས་ཞི་བའི་བཏུང་བ་ནི་ལྷག་པའི་ལྷའི་འཁོར་ལོ་ཡབ་ཡུམ་བདུད་རྩིར་ཞུ་བའི་ཁྱད་པར་རོ། །དེ་བཞིན་དུ་མྱངས་པས་ནི་ཞེས་ལྷ་མོ་རོ་རྡོ་རྗེ་མར་གྱུར་པས་མགྲིན་པ་སྦྱང་བའོ། །སྦོམ་པོ་ནི་སྤྱི་བོའི་ཧཾ་ལས་བདུད་རྩིའི་ཆུ་རྒྱུན་འབབ་པའོ། །
མཐའ་ལྟག་ནི་ཙཎྜ་ལཱི་སྟེ་འོག་རྩ་གསུམ་འདུས་ནས་སྦར་བས་རྩེ་སྦྱར་བ་ནི་མེ་ཆུ་ཚ་གྲང་གཉིས་བདེ་བ་དང་སྟོང་པ་ཉིད་དུ་ངོ་འཕྲོད་པས་ན་རྣལ་འབྱོར་རིག་པ་ཞེས་བྱའོ། །རྟག་ཏུ་སྤྱོད་ནི་ཐུན་བཞི་ལ་སོགས་པར་མ་ཡེངས་པས་དཔྱིད་དང་ཐིག་ལེའི་རྣལ་འབྱོར་འབར་འཛག་བསྒོམ་པའོ། །ཡང་ན་
སྦོམ་པོ་ནི་ཐབས་སྙིང་རྗེ་ཆེན་པོ་སྣང་བ་རྡོ་རྗེ་འཆར་བ། མཐའ་ལྟག་ནི་ཤེས་རབ་ཡུལ་ཆོས་ཉིད་སྟོང་པ། རྩེ་སྦྱར་བ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཟུང་འཇུག་རོ་མཉམ་ཉིད་དོ། །ད་ནི་སྣོད་གཅིག་ཏུ་ཟ་བའི་གཙང་སྦྲ་བསྟན་པ་ནི། ཚོགས་ཀྱི་འཁོར་ལོའི་ནང་དུ་ཞུགས་པ་ནི། །ཞེས་བསྐྱེད་རིམ་
དུ་གོང་གི་བདུད་རྩི་སྦྱངས་པ་དེ་ཉིད་ལྷ་སྐུ་བདེ་བར་ཞུ་བ་ཡེ་ཤེས་ངང་དུ་བྱིན་གྱིས་བརླབ་པའོ། །ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཧེ་རུ་ཀས་གསང་ཆེན་རིགས་གཅིག་གིས་ཕྱག་རྒྱ་ཆེན་པོར་རྒྱས་བཏབ་པའོ། །རྫོགས་པ་ལྟར་ན་ལུས་ཀྱི་དཀྱིལ་འཁོར་གྱི་

ལྷ་ཚོགས་ཀྱི་ནང་དུ་བཞག་པ་ནི་འཁོར་ལོ་ལྔ་པོའི་ལྷ་ཐམས་ཅད་སྐད་ཅིག་མའི་ཡེ་ཤེས་ཀྱི་ངང་ལས་འབྱུང་ངོ་། །ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། །ཅེས་ལྷ་ཚོགས་དང་དཔའ་བོ་རྣལ་འབྱོར་མ་ཡབ་ཡུམ་དེ་དག་ཐམས་ཅད་ཀྱང་ཐབས་ཤེས་རབ་དབྱེར་མི་ཕྱེད་པར་
འགྱུར་བས་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་ལ་གནས་པས། འདི་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་ལ། བདེ་བའི་ཡེ་ཤེས་ཟ་བ་ཉིད་ཕྱི་ནང་རོ་གཅིག་ཏུ་གྱུར་པས་དབང་གསུམ་པའི་ལམ་དང་རྗེས་སུ་འབྲེལ་བ་བསྟན་པའོ། །དེ་ལས་འབྲས་བུའི་རྒྱུད་ཀྱི་གསང་ཆེན་བསྟན་པ་
ནི། འདི་ནི་མི་འཆི་བཅུ་ཕྱེད་འགྱུར། །ཞེས་པས། ཕྱག་རྒྱ་བཞི་ལྡན་ཏེ། ལས་ཀྱི་ཕྱག་རྒྱ་ནི་གཟུགས་ལ་སོགས་པ་འདོད་ཡོན་ལྔ་ལམ་དུ་བྱ། ཆོས་ཀྱི་ཕྱག་རྒྱའི་དབང་པོ་ལྔ་བདེ་བར་འཆར་བ། ཕྱག་རྒྱ་ཆེན་པོའི་འབྱུང་བ་ལྔ་སྟོབས་སུ་འགྱུར། །དམ་ཚིག་ཕྱག་རྒྱའི་ཡེ་ཤེས་ལྔ་འཆར་
བ་ཉིད་ནི། རླུང་སེམས་འདྲེས་པའི་སྲོག་གི་ཐིག་ལེ་ཉག་གཅིག་གི་ནང་དུ། སྲིད་པ་དང་ཞི་བའི་ཆོས་ཐམས་ཅད་གསལ་བར་འཆར་བས་མེ་ལོང་ལྟ་བུའི་ཡེ་ཤེས། ལུས་ཀྱི་གནས་ཐམས་ཅད་ན་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་སོ་སོར་ཐབས་ཤེས་རབ་མ་འདྲེས་ལ། འཇིག་རྟེན་དང་འཇིག་རྟེན་
ལས་འདས་པའི་སྣང་བ་མ་ལུས་པའི་བྱེ་བྲག་ཕྱེད་པས་སོ་སོར་རྟོག་པའི་ཡེ་ཤེས། ཐིག་ལེ་དཀར་དམར་རོ་རྐྱང་དུ་སྲོག་རྩོལ་དག་དབུ་མ་ཀུན་འདར་དུ་རོ་མཉམ་པར་གྱུར་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རྡོ་རྗེ་ལུས་ཀྱི་རྩ་དང་ཡི་གེ་ཐམས་ཅད་དང་། འབྱུང་བ་བཞིའི་ནུས་པའི་བདུད་རྩིས་མ་དག་པ་དང་དག་
པའི་དོན་ཕྲིན་ལས་སྣ་ཚོགས་བྱེད་པས་བྱ་བ་གྲུབ་པའི་ཡེ་ཤེས། ལུས་སེམས་དབྱེར་མི་ཕྱེད་པའི་ངང་དུ་རྩ་རླུང་ཐིག་ལེ་དོན་དམ་ཀུན་རྫོབ་ཐམས་ཅད་སྒྱུ་ལུས་འོད་གསལ་དུ་དག་ལ། དེ་ཉིད་བདེ་གསལ་མི་རྟོག་པའི་ངང་དུ་དབྱིངས་རིགས་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཐམས་ཅད་རོ་
མཉམ་ལྷན་ཅིག་སྐྱེས་པ་ཟུང་འཇུག་བདེ་ཆེན་ཡེ་ཤེས་མི་འགྱུར་བ་དཔལ་ཧེ་རུ་ཀ་རྡོ་རྗེ་འཆང་ཉིད་དོ། །དངོས་གྲུབ་ཐམས་ཅད་འཇུག་ནི་སྐུ་གསུམ་ཡན་ལག་བདུན་ལྡན་དབང་ཕྱུག་བརྒྱད་དང་བཅས་པ། འཇུག་བྱེད་ཡིན་ནི་ཐོག་མར་དབང་བསྐུར་བའི་དུས་སུ་རྒྱུ་ཆ་བླ་མ་དང་ལྷག་པའི་ལྷའི་

བྱིན་རླབས་ཀྱིས་སོ། །གནས་པ་ནི་ལམ་རིམ་པ་སྒོམ་ཞིང་དམ་ཚིག་སྡོམ་པ་དང་ལྡན་པས་སོ། །འབྱུང་བ་ནི་ལམ་མཐར་ཕྱིན་པས་སྤྱོད་པ་སྤྱད་པས་གཞན་དོན་ཕྲིན་ལས་ནུས་པ་ཐོགས་མེད་དུ་སྟོན་པས་སོ། །མཆོད་བཞི་དེ་བཞིན་རྣལ་འབྱོར་མ། །ཞེས་པས་རྗེ་བཙུན་ཧེ་རུ་ཀའི་དཀྱིལ་འཁོར་
གྱི་བཀོད་པ་བསྟན་པ་ལས། བདེ་ཆེན་གྱི་འཁོར་ལོའི་མཚམས་སུ་བུམ་པ་བཞི་སྟེ། ཤར་ལྷོར་རིན་པོ་ཆེ་ཀེ་ཀེ་རུའི་བུམ་པའོ། །ལྷོ་ནུབ་ཏུ་བཻ་ཌཱུརྱའི། ནུབ་བྱང་དུ་པདྨ་རཱ་གའི། །བྱང་ཤར་དུ་ཨིནྡྲ་ནཱི་ལ་ལྗང་བའི་བུམ་པ། དེ་དག་གི་ཁ་རྒྱན་མགུལ་ཆིངས་དར་དཔྱང་དང་བཅས་པས་ཤིང་ཨ་ཤྭདྠ་ནྱ་གྲོ་དྷ།
པ་ཏ་ལ་དང་། ཨརྫུ་ནའི་ཤིང་སྟེ། དེའི་སྟེང་དུ་རྒྱལ་རིགས་བྲམ་ཟེ། རྗེའུ་གདོལ་བ་ཅན་གྱི་ཐོད་པར་ཤ་ལྔ་བདུད་རྩི་ལྔས་གང་བ་སངས་རྒྱས་རིགས་བཞིའི་བདག་ཉིད་ལས་བུམ་པ་རྣམས་ནི་ཡན་ལག་བརྒྱད་ཀྱི་ཆུ་བདུད་རྩིའི་རང་བཞིན་ཅན། ཀ་པཱ་ལ་རྣམས་ནི་གསང་བའི་དབང་གི་དོན་ཏོ། །
ཡང་མཆོད་བཞི་རྣལ་འབྱོར་པས་རིམ་པ་དང་པོ་ལྟར་ན། ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་མ་དྲན་པ་ཉེ་བར་གཞག་པ་བཞི་ནི་སྙིང་པོའི་ལྷ་མོ། ཆོས་ཀྱི་རྣལ་འབྱོར་མ་ནི་ཡང་དག་སྤོང་བ་བཞི་མཚམས་མའོ། །ཕྱག་རྒྱ་ཆེན་པོའི་སྒོམ་པ་བཞི་ལས། ཡང་དག་པའི་ལས་ཀྱི་མཐའ་འགུགས་པར་བྱེད་
པ། ཡང་དག་པའི་འཚོ་བས་འཆི་བར་བྱེད། ཡང་དག་པའི་རྩོལ་བས་སྡོམ་པར་བྱེད། ཡང་དག་པའི་དྲན་པས་དབང་དུ་བྱེད་པའོ། །དམ་ཚིག་གི་ཕྱག་རྒྱ་དཔལ་རྣལ་འབྱོར་མ་ཞི་གནས་ལྷག་མཐོང་རྡོ་རྗེ་དང་པདྨ་སྙོམས་འཇུག་པ་ནི་དྲོད་ནི་གསལ་བ། རྩེ་མོ་བདེ་བ། བཟོད་པ་མི་རྟོག་པའི་ཆོས་
མཆོག་བདེ་གསལ་མི་རྟོག་པ་ཚོགས་པ་གཅིག་པས་སོ། །མཐོང་ལམ་དུ་ཕྱག་རྒྱ་བཞི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཏུ་ཤར་བས་སོ། །ཁྱད་པར་དུ་མཆོད་བཞི་ནི་ལས་ཀྱི་ཕྱག་རྒྱ་དགའ་བ་བཞི་བདེ་ཆེན་གྱི་ལྷ་མོ་བཞི་དང་གཉིས་མེད་དོ། །ཆོས་ཀྱི་ཕྱག་རྒྱ་སྒོ་སྲུང་མ་བཞི་རྣམ་ཐར་སྒོ་བཞི་
འབྲས་བུ་བཞི་དང་གཉིས་མེད་པའོ། །ཕྱག་རྒྱ་ཆེན་པོ་ཚད་མེད་པ་བཞི་མཚམས་ཀྱི་ལྷ་མོ་བཞི་སྟོང་པ་ཉིད་བཞི་དང་གཉིས་མེད་དོ། །དམ་ཚིག་ཕྱག་རྒྱ་ནི། ཡེ་ཤེས་དེ་ཁོ་ན་ཉིད་བཞི་དཔལ་རྡོ་རྗེ་རྣལ་འབྱོར་མ་དང་དཔལ་ཧེ་རུ་ཀའི་དབང་པོ་གཉིས་སྙོམས་པར་འཇུག་པ་དཔྱིད་དང་ཐིག་ལེ་འབར་

འཛག་གོ། །གཉིས་མེད་བདེ་སྟོང་དུ་གྱུར་པའོ། །སྙོམས་པར་འཇུག་པའང་ཉིད་འཛིན་ཅེས་པས། དེ་ཁོ་ན་ཉིད་ཀྱི་ངང་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་ལྷན་སྐྱེས་དང་། ཞུ་བ་དེ་ལྷན་ཅིག་སྐྱེས་པ་དབྱེར་མེད་དུ་གྱུར་པ་བདེ་བ་ཆེན་པོ་ཚད་མེད་པའི་ཆེ་བ་བསྟན་པར་བཞེད་
ནས། ལྷ་དང་མིའི་བདེ་བ་ནི་ཞེས་པ་དང་དབང་པོ་བསམ་གཏན་བཞི་དང་བཅས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་དེ་ཉིད་ཟག་བཅས་ཡིན་པའི་ཕྱིར་འདུས་བྱས་ནི་མངོན་པར་འབྱུང་བའི་ཆ་ཤས་རྒྱུ་རྐྱེན་འཇིག་ཚོགས་མཚན་མའོ། །རྡོ་རྗེ་འཛིན་པའི་ཞེས་དཔལ་རྡོ་རྗེ་འཆང་ཧེ་རུ་
ཀ་ཟག་པ་མེད་པའི་བདེ་སྟོང་ངོ་བོ་ཉིད་ཀྱི་ཡེ་ཤེས། སྐད་ཅིག་མ་བཅུ་དྲུག་ཆར་ཡང་མི་ཕོད་དོ་ཞེས་མཚུངས་པ་མེད་པའི་དོན་ཏོ། །སྒྲུབ་པ་པོ་དོན་གྱི་ཡེ་ཤེས་རྟོགས་པ་ཡང་དེ་དང་ཆ་མཐུན་པའི་སྟེ་ངོ་བོ་ཉིད་རྣམ་པར་དག་པས། ལྷན་ཅིག་སྐྱེས་པ་རང་འབྱུང་ལྷུན་གྲུབ་རྟོགས་པའི་ཕྱིར་རོ། །
དེ་ལ་ཐོག་མར་དབང་བསྐུར་བའི་གཞིའམ་གནས་ཀྱི་རིམ་པ་བླ་ན་མེད་པ་བསྟན་པའི་ཕྱིར། རི་བོ་ཞེས་པ་སྨོས་ཏེ། རི་བོ་ནི་ལྷུན་ཆགས་པ་ཡོན་ཏན་དང་ལྡན་པའོ། །ཚང་ཚིང་ལྗོན་པའི་ཤིང་སྣ་ཚོགས་པ་འབྲས་བུ་དང་མེ་ཏོག་ཆགས་པ་ཅན་ནོ། །སྨན་ལྗོངས་དང་ཞེས་པ་སྨན་སྣ་སྐྱེ་བ་ཅན་ནོ། །
ཆུ་བོ་ཆེན་པོ་ནི་གངྒཱ་ལ་སོགས་པ་དེ་དག་འགྲམ་གཡས་གཡོན་གྱི་ངོགས་དག་ནི་ཚལ་གླིང་ཆུ་ཕྲན་འདུས་པའོ། །གདོད་ནས་གྲུབ་པའི་དུར་ཁྲོད་ནི་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་པ། བསྐལ་བ་ཆགས་དུས་ནས་བརྟགས་པའི་རྣམ་པར་རྟོག་པ་འགགས་པའི་ས་ལ་དབུགས་རྒྱུ་བ་དང་དབུགས་བྲལ་
དུ་ཤེས་པར་བྱའོ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བུམ་པའི་དབང་བསྐུར་བའི་དུས་ཀྱི་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲི་ཞིང་བསྒོམ་པར་བྱ་བ་ཡང་དེ་ཉིད་དུ་ཤེས་པར་བྱ་བ་ཉིད་དོ། །ཡང་གསང་བ་དང་གསུམ་པ་ལྟར་ན། རི་བོ་ནི་ཤེས་རབ་རིག་མའི་ཚང་ཚིང་ནི་སྐྲ་དང་བ་སྤུའི་ཚོགས་འཁྲིགས་པ།
ཕུགས་རྣམས་སམ་ཞེས་པ་ལུས་ཀྱི་གནས་དང་ཉེ་གནས་ལ་སོགས་པར་འདུ་བའི་སའོ། །སྨན་ལྗོངས་ནི་ལུས་ལ་ར་ས་ཡཱ་ན་གནས་པ་དག་གོ། །ཆུ་ཆེན་པོ་ནི་རྩ་གསུམ་པོ་ནས་འབབ་བོ། །དེ་དག་གི་དོགས་དག་ནི་ལུས་ཀྱི་ཕྱོགས་ཐམས་ཅད་དོ། །གདོད་ནས་གྲུབ་པ་ནི་ཐོག་མར་ལུས་ཆགས་པ་

ནས་སོ། །དུར་ཁྲོད་དུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བའི་གནས་སོ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པས་ཆོས་ཀྱི་དཀྱིལ་འཁོར་དེ་ལ་བརྟེན་ནས་སྙིང་པོ་ལེན་ཅིང་འཛིན་པ་ཉིད་ཀྱི་དོན་ཏོ། །ཁྱད་པར་དུ་ནི། རི་བོ་ནི་ལུས་ཀྱི་དབུས་ལས་ཀུན་འདར་རོ། །ཚང་ཚིང་ནི་རྩ་བྲན་སྟོང་ཕྲག་
བདུན་ཅུ་རྩ་གཉིས་ལ་སོགས་པའོ། །སྨན་ལྗོངས་ནི་ཁམས་བྱང་ཆུབ་སེམས་དངས་སྙིགས་ཐམས་ཅད་དོ། །ཕུགས་རྣམས་ནི་འདོད་ཆགས་བྲལ་བས་སྡང་ཞིང་སྐྲག་ལ། བྱ་བ་སྤྱད་པ་ལ་སོགས་པས་ཡེ་ཤེས་རྟོགས་དཀའ་བའི་ཕྱིར་རོ། །ཡང་ཆུ་བོ་ཆེན་པོ་ནི། སིཧླ་དང་གླ་
རྩི་དང་ཟླ་བ་འབབ་པའི་རྩ་ལ་སོགས། དེའི་ངོགས་དག་ནི་རྩ་འཁོར་ལོ་རྣམས་སུ་ཁམས་འདུ་བ་དག་གོ། །གདོད་ནས་གྲུབ་པ་ནི་རྩ་རླུང་ཐིག་ལེ་ཡི་གེ་ཐམས་ཅད་རང་བྱུང་དུའོ། །དུར་ཁྲོད་དུ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱེད་པའི་ས་ཕྱོགས་དབེན་པ་ཉིད་དོ། །དེར་ནི་དཀྱིལ་འཁོར་བྲི་
བར་བྱ། །ཞེས་པ་དབང་ཕྱི་མ་དང་འབྲེལ་པའི་དོན་བདེ་ཆེན་བླ་ན་མེད་པ་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་ཀྱི་སྙིང་པོ་ལེན་པའི་ཕྱིར་བསྟན་པ་ཉིད་དོ། །བླ་ན་མེད་པ་ལྟར་ན། རི་བོ་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཚང་ཚིང་ནི་བྱམས་སྙིང་རྗེ་ལས་བུདྡྷའི་ཡོན་ཏན་འབྱུང་གནས་ཚད་མེད་པའོ། །སྨན་
ལྗོངས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སོ། །ཆུ་བོ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་སྤྲོས་པ་མེད་པའི་དོན་ཏོ། །ངོགས་དག་ནི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སོ། །གདོད་ནས་གྲུབ་པ་ནི་ཆོས་ཉིད་ཞི་བ་མཉམ་ཉིད་གཉུག་མ་སྐྱེ་བ་མེད་
པ་ཉིད་དོ། །དུར་ཁྲོད་དུ་ནི་རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་པ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་གནས་སོ། །དེར་ནི་བདེ་བ་ཆེན་པོའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བྲི་བར་བྱ་ཞེས་གསང་བ་ཆེན་པོ་བླ་ན་མེད་པའི་དོན་དུ་བསྟན་པའོ། །མཆོད་པའི་ཚུལ་ལས་བདུད་རྩི་རྒྱས་བྱེད་ཐབས་ཉིད་
འགྱུར་མེད་ཡེ་ཤེས་མངོན་དུ་བྱེད། །གང་ཟག་གང་གིས་འདིར་ཞུགས་འཇུག་ལྡོག་ཁྱད་པར་བརྟགས་ནས་མི་འདའ་བར་ནི་དོན་གྱི་ཁྱད་པར་ཅན་ལ་བརྟེན། །ཡུལ་དང་ཡུལ་གྱི་ཕྱག་རྒྱ་ཆེན་པོའི་གོ་འཕང་བ་ཆེན་གསང་བ་ཤྲཱི་ཧེ་རུ་ཀ་ཡི་སྤྱོད་ཡུལ་ལ། །ཐུན་མོང་ཁྱད་པར་སྤྱི་དང་བྱེ་བྲག་རིགས་

ལྡན་མཉེས་བྱེད་དཀྱིལ་འཁོར་གནས་ནི་རབ་དབྱེ་ཐོབ་པའོ། །དེས་ལེའུའི་གཞུང་མདོར་བསྟན་པའི་ཚུལ། ལེའུའི་མཚན་ནི། དཔལ་འཁོར་ལོ་སྡོམ་པ་ལས་དཀྱིལ་འཁོར་དུ་འཇུག་པ་ཞེས་པ་ནི། ཐོག་མར་ལམ་དང་ཡེ་ཤེས་གསང་བ་བསྟན་པའོ། །ལེའུ་དང་པོའོ།། །།
ད་ནི་ལེའུ་དང་པོར་རྒྱུ་ཐབས་འབྲས་བུ་ཐམས་ཅད་རྩ་བ་མདོར་བསྟན་པས་ལུས་རྣམ་གཞག་ལྟར་བསྟན་པས། བརྗོད་བྱའི་གསང་བ་དང་རྗོད་བྱེད་ཀྱི་གསང་བ་བླ་ན་མེད་པ་བསྟན་པ་ཡིན་ལ། ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཞེས་པའི་དོན་གྱིས་
དཀྱིལ་འཁོར་མངོན་པར་འབྱུང་བ་རྣམས་ཡོངས་སུ་རྫོགས་པ་ལས། ད་ནི་ལེའུ་སོ་སོའི་དོན་ཇི་ལྟར་བསྡུ་བ་དང་སྤྲོ་བ་ལ་ངེས་པར་རྟོགས་པར་བྱ་བ་དང་། ཡན་ལག་གི་དམ་ཚིག་གི་དོན་སོ་སོར་རྣམ་པར་བཤད་པ་བསྟན་ལ་དབང་བ་བསྟན་ཏེ། དེ་ལྟར་ཡང་། དེ་བཞིན་གཤེགས་ཀུན་ཡེ་
ཤེས་ནི། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། །བླ་མེད་མཆོག་བཟང་ཐོབ་འགྱུར་བའི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །རྣལ་འབྱོར་ཡེ་ཤེས་ཀུན་བདག་ཉིད། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཞེས་པས་འདིར་དེ་ཁོ་ན་ཉིད་མ་རྟོགས་པ་རྟོགས་པར་བྱ་བ་དབང་བསྐུར་བ་སྟེ། རྡོ་རྗེ་ཐེག་
པ་གསང་ཆེན་དུ་དབང་བསྐུར་བ་སྔོན་དུ་འགྲོ་བ་ཉིད་རྡོ་རྗེ་འཛིན་པས་གསུངས་པ་སྟེ། དེ་ལ་ཐོག་མར་སྨིན་བྱེད་དཀྱིལ་འཁོར་སྔོན་འགྲོ་བ་སྙེན་པའི་རིམ་པ་རྣམ་གསུམ་དག་ཏུ་ཤེས་པར་བྱ་བ་སྟེ། །མཚན་ཉིད་དང་ལྡན་རྡོ་རྗེ་སློབ་དཔོན་གྱིས་ནི་སྐལ་ལྡན་རྗེས་སུ་འཛིན་དང་སྐལ་དམན་མིན། །གཙོ་བོ་ལ་
འབུམ་འཁོར་ལ་ཁྲི་ཕྲག་ཕྲིན་ལས་སྣ་ཚོགས་ནུས་པ་དེ་ཉིད་མཚན་མ་དུས་བྱུང་བ། །རིགས་ནི་འདོད་ཡོན་དག་སྟེ་སྟོང་ཕྲག་བརྒྱ་ལས་མཁའ་དང་མིག་གིས་ཡོན་ཏན་ཕྲིན་ལས་ཉིད། །དཀྱིལ་འཁོར་པ་ལ་མཁའ་དང་ཕྱོགས་ཀྱིས་རླུང་བཅུ་དག་པས་དེ་རྗེས་ལས་ཀྱི་སྙིང་པོ་ཅན་དུ་འགྱུར། །ཞེས་
པའི་དོན་ཏེ། དེ་ནས་ཞེས་པ་ལ་སོགས་རྒྱུད་འདི་ཉིད་དུ་རིགས་བསྡུས་གསང་བའི་དབང་བསྟན་པར་བྱ་བ་ལས། དང་པོར་རྡོ་རྗེ་སློབ་དཔོན་ཏེ་བསྒྲུབ་བྱ་བླ་མའི་མཚན་ཉིད་ནི་ཐུན་མོང་བ་དང་། ཁྱད་པར་ལྟ་བསྒོམ་སྤྱོད་པ་རྣམ་པར་དག་པས། སྐལ་ལྡན་རྗེས་སུ་འཛིན་པར་ནུས་པས་ལམ་ལ་རིམ་གྱིས་

བློ་སྦྱོང་བ་ལ་སློབ་ཏུ་གཞུག་པའོ། །སྒྲུབ་བྱེད་སློབ་མས་གསོལ་བ་ལན་གསུམ་དུ་བཏབ་པས་སོ། །ཚུལ་ཇི་ལྟར་དཀྱིལ་འཁོར་བསྒྲུབ་པའི་རིམ་པ་འོག་ནས་སྟོན་ཏོ། །དེ་ལ་ཐོག་མར་ནི་སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན་ཞེས་སྨོས་ཏེ། རྒྱུད་སྡོམ་པ་གསུམ་གྱིས་མཛེས་པ་ལས་བདག་མེད་
པའི་དོན་རྟོགས་པ་ལ། ཡང་དག་ཤེས་ཤིང་ནི་བདེན་པ་གཉིས་ཀྱི་དོན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལེགས་པར་རྟོགས་པའོ། །རྒྱུད་ཅེས་པ་ནི་སྤྱིར་བླ་ན་མེད་པ་རྒྱ་མཚོ་ལྟ་བུའི་དེ་ཁོ་ན་ཉིད་རྟོགས་པ་ལས། ཁྱད་པར་དུ་དཔལ་འཁོར་ལོ་སྡོམ་པའི་བརྗོད་བྱ་རྗོད་བྱེད་དོ། །དཔལ་
ལྡན་ཁྲག་འཐུང་གསང་སྔགས་ཞེས་པ་ནི། དཔལ་རྡོ་རྗེ་རྣལ་འབྱོར་མ་དང་དཔལ་ཧེ་རུ་ཀའི་ལྷ་སྔགས་ཕྱག་རྒྱ་བདག་གི་དེ་ཁོ་ན་ཉིད་ལས། བརྡ་དང་སྤྱོད་པས་སྒྲ་དང་དེའི་སྐྱོན་རྣམ་པར་དག་ཚུལ་སྙིང་པོ་རྟོགས་པའོ། །ཁྲོ་མེད་ནི་བཟོད་པ་དང་དུ་ལེན་པ་རྒྱུད་འཇམ་པར་འགྱུར་བའོ། །གཙང་
ཞིང་ནི་ཉེས་ལྟུང་གིས་མ་གོས་པར་བྱེད་པ་སྟེ་ལྟུང་བ་ཞག་ཏུ་མི་འཇོག་པའོ། །མཁས་པ་དང་ཞེས་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་གྱི་ལས་དང་། ཡང་ན་དེ་ཉིད་བཅུ་ལའོ། །སྦྱོར་ཞེས་ནི་རྒྱུ་ཐབས་འབྲས་བུའི་དེ་ཉིད་ཉམས་སུ་མྱོང་བ་དང་བཅས་པའོ། །ཡེ་ཤེས་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་ལམ་
འགྲོ་ལྡོག་རྟོགས་པས་དེ་ཉིད་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་གྱུར་པ་དག་གོ། །ཕ་རོལ་འགྲོ་བ་ནི་མཉམ་རྗེས་གཉིས་མེད་བྱང་ཆུབ་སེམས་ཀྱིས་རང་བས་གཞན་གཅེས་ཀྱི་བློ་ནུས་དང་ལྡན་པས། དང་པོ་སྙིང་རྗེའི་སྟོབས་ལས་བྱུང་། །རྫོགས་པའི་བྱང་ཆུབ་སེམས་བརྟན་བྱས། །བུམ་པ་ལ་
སོགས་དབང་བསྐུར་བ། །བླ་མའི་དྲིན་གྱིས་ཡང་དག་ཐོབ། །སྲིད་པའི་ལོངས་སྤྱོད་བདེ་བ་ཐོབ། །ཡོངས་སུ་འཛིན་ལ་རྒྱབ་ཀྱིས་ཕྱོགས། །ཞེས་པའི་དོན་ཏོ། །བསྙེན་པ་འཇུག་པའི་བྱ་བ་རྫོགས་ནས། །དངོས་གཞི་ལ་དང་པོ་སྔོན་དུ་འགྲོ་བ་ནི། དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་། །ཞེས་པས། གཏུམ་དྲག་
ཚང་ཚིང་འཁྲིགས་པ་དང་། །འུར་འུར་འབར་བས་ཁྱབ་པ་དང་། །འཇིགས་སུ་རུང་རྣམས་ཤར་སོགས་པའི། །ཕྱོགས་སུ་གཡོན་སྐོར་གྱིས་ལེགས་གནས། །ཧ་ཧ་དགོད་པ་དབང་ལྡན་དུ། །བྱིན་ཟ་དཔལ་གྱི་ནགས་ཚལ་ཏེ། །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་དུ་ཀི་ལི་ཀི་ལར་སྒྲོགས། །

ཤིཪྵ་ཨ་ཤྭཏ་ཀ་ཀོ་ལི། །ཙུ་ཏའི་ཤིང་རྣམས་སྔར་བཞིན་ནོ། །བྷ་ཏ་ཀ་རཉྫ་ཉིད་དང་། །པར་ཀ་ཏི་དང་སར་ཏི་པའོ། །དབང་པོ་ནོར་སྦྱིན་ཉིད་དང་ནི། །ཀླུ་ཡི་དབང་པོ་གཤིན་རྗེའི་བདག །དྲང་སྲོང་དང་ནི་བདེན་བྲལ་ཏེ། །རིག་འཛིན་འབྱུང་པོའི་བདག་པོའོ། །ནོར་རྒྱས་བུ་དང་
འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་པདྨ་དང་། །པདྨ་ཆེན་པོ་ཧུ་ལུ་རུ། །རིགས་ལྡན་དང་ནི་དུང་སྐྱོང་ངོ་། །སྒྲ་སྒྲོགས་དང་ནི་རྨུགས་འཇིགས་དང་། །དྲག་པོ་དང་ནི་འཁྱིལ་བ་དང་། །གཏུམ་པོ་འདི་དག་སྤྲིན་བརྒྱད་དོ། །སྟུག་པོ་སྙིམ་པ་ཆར་འབེབས་པ། །ལྗོན་ཤིང་རྣམས་ལ་བརྟེན་པ་ནི། །ཞིང་
སྐྱོང་བརྒྱད་དུ་གྲགས་པ་སྟེ། །ལུས་ཕྱེད་ཐོན་པ་གྲི་གུག་དང་། །ཐོད་པ་རྒྱན་ལྡན་ཡུམ་ལྡན་ནོ། །སེང་གེ་སྟག་དང་ཅེ་སྦྱང་གདོང་། །འུག་པ་བྱ་རྒོད་ཕག་དང་ཁྱི། །ཁྭ་དའི་གདོང་པ་ཕྱག་གཉིས་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་སྒྲུབ་པ་པོ། །གྲུབ་པའི་སྐྱེས་
བུ་རྣལ་འབྱོར་གྱི། །དབང་ཕྱུག་བྱིན་གྱིས་རློབ་བྱེད་ཚོགས། །སྤྱོད་པ་པ་དང་བསམ་གཏན་པ། །སྣ་ཚོགས་མཁའ་འགྲོ་ཤ་ཟ་དང་། །ཅེ་སྤྱང་རོ་ལངས་དུག་སྦྲུལ་དང་། །དུར་ཕག་གཅན་གཟན་དུ་མ་དང་། །འདབ་ཆགས་དུ་མ་ཀེང་རུས་ཅན། །མེ་དང་ཆུ་འབབ་རི་བྲགས་སོགས། །མཆོད་
རྟེན་རང་བྱུང་ལྷ་རྣམས་བཅས། །འཁོར་འདས་ཆད་པ་དུར་ཁྲོད་དེ། །ཐོད་པ་ཤ་དུམ་ཁྲག་འབབ་པ། །རོ་ཡི་ཤ་ལ་འཐོག་བྱེད་པ། །དེ་ལ་བརྟེན་ནས་མི་རྟག་དང་། །སྡུག་བསྔལ་བདག་མེད་དོན་སྤྱོད་པ། །ཡིད་འབྱུང་དེ་ལས་ལམ་སྤྱོད་པ། །དུར་ཁྲོད་ཆེན་པོར་རབ་བསྟན་པ། །ཞེས་རྡོ་རྗེ་སེམས་
དཔའ་རང་འབྱུང་བའི་རྒྱུད་ལས་བྱུང་བའོ། །གནས་ཀྱི་ཡན་ལག་ནི། རི་ཡི་རྩེ་དང་རི་སུལ་དང་། །ཆུ་བོའི་ངོགས་དང་ཚལ་གླིང་དང་། །རྒྱ་མཚོའི་འགྲམ་དང་བས་མཐའ་དང་། །ཤིང་གཅིག་དང་ནི་དུར་ཁྲོད་སོགས། །དབུགས་བྲལ་བདེན་པ་དག་ཏུ་ནི། །དཔའ་བོའི་གཙོ་བོ་བསྒོམ་པར་བྱ། །
བརྟན་པ་ཡི་ནི་གནས་དག་གམ། །ཡང་ན་ཡིད་ནི་དགའ་བར་རོ། །ཞེས་པ་ལ་སོགས་པར་གྲོགས་དང་མཆོད་རྫས་དང་ཟས་དང་བྱ་བའི་རིམ་པ། ཁྱད་པར་དུ་བསྟན་པའི་ཡན་ལག་དང་ལྡན་པས། དང་པོར་བགེགས་ཉེ་བར་ཞིབ་སའི་ཆོ་ག་ལ་འཇུག་པས། ལྕི་བ་ས་ལམ་ལྷུང་བ་ཞེས་པ་ནི་

རྣམ་ལྔ་ལ་སྤོས་ཆུ་ཙནྡན་ལ་སོགས་པས་དྲིའི་གཙང་ཁང་དུ་བྱས་པས། དང་པོར་ས་བརྟག་པའི་ཁྱད་པར་དང་། ལྟོ་འཕྱེ་བརྟགས་ནས་ས་བརྐོ་ཞིང་། སའི་ལྷ་མོ་ལ་ས་བསླང་བ་དང་། ས་གཟུང་ཞིང་སྦྱང་བར་བྱས་པས། །དཀྱིལ་འཁོར་གྱི་སྟེགས་བུ་བྱ་བ་སྔོན་དུ་འགྲོ་བས། །ས་ནི་ལེགས་པར་
བྱུག་ཅེས་སྔ་མ་དེ་དག་དང་། ཡང་ན། དུར་ཁྲོད་ཐལ་བར་ལྡན་པ་དང་། །ཞེས་པས་སྐྱེས་བུ་ཤི་བ་བསྲེགས་པའི་ཐལ་བ་དང་སོལ་བ་ཕྱེ་མ་དང་། མི་འཆི་བཅུ་ཕྱེད་བཅས་པ་ཡིས། །ཞེས་བདུད་རྩི་རིལ་བུ་སྦྱར་བ་མ་ད་ན་དང་ལྡན་པ་དེས། དཀྱིལ་འཁོར་ས་ནི་ཉེར་བྱུགས་ཏེ། །ཞེས་ཀུན་དུ་བར་
མཚམས་མེད་པར་ཁྱབ་པར་བྱས་པས་དབུས་སུ་རིང་དུ་བྲུས་པར་ནི་རིན་པོ་ཆེ་སྣ་ལྔ་དང་འབྲུ་དང་ནི་སྨན་ལ་སོགས་པར་གཏེར་དུ་བྱ་ཞིང་སྦ་བའོ། །དེར་ནི་དཀྱིལ་འཁོར་ཡང་དག་བརྩམ། །ཞེས་ཕྱོགས་ལ་མ་འཁྲུལ་བས་ཁྲུ་བཞི་པ་ནས་ཁྲུ་བརྒྱད་ཀྱི་བར་དུ་བྱ་བས་སོ། །ས་སྦྱང་བ་མེད་ཀྱང་
རུང་བར་འགྱུར་བ་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། །ཁང་བཟང་རྡོ་སྟེང་གཞི་དང་ནི། །གཙུག་ལག་ཁང་དང་ཞབས་ཀྱིས་བཅགས། །བ་ལང་ལྷས་དང་རྒྱ་མཚོའི་འགྲམ། །ལག་པ་རྡོ་རྗེ་ས་གནོན་བཅས། །རང་གི་སྙིང་པོ་བརྒྱད་བརྒྱ་བཟླས། །དེར་ནི་སྦྱང་བ་བྱ་མི་དགོས། །ཞེས་གསུངས་
སོ། །སློབ་མ་རྗེས་གཟུང་ལ། ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ཀྱིས་སློབ་མའི་ལུས་ཀྱི་བགེགས་དབྱུང་བའི་སྦྱོར་བས། སྦྱིན་སྲེག་བྱ་བའམ། ཡང་ན་མེ་ཕོར་དུ་ཡུངས་ཀར་གྱིས་དབྱུང་ཞིང་། ཨོཾ་བཛྲ་ཀྲོ་དྷ། ཏྲཻ་ལོ་ཀྱ་བི་ཛཱ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཾ་ད་ཧ་ད་ཧ་ན་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཅེས་བགེགས་ཕྱེ་
མར་བསྲེགས་པ་རྒྱ་མཚོར་དོར་བར་བྱ་བའོ། །དེ་ནས་ཨོཾ་ཨཱ་ལཾ་བཛྲ་ཧཱུཾ་ཧཱུཾ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཁཾ་བྷུ། ཨོཾ་མེ་དི་ནི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་བི་དཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བྷྲུཾ་ཧཱུཾ། ཨོཾ་བཛྲ་ཤ་ར་ཛྭ་ལ་ཏྲཾ་སཾ་ཏྲཾ། ཨོཾ་ནེ་ཏྲི་བནྡྷ་སརྦ་བིགྷྣཱཾ་ཧཱུཾ། ཨོཾ་བཛྲ་ཁཌྒ་པྲཱ་ཀཱ་ར་ཎ་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་
ཁ་དྷྲྀ་ཀ་པྲཱ་ཀཱ་ར་ཎ་ཧཱུཾ་ཡཾ་ཧཱུཾ། ཨོཾ་ཙཀྲ་པྲཱ་ཀཱ་ར་ཎ་ཧཱུཾ་ཧཱུཾ། ཨོཾ་པདྨ་པྲཱ་ཀཱ་ར་ཎ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཧཱུཾ། ཞེས་ལོག་འདྲེན་གྱི་བགེགས་ཀུན་གྱིས་མི་ཚུགས་པར་བྱ་བ་སྟེ་དེས་ས་བཟུང་བའོ། །དེ་ནས་རྡོ་རྗེ་ལས་ཀྱི་སྐྱེས་བུའམ་རྣལ་འབྱོར་མ་བཞི་ཡིས་དཀྱིལ་འཁོར་གྱི་ཕྱོགས་བཞིར་

གནས་པས། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ལ་མཆོད་ཅིང་གསོལ་བ་གདབ་པར་བྱའོ། །དེ་ནས་ས་བསྲུང་བར་བྱ་བ་ལས། རྡོ་རྗེ་སློབ་དཔོན་བདག་ཉིད་ལྷག་པའི་ལྷའི་ང་རྒྱལ་དུ་བྱ་བ། དཔལ་ལྡན་ཧེ་རུ་ཀར་དྲན་བྱ། །ཞེས་པས་སྔོན་དུ་འགྲོ་བ་བྱམས་པ་སྙིང་
རྗེ་བྱང་ཆུབ་སེམས་ཀྱིས་འཕངས་ལ་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་ཁྲོ་བོ་བཅུའི་དཀྱིལ་འཁོར་དུ་བསམས་ཏེ། རང་གི་ལུས་ངག་ཡིད་ལྷག་པའི་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསང་བ་འཛིན་པ་ཉིད་དུ་གསལ་བར་བལྟའོ། །དེ་ཡང་ལྷའི་རྣམ་པ་གསལ་ཞིང་དམིགས་པ་བརྟན་པར་
གྱུར་པས་འཁོར་ལོ་འདིའི་སྙིང་གར་བཀོད་ནས་ལུས་ཀྱི་དཀྱིལ་འཁོར་དྲན་པར་བྱ་བ་བདེ་བ་ཆེན་པོའི་འཁོར་ལོ། །དམ་ཚིག་འཁོར་ལོ་ཐུགས་ཀར་གསལ་གདབ། དེ་ཡང་སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་ཤིན་ཏུ་གསལ་བ་ལས། བདག་ཉིད་དེ་ལྟར་གོ་བགོས་ནས་ཞེས་ཐབས་དཔའ་
བོའི་གོ་ཆ་དང་། གོ་ཆ་ཆེན་པོ་བགོས་པས་ཁམས་གསུམ་ཟིལ་གྱིས་གནོན་པའི་བདུད་ལས་རྣམ་པར་རྒྱལ་བར་བྱ་བ་ཉིད་ཡིན་ནོ། །དེ་ལས་ཕྱིར་ཡང་བརྟུལ་ཞུགས་ཀྱི་སྤྱོད་པས་རོལ་བའི་གར་བྱ་བ་སྟེ། དཔའ་བོ་ཆེན་པོ་སེང་གེ་ལྟ་བུའི་ཚུལ་དུ་བསྒྱུར་བ་ལ། །ཐོད་པས་སྤྱི་བོར་བརྒྱན་བྱས་ཤིང་། །ཞེས་
པས་བཅོས་མའི་སྐྲ་ལས་རལ་བ་འབར་བའི་ཐོར་ཚུགས་གཅིག་ཏུ་བཅིངས་པ་ལ་ཐོད་པ་ཆུང་བ་ལྔ་ལ་ཆུན་འཕྱང་དང་། རྡོ་རྗེ་རྒྱ་གྲམ་དང་ཟླ་བ་ཚེས་པ་དང་རུས་པའི་འཁོར་ལོ་དང་རྒྱལ་བ་རིགས་ལྔའི་དབུ་རྒྱན་དར་དཔྱང་དང་ལྡན་པའོ། །ཡན་ལག་ནི་རུས་པའི་ཕྱག་རྒྱ་ལྔའོ། །ཐལ་བས་བྱུགས་པ་
ནི་མི་རུས་བསྲེགས་པའི་ཐལ་བ་དང་། ཨིནྡྲ་ནཱི་ལའི་ཕྱེ་མ་དང་སྦྱར་བས་མནྡྷ་ནང་གིས་སོ། །ཕྱག་རྒྱ་དག་གིས་ནི་རིགས་ལྔའི་སྔགས་ཀྱིས་བྱིན་གྱིས་བརླབས་པས་ལུས་བརྒྱན་ཅིང་ནི་སྔགས་ཀྱི་འོད་འཕྲོ་བ་དང་བཅས་པས་སོ། །རུས་པའི་ཕྲེང་བ་ནི་མི་མགོ་ལྔ་བཅུ་པའི་ཆ་ཤས་ཏེ་མི་རུས་
ལས་བྱས་པའི་མཐེ་བོང་ཙམ་སྤྲེངས་པའོ། །ཡང་དག་རྒྱན་ནི་སྟོད་གཡོགས་དང་སྨད་དཀྲིས་དར་རམ་རས་ལ་གླང་པོའི་དང་སྟག་ལྤགས་སུ་མོས་པའོ། །དུམ་གཅིག་སྤྱི་བོར་བརྒྱན་པ་ནི་ཡིད་བཞིན་རིན་ཆེན་འབར་བ་དང་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །རུས་པའི་ཕྲེང་བ་རྣམ་པར་འཕྱང་བ་ནི་མཆོད་ཕྱིར་

ཐོགས་ཚངས་སྐུད་སྲད་བུ་བསྒྲིལ་བ་ག་ཤལ་བྱ་བའོ། །ཁ་ཊྭཱཾ་ག་ནི་སྐུ་བདེ་བ་མཚོན་པ་རྡོ་རྗེ་དང་ཌཱ་མ་རུ་དང་ཐོད་པ་ལག་ན་གནས་པ་བདེ་བ་སྐྱོང་བར་བྱེད་པ་སྟེ། དཔལ་རྡོ་རྗེ་འཛིན་པའི་དྲག་པོའི་ཉམས་ཀྱིས་བརྒྱན་པས་ཐོགས་པ་མེད་པར་སྤྱོད་པའོ། །བསྒོམས་ནས་བགེགས་བསལ་བར་བྱ་སྟེ།
དེ་ནས་རྐང་མཐིལ་དུ་ཡི་གེ་ཧཱུཾ་སྣ་ཚོགས་རྡོ་རྗེ་འབར་བ་དང་། མིག་གཉིས་སུ་མཾ་དང་ཏྲཾ་ལས་ཉི་མ་དང་ཟླ་བ་འོད་འཕྲོ་བས་རྡོ་རྗེའི་བལྟ་བས་ཕྱོགས་ཐམས་ཅད་དུ་བལྟས་ལ། ལག་པ་གཡོན་གྱིས་དྲིལ་བུ་བཟུང་ནས། གཡས་ཀྱིས་རྡོ་རྗེ་འཕང་ཞིང་། ཁ་ཊྭཱཾ་ག་ལེགས་པར་འཁྱུད་ནས་ས་དེ་ན་གནས་པ་
འདིས་བསྐྲད་པར་བྱ་བའོ། །ས་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། འབྱུང་པོ་དང་དྲི་ཟ་དང་སྲིན་པོ་དང་ཤ་ཟ་ལ་སོགས་པ་མ་རུངས་པ་གང་སུ་ཡང་རུང་བ་རྣམས་ཕྱིར་བྱེར་ཅིག་མྱུར་དུ་སོང་ཤིག །འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་སོང་ཤིག །
གང་དག་མི་འགྲོ་བ་དེ་དག་པའི་རྡོ་རྗེ་འབར་བ་དང་ཁ་ཊྭཱཾ་ག་འདིས་མགོ་བོ་ཨརྫ་གའི་དོག་པ་བཞིན་རྣམ་པ་བརྒྱར་འགས་པར་འགྱུར་རོ་ཞེས་ལན་གསུམ་གྱི་བར་དུ་བརྗོད་དོ། །དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་ནས་ལན་གསུམ་དུ་བསྐོར་བ་བྱའོ། །བསྐལ་པའི་མེ་ལྟ་བུའི་འོད་ཟེར་རྐང་པ་ནས་བྱུང་
ནས་གདུག་པ་རྣམས་བསྲེགས་པར་གྱུར་པས་ཕན་ཚུན་འབྲོས་པར་གྱུར་པར་བལྟའོ། །སྲུང་བའི་འཁོར་ལོའི་ཁྱད་པར་གྱི་བྱེད་པ་བསྟན་པའི་ཕྱིར། ར་བ་རྣམས་ནི་ཕྱོགས་སུ་དགོད། །ཅེས་པས་རྡོ་རྗེ་འབར་བའི་ར་བས་ཡོངས་སུ་འཁོར་བ་རིམ་པ་གསུམ་དུ་བལྟ། འོག་ཏུ་ཡང་མཚོན་ཆ་དགོད་པར་
བྱ་བ་ནི། སྣ་ཚོགས་རྡོ་རྗེའི་ས་གཞི་ཆེན་པོ་ལ་རྡོ་རྗེ་ཕྲ་མོས་བཏམས་པར་བསམ། གུར་བྱས་ནས་ནི་གོ་ཆར་འགྱུར། །ཞེས་རྡོ་རྗེའི་རྩིག་པ་ལྔ་སྦྲག་ལས་རྡོ་རྗེའི་གུར་ཆེན་པོས་ཁྱབ་པ་ལས། རྡོ་རྗེ་རྩིག་པའི་ཕྱི་རོལ་དུ་ནི། རལ་གྲིའི་ར་བ། དེའི་ཕྱི་རྡོ་རྗེ་གྲི་གུག་གི་ར་བ། འཁོར་ལོའི་ར་བ། པདྨའི་ར་
བ། སླར་ཡང་བདག་ཉིད་མཁའ་སྤྱོད་དུ་ཞེས་རྡོ་རྗེ་གུར་གྱི་ནང་དུ་རྡོ་རྗེའི་བླ་རེ་ཆེན་པོ་བྲེས་པའོ། །སྟེང་དུ་མདའ་ཡི་ར་བ་དགོད། །ཅེས་པས་མདའ་རི་བས་རྡོ་རྗེའི་རང་བཞིན་གྱི་ཁྱད་པར་རོ། །དེ་དག་ཐམས་ཅད་ཀྱི་ཕྱི་རོལ་དུ་མེ་འོད་ཕྲེང་བས་ཀུན་དུ་འཁྲིགས་པར་བལྟ་བའོ། །སྲུང་བའི་འཁོར་ལོའི་

བདག་ཉིད་ནི་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་ཚད་མེད་པ་ཉིད་དོ། །མཚོན་ཆར་མཉམ་ནི་དཔེར་ན་གྲི་བསྐོར་མཁན་གྱི་རལ་གྲི་ལྟ་བུ་སྟེ་ཕར་ལ་གཅོད་ཅིང་འཁོར་ལ། ཚུར་གང་གིས་ཀྱང་མི་ཚུགས་པ་ཉིད་ཤིན་ཏུ་འཇིགས་པར་སྟོན་པའོ། །དེ་དག་གི་ནུས་པའི་སྟོབས་ནི། དེ་ལྟར་བདག་
ཉིད་གོ་བགོས་པས། །ཞེས་བདུད་པར་དུ་གཅོད་པས་གླགས་མི་རྙེད་པས་གཟི་བརྗིད་མི་བཟོད་པས་ཉེ་མི་ནུས་པའོ། །སུམ་ཅུ་རྩ་གསུམ་པས་ཀྱང་མི་ཤིགས་ཞེས། །དབང་པོ་བརྒྱ་བྱིན་ལ་སོགས་པ་སྟེ། ཕྱོགས་སྐྱོང་བཅུ་ལྟ་བུའི་ནུས་པ་དང་སྟོབས་དང་ལྡན་པས་ཀྱང་ཉེ་བར་མི་ནུས་པ་ཉིད་ཚད་མེད་པར་
བསྟན་པའོ། །དེ་ནས་ལྷ་ལྷག་པར་གནས་པར་བྱ་བའི་ཕྱིར། དེ་ལྟར་བདག་ཉིད་ཅེས་པས་བསྟན་ཏེ། ལྷའི་བུའི་བདུད་གཞན་འཕྲུལ་དབང་བྱེད་ན་གནས་པའི་བདུད་ལ་སོགས་པའི་གནོད་པ་ཟློག་པར་བྱེད་པའི་ཁྱད་པར་བསྲུང་བ་མཚམས་ཀྱི་འཁོར་ལོ་བྱས་ནས། རབ་ཏུ་བསྲུངས་ཤིང་ནི་ཕུང་པོ་དང་
འཆི་བདག་དང་ཉོན་མོངས་པའི་བདུད་དག་ཀྱང་འཇོམས་པར་འགྱུར་བ་སྟེ། སྔགས་དང་ནི་ཞལ་བཞི་སྔགས་རྣམས་ཀྱིས་བསྲུང་བའི་མཆོག་གོ། །ཕྱག་རྒྱས་ནི། དང་པོར་ལྷ་སོ་སོའི་གནས་སུ་དྲིའི་ཐིག་ལེ་བཀོད་ནས་དེར་གསང་སྔགས་ལྷ་སོ་སོའི་ཕྲེང་བ་བརྗོད་པས་མེ་ཏོག་ཚོམ་བུ་བཀོད་པས་
དཀྱིལ་འཁོར་བའི་ལྷ་ཐམས་ཅད་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པར་བསྐྱེད་ལ། ལས་ཀྱི་ཕྱག་རྒྱ་ནི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྐུའི་རྣམ་པ་གསལ་བའི་ཡབ་ཡུམ་སྙོམས་པར་འཇུག་པའོ། །ཆོས་ཀྱི་ཕྱག་རྒྱ་ནི་ཐམས་ཅད་བདེ་བ་ཆེན་པོར་འབྱོར་བའི་སྐུ་ཅན་ནོ། །ཕྱག་རྒྱ་ཆེན་
པོ་ནི་ཐབས་ཤེས་རབ་རོ་གཅིག་བདེ་སྟོང་ལྷན་ཅིག་སྐྱེས་པར་འཆར་བའོ། །དམ་ཚིག་ཕྱག་རྒྱ་ནི་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་ཉིད་ལ་རྟོགས་པས་མི་ཕྱེད་པའོ། །རྣམ་བརྒྱན་པ་ནི་ལྷའི་སྐུ་ལ་མཚན་དང་དཔེ་བྱད་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སོ། །ཡང་ན་རྣམ་བརྒྱན་
པ་སྟེ། དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་ཅིང་མཆོད་པ་དང་གཏོར་མ་དང་། རྣམ་པར་བཀོད་པས་མཛེས་པར་བྱས་སོ། །དེ་ཡང་ལྷ་དམ་ཚིག་པ་བསྐྱེད་ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་བསྟོད་བཟླས་པ་བདུད་རྩི་མྱང་བའི་བར་དུ་མཆོད་པ་ལས་ཕན་ཡོན་བསྟན་པ། དངོས་གྲུབ་ཐམས་ཅད་

རབ་སྟེར་བའི། །ཞེས་གནས་སྐབས་དེ་ཉིད་མཐར་ཐུག་ཏུའོ། །དཀྱིལ་འཁོར་འཇིགས་པ་བསམ་པར་བྱ། །ཞེས་པ་བསྒོམ་པ་དེ་ཉིད་དང་རྗེས་སུ་འབྲེལ་པ་བློའི་ཡུལ་དུ་བྲི་བར་བྱ་བ་ཡང་གསལ་གདབ་བའོ། །མཁའ་འགྲོ་དྲ་བའི་བདེ་མཆོག་མཆོད། །ཅེས་པ་ཕྱི་ནང་གི་མཆོད་པ། མེ་ཏོག་
བདུག་སྤོས་མར་མེ་ཞལ་ཟས་བྱུག་པ་སྒྲ་སྙན་ལ་སོགས་པ་དང་། ཡང་གཟུགས་རྡོ་རྗེ་ལ་སོགས་པ་རིག་མ་བཅུ་དྲུག་ལ་སོགས་པ་དང་། ཤ་ལྔ་བདུད་རྩི་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་བྱ། མཐར་བསྟོད་པ་བྱས་ནས་གསོལ་བ་གདབ་པར་བྱ་བ་ལ་སོགས་པས་སོ། །དེའི་རྗེས་ལ་སློབ་མ་
ལྷག་པར་གནས་པར་བྱ་བ་ལ། ཉེ་རེག་མཐོར་འཐུང་གིས་བསང་བ་བྱ་སྟེ། འབྱུང་པོ་ལ་གཏོར་མ་བྱིན་ནས། གསོལ་བ་གདབ་ཅིང་གདམས་པ་བསྟན་པར་བྱའོ། །བསྲུང་སྐུད་བཅིང་། སྐྱོར་ཆུ་བླུད། ཀུ་ཤའི་སྔས་དང་སྟན་ཁྲོ་བོའི་སྔགས་ཀྱིས་བསངས་པ་བྱིན་ནས། རྨི་ལམ་བརྟག་ཏུ་གཞུག་སྟེ།
མཚན་མ་ངན་ན་བཟློག་པར་བྱའོ། །ད་ནི་རྡོ་རྗེ་སློབ་དཔོན་གྱི་བྱེད་ལས་བསྟན་པ་ལས། དང་པོར་ཐིག་གི་སྦྱོར་བ་བསྟན་པ་ནི། དེ་ནས་སེམས་མེད་སྲད་བུའམ། །ཞེས་སྐྱེས་པ་བུད་མེད་གྲིར་ཤི་བའི་རོའི་རྒྱུས་པ་བསྔགས་ལ། ཡང་ན་རོའི་སྐྲའམ་རས་བ་ལ་རོ་ལ་དཀྲིས་པའམ། ཡང་ན་གཞོན་ནུ་མ་ཉམས་པས་བཀལ་བའི་
རས་བལ་བྱ་བ་ཕྲ་སྦོམ་སྒོའི་ཉི་ཤུ་ཆའོ། །རུ་དྷི་ར་ནི་བསྒོས་པ་ནི་དཔའ་བོ་གཡུལ་དུ་ཤི་བའི་ཁྲག་ཆེན་པོས་བསྒོས་པའི་དོན་ཏོ། །ཀྱང་ནི་བར་མའི་སྒྲ་སྟེ་བདུད་རྩི་ལྔའོ། །མ་ད་ནས་བྱུགས་པ་ཡང་ངོ་། །དཔལ་ལྡན་ཁྲག་འཐུང་གྲོང་ཁྱེར་མཆོག །ཅེས་པ་ཐར་བ་ཆེན་པོའི་ཕོ་བྲང་། འཁོར་ལོ་བདེ་མཆོག་
གི་ཡོན་ཏན་ཕུན་སུམ་ཚོགས་པའི་འབྱུང་གནས་སོ། །དཀྱིལ་འཁོར་ནི་གཞལ་ཡས་ཁང་ཚད་མེད་པ་སྙིང་པོ་ལེན་ཅིང་འཛིན་པ་སྟེ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ་ནི་འཇིགས་པ་སྟེ་ལོག་འདྲེན་རྣམས་སྐྲག་པར་བྱེད་པའོ། །ཡང་ན་ཐིག་གདབ་པར་བྱ་བའི་སྲད་བུ་ཁ་དོག་ལྔ་པ་ལ། ཧཱུཾ་བྷུཾ་
ཏྲཾ་ཧྲཾ་ཁཾ། འོད་ཟེར་སྤྲོ་བསྡུས་ཡེ་ཤེས་ཀྱི་ཆ་སྤྱན་དྲངས་ཏེ་བསྟིམས་པ་རྗེ་བཙུན་གྱི་སྙིང་པོ་ཉེ་སྙིང་བརྗོད་པས་མཆོད་པས་ལེགས་པར་བསྒྲིལ་བར་བྱའོ། །རིགས་བསྡུས་པའི་དཀྱིལ་འཁོར་ཚད་ངེས་པ་ཡང་། ཁྲུ་བཞི་པའམ་ཁྲུ་བརྒྱད་པ། །ཞེས་པས་ཐ་མ་འབྲིང་ནས་ཁྲུ་བཅུ་དྲུག་པའི་བར་གྱིས་སོ། །

དཀྱིལ་འཁོར་དབྱིབས་ཀྱི་ཁྱད་པར་ནི། ཟུར་བཞི་པ་ནི་གྲྭ་བཞི་སྟེ་ཚད་མེད་པ་བཞིའོ། །དེ་ལ་སྒོ་བཞི་པ་ནི་རྣམ་པར་ཐར་པའོ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན་པ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །དེ་ཡང་པཉྩ་རེ་ཁཱ་དང་། འདོད་ཡོན་སྣམ་བུ་ཕྱི་རོལ་འཁོར་ཡུག་སྟེགས་
བུ་དམར་པོ་ཅན་དང་། རིན་ཆེན་པ་ཞུ་རྐེད་པ་ལྟ་བུ་ལས། བཻ་ཌཱུརྱའི་རྩིག་པའི་ལོགས་ལ་དྲ་བ་དྲ་ཕྱེད་འཕྱང་བ། མདའ་ཡབ་དང་། རི་དགས་ཆོས་ཀྱི་འཁོར་ལོ་གདུགས་དང་བཅས་པའོ། །སྟེང་ཕྱོགས་ས་གཞི་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་རིམ་པས་གྱེན་དུ་འཕགས་པ་བང་རིམ་ཅན་ལས་རྩེ་མོ་མཆོད་
རྟེན་བུམ་པ་ལྟ་བུ་ལ་ཀ་བ་ཉེར་བཞིས་བཏེག་པར་གནས་པའོ། །ཐིག་གི་ཁྱད་པར་ཡང་། སྔགས་པས་ཉིས་འགྱུར་རྣམས་དཔྱད་ཅིང་། །ཅེས་པས་ཆ་ཆེན་བརྒྱད་ལས་བཅུ་དྲུག་ཏུ་གྱུར་པ། དེ་ལ་ཕྱེ་བས་སུམ་ཅུ་རྩ་གཉིས་དང་དེ་ལས་ཀྱང་དབྱེ་བའམ། ཡང་ན་ཆ་ཆེན་ཉི་ཤུ་རྩ་བཞི་ལ་སོགས་
པར་ཕྱེ་བ་སྟེ། དང་པོར་ཡེ་ཤེས་དང་། དེ་ནས་ཐིག་གདབ་པར་བྱ་བའོ། །མཁའ་འགྲོ་དྲ་བའི་བདེ་མཆོག་མཆོད། །ཅེས་ལྷ་ལྷག་པར་གནས་པ་མཆོད་ཅིང་དཀྱིལ་འཁོར་བར་སྣང་དུ་བཏེག་པའམ་ལུས་ཀྱི་དཀྱིལ་འཁོར་བསྡུ་བ་བསྟན་པ་ཉིད་དོ། །དེ་ལས་རྡུལ་ཚོན་ཁྱད་པར་དུ་ནི། །རིན་ཆེན་ལྔ་
ཡི་ཕྱེ་མའམ། །ཡང་ན་འབྲས་ཀྱི་ཕྱེ་མེ་ལས། །ཐ་མ་འབྱུང་ཁུངས་ཚོན་གྱིས་ཏེ། །དུར་ཁྲོད་ལས་བྱུང་རྟོག་པ་འདག །ཅེས་པས་འདིར་ནི། གང་དུ་རོ་བསྲེགས་སོལ་ཕྱེ་དང་། །ཞེས་དུར་ཁྲོད་སོལ་བས་ནི་རྡུལ་ཚོན་ནག་པོ། སྐྱེས་པའི་རུས་པའི་ཕྱེ་མ་ནི་རྡུལ་ཚོན་དཀར་པོའོ། །ལྡོང་རོས་
ཀྱིས་སེར་པོ། །དུར་ཁྲོད་སོ་ཕག་ལྡན་པ་ནི་རྡུལ་ཚོན་དམར་པོའོ། །རྐུན་མོའི་ལོ་མ་དང་སྐྱེས་པའི་རུས་པའི་ཕྱེ་མ་དག་གིས་ནི་རྡུལ་ཚོན་ལྗང་གུ་སྟེ་ཚོན་གྱི་རྒྱུའོ། །དཀྱིལ་འཁོར་ནི་རིགས་བསྡུས་པའི་ངོ་བོ་དང་། རིགས་ཐ་དད་པ་རྣམས་ལས། བཟང་པོར་བྲི་བར་བྱ་བ་ནི། བྷ་དྲ་ཞེས་རྒྱུ་ཐབས་འབྲས་
བུར་འབྲེལ་པའི་རྡུལ་ཚོན་དང་རས་རིས་ཡང་གཟུང་ངོ་། །དང་པོར་ཕོ་བྲང་ཆེན་པོའི་སྙིང་པོའི་དཀྱིལ་འཁོར་བསྟན་པའི་ཕྱིར། དེའི་ཞེས་བླ་ན་མེད་པ་ལྟེ་བ་ཉིད་ཀྱི་དབུས་སུ་པདྨ་ནི་ཆུ་སྐྱེས་ཏེ། དཔལ་ཧེ་རུ་ཀ་ཡབ་ཡུམ་དང་ལྷ་མོ་བཞི་དང་ལྡན་པ་བུམ་པ་ཐོད་པ་དང་བཅས་པའོ། །འདབ་མ་བརྒྱད་

དང་བཅས་པ་ནི། །ཕྱོགས་བཞི་ལེ་བརྒན་མེ་དང་རླུང་སྐྱེས་ཁ། བདེན་བྲལ་ལ་བསྲུབས་ཀ །འབྱུང་པོ་ལྕགས་ཀའོ། །ལྟེ་བ་འབར་བ་དང་བཅས་པ་ནི་འོད་ཁ་དོག་སྣ་ཚོགས་འཕྲོ་བའོ། །གེ་སར་ཡང་དག་ལྡན་པར་གཞག་ནི་དེ་ཡང་དབུས་ཀྱི་གཙོ་བོ་ཡབ་ཡུམ་ནས་བརྩམས་ཏེ་དཀྱིལ་འཁོར་འཁོར་
ལོ་རྫོགས་པ་རྟེན་དང་བརྟེན་པར་བཅས་པ་ནས། དུར་ཁྲོད་དང་རྡོ་རྗེ་ཕྲེང་བ་དང་ལྡན་པ། དེ་དག་གི་ཕྱི་རོལ་དུ་རི་རབ་ཀྱི་ལྕོག་རྩེ་མོ་དང་ལྡན་པ། ལྷ་གནས་དང་། རི་རབ་ཀྱི་ཁ་ཁྱེར་དང་ལྡན་པ་བྲི་བའོ། །དེ་ལས་ལྷ་སོ་སོའི་གནས་སུ་མཚན་མ་དགོད་པར་བྱ་བ་ལས། སྐུ་གསུང་ཐུགས་ཀྱི་རིམ་
པ་ལས་སྐུ་རྫོགས་པ་བྲི་བའི་དབང་དུ་བྱ་བ་ནི། དཀྱིལ་འཁོར་གྱི་དབུས་སུ་བྲི་བ་ལྟེ་བར་དགོད་བྱ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡབ་ཡུམ་གསལ་བར་བྲི་བ་སྟེ། དཔའ་བོ་ནི་ཞེས་པ་དབང་ཕྱུག་དང་ཚངས་པ་དབང་པོ་ཁྱབ་འཇུག་འདུལ་བར་མཛད་པའོ། །འཇིགས་བྱེད་ནི་དབང་ཕྱུག་དང་ཨུ་
མ་འདུལ་བར་མཛད་པ་ཞབས་གཡོན་པ་དང་གཡས་པས་གནོན་པ་རྟག་ཆད་རྣམ་པར་དག་པའོ། །ཡང་འཇིགས་བྱེད་ནི་རྗེ་བཙུན་གར་གྱི་ཉམས་ཀྱི་ང་རོ་དགུ་དང་ལྡན་པ་ཤིན་ཏུ་དྲག་པོའི་སྐུའོ། །དྲང་སྲོང་ཁྲོས་པ་ཆེན་པོའི་སྐུ་ཅན་ལ། །ཞེས་ཁྲོ་ཆགས་འདྲེན་པའི་སྐུའི་རྣམ་པ། བཻ་ཌཱུརྱའི་མདོག་གི་
གཟུགས་ཅན་ནོ། །མདངས་དང་ལྡན་ཞིང་ནི་སྐུ་གཟི་བརྗིད་མཚུངས་པ་མེད་པ་ལས་རབ་ཏུ་འབར་ཞེས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བས་ས་གསུམ་གྱི་འཇིག་རྟེན་དུ་ཁྱབ་ཅིང་སྣང་བར་མཛད་པའོ། །གསུང་གི་ང་རོ་བསྟན་པ་ནི་ཧ་ཧ་ཞེས་པའི་སྒྲ་ཆེན་བཞད་པ་ནི་ཡེ་ཤེས་རྡོ་རྗེའི་གད་མོ་བཅུ་གཉིས་
སྒྲོགས་པས་ས་ཆེན་པོ་གཡོ་ཞིང་གཡས་གཡོན་དུ་གཟིགས་པའོ། །དབུ་རྒྱན་རལ་བའི་ཐོར་ཚུགས་གཅིག་ཏུ་བཅིངས་པ་ལ་ཐོད་པའི་ཕྲེང་བ་ནི་ཐོད་པ་སྐམ་པོ་དཀར་ཅེ་རེ་བ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་རིགས་ལྔའི་ཅོད་པན་དང་བཅས་པས། ཡང་རྒྱན་དང་ལྡན་ནི་རུས་པའི་ཆུན་འཕྱང་ཅན། རུས་པའི་
འཁོར་ལོ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལ་རྡོ་རྗེ་སེམས་དཔའ་གནས་ཤིང་། ཟླ་བ་ཚེས་པ་དང་ཡིད་བཞིན་ནོར་བུས་རྩེ་མོར་མཛེས་པའོ། །སྐུ་དེ་ཡང་མཚན་བཟང་པོ་དང་དཔེ་བྱད་དང་ལྡན་པའོ། །སྤྱན་གསུམ་ནི་དུས་གསུམ་མཁྱེན་ཅིང་ཐུགས་རྗེས་འགྲོ་བ་རྗེས་སུ་འཛིན་པའོ། །ཞལ་བཞི་མངའ་བ་ནི། རྩ་

བའི་ཞལ་བཻ་ཌཱུརྱ་ལྟར་སྐུ་དང་མཚུངས་པ། གཡས་པ་གསེར་མདའ་བ་རྔམ་པའོ། །རྒྱབ་ཞལ་པདྨ་རཱ་ག་ལྟར་བཞད་པ། གཡོན་མརྐ་ཏ་ལྗང་གུ་ལྟ་བུ་སྟེ་གཙིགས་པ་ཅན་ནོ། །གླང་པོ་ཆེའི་པགས་པ་ནི་འགྲོ་བའི་མ་རིག་པ་རྩད་ནས་གཅོད་པའོ། །རྣམ་པར་བགོས་པ་སྟེ་བགེགས་
ཀྱི་རྒྱལ་པོ་ཐམས་ཅད་བཏུལ་བར་མཛད་པ་ཉིད་དོ། །ཞལ་དེ་དག་ལ་ཡང་སྨིན་མ་བཟང་པོ་སྟེ་ཞལ་ཁྲོ་གཉེར་ཅན་མེ་རི་ལྟར་འབར་བ་འཕྲོ་བའོ། །རྡོ་རྗེ་དབྱེས་པ་ནི་བ་སྤུ་དང་ཨག་ཚོམ་ལ་སོགས་པ་ཐམས་ཅད་རྡོ་རྗེའི་རང་བཞིན་ཅན་ལ། ཐམས་ཅད་དུ་ནི་རིན་པོ་ཆེ་དང་རྡོ་རྗེའི་རྒྱན་གྱིས་སྤྲས་པ་ཉིད་
དོ། །ཕྱག་ནི་བཅུ་གཉིས་ལས། ཁ་ཊྭཱཾ་ག་དང་མགོ་བོ་བསྣམས་པ་ཚངས་པའི་ཞལ་བཅས་པ་ཉིད་དོ། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན་པ་ནི་འདུ་བྱེད་ལྔ་བཅུ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་ལྔ་བཅུ་སྟེ། དང་པོ་ལྷ་མ་ཡིན་དང་གནོད་སྦྱིན་ལ་སོགས་པ་མགོ་བོ་ཁྲག་འཛག་པ་ཅན་དང་། ཡུམ་གྱི་
ཕྲེང་རྒྱན་ནི་ཤ་དང་བཅས་པ་སྐམས་པའི་ཆ། རྒྱུ་མའི་ཐག་པས་བརྒྱུས་པ་ནི་སངས་རྒྱས་རིགས་བརྒྱའི་སྤྲོ་བསྡུ་མཛད་པའོ། །དེས་རྗེ་བཙུན་ཧེ་རུ་ཀའི་སྐུའོ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་སྐུ་རབ་ཏུ་འཁྲིལ་བར་བསྟན་པའི་ཕྱིར། དེ་མདུན་གནས་པའི་ལྷ་མོ་ནི། །ཞེས་སངས་རྒྱས་ཐམས་ཅད་
བསྐྱེད་པའི་ཡུམ་དཔལ་ལྡན་རྡོ་རྗེ་ཕག་མོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་རྣམ་པར་དག་པ་སྟེ་ཡེ་ཤེས་ཀྱི་སྐུ། རབ་འཇིགས་ནི་དངོས་པོ་ཐམས་ཅད་ཟིལ་གྱིས་གནོན་པའི་སྐུའོ། །ཧེ་རུ་ཀ་དཔལ་ཡེ་ཤེས་ཕྱོགས་ནི་གཙོ་བོའི་སྐུ་ལ་འཁྱུད་པ་སྟེ་རྡོ་རྗེ་པདྨ་སྙོམས་པར་ཞུགས་པ་ལྗོན་ཤིང་ལ་
འཛེགས་པ་ལྟར་རོ། །སྤྱན་གསུམ་པ་ནི་སྲིད་གསུམ་དུས་གསུམ་ས་ལེར་མཁྱེན་པ། དྲག་མོའི་གཟུགས་མངའ་མ་སྟེ། འཇིག་རྟེན་གྱི་དྲེགས་བྱེད་སྲིན་མོ་ལ་སོགས་འདུལ་བའོ། །དེའི་ཕྱག་གཡོན་པ་ན་ཀ་པཱ་ལ་ནི་ཨནྟ་ས་བཀང་གདུག་པ་ཅན་བསྒྲལ་བའི་དབང་པོའི་སྒོའི་ཁྲག་གོ། །ཞལ་ནས་
རུ་དྷིར་འཛག་ཅིང་ནི་བདེ་བའི་རྒྱུན་གསོལ་བའོ། །ས་བླའི་ལྷ་དང་ས་སྟེང་མི་དང་ས་འོག་གི་ལྷ་མ་ཡིན་དུ་བཅས་པའི་ལོག་འདྲེན་རྣམས་ཐམས་ཅད་ལ་ཕྱོགས་བཅུ་ཀུན་དུ་ནི་སྡིགས་མཛུབ་རྡོ་རྗེ་དང་བཅས་པས་ཚར་གཅོད་པའོ། །དཀྱིལ་འཁོར་པའི་རྣལ་འབྱོར་མ་ས་འོག་ས་སྟེང་། མཁའ་སྤྱོད་ཀྱི་གནས་

པ་དགོད་པ་ཡང་མཁའ་འགྲོ་མ་ཉི་ཤུ་བཞི་རྣམས་དང་། གཞན་ཡང་རྣལ་འབྱོར་མ་བཅུ་གཉིས་དང་ལྡན་པ་ཐམས་ཅད་ནི་དཔལ་ལྡན་ཕག་མོའི་ནི་རིགས་ལས་བྱུང་ཞེས་ཡེ་ཤེས་ཀྱི་ཆ་ཤས་ལས་བྱུང་ཞིང་སྤྲོ་བསྡུ་མཛད་པ་ཡང་ཡིན་ནོ། །ཕྱོགས་དང་ནི་ལུགས་འབྱུང་ལ་ཕྱོགས་ཀྱི་མཚམས་རྣམས་ནི་
ལུགས་ལས་བཟློག་པ་མཚོན་པའོ། །འཁོར་ལོའི་དབུས་སུ་དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ་དང་ཧེ་རུ་ཀའི་སྐུ་དང་། ཡིག་འབྲུ་ཕྱག་མཚན་བཀོད་པ་ལ་མཆོད་པར་བྱ་བ་ཉིད་དོ། །དེ་བཞིན་འདི་ནི་དཔའ་བོ་ཡང་། །ཞེས་ཐོད་པའི་དུམ་བུ་ཅན་ལས་བརྩམས་ཏེ་རྡོ་རྗེ་སེམས་དཔའི་བར་དུའོ། །འཁོར་ལོ་
ནི་སྐུའི་རིགས་འཁོར་ལོའི་མུ་ཁྱུད་ཅན་དང་། གསུང་གི་འཁོར་ལོ་པདྨའི་མུ་ཁྱུད་ཅན་དང་། ཐུགས་ཀྱི་འཁོར་ལོ་རྡོ་རྗེའི་མུ་ཁྱུད་ཅན་དང་། རིགས་བདག་གི་ཕྱག་རྒྱ་དང་ཡང་དག་གནས་པ་བྲི་ཞེས་ཡེ་ཤེས་ལྔའི་རྩིག་པའི་ནང་དུའོ། །དེ་དག་ཀྱང་ཐབས་རྐྱང་བའམ། ཡང་ན་ཤེས་རབ་རྐྱང་བ་ལྟ་བུ་
འམ་ཞེ་ན། སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད། །ཅེས་ལས་དང་འབྲས་བུ་མྱུར་དུ་འབྱིན་པ་འདི་ཉིད། གཉིས་མེད་དཔའ་བོ་མཆོད་པར་བྱ། །ཞེས་ལྷ་དེ་དག་ཐམས་ཅད་ཀྱང་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་བདེ་བ་ཆེན་པོར་རོ། །དེ་ལ་དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་པ་ནི།
དཀྱིལ་འཁོར་གྱི་ས་ཕྱོགས་ཀུན་དུ་བཀོད་པ་ལེགས་པར་བརྒྱན་པར་བྱ་བ་ནི། རིན་ཆེན་དང་ཞེས་མུ་ས་ལ་གརྦྷ་ལ་སོགས་པ་སྣ་ཚོགས་པ་དང་། གསེར་རྣམས་ཀྱིས་ནི་མཛེས་པར་སྤྲས་པའི་མཆོད་རྫས་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའོ། །ཐར་བ་ཆེན་པོའི་གྲོང་མཆོག་
ནི་ལྷའི་གཞལ་མེད་ཁང་། ཡིད་འོང་ནི་ཤིན་ཏུ་མོས་པས་སོ། །མཆོད་ན་ནི་ཞེས་དཀྱིལ་འཁོར་གྱི་གྲིབ་ཡོལ་དང་བླ་རེ་དང་གདུགས་དང་གདུང་གཡོགས་ཀྱིས་སོ། །མེ་ཏོག་ཕྲེང་བ་དང་སྤོས་སྣ་ཚོགས་དང་དྲིའི་བྱུག་པ་ལ་སོགས་པ་སྣ་ཚོགས་པའོ། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད་པ་ཡོན་ཏན་
ཕུན་སུམ་ཚོགས་པ་མྱུར་དུ་གྲུབ་པར་བྱེད་པའོ། །འདིར་བུམ་པར་ལྷག་གནས་བསྟན་པ་ནི་གཞུང་འཁྲུགས་མ་སྦྱར་བའི་དོན་ཏེ། གོང་དུ་དགོས་པས་བློ་དང་ལྡན་པས་ཤེས་པར་བྱའོ། །དེ་ནས་བུམ་པ་བྱ་བ་ནི། །ཞེས་ཐོག་མའི་དབང་རྫས་བསྒྲུབ་པ་ལས་ཁྱད་པར་དུ་རྒྱུ་རིན་པོ་ཆེ་ལས་བྱས་པ་དང་ས་

ལས་གྲུབ་པ་ཡང་རུང་སྟེ། མཚན་ཉིད་དང་མི་ལྡན་པའི་སྐྱོན་ནི། རྩ་བ་ནག་པོ་ཞེས་པ་འབར་འབུར་ཐག་ཐུག་མེད་པར་ཕྱི་ནང་ཐམས་ཅད་ཤིན་ཏུ་འཇམ་པ་ལ་ཞབས་སྟེགས་མེད་པ་ནི་མ་ཡིན་ནོ། །ར་རི་ལ་སོགས་མེད་པ་སྟེ་སྐྱོན་དང་བྲལ་བའོ། །མཚན་ཉིད་ཡོན་ཏན་དང་ལྡན་པ་
སྟེ་བྲེ་གསུམ་ལ་སོགས་པ་ཐ་མ་བྲེ་གང་ངོ་། །བུམ་པའི་སྙིང་པོའི་རྫས་ནི་མུ་ཏིག་གསེར་དང་གཞན་ཡང་རིན་པོ་ཆེ་ཨིནྡྲ་ནཱི་ལ་དང་། བྱི་རུ་དང་དངུལ་དང་མུ་མེད་དང་ཟངས་མའི་རྒྱུ་མ་ཐིང་སྤངས་ཏེ། རིན་པོ་ཆེ་ལྔ་དང་། བཟའ་བ་ཀུན་སྟེ་འབྲུ་ལྔ་དང་སྙིང་པོ་ལྔ། དྲི་ལྔ་དག་གིས་སྟེ་སྤོས་ལ་སོགས་པས་
ལེགས་པར་བཀང་སྟེ། ཡང་རྒྱུན་དུ་འབབ་པའི་ཆུས་བཀང་བ་ལ། སྣོད་ཀ་པཱ་ལའམ་དུ་ཆོས་སམ། །ཉ་ཕྱིས་བཟང་པོ་བདུད་རྩི་རི་ལུ་སྦྱར་བ་ནི་བུམ་པ་ལ་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པའི་སྟེང་དུ་གཞག་པར་བྱ་བ་རྡོ་རྗེ་དང་བཅས་པའོ། །ཁ་དོག་ལྔ་པའམ་ཡང་ན་གཞན་ཡང་གཟུངས་
ཐག་རས་སྐུད་ལ་མེ་ཏོག་ཕྲེང་བ་བརྒྱུས་པས་མགྲིན་པ་སྲད་བུས་དཀྲི་བ་དང་ཞེས་འོད་ཟེར་ལྔ་དང་ལྡན་པར་བསམ་པའོ། །ཁ་ཁྱེར་ལ་ནི་འདབ་མ་འབྲས་བུ་ཅན་གྱི་ཤིང་ཨ་མྲ་ལ་སོགས་པས་བརྒྱན་པར་བྱ་བ་སྟེ། རྒྱུ་འབྲས་ཀྱི་ལམ་སྟོན་པའི་བྱེད་པའོ། །གོས་ཟུང་གིས་ནི་ལེགས་དཀྲིས་པ་ནི་བུམ་
པ་ཀུན་ལས་རས་ཁ་ཚར་མ་ཉམས་པ་ཟུང་གིས་མགུལ་ཆིངས་བྱ་བའོ། །བརྒྱད་ནི་སྒོ་རུ་རྣམ་པར་དགོད། །ཅེས་པས་རྩྭ་ཀུ་ཤ་རས་གཙང་མའི་སྟེང་དུ་གཞག་པར་བྱ་བ་སྟེ། བདེ་ཆེན་ཌཱ་ཀཱི་བུམ་པ་ཐོད་པ་རིགས་ཀྱི་དང་། །ཐུགས་གསུང་སྐུ་ལ་གསུམ། དམ་ཚིག་གི་སྒོ་བ་མ་བཞི་དང་། མཚམས་མ་
བཞི་དང་། ལས་ཀྱི་བུམ་པ་དང་བཅས་པའོ། །དཀྱིལ་འཁོར་ཕྱོགས་བཞིར་ཟུང་དུའོ། །བུམ་པ་དགུ་པ་དབུས་སུ་གཞག །གཙོ་བོ་ཡབ་ཡུམ་གྱི་རྣམ་པར་རྒྱལ་བའི་བུམ་པ་དང་། བཀྲ་ཤིས་ཀྱི་བུམ་པ་ཡང་བྱ་སྟེ། དེ་དག་ལ་ལྷའི་མཚན་མ་དགོད་པར་བྱའོ། །བུམ་པ་ལེགས་པར་བརྒྱན་པ་ནི། །
གསེར་རམ་དངུལ་ལམ་རིན་ཆེན་ནི། །སྣ་ཚོགས་བཀོད་པས་སྤྲས་པ་སྟེ། །མུ་ཏིག་གི་ཕྲེང་བ་ལ་སོགས་པ་རྣམས་ཀྱིས་མཛེས་པར་བྱས་པའི་ཆུན་འཕྱང་ལ་སོགས་པས་ལེགས་པར་བརྒྱན་པའོ། །ད་ནི་དཀྱིལ་འཁོར་ལྷག་པའི་ལྷར་བསྒྲུབ་པར་བྱ་བ་སྟེ། བདག་ཉིད་ཀུན་ནས་སྒོ་ལ་ནི། །ཞེས་

པས་རྡོ་རྗེ་སློབ་དཔོན་གྱིས་རྣམ་པར་བཀོད་པ་བྲིས་པའི་དཀྱིལ་འཁོར་དུ། དེ་ཉིད་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་པ་ལྟར་བལྟས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས་མཆོད་ཡོན་ཞབས་བསིལ་དང་། ཕྱག་དང་མཆོད་པས་སྒོའི་ཕྱོགས་བཞི་ནས་བསྟོད་པ་ལ་སོགས་པ་བྱ་
སྟེ། རྗེ་བཙུན་ཧེ་རུ་ཀའི་ཞལ་བཞི་ལ་དམིགས་ནས་ཐབས་ཤེས་རབ་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་བརྟན་པར་བྱའོ། །བདག་ཉིད་ནི་རྣལ་འབྱོར་མའོ། །ཀུན་ནས་སྒོ་ལས་ནི་རང་གི་ལུས་དཀྱིལ་འཁོར་དང་ཐ་དད་མེད་པར་བྱང་ཆུབ་ཕྱོགས་ཀྱང་ངོ་། །དྲི་ཞིམ་ཆུ་ཡིས་ལེགས་པར་གདབ་པ་
ཙནྡན་དང་ཛཱ་ཏི་གུར་ཀུམ་ལ་སོགས་པའི་ཆུ་ལ་འཁྱིལ་པ་བརྗོད་པས་ཕྱོགས་ཀུན་དུའོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཞེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དབང་གི་སྒོ་ནས་ཡོན་ཏན་ནུས་པ་མངོན་དུ་བྱ་བར་འདོད་ནའོ། །མཆོད་པ་དག་ཀྱང་ལྷ་གྲངས་ལས་མི་ཉུང་བ་ལས། མར་
མེ་བརྒྱ་ནི་དབུལ་བྱ་ཞིང་། །ཞེས་པས་དེས་མཚོན་ནས། མེ་ཏོག་བདུག་སྤོས་ལ་སོགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་ཡོངས་སུ་འཁོར་བའོ། །ནམ་མཁའི་ཞེས་མཁའ་སྤྱོད་མའི་མཁའ་འགྲོ་མ་རྣམས་ནི་འདིར་ལྷ་མོ་རྣམས་གཙོ་ཆེ་ཞིང་ཐུགས་ཀྱི་དཔའ་བོ་དང་བཅས་པ་ཐམས་ཅད་ཡིད་
ཀྱིས་ཏེ། རྣམ་པ་གསལ་བས་ཐམས་ཅད་སྟེང་དུ་དགོད་པ་རྡོ་རྗེའི་ཀ་བ་དང་གདུང་ཟླུམ་གྱིས་སོ། །ས་སྟེང་མཁའ་འགྲོ་མ་གང་ཡིན་ནི་ལྷ་མོ་མྱུ་གུ་ཅན་ལ་སོགས་པ། དཀྱིལ་འཁོར་ཀུན་དུ་དགོད་པར་བྱ་བ་གསུང་གི་ལྷ་ཚོགས་ཡབ་ཡུམ་སྟེ་པདྨའི་ཀ་བ་དང་པདྨའི་གདུང་ཟླུམ་གྱིས་སོ། །གང་ཡང་
ས་འོག་མཁའ་འགྲོ་མ་ནི་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པའི་སྐུའི་ལྷ་ཚོགས་དཔའ་བོ་སྟོབས་པོ་ཆེ་ལ་སོགས་པ་དེ་རྣམས་ནི་ས་འོག་གནས་སུ་དགོད་པ་འཁོར་ལོའི་ཀ་བ་དང་གདུང་ཟླུམ་གྱིས་བཏེག་པ་ཉིད་དོ། །རིམ་པ་བཞིན་ཕོ་བྲང་འཁོར་ལོ་རིམ་པ་ཅན་དུ་གནས་པས་སྟེང་དངས་གཞི་
མཚུངས་སོ། །དེ་ལས་བདེ་བ་ཆེན་པོའི་ལྷ་མོ་མ་མོ་བཞི་པོ་ནི་གཙོ་བོའི་ཕྱོགས་བཞིར་གནས་པ། མུ་ཁྱུད་གྲི་གུག་ཕྲེང་བས་མཚན་པ་ལའོ། །གཞན་ཡང་དམ་ཚིག་འཁོར་ལོའི་མ་མོ་ཐམས་ཅད་སྒོ་བ་མ་ནི་ཕྱོགས་དང་ཞེས་སྒོ་བཞིའི་ནང་ངོས་སོ། །ཕྱོགས་མཚམས་གྲྭ་བཞི་རྣམས་སུ་གཤིན་རྗེ་

བརྟན་མ་ལ་སོགས་པ་དགོད་པར་བྱ་ཞེས་འགྲོ་བ་འདུལ་བའི་ཕྱིར་རོ། །འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་གུས་པའི་སྒོ་ནས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཞེས་མྱུར་དུའོ། །དྲི་དང་མེ་ཏོག་བདུག་སྤོས་དང་། །ཞེས་བྱུག་པ་མནྡཱ་ར་བ་ལ་སོགས་དང་། ཨ་ཀ་རུ་
ལ་སོགས་པའོ། །དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་གནས། །ཞེས་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་ཀྱི་ཕོ་བྲང་ཡོངས་སུ་རྫོགས་པའོ། །དཔའ་བོ་རྣལ་འབྱོར་མ་མཆོད་བྱ། །ཞེས་པས་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་མཆོད་པ་གསང་སྔགས་ཀྱིས་བརྟན་པར་བྱེད་པའོ། །ཡ