Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 18

Văn bản gốc(Tây Tạng)

Trang 4 / 16 (50.000 ký tự/trang)
པའོ། །འབྱིན་པར་བྱེད་པ་ནི་ཀུན་རྫོབ་བྱང་ཆུབ་སེམས་མི་གཏོང་བར་འཛིན་པའོ། །ཡང་ན་ནམ་མཁའ་ལྡིང་ནི་ལྷན་ཅིག་སྐྱེས་པའི་དགའ་བ། འབྱིན་པ་ནི་དགའ་བྲལ་ལོ། །ཞི་བ་ནི་མཆོག་དགའ་འདུས་པ་ནི་བྱང་སེམས་བདུད་རྩི་ལ་བཟའ་བའོ། །ལྷ་མོ་ནི་རིག་མ། ཀུན་དུ་སྤྱོད་ཅིང་ལུས་ཀྱི་

གནས་དང་ཉེ་གནས་སོགས་སུ་བདེ་བ་ལའོ། །མའི་མཆོག་ནི་རིགས་ལྡན་མ་མཆོད་པའི་སྒྲུབ་པ་ཉིད། དེའི་ལག་མཐིལ་ན་ཡོད་པ་ནི་དངོས་གྲུབ་ཉེ་བའི་དཔེའོ། །དཔལ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་མི་རྟོག་པའོ། །གང་གིས་ཀྱང་མི་འཕྲོགས་པར་འགྱུར་བ་ནི་ཡེ་ཤེས་དེ་ཉིད་རྟོག་པར་
མི་འགྲོ་བའོ། །རྣམ་པ་དེ་ལྟ་བུའི་ཆོ་ག་དང་ལྡན་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་དང་འདུ་འབྲལ་མེད་པའོ། །དངོས་གྲུབ་ཐམས་ཅད་ནི་ཕྱི་ནང་གི་རིགས་ལྡན་མཉེས་པ་ལས་འབྲས་བུ་དང་བཅས་པར་འགྱུར་བ་ནི། དེ་བཞིན་གཤེགས་པའི་ཕྲིན་ལས་སུ་འགྱུར་བའོ། །དྲན་པ་ཙམ་གྱིས་གསད་པར་
བྱེད་པ་ནི་དུར་ཁྲོད་ཀྱི་ཤིང་ལ་ཏིལ་མར་གྱིས་བྱུགས་པའི་རྡོ་རྗེ་རྩེ་གཅིག་པ་ལ་ལྟེ་བར་ཧཱུཾ་བྲིས་ཏེ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་ཕྱོགས་བཅུའི་ཁྲོ་བོ་བཅུ་ལ་སོགས་པ་སྤྱན་དྲངས་ནས་དེར་ཐིམ་པས་ཁྲོ་བོའི་རྡོ་རྗེར་བསམ། དེ་ནས་བདག་འཁོར་ལོ་སྡོམ་པའི་ཏིང་ངེ་འཛིན་དང་ལྡན་པས་བགེགས་
ལ་སོགས་པ་གང་ལ་བསྣུན་པ་དེ་སྲོག་གཏོང་བའོ། །མེ་སྐྱེད་པར་བྱེད་དོ་ཞེས་པ་སྤྲ་ཐོག་གི་དབུས་སུ་མེ་ཤེལ་བཅུག་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ་ལན་སྟོང་རྩ་གཅིག་ཏུ་བསྐོར་ནས་འཕངས་ན་དེར་མེ་འབར་བར་བྱེད་པའོ། །ཡང་ན་གཏུམ་མོའི་མེ་འོད་འབར་བས་སྣ་བུག་གཡས་ནས་རྒྱུ་བའི་རླུང་
གིས་འགྲོ་བ་དབང་དུ་བྱེད་པ་འོད་སྤྲོ་བསྡུས་སོ། །ས་འོག་རྣམ་པར་འཇོམས་པར་བྱེད་པ་ཞེས་དུར་ཁྲོད་ཀྱི་ཤིང་ལ་རྡོ་རྗེ་རྩེ་དགུ་པ་ལྟ་བ་ལ་ཧཱུཾ་ཡོད་པར་བྱས་ཏེ་རྩ་སྔགས་སྟོང་རྩ་བརྒྱད་དམིགས་པ་དང་བཅས་པས་བསྣུན་ན་ཀླུ་གཉན་ས་བདག་འཇོམས་པར་འགྱུར་བའོ། །སེར་བ་འབེབས་པ་དང་ཞེས་པས་
ཁྲག་གིས་བཀང་བའི་ཐོད་པ་ལ་རྩ་བའི་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ཏེ། རྣལ་འབྱོར་དང་ལྡན་པར་སྒྲ་གཅན་རྒྱུ་བའི་དུས་དང་ཕྱོགས་ངེས་པས། དེ་དགའ་འགྲོགས་ལ་ཁྲག་དེ་བསྲེགས་པ་འམ་གཏོར་ན་གྲུབ་པའོ། །དྲན་པ་ཙམ་གྱིས་གློག་སྐྱེད་པར་བྱེད་པ་ཡང་སྔར་ལྟར་ཏེ་ཤིང་ཀ་རནྟའི་
ཡལ་ག་ལ་རང་ཁ་ལྷོར་བལྟས་པས། ཚེས་བརྒྱད་དམ་བཅུ་བཞི་ལ་ཁྲུ་གང་པ་བཅས་ལ་རྡོ་རྗེ་ཕུར་བུ་བྱས་ཏེ་དབུས་སུ་ཐོག་དང་གློག་བྲིས་ཏེ་རླུང་གི་ཕྱོགས་སུ་ཀླུ་གནས་པའི་སར་བཏབ་ན་གློག་དང་ཐོག་དང་སེར་བ་དང་སྤྲིན་འདུས་ཏེ། ཚ་གྲང་དྲག་པོའི་སྒྲ་འབྱིན་པས་ཐམས་ཅད་སྐྲག་པར་བྱེད་དོ། །

ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གར་བྱེད་དུ་འཇུག་གོ་ཞེས་པ་ལ། བུད་མེད་སྔོ་བ་སངས་མ་བུ་བཅས་པའི་འཁྲུ་མ་དང་། ཀེ་ཀེ་རུའི་རྔ་མ་དང་། ཀ་རྐ་ཏའི་ཤ་རྣམས་ཤིང་དམར་པོའི་སོལ་བ་ལ་བསྲེགས་པའི་དུད་པས་ཕྱི་རོལ་པ་ལ་སོགས་པའི་ལྷའི་གཟུགས་ལ་བདུག་ན་དེ་བཞིན་ནོ། །
ཡང་ན་རྐང་པ་བརྒྱད་པའི་འཁོར་ལོ་ལྷ་རྣམས་ཀྱི་ཐུགས་ཀར་བཅུག་ལ་འོད་མའི་གཞུ་དང་ཀ་ར་བཱི་རའི་མདའ་ལ་ཁྲག་ཆེན་བསྐུས་ནས་ཐུགས་ཀར་འཕངས་ནའོ། །ཡང་ན་རང་མི་གཡོ་བར་གནས་ལ་བ་དམར་སེར་གྱི་མར་གྱིས་སྣ་བུག་བཀག་གུ་གུལ་དཀར་པོའི་དུད་པས་བདུགས་ན་གར་འཕྲོ་ཆད་
པའོ། །གང་ཞིག་གྲུབ་པས་ཞེས་རྩ་སྔགས་སོ། །མིང་ནས་བཟུང་ནས་ལན་ཅིག་བཟླས་པ་ན་ཞེས་པ་ལ། མིའི་ཐོད་པ་ཤ་མེད་པར་བཏོགས་ཏེ། སྲིན་ལག་གིས་གཟུགས་བྲིས་ལ་དེའི་སྙིང་གར་འཁྲུལ་འཁོར་མིང་ཚིག་དང་བཅས་པ་བྲིས་ལ། རྩ་སྔགས་ཀྱི་གཤམ་དུ་མིང་དང་མཱ་ར་ཡ་ཕཊ་ཅེས་པ་ལན་
ཅིག་བཟླས་ཤིང་ཁྲག་མཉེས་ན་མངོན་སྤྱོད་དེ། དེའི་མོད་ལ་འཆི་བར་འགྱུར་རོ་ཞེས་པའོ། །ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་པར་འགྱུར་རོ་ཞེས་བ་ལང་གི་ཤ་ལ་སྦྱིན་སྲེག་རྒྱས་པའི་སྦྱོར་བས་འབྲུ་དང་ཤིང་ཐོག་ལ་སོགས་པ་ཕུལ་ན་རྒྱལ་སྲིད་ཀྱི་འབྱོར་བས་རྒྱས་པར་འགྱུར་ཡང་འདོད་པའི་ལོངས་སྤྱོད་
ཀྱིས་སྐྱོ་བ་ན། འདོད་ན་སྡུད་པར་འགྱུར་ནི་ཞི་བའི་སྦྱིན་སྲེག་གིས་གཡེང་བ་ཞི་བར་བྱེད་དོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཆོས་འདི་ལ་ནི་རྩ་བའི་སྔགས་ཕྲིན་ལས་རྒྱ་མཚོ་ལ། བརྟུལ་ཞུགས་མི་དགོས་ཞེས་ཕྱི་རོལ་པའི་ཆོས་བཀག །སྤྱོད་པ་དང་ནི་སྦྱངས་པ་ཉན་ཐོས་ཀྱིའོ། །སྨྱུང་བ་ནི་
བྱ་བའི་རྒྱུད་ཀྱི་བྱེད་པ་ལ་སོགས་པ་མི་དགོས་ཏེ་ཕྱི་རོལ་སྤྲོས་པ་བཅད་པའོ། །ཆོ་ག་འདིས་ཞེས་ལྷ་དང་སྔགས་ལྡན་པའི་སྦྱོར་བས་ཅི་འདོད་པའི་ལས་རྣམས་བྱའོ་ཞེས་ཕྲིན་ལས་དུ་མ་མྱུར་དུ་གྲུབ་པའོ། །གལ་ཏེ་ཁྲོས་པས་ལན་ཅིག་བཟླས་ན་བྱེ་བ་གསོད་པར་འགྱུར་རོ་ཞེས་དཔལ་ཧེ་རུ་ཀའི་
བསམ་གཏན་སྔགས་བཅས་ཀྱི་ནུས་པ་ཐོགས་པ་མེད་པ་སྟེ། དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བཟླས་པས་ཞེས་པ། ཨརྒའི་ཤིང་དེར་གྲིར་ཤི་བ་བསྲེགས་པའི་སོལ་བ་ལ་ད་དུ་རའི་ཁུ་བས་མེ་གསད་དེ། དེའི་སོལ་བ་དང་དུག་དང་སྐེ་ཚེ་དང་ལན་ཚྭ་དང་དུར་རས་ལ་མིང་དང་རྐང་པ་བརྒྱད་པ་སྤེལ་ཏེ་བྲིས་ལ།

སྙིང་པོའི་སྔགས་དང་། བསྒྲུབ་བྱའི་མིང་བྲིས་ལ་དུར་སོལ་དང་ས་ལས་གཟུགས་བརྙན་བྱས་པའི་སྙིང་གར་འཁོར་ལོ་གཞུག་གོ། །དེ་ནས་ཡུངས་ཀར་ལ་དབུས་སུ་ཧཱུཾ་བསམ་སྟེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་བསྐྱེད་པ་དེ་ལས་བསྣུན་པས་སྔ་མའི་ལས་འགྲུབ་བོ། །གཤིན་རྗེ་
འཇོམས་པར་འགྱུར་ཞིང་ནི་གྲུལ་བུམ་ལྟ་བུ་ཡང་འཆིང་ལ། དེ་དེའི་མོད་ལ་ལྟུང་བར་བྱེད་དོ་ཞེས་མངོན་སྤྱོད་གྲུབ་པའོ། །ཤིང་ཨརྒ་དུར་ཁྲོད་དུ་བསྲེགས་པའི་ཐལ་བ་ལ་ཡོངས་སུ་བཟླས་ཏེ་དེ་ནི་ཡུངས་ཀར་བསྲེགས་པའི་ཐལ་བས་གང་ལ་བསྣུན་པ་དེ་དེའི་མོད་ལ་ཤ་ཟས་གཟུང་བར་འགྱུར་རོ་ཞེས་དྲག་
པོའི་ལས་སོ། །ཞི་བས་བཟླས་ན་འཚོ་བར་བྱེད་དོ་ཞེས་པ། འཁྲུལ་འཁོར་ཕྱུང་ཞིང་འོ་མས་བཀྲུས་ཤིང་རྩ་སྔགས་ལ་ཤཱིནྟཾ་ཀུ་རུ་བཏགས་པས་ཉེ་བར་འཚེ་བཞིའོ། །དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བཟླས་ཞེས་པ་ད་དུ་རའི་ཤིང་དུར་ཁྲོད་དུ་བསྲེགས་ཏེ་རིགས་ངན་མའི་ཁྲག་གིས་མེ་གསད་དེ་ཀརྐོ་
ཏའི་ཤིང་ངམ་ཤིང་གཞན་ལ་དུག་དང་སྐེ་ཚེ་དང་ཚྭས་རྐང་པ་བརྒྱད་པའི་སྔགས་བསྒྲུབ་བྱའི་མིང་དང་བཅས་པ་བྲིས་ལ་སྔགས་སྤེལ་བ་དང་བཅས་པ་བཟླས་ན་འགྲུབ་པར་འགྱུར་བའོ། །ཨ་ཏི་མུ་ཀྟའི་ལྕུག་མ་ལ་ཞེས་པ་ལ་སོགས་པ་ནི་ཉི་མ་དང་པོ་ལ་ཕྱིན་ཏེ་ཁྲུ་དོ་པ་ལ་སྐུད་པ་དམར་པོས་བཅིངས་ལ།
དེ་ནས་གསོལ་བ་བཏབ་པས་ཉི་མ་གཉིས་པ་ལ་དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་མཆོད་ཅིང་གཏོར་མ་དབུལ། དེ་བཅད་པ་དང་ས་ལ་མ་བཞག་པར་སྔགས་ཁྲི་ཕྲག་གཅིག་བཟླས་ན་མོ་རིགས་ལ་བསྣུན་པ་དེ་རྗེས་སུ་འབྲང་བར་བྱེད་དོ། །གསེག་མ་ལ་ནི་མིས་མ་འགོམས་པ་ལ་དབུས་
སུ་རྩ་སྔགས་བྲིས་ཏེ་སྔགས་ནས་གང་ལ་བསྣུན་པ་དེ་རིངས་པར་འགྱུར་བའོ། །ཡང་ན་དུར་ཁྲོད་ཀྱི་རས་ལ་རྐང་པ་བརྒྱད་པའི་སྔགས་དང་བསྒྲུབ་བྱའི་མིང་ཟླ་བའི་དཀྱིལ་འཁོར་དབུས་སུ་ཆུད་པར་ཡུང་བས་བྲིས་ཏེ། དུར་ཁྲོད་ཀྱི་ས་དང་སོལ་བས་དགྲའི་གཟུགས་བྱས་ལ་འཁོར་ལོ་དེའི་སྙིང་གར་བཅུག་
ལ་སྔགས་ཟློས་ཤིང་གསེག་མས་བྲབ་བོ། །དེས་གྲུབ་པོ། །གང་དུ་འདོད་པ་དེར་འགྲོ་བར་འགྱུར་ནི་བསྐྲད་པ་སྟེ། རྩ་སྔགས་སྤེལ་ཚིག་དང་བཅས་པའི་འཁོར་ལོ་བྲིས་ཏེ། །བྱ་རོག་གི་སྐེར་བཏགས་ནས་བཏང་ན་གནས་ནས་འཕོའོ། །གུ་གུལ་གྱི་དུད་པས་ཞེས་པ་ནི་ཨ་ཀ་རུ་དང་ར་སྐྱེས་ཀྱི་རྭ་དང་

རྨིག་པའི་རྩེ་རྣམས་དང་བྱི་ལ་ནག་པོའི་བྲུན་དང་ཤ་ཆེན་དང་ཀེ་ཀེ་རུའི་རྔམ་དང་བསྡེབས་ཏེ། ཌཱ་ཀི་མའི་སྤོས་སྦྱར་བས་ཨཱ་བེ་ཤ་ཡ་ཨ་ཨཱ་ཛྙཱ་ན་ཨ་བེ་ཤ་ཡ། ཞེས་པས་འབེབས་པར་འགྱུར་བའོ། །དུག་གསོ་བར་བྱེད་པ་ནི་ལག་པ་གཡོན་པ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་སྔགས་བྲིས་
པའམ་བསམས་ནས་བཀབ་པ་ནི་སྲིན་ལག་གི་རྩེས་རེག་ནའོ། །མཁའ་འགྲོས་རྒྱས་བཏབ་པ་ལ་དུར་ཁྲོད་ཀྱི་རས་ལ་ཤིང་ཨ་ཤྭཏྠའི་མྱུ་གུས་འཁྲུལ་འཁོར་བྲིས་ཏེ། ལྟེ་བ་ལ་ཟུར་གསུམ་པ་ལ་ཧཱུཾ་དང་མ་མ་ཨ་མུ་ཀཱ་ས་རཀྵ་ཞེས་པ་དང་། དོན་གྱི་མིང་བཅུག་ལ་མགུལ་དུ་གདགས། གཏོར་མ་དང་
བདེན་པ་བརྗོད་ཅིང་ཆུས་གཏོར་ན་གྲོལ་བར་འགྱུར་རོ། །ཀ་ར་བཱི་རའི་ལྕུག་མ་ལ་ཞེས་པ་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་མིང་དང་སྤེལ་བའི་འཁྲུལ་འཁོར་ལ། བུད་མེད་སྦྲུམ་མ་ཤི་བ་བསྲེགས་པའི་ཐལ་བ་དང་། ཙནྡན་དམར་པོའི་ཕྱེ་མས་བུད་མེད་གཞན་དེའི་མགུལ་དུ་འཁོར་ལོ་བཏགས་ལ།
སྔར་གྱི་ལྕུག་མ་ཁྲུ་དོ་བ་རློན་པ་གཅིག་ནི་དུར་ཁྲོད་མེ་ལ་མ་ཚིག་ཙམ་དུ་བསྲོས་ལ། །ཕྱི་མའི་སྤྱི་བོ་ལ་བསྐོར་ཞིང་རྩ་སྔགས་ཁྲི་ཕྲག་གཅིག་གི་བཟླས་པས་མངལ་འཕོ་བའོ། །དེས་ནི་གོམས་པར་བྱེད་པ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་སྔགས་བཟླས་པའི་ལས་བསྟན་པའོ། །ད་ནི་དེ་ཁོ་ན་ཉིད་
ཡེ་ཤེས་ལས་བྱུང་བ། བྱ་བ་ལས་ཀྱི་ཚོགས་རབ་འབྱམ་ལས། ཕྱི་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་ནི། འཁྲུལ་འཁོར་དང་རྫས་ཀྱི་བྱེ་བྲག་དང་། སྔགས་དང་ཕྱག་རྒྱ་དང་ལྡན་པས་རྣམ་ཤེས་ཀྱི་ལས་ཀྱིས་མངོན་པར་འགྲུབ་ལ། ནང་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་ནི་བསམ་གཏན་དང་སྔགས་
ཀྱི་དེ་ཁོ་ན་ཉིད་ཀྱི། ཡེ་ཤེས་ཀྱི་ལས་ཀྱིས་ཤིན་ཏུ་འགྲུབ་པ་དུས་ཀྱི་ངེས་པ་དང་བཅས་པས་མྱུར་བ་ཉིད་དུ་འགྲུབ་པ་བསྟན་པའོ། །ཡང་བུད་མེད་བུ་སྐྱེ་བར་འདོད་ན། ཨ་ཤྭ་ཀ་དྷའི་རྩ་བ་མར་བཟང་པོ་དང་ལྷན་ཅིག་བསྐོལ་ལ། བའི་འོ་མ་བསྲེས་ལ་ལྷན་ཅིག་ཏུ་བསྐོལ་ཏེ་ལྷག་པའི་ལྷའི་སྔགས་ལན་
ཉེར་གཅིག་བཟླས་དུས་སུ་བླུད་ལ་ཁྲུས་བྱ་ཞིང་། དེའི་དུས་སུ་སྤྱོད་པས་རང་གི་ཁྱོ་དང་འདྲ་བའི་བུ་སྐྱེ་བར་འགྱུར་རོ། །ཡང་འདོད་ལོག་སྤང་ངོ་། །ཡང་བུ་མེད་པ་ལ་སྔགས་ལན་ཉི་ཤུ་རྩ་གཅིག་ཏུ་སྔགས་ཏེ་མར་རྙིང་པ་ལ། རྨ་བྱའི་སྒྲོ་བསྲེགས་ཏེ་བཏགས་ལ་ཤ་ཁ་ར་དང་ལྡན་པས་བསྐོལ་ལ་བཏུང་བར་

བྱ་སྟེ། ཨ་རུ་ར་ཡང་བག་ཙམ་རེ་བཟའ་བར་བྱ། ཞག་བདུན་བར་དུ་སྔགས་ཀྱང་བཟླས་བཞིན་དུའོ། །ལས་འདི་དག་གི་འཁྲུལ་འཁོར་ནི། ཆོས་འབྱུང་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ། དེའི་ནང་ངོས་སུ་འཁོར་ལོ་རིམ་པ་ལ་མུ་ཁྱུད་རིམ་པ་བཞི་སྣ་ཚོགས་རྡོ་རྗེ་ཁ་གྱེས་པའི་ལྟེ་བར་
པདྨ་འདབ་མ་བརྒྱད་པའི་དབུས་སུ་དཔལ་ཧེ་རུ་ཀའི་ས་བོན་ཧཱུཾ་དང་རྗེ་བཙུན་མའི་བཾ་བྲི། པདྨའི་འདབ་མ་ལ་རྐང་པ་བརྒྱད་པའི་སྔགས་དགོད། འཁོར་ལོ་གསུམ་པ་ལ་ལྷ་སོ་སོའི་སྔགས་སྐུ་གསུང་ཐུགས་ཀྱི་མཚན་ཉིད་འཁོར་ལོ་པདྨ་རྡོ་རྗེ་མུ་ཁྱུད་ཀྱིས་བསྐོར་བ། སྒོ་བཞི་དང་གྲྭར་གནས་པ་དམ་ཚིག་ལྷ་མོ་
རྣམས་ཀྱིས་དང་ཞལ་བཞི་པའི་སྔགས་དང་སྤེལ་བར་བྱ། ལྟེ་བའི་ས་བོན་མཐར་གང་ལ་དམིགས་པ་མིང་སྤེལ་ཚིག་དང་བཅས་པ་བྱ་ཞིང་། མཐར་རྡོ་རྗེ་ར་བ་དང་མེ་འོད་ཕྲེང་བས་འཁོར་བ་ལས། ཨཱ་ལི་ཀཱ་ལི་ཡིག་མགོ་ཕྱིར་བསྟན་པ་བྲི་བར་བྱ་བ་ནི། དཔལ་བཛྲ་ཌཱ་ཀི་ལས། ནམ་མཁའ་དབྱིངས་ཀྱི་དབུས་
གནས་པར། །ཟླ་བའི་དཀྱིལ་འཁོར་དམ་པ་སྟེ། །འོད་ཟེར་ཚོགས་ནི་གསལ་བའི་མདངས། །འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན། །དེ་དབུས་འཁོར་ལོ་རྩིབས་བརྒྱད་དང་། །པདྨའི་ཕྲེང་བས་ཤིན་ཏུ་མཛེས། །སླར་ཡང་འཁོར་ལོ་བྲི་བར་བྱ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །དཀྱིལ་
འཁོར་དམ་པ་ཡངས་པ་ཡིན། །ནམ་མཁའ་ཐམས་ཅད་གཡོགས་བྱེད་པ། །རང་གི་ལུས་ལས་སྤྲོ་བར་བྱ། །དཀར་དང་དམར་དང་སྔོ་བ་སྟེ། །ཁ་དོག་མཆོག་ནི་བྱེ་བྲག་བྱ། །བྱ་བའི་ཆོ་ག་འདི་ཡིན་ནོ། །དཔའ་བོ་དབང་ཕྱུག་རྡོ་རྗེ་བྲི། །དེ་མཐར་བསྐུལ་བར་བྱ་བའི་ཚིག །ཇི་ལྟར་འདོད་བཞིན་
སྦྱར་བར་བྱ། །ཕྱི་རོལ་རྡོ་རྗེ་ཕྲེང་བ་དང་། །འོད་ཟེར་འབར་བས་ཕྲེང་འཁྲུགས་བསྐོར། །འདི་ནི་སྲུང་བ་ཆེན་པོ་སྟེ། །ལས་རྣམས་འགྲུབ་པ་བླ་ན་མེད། །ཅེས་པའི་དོན་ཏོ། །ཆར་འབེབས་པ་མུ་ཁྱུད་བར་མ་ལ་ཁྲོ་བོ་སྟོབས་པོ་ཆེའི་སྔགས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལཾ། ཧ་ན་ཧ་ན། པ་ཙ་པ་ཙ།
བི་དྷྭན་ས་ཡ་བི་དྷྭ་ན་ས་ཡ། ཨུ་ཙ་ཏ་ཡ། སརྦ་ནཱ་ག་ནཱ་ག་མ་ར་ཎ་ཧཱུཾ་ཕཊ། ཅེས་པས་གཡོན་སྐོར་དུ་དགོད་པར་བྱའོ། །དེ་ཡང་འཁྲུལ་འཁོར་དེ་དག་ལ་ཚོགས་ཀྱི་མཆོད་པ་གཏོར་མ་དང་ལྡན་པས། རང་ལྷག་པའི་ལྷའི་ང་རྒྱལ་དང་ལྡན་པས། དམ་ཚིག་གི་འཁོར་ལོ་ལྷ་དང་ཡིག་འབྲུ་གསལ་བ་

ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་མཆོད་ཅིང་གཉིས་སུ་མེད་པ་ལས། འོད་སྤྲོས་པས་འགྲོ་བ་ལ་ཞི་བ་དང་རྒྱས་པ་ལ་སོགས་པས་རྗེས་སུ་འཛིན་པའི་ལས་དང་། དབྱེ་བ་བསྐྲད་པ་གནོན་པ་རེངས་བྱེད་ལ་སོགས་པ་ཚར་བཅད་པའི་ལས། ལྷ་མོ་དུམ་སྐྱེས་མ་དང་ཁྲོ་བོ་བདུད་རྩི་འཁྱིལ་བ་
ལ་སོགས་པ་ཕྲིན་ལས་ཀྱི་ལྷ་རབ་ཏུ་བསྐུལ་བས་འགྲུབ་པར་འགྱུར་བའོ། །དེ་ལས་གྲུབ་ཅིང་ནུས་པའི་སྟོབས་འགྲུབ་པ་དང་། ཐབས་ཀྱི་ཁྱད་པར་དང་མི་ལྡན་པས་མི་འགྲུབ་པ་དང་། འདི་ཉིད་ངེས་པར་འགྲུབ་པའི་ཚུལ་བསྟན་པའོ། །ལེའུའི་མཚན་ཉིད་ནི། རྩ་བའི་གསང་སྔགས་ཀྱི་ལས་ཀྱི་ཆོ་གའི་
ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ལ་ལེའུ་འདིར་ཁྱད་པར་ཅན་གྱི་འབྲས་བུའི་གསང་ཆེན་བསྟན་པ་ལ། དེ་ནས་ཞེས་སྨོས་ཏེ་ལེའུ་དང་པོ་ལས། ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཞེས་པའི་དོན་ལ། ཐོག་མ་ནི་ངོ་བོ་ཉིད་ཀྱི་སྐུ་ལ་སྦྱོར་བ་དང་
པོ་ཆོས་ཀྱི་དབྱིངས་ལས་བྱུང་བ་ཆོས་སྐུའི་ཕྲིན་ལས་ཡེ་ཤེས་ལོངས་སྤྱོད་རྫོགས་སྐུར་བྱོན་པས་སོ། །དབུས་ནི་ལོངས་སྤྱོད་རྫོགས་སྐུར་རྡོ་རྗེ་འཆང་རི་རབ་ཀྱི་ཁང་བུ་བརྩེགས་པར་བྱོན་པ་ལས། མཐར་ནི་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཚད་མེད་པ་ལས་སྤྲུལ་པའི་སྐུ་དཔལ་ཧེ་རུ་ཀ་རྡོ་
རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པ་འདོད་ཁམས་ཀྱི་འཇིག་རྟེན་པའི་ལྷ་རྣམས་འདུལ་བའི་དོན་དུ་འཛམ་བུའི་གླིང་དུ་ཡང་དག་པའི་དཀྱིལ་འཁོར་མཛད་པ་དང་ལྡན་པས་གནས་པའོ། །རྣལ་འབྱོར་ནི་རྗེས་འཇུག་ལམ་གོམས་པར་བྱེད་པའི་རིམ་པ་ཤེས་ཙམ་གྱིས། འདིར་ནི་གསང་བ་གྲུབ་པར་འགྱུར་
བར་ཐེ་ཚོམ་མེད་པའི་དོན་བླ་ན་མེད་པ་མཆོག་སྐུ་གསུམ་པོ་དག་གི་གླེང་གཞི་དང་བཅས་པ་བཤད་པར་བྱ་ཞེས་མདོར་བསྟན་པ་ལས། ཡེ་ཤེས་ཀྱི་འཁོར་ལོ་སྔོན་བྱུང་དང་རྗེས་འཇུག་ལས། ཐོག་མར་སངས་རྒྱས་ཀྱིས་མཛད་པ་ལས། དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡེ་ཤེས་དག་པའི་ངང་དུ་
ཆོས་སྐུ་དབྱིངས་དང་ཡེ་ཤེས་དབྱེར་མེད་ལས། འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་དེར་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་རྡོ་རྗེ་འཆང་ཆེན་པོས། དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དང་། སེམས་མའི་ལྷ་མོ་རྣམས་དང་། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་

ཉིད་དང་། དབྱེར་མེད་པའི་ཚུལ་གྱིས་འགྱུར་བ་མེད་པར་གནས་པའོ། །དེ་ལས་འགྲོ་བ་འདུལ་བའི་དོན་དུ། གདུལ་བྱ་འདོད་ཆགས་ཅན་མ་ཧཱ་དེ་བ་ལ་སོགས་པ་གཙོ་བོར་བསྟན་པ་རི་རབ་ཀྱི་ཁང་བུ་བརྩེགས་པར་བྱོན་ཏེ། གདུག་པ་ཅན་ཐམས་ཅད་བཏུལ་བ་ལས། དཔལ་དེ་
བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དང་དབྱེར་མེད་པའི་དཔལ་རྗེ་བཙུན་ཕྱག་ན་རྡོ་རྗེས་ཇི་ལྟར་བཏུལ་བར་མཛད་པ་ནི། དཔལ་དེ་ཉིད་བསྡུས་པའི་དོན་ཏེ། རྡོ་རྗེ་འཛིན་པ་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་དབང་ཕྱུག་ཆེན་པོ་ལ་སོགས་པ། མ་རུངས་པའི་སེམས་ཅན་དག་
ཀྱང་མཆིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ཞི་བས་འདུལ་བར་མི་སྤྱོད་པ་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐབས་
ཆེན་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་མཉམ་པར་འཕྲོས་ནས། རི་རབ་རིའི་རྩེ་མོ་ན་རྡོ་རྗེ་དང་ནོར་བུ་རིན་པོ་ལས་བྱས་པའི་ཁང་བུ་བརྩེགས་པར་ཡང་གཅིག་ཏུ་
འདུས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཉམ་པ་ཉིད་དུ་དམིགས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་དཔལ་གྱི་བེའུ་རུ་བཞུགས་སོ། །ཧཱུཾ་དེ་ནས་དེ་ཕྱུང་མ་ཐག་ཏུ་དཔལ་ཕྱག་ན་རྡོ་རྗེའི་སྐུའི་ཐུགས་ཀའི་རྡོ་རྗེ་ལས་འོད་ཀྱི་སྣང་བ་ཆེན་པོས་ས་གསུམ་ཐམས་ཅད་
དུ་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་རབ་འབྱམས་སྤྲིན་རྒྱ་མཚོ་ཐམས་ཅད་ན། འཇིག་རྟེན་གསུམ་གྱི་བདག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ན་གནས་པའི་ཚོགས་ཀྱིས་བསྐོར་བ་མ་ལུས་ཤིང་ལུས་པ་མེད་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་
ཚིག་གི་ལྕགས་ཀྱུས་བཀུག་ནས་དེར་ལྷགས་ཏེ། ཁང་བུ་བརྩེགས་པ་ཐམས་ཅད་དུ་བསྐོར་ནས། ལྷ་ཆེན་པོ་ལ་སོགས་པའི་འཇིག་རྟེན་གསུམ་པོའི་དབང་པོ་ཐམས་ཅད་ཁ་སྦུབ་ཏུ་ལྷུང་སྟེ་ཉམ་ཐག་པའི་ཚིག་འབྱིན་ཅིང་དཔལ་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་དོང་ངོ་། །ལྷ་ཆེན་པོ་ཞེས་བྱ་བའི་ལྷ་དེ་ནི་ས་ལ་འགྱེལ་ཏེ་

དྲན་པ་མེད་པར་གྱུར་ཏོ། །དེར་དཔལ་ཕྱག་ན་རྡོ་རྗེས་ལྷ་ཐམས་ཅད་ལ་བོས་ཏེ། གལ་ཏེ་ཁྱེད་རྣམས་རང་རང་གི་སྲོག་འདོད་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་དོང་ལ། ངའི་བཀའ་ཡང་ཉོན་ཅིག །དེ་ནས་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ཕྱག་
རྒྱའི་ཚོགས་དང་བཅས་པ་ལ་སྐྱབས་སུ་མཆིའོ་ཞེས་སོ། །ཡང་ཞི་བར་མཛད་པས་སྡིག་པ་ལས་བཟློག་པར་མཛད་མི་སྤྱོད་པའི་སེམས་ཅན་དེ་རྣམས་ཚར་གཅད་པའི་ཕྱིར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། །སེམས་
དཔའ་ཆེན་པོ་ལྷའི་བདག་པོ་ལྷ་ཆེན་པོ་འདི་མ་བསླང་ན། སྲོག་ཆུད་གསན་པར་བྱས་པས་དོན་མེད། འདི་གསོས་ན་འདི་ཡང་སྐྱེས་བུ་དམ་པར་འགྱུར་རོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་དུ་བྱའོ་སྙམ་ནས། ཤི་བ་གསོ་བའི་སྙིང་པོ་འདི་སྨྲས་སོ། །ཨོཾ་བཛྲ་ཨཱ་ཡུར་ཛྙན་བྷཱཾ་ཞེས་སོ། །དཔལ་ཕྱག་ན་རྡོ་རྗེའི་
ཞབས་ཀྱི་མཐིལ་ནས། ཀུན་དུ་འབར་བའི་སྙིང་པོ་རྡོ་རྗེའི་ཚིག་བརྗོད་ནས། ལྷ་དབང་ཕྱུག་ཆེན་པོ་སྦྱང་བའི་ཕྱིར་ཞབས་གཡོན་པས་མནན། ཞབས་གཡས་པས་ལྷ་མོ་ཨུ་མ་དེ་བའི་སྟེང་དུ་མནན་པར་མཛད་པའོ། །དེ་ནས་ལྷ་ཆེན་པོ་ལ་དཔལ་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱིས་རེག་པས། དེ་ཉིད་དུ་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་། གཟུངས་དང་རྣམ་པར་ཐར་པའི་སྒོ་དུ་མའི་བདེ་བ་མྱོང་སྟེ། ལྷ་ཆེན་པོའི་ལུས་དཔལ་ཕྱག་ན་རྡོ་རྗེའི་ཞབས་ལ་ཕུལ་བས་འོག་གི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་སུམ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་འདས་པ་
ནས། ཐལ་བས་ཁེབས་པ་ཞེས་བྱ་བའི་ཞིང་ཁམས་དེར་དེ་བཞིན་གཤེགས་པ་ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བར་གྱུར་ཏེ་སངས་རྒྱས་སོ། །དེ་ནས་ལྷ་ཆེན་པོའི་ལུས་དེ་ལས་ཆེད་དུ་བརྗོད་པ་འདི་ཕྱུང་ངོ་། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །བདེ་གཤེགས་ཡེ་ཤེས་བླ་ན་མེད། །སྔགས་ཀྱི་ཚིག་གིས་
མནན་པས་སུ། །མྱ་ངན་ལས་མི་འདའ་བར་གཞབ། །ཅེས་སོ། །དེ་ནས་སངས་རྒྱས་དེ་ལས་བཀོད་པ་སྤྲུལ་པའི་སྐུ་གཅིག །དབང་ཕྱུག་གི་ལུས་དེར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཡེ་ཤེས་བདེ་བ་ཆེ། །གང་ཕྱིར་ཤི་བའི་ལུས་འདི་ཡང་། །འཚོ་བའི་

ཁམས་སུ་གྱུར་པ་ཡིན། །ཞེས་བརྗོད་དོ། །དེ་ནས་དབང་ཕྱུག་ཆེན་པོའི་ལུས་དེ་སོས་པར་བྱིན་གྱིས་བརླབས་ཏེ། འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་ཐམས་ཅད་ཀྱི་དོན་དང་། མ་རུངས་པ་རྣམས་ཐམས་ཅད་འདུལ་བའི་ཕྱིར། འཛམ་བུ་གླིང་དུ་ཉིད་ཀྱིས་རྒྱལ་ཚབ་ཏུ་བཅུག་གོ། །
དེ་ནས་དབང་ཕྱུག་ཆེན་པོ་དེའི་མགོ་བོ་ལ་དཔལ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་མནན་པའི་རྗེས་སུ་ཟླ་བ་ཕྱེད་པ་གནས་པར་གྱུར་ཏེ་རལ་པའི་གཡོན་ལོགས་ན་འདུག་གོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་ཕྱག་ན་རྡོ་རྗེའི་གྲོགས་སུ་ལག་ཏུ་མདུང་རྩེ་བྱིན་ནས། རྡོ་རྗེ་རིག་པ་དམ་པ་ཞེས་
བྱ་བའི་རྡོ་རྗེའི་མིང་གི་དབང་བསྐུར་རོ། །དེ་ནས་རྡོ་རྗེའི་རིག་པ་དམ་པ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ནི། །རྡོ་རྗེ་འབར་བའི་མདུང་རྩེ་དེས། །མགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་། །གར་གྱི་མཆོད་པས་མཆོད་བྱས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་
ཀྱི། །བྱང་ཆུབ་སེམས་ནི་བླ་མེད་པས། །ཞབས་མཆོག་གིས་ནི་གང་རེག་པ། །སངས་རྒྱས་ཉིད་དུ་རབ་གྲུབ་ཐོབ། །ཅེས་བརྗོད་དོ། །དེ་ཡང་གཞན་འཕྲུལ་དབང་བྱེད་དུ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བར་མཛད་དེ་མ་རུངས་པ་རྣམས་བཏུལ། །འཕྲུལ་དགར་ཁྲོ་བོ་མེ་ལྟར་འབར་བས་སོ། །དགའ་
ལྡན་དུ་དཔལ་རྡོ་རྗེ་སྙིང་པོས་སོ། །འཐབ་བྲལ་དུ་རྡོ་རྗེ་ཧཱུཾ་མཛད་ཀྱིས། །རི་རབ་རྩེར་རྗེ་བཙུན་ཕྱག་ན་རྡོ་རྗེ་ཉིད་ཀྱིས་ལོག་འདྲེན་རྣམས་བཏུལ་བའོ། །དེས་ནི་དཔལ་ཕྱག་ན་རྡོ་རྗེས་ཇི་ལྟར་མཛད་པ་བསྟན་པའོ། །དེར་ནི་བཅོམ་ལྡན་རྡོ་རྗེ་འཆང་ཆེན་ཉིད་ཀྱིས་སྤྲུལ་པའི་སྐུ། །སྐུ་བཞི་དབྱེར་མེད་དཔལ་ཧེ་རུ་
ཀར་བཞེངས་ཏེ། །རྣམ་སྣང་མཛད་ཀྱི་ཕོ་བྲང་དཀྱིལ་འཁོར་ཡང་རྫོགས་ལོ་ཉིད། །འོད་དཔག་མེད་པས་བདུད་རྩི་བུམ་པ་ཤིང་ལོ་སྟེང་དུ་ཀ་པཱ་ལ་རབ་གང་། །དོན་ཡོད་སྐྱེ་མཆེད་ལྷ་ཡིས་བྱིན་བརླབས་རིག་པའི་ལྷ་མོས་མཆོད། །དཀོན་མཆོག་དཔལ་གྱི་གསང་སྔགས་ཡང་དག་ཡེ་ཤེས་ཉིད་
ཀྱིས་ཏེ། །མི་བསྐྱོད་རྡོ་རྗེས་དབང་བསྐུར་རིགས་བདག་རྒྱས་གདབ་བླ་ན་མེད། །རྡོ་རྗེ་སེམས་དཔའ་རྗེས་ཆགས་ཀུན་དུ་རོལ་པ་བདེ་བ་མཆོག །གར་ཉམས་དགུ་ལྡན་མི་ཟད་བདེ་མཆོག་ཁྲོ་བོའི་སྐུར་བསྟན་པ། །དེ་ཉིད་སྐུ་ལས་ཁྲོ་ཚོགས་རྣམ་པར་འཕྲུལ་པ་ཡིས། །ས་གསུམ་ཀུན་དུ་ཁྱབ་བྱེད་བདེ་བའི་

དབང་ཕྱུག་གོ། །ཨོཾ་བཛྲ་བ་ལེ་ཏ་ཀྲོ་དྷ་ཡ། བཛྲ་བྷ་ཤྭི་དྷི་པ་ཏ་ཡ། བཛྲ་དྷ་ཤི་བི་ནཱ་ཤ་ཡ། ཧྲྀ་ད་ཨཱ་ཀཪྵ་ཡ་བཛྲ་ཀྲོ་དྷ། ཨོཾ་བཛྲ་ཀྲོ་དྷ་སུ་ཀརྨ། བཛྲ་སུཀྵ་ཀྲཱ་མ། བཛྲ་ཨཱཏྨ་ཀ། བཛྲ་དྷརྨཱ་ཀྲ་མ་ཧཱུཾ། ཨོཾ་བྷཻ་ར་བཛྲ། ཧཱུཾ་ཀ་ར་ཤུདྡྷ། ཨོཾ་བི་ཤོ་དྷ་ན། བཛྲ་དྷ་ར་བྷཀྵ་ཡ། ཨོཾ་བཛྲ་མུ་དི་བནྡྷ། བྷྲྀ་ཀུ་ཊི་ཧ་ར།
ཨོཾ་སཱུརྱ་ཛྭ་ལ། མེ་པྲ་ཡཙྪ། ཨོཾ་བཛྲ་ཧ་ས་ཀྲོ་དྷ། བཛྲ་ཤོ་དྷ་ཡ། ཨོཾ་བཛྲ་མ་ཧཱ་ཙཀྲ། ཀྲོདྷ་ཙྪེ་ད་བ་ཡ། ཨོཾ་ཧ་ར་སྤ་ཏ་ཡ། བྷ་མ་ཏྲ་ན་ཧཱུཾ། ཨོཾ་ཀྲོ་དྷ་རཀྵྨཱ། བཛྲ་ཀྲོ་དྷ་སུ་ཀྵ་ཡ་ཧཱུཾ། ཞེས་ཁྲོ་བོ་ཉི་ཤུ་རྩ་བཞིས་ས་བླ་ས་སྟེང་ས་འོག་ཁྱབ་པར་ཀུན་དུ་སྤྱོད་པས་ཕྱི་ནང་དུས་ཐམས་ཅད་དུའོ། །དེ་ཉིད་དཀྱིལ་
འཁོར་རྒྱལ་པོ་མཆོག་ཉིད་བདེ་ཆེན་སྒོ་མཚམས་བཅས་པའོ། །བསྐལ་པ་དང་པོ་རྫོགས་ལྡན་དུས་སུ་བསྙེན་པའི་ཡེ་ཤེས་སྔོན་འབྱུང་བ། །གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་མཐར་འཛམ་གླིང་པདྨའི་དབུས། །ལས་རྒྱལ་མཆོག་གིས་མ་ག་དྷཱར་ནི་འཇིགས་བྱེད་དུས་མཚན་གནས་པ་ཡིས། །
འཐུང་གཅོད་ཉེ་བའི་འཐུང་གཅོད་དུར་ཁྲོད་བཅས་པར་འཇིགས་བྱེད་བརྒྱད། །ནམ་མཁའ་ལས་ནི་ལྷ་བཞི་ལྷ་མོར་བཅས་པས་གནས་ཞེས་བཏགས། །དྲི་ཟ་བཞིས་ནི་ཡུམ་ལྡན་མི་འགྱུར་ནམ་མཁར་གནས་ཞེས་བརྗོད། །ས་སྟེང་ནས་ནི་གནོད་སྦྱིན་གཉིས་ནི་ཡུམ་དང་ཞིང་ཞེས་བསྒྲགས་པ་སྟེ། །ཉེ་ཞིང་
གནོད་སྦྱིན་ཟུང་སྟེ་ཡུམ་བཅས་གཏེར་བདག་རིམ་པས་གནས། །ཚནྡོ་ཧ་ནི་སྲིན་པོ་སྲིན་མོ་ཟུང་ལྡན་རི་བོའི་སུལ་ལོངས་སྤྱོད། །ཉེ་བའི་ཚནྡོ་ཧ་ནི་སྲིན་པོའི་འཁོར་གྱུར་ཟུང་ལྡན་རྣམ་འགྱུར་སྤྱོད། །འདུ་ས་དག་ཏུ་ཀླུ་ཡི་དབང་པོ་ཡབ་ཡུམ་ལྡན་པས་རྣལ་འབྱོར་སྤྱོད། །ཉེ་བའི་འདུ་སར་ཀླུ་ཡི་བྲན་གཉིས་
ཡབ་ཡུམ་བཅས་པ་རོལ་ཞིང་རྒྱུ། །དུར་ཁྲོད་དག་ཏུ་ལྟོ་འཕྱེ་ཟུང་གྱུར་རྟོག་དཔྱོད་འགོག་པར་རོལ། །ལྟོ་འཕྱེ་དག་གི་བྲན་གྱུར་གཉིས་པོ་ཡུམ་བཅས་ཉེ་བའི་དུར་ཁྲོད་ས་འོག་སྤྱོད། །དེ་དག་སྲིད་པ་གསུམ་ལ་དབང་བྱས་འཇིག་རྟེན་དབང་བསྒྱུར་གནས་པ་སྟེ། །ཉི་ཤུ་རྩ་བཞིའི་གནས་དེར་ཆགས་སྡང་
སྤྱོད་པ་འཇིག་རྟེན་པའོ། །གང་དུ་དབང་ཕྱུག་འཇིགས་བྱེད་ཨུ་མ་འཁོར་བཅས་རོལ་པས་གནས་པའོ། །བཅོམ་ལྡན་ཧེ་རུ་ཀ་དཔལ་རྡོ་རྗེ་རྣལ་འབྱོར་མར་ལྡན་པས། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཡེ་ཤེས་ཕྲིན་ལས། །གདུག་པ་གདུལ་བའི་ཆོ་འཕྲུལ་འཇིགས་པའི་གད་རྒྱངས་དྲག་པོ་

སྒྲོགས། །ས་ཆེར་རབ་གཡོས་འཇིག་རྟེན་ཁམས་རྣམས་རབ་འཁྲུགས་མཛད། །དེར་ནི་འཇུག་དང་དབང་གྱུར་ལོངས་སྤྱོད་རབ་ཏུ་ཐིམ་བྱེད་པས། །གདུལ་བྱའི་མིང་གི་དཔའ་བོ་རྣལ་འབྱོར་འདུལ་བྱེད་ཉིད་ལ་བཏགས། །དེས་ནི་མངོན་འབྱུང་རྣམ་པར་འཕྲུལ་པའི་མཛད་པ་ཡིས། །སྐུ་
གསུམ་འདུལ་བའི་ཞིང་ཁམས་ཕྱི་ནང་དག་ཏུ་འཁོར་ལོ་ལྔ་ལྡན་པའོ། །དེ་ནི་དང་པོའི་སྦྱོར་བ་ལ་སོགས་པ་ཏིང་ངེ་འཛིན་གསུམ་བསྟན་ནས། ད་ནི་རྗེས་འཇུག་ཉམས་སུ་ལེན་པ་རྣམས་ཀྱིས་བསྒྲུབས་པའི་འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་བ་བསྟན་པ། དེ་ཉིད་ཀྱང་རིམ་པ་གཉིས་ཀྱིས་ལམ་སྔོན་དུ་བྱས་པ་ནི།
རྒྱུའི་ཆ་ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ལུས་ཅན་དུ་གནས་པ་ཀུན་ཁྱབ་ཏུའོ། །ལམ་དུ་ཐབས་ནི་གང་གི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་སྔོན་དུ་འགྲོ་བས་ནི་ཐམས་ཅད་རྣམ་པར་དག་པར་བྱེད་ལ། སྒྲུབ་པ་པོས་མཉམ་རྗེས་གཉིས་མེད་དུ་ཉམས་སུ་མྱོང་བས་
རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འཆར་བར་འགྱུར་བ་དེ་ཉིད་གོང་ནས་གོང་དུ་ཞི་གནས་ལྷག་མཐོང་དབྱེར་མེད་པ་དེའི་ཚེ་ཡེ་ཤེས་ཆེན་པོ་གསང་བ་བླ་ན་མེད་པ་ཆོས་སྐུ་དག་པ་གཉིས་ལྡན་མཁྱེན་པའི་ཡེ་ཤེས་ཕྲིན་ལས་དང་བཅས་པར་ང་ཡིས་བཤད་དོ་ཞེས་གདམས་པའོ། །གཉིས་པའི་གཟུགས་སྐུ་
རྣམ་པ་གཉིས་ཀྱི་འབྱུང་ཚུལ་ནི། རྒྱུའི་ཆ་བྱང་ཆུབ་སེམས་འགག་པ་མེད་པ་ལས། ལམ་དུ་ལྷ་སྐུ་སྒྱུ་མ་ལྟ་བུའི་ལུས་ཅན་སྣང་ལ་རང་བཞིན་མེད་པ། གང་གི་ཚེ་རྣལ་འབྱོར་པའི་རྒྱུད་ལ་མཚན་དཔེས་སྤྲས་པའི་ཚུལ་དུ་གནས་པས་སྒྲུབ་པ་པོས་ལྷ་སྐུ་དཀྱིལ་འཁོར་གྱི་ཚུལ་དུ་འཁོར་ལོ་བརྟེན་པར་བཅས་
པའི་བསམ་གཏན་བསྒོམ་པས་དེ་ཚེ་ཡོན་ཏན་ཕུན་སུམ་ཚོགས་པ་འཆར་བས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་སྨྲའོ་ཞེས་གདམས་པའོ། །གང་དུ་རྒྱུད་རིག་པ་སྣ་ཚོགས་གཟུགས་ཅན་ནི་སྤྲུལ་པའི་སྐུ། ཅིར་ཡང་འཆར་བའི་རྨི་ལམ་སྒྱུ་མ་ལྟ་བུའི་ལུས་ཅན་དུ་རྣམ་པ་ཉིད་བྱམས་པ་སྙིང་རྗེའི་རང་བཞིན་
ཅན་དུ་དུས་གང་གི་ཚེ། ཚད་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གཞན་དོན་གཙོ་བོར་བྱེད་པའི་སྒྲུབ་པ་པོས་རང་བས་གཞན་གཅེས་ཀྱི་བློ་དང་ལྡན་པས་ཐ་མལ་པའི་སྣང་བ་དག་པར་འགྱུར་བ་དེའི་དུས་སུ་དཀྱིལ་འཁོར་གྱི་ལྷར་སྣང་ལ་གོམས་པས། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་འཆར་བ་དེའི་

འབྲས་བུ་སྤྲུལ་སྐུ་ཐོབ་པར་ངས་བཤད་པ་རྒྱུ་མཐུན་གྱི་རྒྱུ་འབྲས་བླ་ན་མེད་པའོ། །ད་ནི་སྐུ་གསུམ་དབྱེར་མེད་ངོ་བོ་བདེ་བ་ཆེན་པོའི་སྐུ་འབྱུང་བར་བསྟན་པའི་ཕྱིར། ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །ཡང་དག་ཐོབ་པར་གདོན་མི་ཟ། །ཞེས་པས་གསང་ཆེན་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷུན་
གྱིས་གྲུབ་པ་སྟེ། རང་བཞིན་རྣམ་དག་སྟོང་པ་ཉིད། །ངོ་བོ་འགྱུར་བ་མེད་པ་ཀུན་དུ་ཁྱབ་པ་མཚན་ཉིད་འོད་གསལ་གཉིས་མེད་རོ་མཉམ་པ། རྣམ་པར་མི་རྟོག་པ། བསམ་གྱིས་མི་ཁྱབ་པས་རབ་ཏུ་མི་གནས་པ། བདེ་བ་ཆེན་པོ་རང་བྱུང་གི་དེ་བཞིན་གཤེགས་པའོ། །ཡེ་ཤེས་ནི་རྣལ་འབྱོར་
དང་ལྡན་པའི་ཀུན་འདར་དུ་རླུང་སེམས་འདུས་པ་ལས་ལོངས་སྤྱོད་ཡུལ་སྣང་ལ་དབང་ཐོབ་པས་བདེ་ཆེན་ཐོབ་པར་འགྱུར་བའོ། །ཉམས་མྱོང་བདེ་གསལ་མི་རྟོག་པ་མཐར་ཕྱིན་པས་བདག་ཉིད་རྣལ་འབྱོར་པའི་ལུས་སྐུ་རྡོ་རྗེ་ངག་གསུང་རྡོ་རྗེ། སེམས་ཐུགས་རྡོ་རྗེར་གྱུར་པས། ཤྲཱི་ཐབས་ཤེས་རབ་
དབྱེར་མེད་བདེ་བ་ཆེན་པོར་འགྱུར་ལ། ཧེ་ནི་གར་དགུའི་རོལ་པས་དགྱེས་པར་སྤྱོད་པ། རུ་ནི་བདུད་རྩིའི་རྒྱ་མཚོ་མི་ཟད་པ་ལའོ། །ཀ་ནི་ཞིང་ཁམས་དུ་མ་སྐུ་ལ་ཡོངས་སུ་རྫོགས་པའི་བདེ་བའི་མཆོག །རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པར་ནི་འགྲུབ་པར་འགྱུར་བ་སྐུ་བཞི་ཡེ་ཤེས་ལྔ་ལྡན་ས་
བཅུ་གསུམ་པའི་འབྲས་བུ་ཚེ་འདི་ཉིད་ལ་ཐེ་ཚོམ་མེད་པར་ཐོབ་པའི་དོན་ཏོ། །རྒྱུ་དང་ལམ་དང་འབྲས་བུའི་གསང་བ་ལས། རྒྱུད་ཀྱི་རིམ་པ་ལྟར་ན། འཆི་བ་སྟོང་པ་ཆོས་སྐུ། བར་མ་དོ་ལོངས་སྤྱོད་རྫོགས་པའི་སྐུ། སྲིད་པའི་སྐྱེ་བ་བཞེངས་པ་སྤྲུལ་སྐུའོ། །ལུས་གནས་པ་ལྟར་ན། རྩ་སྤྲུལ་པ། ཡི་གེ་ལོངས་
སྤྱོད། ཐིག་ལེ་ཆོས། ངོ་བོ་ཉིད་ཆོས་ཉིད་ཡེ་ཤེས་ཀྱི་རླུང་ངོ་། །ལྷའི་རྣལ་འབྱོར་ལྟར་ན། རྣམ་པ་གསལ་བ། སྤྲུལ་པ་ངོ་བོ་སྟོང་པ་ཉིད་ཆོས། །ཉམས་མྱོང་བདེ་བ་ལོངས་སྐུ། །མི་རྟོག་པ་ངོ་བོ་ཉིད་དོ། །སྔགས་ཀྱི་རིམ་པ་ལྟར་ན། ལུས་རྩའི་དཀྱིལ་འཁོར་སྤྲུལ་པ། ཨཱ་ལི་ཀཱ་ལི་སྔགས་ཀྱི་དཀྱིལ་
འཁོར་ལོངས་སྤྱོད། ཐིག་ལེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆོས་སྐུ། སྙིང་པོའི་རླུང་ངོ་བོ་ཉིད་ཀྱི་སྐུའི་དཀྱིལ་འཁོར་རོ། །ཡང་ན་གཏུམ་མོའི་མེ་ལས་རྒྱ་སྤྲུལ་པ། ཧཾ་ཆོས་རྒྱ་ལོངས་སྤྱོད། འབར་འཛག་ཕྱག་རྒྱ་ཆེན་པོ་ཆོས་སྐུ། །ཉམས་མྱོང་དྲི་མ་མེད་པ་དམ་ཚིག་ཕྱག་རྒྱ་ངོ་བོ་ཉིད་ཀྱི་སྐུའོ། །ཡེ་

ཤེས་ཀྱི་རིམ་པ་ལ། བདུད་རྩི་སྤྱི་བོ་ནས་བབ་པས་མགྲིན་པར་དགའ་བ་སྤྲུལ་པ། སྙིང་གར་མཆོག་དགའ་ལོངས་སྐུ། ལྟེ་བར་ལྷན་ཅིག་སྐྱེས་པའི་དགའ་བ་ཆོས་སྐུ། གསང་བར་དགའ་བྲལ་ངོ་བོ་ཉིད་སྐུ་སྟེ་ལུགས་འབྱུང་ལུགས་བཟློག་ཏུ་ཤེས་པར་བྱའོ། །གསང་བའི་
རིམ་པ་ལ། ལྟེ་བར་རྒྱུ་མཐུན་སྤྲུལ་པ། སྙིང་ཁར་རྣམ་སྨིན་ཆོས། མགྲིན་པར་སྐྱེས་བུ་བྱེད་པ་ལོངས་སྐུ། སྤྱི་བོར་དབང་གི་འབྲས་བུ་ངོ་བོ་ཉིད་བདེ་ཆེན་ནོ། །གསང་བ་དེ་ཁོ་ན་ཉིད་ལ། སྐུའི་གསང་བ་ལྟེ་བ། གསུང་གི་གསང་བ་མགྲིན་པ། ཐུགས་ཀྱི་གསང་བ་སྙིང་ག། །སྤྱི་བོར་ངོ་བོ་ཉིད་བདེ་ཆེན་ཡེ་
ཤེས་རྡོ་རྗེ་དབྱེར་མེད་ཀྱི་གསང་བ་བསྟན་པའོ། །དེ་ལ་གནས་སྐབས་སུ་ལས་རབ་འབྱམས་བསྟན་པ་ལ་ཉེ་བར་གདམས་པ་བསྟན་པ་ནི། གསང་སྔགས་ནི་ཡིད་ཅན་ཤེས་པས་སྐྱོབ་པར་བྱེད་པའི་ཐབས་འདིའི་སྙིང་པོ་ནི་གཙོ་བོ་དང་འཁོར་དུ་བཅས་པའི་དཀྱིལ་འཁོར་བའི་སྐུ་གསུང་ཐུགས་བསྐུལ་
ཞིང་དངོས་གྲུབ་མྱུར་དུ་སྟེར་བར་དཔལ་ཧེ་རུ་ཀ་ངས་བཤད་ཀྱིས་སྒྲུབ་པ་པོ་དབང་པོའི་རིམ་པའི་ཁྱད་པར་དང་ལྡན་པ་རྣམས་ཉོན་ཅིག་པར་མདོར་བསྟན་པའོ། །ལས་དང་དངོས་གྲུབ་མངོན་དུ་བྱེད་པ་བྱ་བ་ལས། ཚོགས་བསྒྲུབ་པ་ལ། བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པའི་ཁྱད་པར་གྱིས་ལས་མྱུར་དུ་གྲུབ་
པ་ལས། སྦྱིན་སྲེག་ཕྲིན་ལས་དང་བསྟུན་ལ། ལྷའི་རྣལ་འབྱོར་ཡང་ཕྱིར་དཀྱིལ་འཁོར་ཡོངས་སུ་རྫོགས་པས་བསྒྲུབ་པའམ། ཡང་ན་སྙིང་པོའི་སྔགས་འདི་ཉིད་ཀྱི་ལྷ་ཚོགས་ཉི་ཤུ་རྩ་གཉིས་པ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལས་མངལ་སྐྱེས་ཀྱི་དཀྱིལ་འཁོར་དང་། རྫུས་སྐྱེས་ཀྱི་དཀྱིལ་འཁོར་གྱི་
བསྐྱེད་ཆོག་ཡན་ལག་དང་ལྡན་པས་དབང་པོ་རབ་ནང་མཆོག་ཏུ་གཞོལ་བ་ཁོ་ནས་གྲུབ་ལ། དབང་པོ་འབྲིང་དང་ཐ་མས་ནི་ཕྱི་ལ་མཆོག་ཏུ་གཞོལ་བ་འཁྲུལ་འཁོར་རྫས་དང་སྔགས་དང་། བསྐུལ་ཚིག་དང་བཅས་པས་འགྲུབ་པར་འགྱུར་བ་སྟེ། སྙིང་པོ་འདི་བཟླས་པས་ཞེས་སྨོས་ཏེ། སྐྱེ་བ་བདུན་པའི་
རོ་ཙ་ན་ལ་བརྟེན་པའི་ལས་བཅོམ་ལྡན་འདས་ཀྱི་སྙིང་པོ་འདི་ཁྲིར་བཟླས་ཏེ། སྨིན་མའི་བར་དུ་ཐིག་ལེ་བྱས་ནས་ནམ་མཁའ་ལ་འགྲོ་བར་བསམ་ན་ནི། དཔག་ཚད་བྱེ་བའི་བར་དུ་འཕགས་པར་འགྱུར་བ་ནི། ནང་དོན་དུ་ན་རྩ་དང་བྱང་ཆུབ་སེམས་དངས་པར་འགྱུར་བས། ཁམས་གསུམ་ས་དགུའི་

བསྒོམ་ལམ་ཟག་བཅས་ལས་འདས་པས་བྱང་ཆུབ་སེམས་དཔའི་ས་ལ་གནས་པས། རྣམ་ཐར་སྒོ་བཞི་ཐོབ་པའི་ཡེ་ཤེས་ཀྱི་ངང་ལས། འགྲོ་བ་ནི་གཞན་དུ་གཤེགས་པའོ། །འོང་བ་ནི་དེ་བཞིན་ཉིད་དུ་འཇུག་པ་སྤྲོ་བསྡུ་ཁྱད་པར་དུ་བྱེད་པར་འགྱུར་རོ། །གཟུགས་བརྒྱ་སྟོང་དུ་མར་བྱེད་དོ། །
རྒྱུའི་དུས་སུ་རྣམ་ཤེས་སྣ་ཚོགས་གཟུགས་ཅན་དུ་སྣང་བ། ལམ་དུ་ཉམས་མྱོང་དུ་འཆར་ལ། འབྲས་བུ་དེ་ཤེས་པ་དང་བོ་དྷི་སཏྭའི་ཡེ་ཤེས་སྣ་ཚོགས་གཟུགས་ཅན་དུ་གྱུར་པའོ། །དེ་ཡང་དེ་ཉིད་ལས། ཁང་བཟངས་དང་ཞེས་པས་རྡོ་རྗེའི་ལུས་ཀྱི་རྩའི་འཁོར་ལོ་རྣམས་སོ། །ཤིང་དང་ནི་
རྩ་ཀུན་འདར་མ་ལ་བརྟེན་པའོ། །ཁྱིམ་ལ་འཛེགས་ཏེ་ཞེས་དབང་པོ་ཐབས་ཀྱི་ཆས་ཡུལ་ལྔ་ཤེས་རབ་དང་གཉིས་མེད་སྤྱོད་པས་འཛེགས་ཏེ་བདེ་ཆེན་པོ་རོལ་པ་རྣལ་འབྱོར་མ་རྣམས་དང་ཞེས་ཁམས་འབྱུང་བ་རྣམ་པར་དག་པའི་ཡེ་ཤེས་གོང་ནས་གོང་དུ་འཕེལ་བས་དཔག་ཚད་བྱེ་བའི་བར་དུ་ནི་
འོག་མིན་གྱི་མཐར་ཐུག་པའི་དག་པའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ་ཞེས་མཁའ་སྤྱོད་གྲུབ་པའོ། །འོད་གསལ་དབྱིངས་ཀྱི་ནམ་མཁའ་ལས་ཟུང་འཇུག་ཏུ་འགྲོ་ཞིང་གནས། ཡེ་ཤེས་ཉིད་དུ་འཇུག་ཅིང་འོང་བ་ལས་བདེ་ཆེན་ཉིད་དུ་གནས་པ་ལས་གཞན་དུ་མི་འགྱུར་རོ་ཞེས་གནས་
འོག་མར་མི་ལྟུང་ཞེས་པའི་དོན་ཏོ། །འདོད་ན་སྣང་བར་འགྱུར་ཞིང་ནི་རང་གི་འདོད་ལྷའི་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་རོ། །འདོད་ན་མི་སྣང་བར་འགྱུར་རོ་ནི་ཆོས་ཉིད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གནས་པས་རྟོག་པས་མི་ཕྱེད་པ་ནམ་མཁའ་ལྟར་མི་མངོན་པའོ། །དེ་ལས་སྣ་ཚོགས་གཟུགས་
ཅན་དུ་བསྒྱུར་བའི་བྱེད་པ་བསྟན་པ་ལ།འདོད་ན་བྱིས་པ་དང་ནི་ཐོག་མའི་དུས་ཏིང་ངེ་འཛིན་གྱིས་སོ། །རྒན་མོ་དང་ནི་ཐ་མ་ནུས་པ་ལ་ཉེ་བའོ། །ད་ལྟ་བ་ལ་དར་ལ་བབ་པའི་ནི་རྩ་རླུང་བྱང་སེམས་རྒྱས་པས་གནས་པ་གཟུགས་འཛིན་པར་འགྱུར་བ་ནི་ལུས་ཀྱི་བཀོད་པའམ་ཁ་དོག་དང་དབྱིབས་དང་
ཚད་མི་འདྲ་བ་ཕྲ་རགས་དུ་མ་རྩ་དང་ཡི་གེ་དང་ལུས་ཀྱི་རྩེན་གར་སྟོན་པའོ། །ཡང་དུད་འགྲོའི་སྐྱེ་གནས་འདུལ་བ་ལ། འདོད་ན་གླང་པོ་ཆེ་དང་ཞེས་པ་ལ་སོགས་པས་དུས་དང་གནས་སྐབས་གང་ལ་བབ་པའི་བྱེད་པ་དུ་མ་སྟོན་པ་ཉིད་དུ་ཤེས་པར་བྱའོ། །འདོད་ན་རྨ་བྱ་དང་ཞེས་པ་ལ་སོགས་པས་

སྒོང་སྐྱེས་ཀྱི་འགྲོ་བ་འདུལ་བའི་ཆོ་འཕྲུལ་བསྟན་པ་སྟེ། སྤྲུལ་བསྒྱུར་ལ་དབང་ཐོབ་པར་བྱེད་པའོ། །ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་གང་འདོད་པ་དེའི་གཟུགས་སུ་བྱེད་དོ་ཞེས་པ་ལྷ་མ་སྲིན་གྱི་ཆ་བྱད་དུ་བསྟན་ནས་ཀྱང་རྡོ་རྗེ་ཐེག་པ་ལ་ཡོངས་སུ་དགོད་པར་བྱའོ། །ཡང་
རྒོལ་བ་ངན་པ་ཕྱི་རོལ་མུ་སྟེགས་པ་ལ་སོགས་པའི་ཚིག་གིས་འཕྲོག་པ་ནི་དེའི་ནུས་མཐུ་དང་རྩོད་པ་ཉམས་པར་རོ། །མཐོང་བ་འཕྲོག་པ་མིག་གི་རྣམ་ཤེས་ཉམས་པར་འགྱུར་བ་སྣ་འཕྲོག་པ་སྟེ་སྣ་དང་རྣ་བའི་རྣམ་ཤེས་གཟིར་བས་ཉམས་པའོ། །ལྕེ་འཕྲོག་པར་བྱེད་པ་ནི་བརྗོད་པ་སྒྲ་སྐད་ཉམས་
པར་འགྱུར་བ་སྟེ། རང་ལྷར་གསལ་བའི་ས་བོན་གྱི་ཡི་གེ་ལས་འོད་ཟེར་མཚོན་ཆ་ལྟ་བུ་སྤྲོས་པས། བསྒྲུབ་བྱའི་དབང་པོ་ལས། གསང་སྔགས་སྙིང་པོའི་འོད་ཟེར་ཐོག་ལྟ་བུ་རྡོ་རྗེའི་རྣམ་པ་བབས་པས་མེ་འབར་ཞིང་བསྲེག་པར་བསམས་པས་ངེས་པར་འགྲུབ་པར་འགྱུར་བའོ། །གང་གི་འདོད་པ་བསྒྲུབ་
བྱ་དེའི་ཁྲག་འདྲེན་ཅིང་འགུགས་པར་བྱེད་པའམ་ནི་དྲག་ཤུལ་སྤྱོད་པ་གོང་ལེའུ་དགུ་པ་ལྟར་བ་བའོ། །གནོན་པར་བྱེད་དོ་ནི་སུམྦྷ་ནིའི་སྦྱོར་བས་བགེགས་ལ་ཕུར་བུས་གདབ་པའི་སྦྱོར་བ་ལྟར་བྱས་པས་ངེས་པར་འགྲུབ་པར་འགྱུར་བའོ། །དེ་དག་གིས་ནི་རྣམ་ཤེས་ཀྱི་ལས་ཀྱིས་ཚར་བཅད་ཅིང་། ཡེ་ཤེས་
ཀྱི་ལས་ཀྱིས་རྗེས་སུ་འཛིན་པར་བྱ་བ་བསྟན་པའོ། །ལེའུའི་མཚན་བསྟན་པ་ནི། དཔལ་འཁོར་ལོ་སྡོམ་པ་ལས། འཁོར་ལོ་ལྔ་ལྡན་བདེ་སྟོང་དུ་རོ་གཅིག་པར་འགྱུར་བའོ། །སྐུ་གསུམ་འགྲུབ་པའི་དོན་ནི་གོང་དུ་རྒྱུ་ཐབས་འབྲས་བུ་ལས། སྙིང་པོའི་སྔགས་ཀྱི་ཆོ་ག་ནི་ཕྲིན་ལས་མཆོག་ཏུ་གྱུར་པ་
གསང་བ་བླ་ན་མེད་པའོ། །ལེའུའི་མིང་ནི་པ་ཏ་ལ་གཞུང་སྐྱོང་བའི་རབ་ཏུ་བྱེད་པའོ། །བཅུ་པའི་རྣམ་གྲངས་བསྟན་པའི་རྣམ་པར་བཤད་པའོ།། །།ལས་ཀྱི་ལུས་རྣམ་པར་དག་ཅིང་། ཡེ་ཤེས་ཀྱི་སྐུའི་ཁྱད་པར་གྲུབ་པའི་གསང་བ་ངེས་པར་རིག་པ་འཛིན་པའི་གནས་མངོན་དུ་བྱེད་པ་བསྟན་པར་བཞེད་ནས། དེ་ནས་
ཞེས་བཅོམ་ལྡན་འདས་ཀྱི་སྙིང་པོ་སྔགས་དེ་ཉིད་ཀྱི་ཕྲིན་ལས་སྟོན་པ་ཉིད་དེ། གཞན་ཡང་ཡོན་ཏན་ཕུན་སུམ་ཚོགས་པ་སྒྲུབ་པ་པོས་རིམ་པ་གཉིས་ལ་གོམས་པས་གང་ཞིག་རྒྱུད་ལ་བརྟེན་པ་ཙམ་གྱིས་ནི་གསང་སྔགས་ཀྱི་ཆེ་བ་སྟོན་པའོ། །མཐོང་ཆོས་མངོན་དུ་བྱེད་པས་མྱུར་དུ་དངོས་གྲུབ་ལ་འཇུག་པའི་དོན་

སྦས་པ་གསལ་བར་བྱེད་པས། སྣོད་གཅིག་ཏུ་ཟ་བའི་གཙང་སྦྲ་བདུད་རྩི་བླ་ན་མེད་པ་བསྟེན་པ་ཙམ་གྱིས་དངོས་གྲུབ་མྱུར་དུ་ཐོབ་ཐབས་བཤད་པར་བྱ་ཞེས་མཁའ་སྤྱོད་དང་ས་སྤྱོད་ས་འོག་ལ་སོགས་པ་མངོན་དུ་བྱེད་ལ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་སྐུ་མྱུར་བ་ཉིད་དུ་འཐོབ་པ་སྟེ་མདོར་བསྟན་པའོ། །ད་ནི་
རྒྱས་པར་བཤད་པ་ལ། སྐྱེས་བུ་གང་ཞིག་ཅེས་པ་ནས། སྐྱེ་བ་བདུན་པའི་མཚན་ཉིད་བསྟན་པ་ལས། རྟགས་ཉེ་བར་མཚོན་པ་ངེས་པ་ནི། ངང་པའི་འགྲོས་ལྟར་དལ་གྱིས་འགྲོ་བ་དང་། དེའི་གྲིབ་མའང་མདུན་དུ་འགྱུར་བ་ཉིད། དེ་ནི་སྐྱེ་བ་བདུན་དུ་མིར་འགྱུར་བ་ཡིན་ཏེ་ངོ་བོ་ཉིད་ཀྱིས་སྙིང་རྗེ་དང་ལྡན་
པ་རྒྱུད་མི་འགྱུར་བའོ། །རོ་ཙ་ན་ཡོད་དེ་ནི་བསོད་ནམས་ཀྱི་རྒྱུ་མཐུན་ལས་བྱུང་བ་ལས། དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་བཟླས་ནས་ཐིག་ལེ་བྱས་ན་ཞེས་པ་ཡི་གེ་འབྲུ་ཉེར་གཉིས་པའི་ཆེ་བ་སྟོན་པ། དངོས་པོ་ལྐོག་ཏུ་སྟོན་པའི་རྫས་སུ་ཕྲ་རགས་དུ་མ་ཤེས་པ་ནི་འཇིག་རྟེན་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་
བའི་དོན་ཏོ། །དེ་བསྟེན་པ་ཙམ་གྱིས་འབྱུང་བ་ཆུའི་ཁམས་དངས་པས་རྡོ་རྗེ་རིགས་ཀྱི་ནུས་པ་བརྟན། ནད་བད་ཀན་ཞི། ཞེ་སྡང་དག་པའོ། །སའི་ཁམས་དངས་པས་རིན་ཆེན་རིགས་ཀྱི་ནུས་པ་བརྟན། ནད་མཁྲིས་པ་ཞི། སེར་སྣ་ང་རྒྱལ་དག་པའོ། །མེའི་ཁམས་དངས་པས་ཆོས་ཀྱི་རིགས་ཀྱི་
ནུས་པ་བརྟན། ཁྲག་འཁྲུགས་ཞི། འདོད་ཆགས་དག །རླུང་གི་ཁམས་དངས་པས་ལས་ཀྱི་རིགས་ཀྱི་ནུས་པ་བརྟན། རླུང་ནད་ཞི། ཕྲག་དོག་དག་པའོ། །འབྱུང་བཞི་དག་པས་ནམ་མཁའ་ཤིན་ཏུ་དངས་པར་འགྱུར། དེ་བཞིན་གཤེགས་པའི་རིགས་ཀྱི་ནུས་པ་བརྟན། འདུས་པའི་ནད་ཞི། ཉོན་མོངས་
པ་གཏི་མུག་མ་རིག་པ་རང་སར་དག་པའོ། །ལུས་ཀྱི་སིཧླ་དངས་པས། ཉི་མ་ལྟ་བུའི་དྲོད་དང་མདངས་བརྟན། ཕྱིར་དབྱུང་བའི་རླུང་དབུ་མར་ཚུད། ལུས་ཀྱི་ག་བུར་དངས་པས། ཟླ་བ་ལྟར་བསིལ་ཞིང་ནུས་པ་བརྟན། རླུང་ནང་དུ་འཇུག་པ་ལ་དབང་ཐོབ་པས་དབུ་མར་ཆུད་པས། ཆགས་སྡང་ཕྲ་བ་ཞི་བར་
འགྱུར་བའོ། །སྲོག་རྩོལ་དབུ་མར་ཆུད་པས་ཡེ་ཤེས་ཀྱི་རླུང་དུ་གྱུར་པའོ། །གང་དང་གང་འདོད་པ་དེ་དང་དེ་འཐོབ་པར་འགྱུར་རོ་ཞེས། དབང་ཕྱུག་བརྒྱད་ལྡན་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པའོ། །འབྲས་སཱ་ལུ་ལ་གཟུགས་བརྙན་སྤྲོ་བའི་དོན་གསོལ་བ་བཏབ་པས་འགྲུབ་པར་འགྱུར་བའོ། །

འདིས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕྲིན་ལས་མྱུར་དུ་གྲུབ་པར་བྱེད་པ། བྱིན་རླབས་ཚད་མེད་པའི་ནུས་པ་བསྟན་པ་སྟེ། སྐྱེ་བ་བདུན་པའི་མཚན་ཉིད་ཀྱི་ཆོ་ག་ནི་རིག་པ་འཛིན་པའི་དངོས་གྲུབ་བསྟན་པའོ། །ལེའུ་བཅུ་གཅིག་པའི་རྣམ་པར་བཤད་
པའོ།། །།དེ་ལ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་གསང་སྔགས་རང་གི་ངོ་བོ་ཉིད་གོང་དུ་མདོར་བསྟན་པའི་ཚུལ་དུ་བསྟན་ནས། དེ་ནས་ཞེས་དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་ཀྱི་རྗེས་ཐོགས་སུ་བསྟན་པ། ཉེ་བའི་སྙིང་པོ་ནི་གསང་བ་ཡི་གེ་བདུན་པ། སྐུ་གསུང་ཐུགས་ཀྱི་སྙིང་པོ་ཀུན་དུ་བསྐུལ་
བ་དེ་ཉིད་དེ། དངོས་གྲུབ་ནི་གཉིས་ཏེ། མཆོག་དང་ཐུན་མོང་ལས་ཐམས་ཅད་ནི་འོག་ནས་འབྱུང་བའི་ལས་ཚོགས་མྱུར་དུ་གྲུབ་པ་ཐོབ་བྱེད་ཅིང་ནི་བསམ་གཏན་སྔགས་དང་འབྲེལ་པས་སོ། །འཇིག་རྟེན་གསུམ་ནི་ས་འོག་གི་ཀླུ་དང་། ས་སྟེང་གི་གནོད་སྦྱིན་དང་ས་བླ་ལྷ་སྟེ་དེ་དག་གི་ཡོན་ཏན་དང་
ནུས་པ་གང་ཅུང་ཟད་ཅི་ཡོད་པ་མ་ལུས་པ་དེ་ཀུན་གྱི་མཐུ་སྟོབས་སྐད་ཅིག་གིས་འགྲུབ་པ་བཤད་པ་བསྙེན་སྒྲུབ་མཐར་ཕྱིན་པའི་དེ་ཉིད་ཀྱིས་སོ། །འདི་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དང་རྗེ་བཙུན་མ་དང་དཀྱིལ་འཁོར་པ་དང་བཅས་པའི་སྙིང་པོའི་ཉེ་བའི་སྙིང་པོའོ། །དེ་ཉིད་བྱང་ཆུབ་ཡན་ལག་བདུན་
དག་པའོ། །སྔགས་གོ་བཟློག་པ་ནི་བླ་མ་ལ་རག་ལུས་པར་བྱ་བའི་ཕྱིར་རོ། །ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་གསང་བའི་སྙིང་པོ་བསྡུས་པ་སྟེ། ལྷའི་རྣལ་འབྱོར་བསྟན་པ། གནས་དང་བདག་དང་རྣལ་འབྱོར་བསྲུང་བ་སྔོན་དུ་འགྲོ་བས། ཚོགས་གཉིས་དང་ལྡན་པས། རྟེན་དང་བརྟེན་པའི་ཕོ་བྲང་དཀྱིལ་
འཁོར་བ་ལྟ་བར་བྱ་སྟེ། མངོན་པར་བྱང་ཆུབ་པ་ལྔས་སམ། ཡང་ན་ཡིག་འབྲུ་ས་བོན་ཙམ་ལས་གྲུབ་པ་ནི། འཁོར་ལོ་རྩིབས་དྲུག་པའི་དབུས་སུ་ཧཱུཾ་དཔལ་ཧེ་རུ་ཀ་ཞལ་གསུམ་པ། སྐུ་དང་རྩ་ཞལ་མཐིང་ག་གཡས་ཞལ་གསེར་མདོག །གཡོན་ཞལ་མརྒཏ་ལྟ་བུ། ཞལ་རེ་ལ་སྤྱན་གསུམ་གསུམ་མངའ་བ།
ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་མ་ཏོག་བནྡྷུརི་ཀ་ལྟ་བུ་ལ་འཁྱུད་པ་ཕྱག་གཡས་གཡོན་བར་མ་ན་མདུང་རྩེ་གསུམ་པ་དང་ཀ་པཱ་ལའོ། །ཐ་མ་གཉིས་ཀྱིས་ཞིང་ཆེན་གཡང་གཞི་བརྒྱངས་པ་འཛིན་པ། རྗེ་བཙུན་མ་ནི་གྲི་གུག་ཐོད་པ་ཅན་སྐུ་ལ་རྡོ་རྗེ་པདྨ་མཉམ་པར་

སྦྱར་བ། གཙོ་བོ་ཞབས་གཡས་བརྐྱང་བས་དུས་མཚན་བརྫིས་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སུམ་བལྟབ་ཏུ་མནན་པ། རུས་པའི་ཕྱག་རྒྱ་དྲུག་དང་། རལ་པའི་ཐོར་ཚུགས་ལ་ཟླ་ཚེས་སྣ་ཚོགས་རྡོ་རྗེ་དང་། ཐོད་པ་སྐམ་པོ་ལྔ་དང་། རྩེ་མོར་ནོར་བུ་ཆེན་པོས་སྤྲས་པའོ། །མི་མགོ་རློན་པ་
ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། འོད་ཀྱི་ཕྲེང་བས་འཁྲིགས་པར་བལྟའོ། །མདུན་དུ་ཕཊ་ལས་ཁྲག་འཐུང་མ་མཐིང་ག་དང་། ཧཱུཾ་ལས་རྡོ་རྗེ་འཇིགས་བྱེད་མ་གསེར་མདོག་དང་། ཧ་ལས་རྡོ་རྗེ་དྲག་གཏུམ་མོ་ལི་ཁྲིའི་མདོག་དང་། ཡང་ཧ་ལས་རྡོ་རྗེ་འོད་ལྡན་མ་མརྐཏ་མདོག་དང་། ཧྲིཿ ལས་རྡོ་རྗེ་དྲག་
འབར་མ་དུད་ཀ་དང་། ཨོཾ་ལས་རྡོ་རྗེ་ཌཱ་ཀི་ནི་པུཎྜ་རཱི་ཀ་ལྟ་བུ་སྟེ། དེ་རྣམས་ཀྱང་ཞལ་གཅིག་པ་ཕྱག་བཞི་མ་སྤྱན་གསུམ་གསུམ་པ། དང་པོ་གཉིས་ཀྱིས་ཌ་མ་རུ་དང་དྲིལ་བུ། འོག་མ་གཉིས་ཀྱིས་ཞིང་གི་གཡང་བཞི་གོས་སུ་མནབས་པའི་རྒྱན་ཐམས་ཅད་དང་ལྡན་པའོ། །དེ་ནས་གོ་ཆ་བགོ་བ་དང་།
ཡེ་ཤེས་ཀྱི་འཁོར་ལོ་ཕྲག་གཉིས་སྤྱན་དྲངས་ཏེ་མཆོད་ནས་གཉིས་སུ་མེད་པར་བསྟིམ་པ་དང་། དབང་བསྐུར་ཞིང་རྒྱས་གདབ་པ་རྫོགས་ནས། ལྷ་མོ་སོ་སོའི་ཐུགས་ཀར་ས་བོན་བཀོད་པ་ལས་འོད་ཟེར་སྤྲོ་བསྡུའི་ཚུལ་དུ་བཟླས་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས་པས་དགྱེས་པ་བསྐྱེད་ཅིང་རྣམ་པ་
གསལ་བར་དམིགས་པ་བྱ་བ་ཉིད་དོ། །བཟླས་ཐབས་ནང་དང་ཕྱི་ལས། གསང་སྔགས་འདི་འབུམ་བཟླས་པས་ཞེས་པ་ནི། ཟག་བཅས་ཀྱི་རླུང་ཁྲི་ཕྲག་བརྒྱད་ལས་སུ་རུང་བས། ལྷག་མ་ཟག་པ་མེད་པའི་རླུང་གིས་བྱེད་པ་ཁྲི་ཕྲག་གཉིས་ཀྱི་ཡེ་ཤེས་ཀྱི་རླུང་རྣམས་སུ་གྱུར་པས་ནུས་པ་ཐོབ་པས་ནི་
འཇིག་རྟེན་གསུམ་ཡང་སྟེ་སྲིད་པ་གསུམ་བརྟན་གཡོ་ཐམས་ཅད་གཡོ་བར་བྱེད་དོ་ནི་ལྟས་ཆེན་པོ་བཅྭ་བརྒྱད་འབྱུང་བས་འགྲོ་བ་དབང་དུ་འགྱུར་བའི་ལྷ་དང་བཅས་པ་ལ་སོགས་པའི་དོན་ནི་དབང་པོ་སྒོ་ལྔའི་རླུང་གི་འོད་ལྕགས་ཀྱུ་ལྟ་བུ་ཡུལ་འདོད་ཡོན་ལྔའི་ལྷ་དང་ལྷ་མོ་འགུགས་པར་བྱེད་དོ་ཞེས་ཕོ་ཉ་གྲུབ་
པའི་དབང་ཕྱུག་བསྟན་པའོ། །ཡང་ཕྱི་ནང་གི་ཆུ་ལ་དབང་ཐོབ་པར་བྱ་བ། རྒྱ་མཚོ་ནི་སིཧླ། གླ་རྩི། ཤུ་ཀྲ། ཞག །ཆུ་སེར། རྒྱུས་པ། རྣག་ལ་སོགས་པ་སྟེ། རོལ་མཚོ་ཆེན་པོ་བདུན་ནོ། །ཆུ་བོ་ནི་དེ་དང་ཉེ་བའི་ཆ་མཐུན་པ་དག་སྟེ། གངྒཱ། སིནྟུ། པཀྵུ། ལོ་ཧི་ཏ་སོགས་སོ། །རྫིང་བུ་ནི་གསང་བའི་

གནས་ཀྱི་ཐིག་ལེ་འཁྱིལ་བ་སྟེ། ཁམས་སུམ་ཅུ་རྩ་དྲུག་ལ་སོགས་པ་དཔྱིད་དང་ཐིག་ལེའི་རང་བཞིན་གྱིས་སྐེམས་ཤིང་གནོན་པ་འབར་འཛག་གིས་བདེ་སྟོང་དུ་བྱེད་དོ་ཞེས་པའི་དོན་ཏོ། །བསེག་མ་ལ་ཞེས་པ་རླུང་ཕྲ་བ་སྟེ། རྡོ་རྗེའི་བཟླས་པ་བྱས་ཏེ། དམིགས་པས་ཌཱ་ཀི་མའི་
གཟུགས་བརྙན་ལ་བཏབ་ན་ཡུལ་དང་དབང་པོ་རྨོངས་པར་འགྱུར་བ་བས། སྒྲུབ་པ་པོས་གང་དུ་བཟླས་པའི་ལུས་ཀྱི་གནས་དེ་དང་། ཉེ་བའི་གནས་ལ་སོགས་པ་དེར་མཁའ་འགྲོ་མ་ས་འོག་ས་སྟེང་ས་བླའི་དབང་ཕྱུག་མ་ཐམས་ཅད་སྒྲུབ་པ་པོ་རྣལ་འབྱོར་དབང་ཕྱུག་ཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབ་པའི་
མངག་གཞུག་པ་བྱེད་པར་འགྱུར་བའོ། །རང་དང་གཞན་གྱི་སྐྱེ་བ་བརྟག་པར་བྱ་བ་ནི། འདི་ཆུ་ལ་ཡོངས་སུ་བཟླས་ཏེ་ཞེས་པས་ཐོ་རངས་ཀྱི་དུས་སུ་འབྱུང་བ་ཆུ་རླུང་རྒྱུ་བས་རྡོ་རྗེའི་བཟླས་པ་བྱས་ཏེ། བདག་ཉིད་ཀྱི་མིག་བཀྲུས་ན་ཞེས་པ་ཡི་དམ་ཡབ་ཡུམ་གྱི་བདུད་རྩི་མིག་ཏུ་བབས་པས་དྲི་མ་དག་པར་བལྟས་
ན་མཐོང་བ་དག་པར་གྱུར་པས་འགྲོ་བ་སྐྱེ་བ་བདུན་ཤེས་པར་འགྱུར་རོ་ཞེས་གང་ཡིན་ངོས་ཟིན་པར་བྱེད་དོ། །རང་དང་གཞན་གྱི་ཚེ་དང་དབང་ཐང་གི་རིམ་པ་ཤེས་པར་བྱ་བ་ནི། གང་དང་གང་ཚེ་ཟད་ཅིང་ཡུལ་ཉེ་རིང་ཐམས་ཅད་དུ་འཆི་བ་ཉིད་དུ་སྣང་བ་ཡང་། ཚེ་རིང་བ་སྟེ་ཚེ་འཕེལ་བར་བྱ་བར་ནུས་པ་དང་། ཡང་བླ་དང་ཚེ་
སྲོག་དང་བཅས་པ་ཉམས་ལ་འཆར་བས་སྣང་བར་འགྱུར་རོ་ཞེས། འཆི་བ་སླུ་བ་ལ་འབད་པས་ཚེ་གཟུགས་བརྟག་ཅིང་ལེའུ་སོ་བཞི་པར་ཤེས་པར་བྱའོ། །ཡང་དཔལ་ཧེ་རུ་ཀའི་ཡི་གེ་བདུན་པས་མིག་ལ་མངོན་པར་བསྔགས་ནས་ཞེས་རང་དང་མདུན་གྱི་ལྷ་གཉིས་ཀའི་སྤྱན་དབུ་མ་ལ་ཤེས་པ་གཏད་དེ།
དམིགས་པས་གང་ལ་བལྟས་པའི་ལྐོག་ཏུ་འགྱུར་བའི་རྫས་ལ་སོགས་པ་དེ་དག་དབང་པོས་མངོན་སུམ་ལྟར་མཐོང་བར་འགྱུར་རོ་ཞེས་དུས་གསུམ་གྱི་སྤྱོད་ཡུལ་རྟོགས་པའོ། །ཡང་མི་སྣང་བ་བསྒྲུབ་པ་བསྟན་པ་ལ་དཔའ་བོ་ཤི་བའི་ཞེས་པ་ནས་གསུངས་པ་ཡིན་ནོ་ཞེས་པའི་བར་གྱི་དོན་ནི། དཔའ་བོ་ཤི་བ་
ཞེས་བྱ་བ། །དཔའ་བོ་དྲག་པོ་དབང་ཕྱུག་ཆེ། །དེ་ཉིད་བསྒྲལ་བའི་ལུས་པོ་ནི། །ཧེ་རུ་ཀ་ཡི་གདན་གྱུར་པ། །སུམ་བལྟ་བ་གྱུར་པའི་རྐང་མཐིལ་གྱིས། །གྱེན་བསྟན་གཉིས་པོ་གྲི་གུག་གིས། །བཅད་པར་བསམས་པ་དེ་བླངས་དང་། །དེ་ཡི་ཁྲག་ནི་གཡས་རྩ་ལས། །མཚན་མོ་དབང་བྱེད་མིག་ཡིན་ཏེ། །དྲི་ང་

བ་ནི་རོ་ཙ་ན། །གླ་རྩི་སིཧླ་འབྱུང་བ་ཡི། །མེ་ཏོག་རླུང་གསུམ་ཚ་གྲང་དང་། །བརྟན་བྱེད་རི་ལུ་སྔགས་འབྲུ་ཡང་། །ལྷག་གནས་འདུད་ལས་རྒྱལ་བ་སྟེ། །ཀུན་འདར་བརྒྱུད་དེ་བརྒྱ་རྩ་བརྒྱད། །རླུང་འགོག་རང་ཉིད་ལག་གཡོན་གྱིས། ཧེ་རུ་ཀ་ནི་སྙིང་གར་གནས། །ཡབ་ཡུམ་ཞལ་དུ་ཆུད་གྱུར་པས། །ཐབས་
དང་ཤེས་རབ་ཁ་སྦྱར་བས། །འོད་གསལ་ངང་དུ་མི་སྣང་འགྱུར། །ལྷ་མི་ཀུན་གྱིས་མི་མཐོང་བ། །གཟུང་འཛིན་རྟོག་པས་མི་ཕྱེད་པའོ། །ཞེས་རྣལ་འབྱོར་མ་མངོན་པར་དགའ་བའི་སྙིང་པོའི་རྒྱུད་ལས་གསུངས་པའི་དོན་ཏོ། །དེ་ལས་གལ་ཏེ་ཁ་ལས་བཏོན་ན་ནི་ཡབ་ཡུམ་ཧེ་རུ་ཀ་བདེ་སྟོང་གི་ཞལ་འོད་
གསལ་ངང་ལས། སྣང་བ་ཟུང་འཇུག་ཏུ་འགྱུར་རོ། །ཡང་ཕྱི་དོན་དུ་ནི་ལྷ་ལ་སོགས་པ་ལ་འཁྲུལ་འཁོར་མིང་སྤེལ་ཚིག་དང་བཅས་པ་ཙནྡན་གུར་ཀུམ་གྱིས་བྲི། ཙནྡན་དམར་པོའི་རྡུལ་ལས་གཟུགས་བརྙན་བྱས་ལ་སྙིང་གར་གཞུག། །རང་ཁ་ནུབ་ཏུ་བལྟས་པས་སོ། །ཤིང་ཨ་ཤྭ་ཀའི་མྱུ་གུས་བྲི། །སྐུད་པ་གསང་
གནས་ནས་དབྱུང་། །རང་ལྷར་གསལ་བའི་སྣ་གཡས་པ་ནས་ཁཎྜ་རོ་ཧི་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོས་ལ། བསྒྲུབ་བྱ་ནི་སེང་གེ་ལ་ཞོན་པ་རང་དབང་མེད་པར་མདུན་དུ་འོང་བར་བསམས་པས་འགྲུབ་པའོ། །གལ་ཏེ་མ་འོངས་ན་གཟུགས་སྦྲ་ཚིལ་གྱིས་གཏུམས་ལ་སེང་ལྡེང་གི་མེ་ལ་བསྲོ་བར་
བྱའོ། །རྒྱ་མཚོ་ལ་སོགས་པ་སྐེམ་པ་ལ་རང་གི་སྙིང་གའི་ཧཱུཾ་གི་འོད་ཀྱིས་བསྐམས་པར་བསམ་མོ། །གནོན་པ་ལ་རེངས་པའི་འཁོར་ལོས་སོ། །འདི་ཆུ་ལ་ནི་ཉེ་སྙིང་པོ། །ཆུ་ནི་རང་གི་མི་བསྐྱོད་པའོ། །དེས་རང་གི་མིག་ལ་བསྐུས་ལ། ལག་པ་གཡོན་པའི་སྲིན་ལག་ལ་འཁྲུལ་འཁོར་བཀོད་ནས། ཤྲོ་ཏ་
ཨ་རྫའི་ཕྱེ་མ་དང་དུར་ཁྲོད་ཀྱི་རས་ལ་བྱས་པའི་སྡོང་བུ་ཟད་པའི་ཐལ་བ་དང་བདུད་རྩི་ལྔ་བསྲེས་ནས་ཉེ་སྙིང་འབུམ་ཕྲག་གཅིག་བཟླས་ནས་མིག་ལ་བྱུགས་པས་འགྲུབ་པོ། །ཡང་བདུད་རྩི་ལྔ་དང་ཁྲག་ཏུ་བཅས་པའི་འདག་པ་ལ་ཌཱ་ཀི་མའི་གཟུགས་བྱས་ལ། དགུག་གཞུག་བྱས་ནས། དེའི་གདོང་ལག་
པ་གཡོན་པས་བཀབ་ནས་འཁྲུལ་འཁོར་ལ་རང་སྲུང་བ་གསུམ་དང་རཀྵ་སྤེལ་ནས་རང་གིས་བཟུང་ནས། ཉེ་སྙིང་གི་གཤམ་དུ་ཌཱ་ཀི་ནི་སརྦ་ཨཱ་ཀརྵ་ཡ་ཝ་ཤཾ་ཀུ་རུ་ཧོ། ཞེས་ཁྲི་བཟླས་པས་གཟུགས་དེ་གཡོ་འགུལ་བྱུང་ན། གང་འདོད་པ་བཀའ་བསྒོས་པས་འགྲུབ་ལ། ཁྱད་པར་དུ་མཁའ་འགྲོ་མ་

འགྲུབ་པའོ། །ཡང་མི་སྣང་བར་བྱེད་པ་ལ། དཔའ་བོ་ཤི་བའི་རྐང་མཐིལ་གྱི་པགས་པ་དང་། དེའི་ཁྲག་དེའི་ཐོད་པར་བཞག་ལ། ལིག་བུ་མིག་སྨན་གུར་གུམ་དང་། གི་ཝང་དང་ལྡོང་རོས་བསྣོས་ལ་རི་ལུ་བྱས་པ་ལྕགས་གསུམ་གྱིས་དཀྲིའོ། །ལྷག་པར་གནས་པ་ནི་རི་ལུ་དེའི་དཀྱིལ་
འཁོར་དུ་དཔལ་བདེ་མཆོག་གི་ལྷ་ཚོགས་བསྐྱེད་ལ། མཆོད་པ་ལ་སོགས་པ་བསྙེན་སྒྲུབ་སྐར་མ་རྒྱལ་ལ་བྱའོ། །རོ་ལངས་བསྒྲུབ་པ་ལ། དེ་ཉིད་ཧེ་རུ་ཀར་བསྐྱེད་ལ། དེའི་ཁར་རི་ལུ་བཅུག་ལ་ལག་པ་གཡོན་པས་ཁ་བཀབ་སྟེ། དེ་ནས་རི་ལུ་རང་གི་ཁར་བཅུག་པས་མི་སྣང་བ་ཐོབ་པོ། །ཁྲག་དགུག་
པ་ལ། མཛུབ་མོ་གཡོན་པ་ལ་ཧཱུཾ་བཀོད་ལ་ཐོད་པ་ལ་འགུགས་པའི་འཁྲུལ་འཁོར་བྲི། གཡས་པའི་མཛུབ་མོས་མཉེ་ཞིང་སྔགས་བཟླས་པས་ཁྲག་ཁུགས་སོ། །མཛུབ་མོ་གཡོན་པ་ལ་ཧཱུཾ་བཀོད་དེ་སྔགས་བཟླས་ནས་མཉེས་ན་སླར་འཇུག་པར་འགྱུར་རོ། །མངོན་པར་བཟླས་ཏེ། དུར་སོལ་གྱིས་
སྣག་ཚ་བྱ། བ་རུ་རའི་ཤིང་གིས་མྱུ་གུ་བྱས་ལ་ཐོད་པ་ལ་འཁྲུལ་འཁོར་བྲི། དེ་ལ་ཁུ་ཚུར་བསྣུན་པས་ཀླད་པ་འགས་སོ། །འོ་མས་ཞི་བར་བྱེད་དོ། །གི་ཝང་དང་དཔའ་བོ་གཡུལ་དུ་བསད་པའི་ཁྲག་དང་བསྲེས་པས་དཔྲལ་བར་ཐིག་ལེ་བྱས་པས་འགྲུབ་པོ། །མཛུབ་མོའི་ཁྲག་གིས་གསང་བའི་འཁོར་ལོ་བྲིས་ལ་
གཟུགས་བརྙན་གྱིས་སྙིང་གར་གཞུག །དུག་སྐེ་ཚེ་ཚྭས་བྱུགས་གཡོན་པའི་སྡིགས་མཛུབ་ཀྱིས་གཟུང་ལ་གཡས་པའི་སྡིགས་མཛུབ་ཀྱིས་ཕུབ་མའི་མེས་བདུགས་ན་འཆི་བར་བྱེད་དོ། །ཆུས་སླར་སོས་སོ། །ཡང་ན་བྲམ་ཟེའི་ཐོད་པའི་ནང་དུ་གསད་པའི་འཁྲུལ་འཁོར་བྱས་པ་དུར་ཁྲོད་དུ་སྦ་བའི་དུས་སུ་རྐང་པ་
གཡས་པ་ལ་མངོན་སྤྱོད་འཁོར་ལོ་བསམས་ལ་དེས་མནན་ཅིང་སྔགས་བཟླས་པས་འཆིའོ། །ཆུ་འོ་མས་གསོ་བའོ། །གདུག་པ་སྟོང་ལ་ཞེས་རེངས་པའི་འཁོར་ལོ་བྲིས་ལ་སྡིགས་མཛུབ་བྱ་སྟེ་སྔགས་བཟླས་པས་རེངས་པར་བྱེད། བདེན་ཚིག་གིས་གྲོལ་ལོ། །སྨེ་ཤ་ཅན་ཞེས་པ་ལ་ད་དུ་ར་དང་ཨེ་རཎྜའི་
འདབ་མ་དང་འབྲས་བུ་ལ་སྔགས་ལྡན་པས་སྦྱིན་སྲེག་བྱས་པའི་ཐལ་བ་འཆང་བས་བྱུགས་པས་འགྲུབ་པོ། །སྦྱིན་སྲེག་གི་མེའི་ཐལ་བ་ནི་ཤིང་ཨ་རྐ་ལ་བུད་ཤིང་བྱས་པའོ། །བཟླས་བརྗོད་ནི་ཉེ་བའི་སྙིང་པོའོ། །བསྣུན་པ་ནི་བསྒྲུབ་བྱ་ལ་ཐལ་བ་དེས་སོ། །ཆུ་ནི་མི་བསྐྱོད་པའོ། །གཏོར་བ་ནི་བསྒྲུབ་བྱ་

འམ་ཡང་ན་དེའི་གཟུགས་བརྙན་ལའོ། །ཐོད་པའི་ཕྱག་རྒྱ་ནི་འགུགས་པའི་འཁོར་ལོ་བྲིས་ལ་གཟུགས་བརྙན་གྱི་སྙིང་གར་གཞུག །འགུགས་བྱེད་རྫས་ནི་ཤིང་སྲིན་བུས་ཟོས་པའི་རྗེས་ཤུལ་དང་། ཤིང་ཕྱེས་ཉི་མའི་རྗེས་སུ་འགྲོ་བའི་ཤིང་ལ། ད་དུ་རས་འཁོར་ལོ་བྲིས་ལ་ཁྱི་སྨྱོན་ཤི་བའི་ཐོད་པ་ཁ་
སྦྱར་དུ་བཅུག་ལ་དུར་ཁྲོད་དུ་སྦས་ན་འགྲུབ་བོ། །སེམས་ཀྱིས་གྲོལ་བའོ། །གང་གིས་ནི། གཙུག་ཕུད་བཅིངས་པས་ཌཱ་ཀི་མ་འདུ་བར་འགྱུར་བའོ། །ཁང་སྟོང་དུ་སོང་སྟེ་ཞེས་པས་དུར་ཁྲོད་ཀྱི་ཐོད་པའི་སྟེང་དུ་གྲོག་མཁར་གྱི་ས་དང་། གདོལ་བ་མོའི་ལག་པར་དེ་ཉིད་བྱིན་ཏེ། ས་དེ་ལ་མཆིལ་མས་
འདག་པ་བྱེད་དུ་བཅུག་ལ། དེའི་ནང་དུ་འཁྲུལ་འཁོར་བཅུག་ལ་རི་ལུ་བྱས་ལ་རང་གི་སྤྱི་བོར་བཞག །མིག་བགྲད་ལ་བཟླས་པ་བྱས་པས་མི་སྣང་བའོ། །སྟན་དང་མལ་ཁྲི་ལ་ཞེས་པས། རྔ་མོའི་རུས་པ་ལ་བུ་ག་བྱས་པར་མི་རུས་ཀྱི་ཕུར་པ་བཅུག་ལ་སྔགས་བཟླས་པས་འགྲུབ་པའོ། །ཐོད་པ་
དང་བཅས་པ་ནི། འཁྲུལ་འཁོར་ཕྱིན་ཅི་ལོག་ཏུ་བྲི། །གྱོ་མོའི་ཕྱེ་མ་དང་བསྒྲུབས་པའི་ཡུངས་ཀར་བླུགས་ནས་སྔགས་ཀྱིས་འགྲུབ་པའོ། །སྟེང་དུ་བལྟས་ཏེ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕུལ་བའི་མེ་ཏོག་གིས་སྦྱིན་སྲེག་བྱས་པས་འགྲུབ་པའོ། །གཞན་གྱི་དཔུང་བཟློག་པར་བྱ་བ་ལ་ལག་པ་གཡོན་
པའི་མཐིལ་དུ་ལྡོང་རོས་སམ་ཡུང་བས་འཁྲུལ་འཁོར་བྲིས་ཏེ། ཁུ་ཚུར་བཅངས་ནས་གཡུལ་འགྱེད་པའི་ཕྱོགས་སུ་བསྟན་ན་རེངས་པར་འགྱུར་བའོ། །བྲམ་ཟེའི་ཐོད་པར་རོ་བསྲེགས་པའི་སས་བཀང་ལ། སྨན་གྱིས་བོན་ཨ་པ་ར་མི་ཏ་དང་། ད་དུ་ར་དང་ལྡན་པའི་བདུད་རྩི་ལྔ་དང་། སྨེ་ཤ་ཅན་གྱི་བུ་
མོའི་རང་བྱུང་གིས་བསྐུས་ལ། དགུག་སྟེར་ལ་ས་བོན་བཏབ་ལ། མཱ་མ་ཀཱིའི་སྔགས་ཀྱི་ཆུས་བྲན། སྒྲོན་མའི་སྔགས་ཀྱིས་གཏོར་མ་འཕུལ་བ། སྐར་མ་རྒྱལ་དང་དྲང་སྲོང་ཉི་མ་ལ་འབྲས་བུ་སྨིན་པ་ས་ལ་མ་ལྷུང་བར་ཏེ། སྨན་གྱི་ཐུམ་བུ་མགུལ་བར་བཏགས་སམ་སྤྱི་བོར་བཅིངས་སམ་ལུས་ལ་
བཅངས་ན་མཚོན་བཟློག་གོ། །རྡོ་རྗེའི་ལུས་ཅན་དུ་འགྱུར་རོ་ཞེས་པས། ནགས་ཀྱི་རས་བལ་ལ། བུ་མོ་གཞོན་ནུས་བཀལ་བའི་སྐུད་པ་ལ་ཉེ་སྙིང་བཟླས་ཤིང་རྡོ་རྗེའི་མདུད་པ་བྱས་པ་ལུས་ལ་འཆང་ན་ཐུབ་པ་མེད་པར་འགྱུར་བའོ། །དེ་ཉིད་ནང་དང་ཕྱིའི་བྱེ་བྲག་གི་ལས་ཉེར་ལྔ་བསྟན་པའོ། །ཉེ་བའི་

སྙིང་པོའི་ལས་ཀྱི་ཆོ་ག་ནི་ལས་རབ་འབྱམས་སོ། །ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་སྤྱིར་རྒྱས་པར་རྣལ་འབྱོར་དུ་བྱེད་པས་སམ། ཡང་ན་བྱེ་བྲག་ཏུ་གོ་ཆ་ཉིད་ཀྱི་ལྷ་དང་སྔགས་ལམ་དུ་གྱུར་པས། དུས་
དང་གྲངས་སམ། མཚན་མའི་བསྙེན་པ་གྲུབ་པས་དེ་ཉིད་ཀྱི་བྱ་བ་ལས་ཚོགས་སྒྲུབ་པ་ལ་འཇུག་པའི་ཕྱིར། དེ་ནས་ཞེས་སྨོས་ཏེ། ཕྱི་དང་ནང་གི་ཁྱད་པར་གྱི་གོ་ཆའི་ལས་ཉེ་བར་འགྲུབ་པའི་ཕྲིན་ལས་རྣམས་ནི་ལས་དང་དངོས་གྲུབ་ཐམས་ཅད་དོ། །འཇིག་རྟེན་གསུམ་ན་གང་ཡོད་པ་ནི་ཕྱི་སྲིད་གསུམ་
ནང་དུ་རྩ་ཡི་གེ་ཐིག་ལེ་རླུང་གི་ནུས་པ་ས་བོན་ཚུལ་དུའོ། །ཡིད་ལ་འདོད་པ་ཀུན་གྲུབ་པ་ནི་གྲུབ་པ་བརྒྱད་མཁའ་སྤྱོད་དང་བཅས་པ། ལུས་ངག་ཡིད་ལ་རྡོ་རྗེ་ལྟར་ནུས་པ་དང་མངོན་པར་ཤེས་པ་ཐོགས་པ་མེད་པ་འབྱུང་བའོ། །སྐྱེ་མཆེད་རྣམས་བྱིན་གྱིས་རློབ་ཅིང་། གསང་བའི་སྲུང་བ་གོ་རིམས་བཞིན་
དུ་བཤད་པར་བྱ་ཞེས་བཤད་པའི་རྒྱུད་ཨ་བྷི་དྷ་ན་ལ་སོགས་པ་ལས་ཤེས་པར་བྱ་སྟེ། གོ་ཆའི་ལྷ་དཔའ་བོ་དྲུག་དང་། དཔའ་མོ་དྲུག་ལས། ལམ་དུ་གཙོ་བོ་གོ་འཕོ་ཡབ་ཡུམ་ཅན་གྱི་དཀྱིལ་འཁོར་དང་། གཙོ་བོ་ཡབ་ཡུམ་ཅན་ལ་འཁོར་ལྔ་ལྷ་རྐྱང་པར་འདོད་པ་དང་ཐམས་ཅད་ཡབ་ཡུམ་ཅན་དུ་གནས་པ་
དང་། དེ་དག་ལ་མངལ་སྐྱེས་རྫུས་སྐྱེས་སོ་སོའི་དབྱེ་བས་རྟོགས་པར་བྱ་བའོ། །དེས་མདོར་བསྟན་ནས་རྒྱས་པར་བཤད་པའི་ལས་བསྟན་པའི་ཕྱིར། དེ་ལ་གོ་ཆ་ཟློས་བཞིན་དུ་ཞེས་པ་རང་ཉིད་ལྷག་པའི་ལྷའི་འཁོར་ལོར་གསལ་བའི་ངང་ལས། རྡོ་རྗེ་བཟླས་པས་ལྷ་དང་སྔགས་དབྱེར་མེད་དུ་ལུས་ཀྱི་གནས་
རྣམས་སུ་བཀོད་པ་ལ། ཡང་བའི་ལམ་དུ་ཞུགས་ན་ཡང་བར་ཆད་ཀྱི་གནོད་པས་མི་ཚུགས་ཏེ། མིའི་རྐུན་མ་དང་ནི་ཆོམ་པོ་པའམ། འབྱུང་པོ་ཕྲ་མོའི་གནོད་པ་མི་འབྱུང་ཞིང་། སྟག་ལ་སོགས་པ་དག་གིས་ལྐོག་ཏུ་གྱུར་པའི་ནུས་ལྡན་དག་ལ་ཡང་འཇིགས་པར་མི་འགྱུར་བ་དེ་དག་གིས་མི་མཐོང་
ཞིང་མི་སྣང་བར་འགྱུར་རོ་ཞེས་གནས་སྐབས་ཀྱིའོ། །ཡང་ན་གྲོ་ག་ལ་རོའི་སེན་མོ་དང་གུར་གུམ་དང་། གི་ཝང་གིས་སྐར་མ་བཟང་པོ་ལ་པདྨ་འདབ་མ་དྲུག་གི་ཕྱི་རོལ་དུ་རྡོ་རྗེ་རྩེ་གསུམ་པ་དྲུག་བྲི། ལྟེ་བ་ལ་མིང་བསྐུལ་ཚིག་དང་བཅས་པ་དང་། འདབ་མ་ལ་གོ་ཆའི་སྔགས་དང་། རྡོ་རྗེ་རྭ་དབུས་མ་ལ་

ཉེ་བའི་སྙིང་པོའི་ཧཱུཾ་གཅིག་བཞག་པ་དྲུག་བྲིས་ལ། དམ་ཚིག་གི་ལྷ་སྔགས་ལ་ཡེ་ཤེས་དགུག་བསྟིམ་མཆོད་བསྟོད་བྱས་ནས་ལུས་ལ་བཅངས་ན་སྲུང་བ་ཆེན་པོར་འགྱུར་བའོ། །ཡང་ན་དབྱི་མོའི་ཤིང་གི་འབྲས་བུ་བྱ་རོག་གིས་ཟར་བཅུག་ལ་དེའི་བྲུན་དང་འབྲུ་བྲམ་ཟེའི་ཐོད་པར་བསྐྱེད་ལ་དེའི་འབྲས་བུ་ཟླ་བ་
སྒྲ་གཅན་གྱིས་ཟིན་པའི་ཚེ་བླངས་ལ། ལྕགས་གསུམ་གྱིས་དཀྲིས་ནས་ཁར་བཅུག་ན་ཡང་འགྲོ་བ་གཞན་གྱིས་མི་མཐོང་ངོ་། །རྒྱལ་པོའི་ཕོ་བྲང་དུ་ཞེས་པ་ཁྱི་ནག་པོའི་ཆུའི་ས་རློན་པ་ལས་གོ་ཆའི་འཁྲུལ་འཁོར་བྲིས་ནས་དེའི་དཀྱིལ་འཁོར་དུ་བཅུག་ནས་ལྕགས་གསུམ་གྱིས་དཀྲིས་ལ་ཁར་བཅུག་ནས་སྔགས་བཟླས་
ན་ཡང་འགྲུབ་པའོ། །རེངས་པའི་ལས་ལ། གོ་ཆའི་སྔགས་ལན་བདུན་ཟློས་པའི་སྔགས་པས་ཞེས་པ་ནི། དུར་ཁྲོད་ཀྱི་མེ་འགྲམ་དུ་འཁྲུལ་འཁོར་བྲིས་ལ། དུར་ཁྲོད་ཀྱི་ས་དང་ཐལ་བ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་འཁོར་ལོ་སྙིང་གར་གཞུག། །རང་གི་ལག་པ་ལ་རེངས་པའི་འཁོར་ལོ་བྲིས་པའི་
ལག་པས། དུར་ཁྲོད་དུ་སྦས་ལ་དེའི་སྟེང་དུ་གཞི་མཉམ་གྱིས་བཀབ་ལ་བཞག་པས་འགྲུབ་བོ། །ཁྲག་དགུག་པ་ལ་རང་གི་སྲིན་ལག་གི་ཁྲག་གིས་འགེགས་ནས་ཤི་བའི་ཐོད་པར་བཞག་ལ་སྔགས་བཟླས་ཏེ། རང་གི་དཔྲལ་བར་ཐིག་ལེ་བྱས་ན་འགྲུབ་པར་འགྱུར་རོ། །གང་གི་ཁྱིམ་དུ་ཞེས་པ་དུར་ཁྲོད་ཀྱི་
རས་ལ་དྲག་པོའི་རྫས་ཀྱིས་འཁོར་ལོ་བྲིས་ལ། ཟག་རྫས་ལ་གཟུགས་བརྙན་བྱས་ཏེ། དགུག་བསྟིམ་བྱས་པས་དུར་སོལ་མེ་ལ་བསྲོ་བས་གདུང་ཞིང་སྔགས་བཟླས་ནས་དུར་ཁྲོད་དུ་སྦས་ན་འགྲུབ་པའོ། །གང་གི་གདོང་ལ་བལྟས་ཏེ་ཞེས་པ་ལ། བསྒྲུབ་བྱའི་ཟག་རྫས་ལས་བྱས་པའི་གཟུགས་ཀྱི་སྙིང་གར།
དུར་རས་ལ་དུག་གིས་འཁྲུལ་འཁོར་བྲིས་པའི་སྤེལ་ཚིག་བཅུག་ཅིང་བཟླས་པས་ཁྲོ་བོའི་བལྟ་བ་དང་བཅས་པས་ངེས་པར་འགྲུབ་བོ། །ཆུ་བོ་དང་རྫིང་བུར་ནི། ཤོ་མ་ལའི་ཤིང་ལ་ལྕང་ལྷམ་བྱ་སྟེ། པདྨ་དང་སྦལ་པའི་ཚིམ་བུ་སྦྲུལ་གྱི་ཁྲག་གསེར་གྱི་མེ་ཏོག་ལ་སྦགས་པ་ལྷམ་ནང་དུ་བཅུག་སྟེ་དེ་ལ་སྔགས་
བཟླས་ཤིང་། འབྱུང་བཞིའི་སྟེང་དུ་བཅགས་ན་ཆུ་ལ་ཐང་བཞིན་དུ་འགྲོ་བར་འགྱུར་བའོ། །ཆུ་སྦྲུལ་གྱི་ཁྲག་སྤྲ་ཚིལ་གྱིས་གཏུམས་ལ་རང་གི་ཁར་བཅུག་སྟེ་སྔགས་སྤེལ་ཚིག་དང་བཅས་པས་བཟླས་ན་འགྲོ་བའམ་གནས་པ་ལ་ལུས་ལ་གནོད་པ་མི་འབྱུང་ངོ་། །གནས་གསུམ་གྱི་རྣལ་འབྱོར་མའི་དབང་ཕྱུག་

བྱ་བར་འདོད་པས། ལག་པ་གཉིས་ཀྱི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་དབང་དུ་བྱ་བའི་འཁྲུལ་འཁོར་གུར་གུམ་གྱིས་བྲིས་ནས། དུར་ཁྲོད་ཀྱི་རོ་ཟས་ཟོས་པའི་ལྷག་མ་ཞིབ་མོར་བྱས་པ་དང་བསྲེས་པས་ཉེད་བཞིན་དུ་ནི་དྲིལ་ཕྱིས་བྱས་ནས། གསང་སྔགས་ལན་སྟོང་བཟླས་ནས་ལྷ་མོ་
ལ་སོགས་པའི་མིང་སྤེལ་ཚིག་བཅུག་སྟེ་ཨ་མུ་ཀཾ་མེ་པ་ཤཾ་ཀུ་རུ་མ་ན་ཡ་ཧོ་ཞེས་འགྲུབ་བོ། །མཁའ་འགྲོ་མ་གང་ཡིན་པ་ནི་རྣལ་འབྱོར་མ་སྣ་ཚོགས་ཞེས་པ་ལ་སོགས་པས་སྙིང་པོའི་རྣལ་འབྱོར་མ་སྟེ། དབྱིབས་ལྟར་ན་སྙིང་གི་འཁོར་ལོའི་རྩ་ཕྱོགས་བཞིན་གནས་པ། སྔགས་ལྟར་ན་འབྱུང་བ་
བཞི་རླུང་ཁ་དོག་སོ་སོ་བ་ཉིས་བརྒྱ་ཉེར་ལྔ་པ་ཕྲག་བཞི་དང་། ཆོས་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ལས། ཡང་ཐམས་ཅད་ནི་མཁའ་འགྲོ་མ་རྡོ་རྗེའི་རིགས་ལ་སོགས་པ་དང་ཁ་གདོང་མ་ལ་སོགས་པ་ཡང་འགྱུར་བའོ། །ད་ནི་གོས་ཀྱི་རྣལ་འབྱོར་ལམ་དུ་བྱེད་པས་ཕྱོགས་བཅུ་ཀུན་དུ་འགྲོ་བའི་
དབང་ཕྱུག་ཐོབ་པར་བྱ་བ་ནི། སྐར་མ་རྒྱལ་ལ་རས་བྱས་ལ། ཞེས་པ་ལ་སོགས་པའི་དོན་ནི། དུར་ཁྲོད་ལ་སོགས་པར་སྦྲུལ་གྱི་རོ་བཙལ་ལ། ལུས་དཀར་ནག་གི་མཚམས་སུ་རྡོ་རྗེ་གྲི་གུག་གིས་སོར་བཞི་བཞིར་གཏུབས་ལ་ཞག་བྱུང་བ་མ་འདྲེས་པར་རས་བལ་གྱི་ས་བོན་ལ་བསྐུས་ཏེ། དེ་མ་ཐག་ཏུ་བསྐོམས་
ལ། མ་འདྲེས་པར་དུར་ཁྲོད་ཐག་ཉེ་བར་བསྐྲུན་པ་ཡིན་ན་བཟང་ངོ་། །གལ་ཏེ་མ་ཡིན་ན་རང་གི་ཁང་པ་དབེན་སར་དུར་ཁྲོད་ནས་ས་བླངས་ཏེ་སྐར་མ་རྒྱལ་གྱི་ཉིན་པར་ལྷ་མོ་སྤྱན་མའི་སྔགས་ཀྱིས་བཙུགས་པ་ནག་པོ་ཟླ་བ་མར་ངོའི་དུས་དང་། ཡང་མཱ་མ་ཀཱིའི་སྔགས་བཟླས་པས་ཡར་ངོ་དཀར་པོའི་ཤ་དང་
ཞག་ལས། གོས་དཀར་མོའི་ཁཎྜ་རོ་ཧིའི་སྔགས་ཀྱིས་བསྲུང་ཞིང་། བར་ཆད་བསྲུང་ཞིང་གོ་ཆའི་སྔགས་བཟླས་ཤིང་མཆོད་གཏོར་དང་ལྡན་པས་བསྐྱེད་དོ། །དེ་ནས་ཡུན་རིང་ཞིག་ནས་རས་བལ་དུ་གྱུར་པ་དང་། བུ་མོ་མ་ཉམས་པས་དཀར་མོ་ལ་ཡང་སེམས་བསྐྱེད་དབང་ཐོབ་དམ་ཚིག་ལྡན་པས་དཀར་
མོའི་ཞག་བགོས་པ་བླངས་ལ་ཡར་ངོའི་རྒྱལ་ལ་འཐག་ཏུ་གཞུག་པ་སྟོད་གཡོགས་དང་། ཡང་གདོལ་བའི་བུ་མོ་ལ་སྔར་ལྟར་སྟེ་ནག་པོའི་ཞག་བགོས་པ་མར་ངོའི་རྒྱལ་ལ་འཐག་ཏུ་བཅུག་སྟེ་རས་ཡུག་ཏུ་གྲུབ་པའི་ཚེ་ན། ཞག་སོ་སོས་ཡང་བྱུགས་ལ། གུ་གུལ་དཀར་ནག་གི་དུད་པས་བདུག་ཅིང་གྲྭར་

ཕྲིན་ལས་ཀྱི་འཁྲུལ་འཁོར་ཡང་བྲིས་ལ་གོ་ཆའི་སྔགས་སྟོང་ཕྲག་བཅུ་སོ་སོར་བཟླས་ནས་བླ་གོས་དང་མཐང་གོས་སུ་བྱས་ཏེ་གར་འགྲོ་ཡང་མི་སྣང་ཞིང་རིག་འཛིན་གྱི་དངོས་གྲུབ་ཐོབ་སྟེ། རྒྱ་མཚོ་དང་འོག་མིན་གྱི་མཐར་ཐུག་པར་འགྲོ་བས་འགྲུབ་པར་འགྱུར་བའོ། །ནང་དོན་དུ་སྟོད་གཡོགས་གླང་པོའི་
པགས་པ་དང་། སྨད་གཡོགས་སྟག་གི་ཤམ་ཐབས་སུ་བྱིན་གྱིས་བརླབས་ཏེ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། ཕྱོགས་ལས་རྣམ་རྒྱལ་ཀྱི་སྤྱོད་པ་བྱ་བ་ཉིད་དོ། །རྣམ་ཤེས་ལྡན་པའི་ལུས་ལྗོན་ཤིང་དུ་བསྒྱུར་བའི་བྱེད་པ་བསྟན་པ་ལ། ཤིང་ཡོངས་འདུའི་ཞེས་ཕོ་ཉ་ལ་བརྟེན་པའམ། རྣལ་འབྱོར་
གྱི་ལམ་པས། ལུས་ཀྱི་རྩ་ཀུན་འདར་མ་ལས་བྱུང་བའི་ཁུ་བཅུད་བྱང་སེམས་ཙཎྜ་ལཱི་སྤར་བས་བླངས་ལ་ཐུར་ལ་བབ་པ། གྱེན་དུ་བཟློག་ཅིང་དྲང་བ། ཧཱུཾ་གིས་རླུང་དྲག་པོར་དྲངས་པའོ། །བཟླས་བརྗོད་སྟོང་བྱས་ཏེ་ནི་ཧཱུཾ་ཧཱུཾ་ཞེས་འདྲེན་པ་རིམ་པས་ལྟེ་བ་ནས་ཡར་གང་ལ་སྟེ་ལུས་ཀྱི་དཔྲལ་བར་ཐིག་ལེ་བྱས་
པས་འོག་ཏུ་འཕོ་བར་མི་འགྱུར་བས་དེ་ཉིད་དཔག་བསམ་གྱི་ཤིང་ལྟར་ཡོན་ཏན་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ་ནི་ལེའུ་ཞེ་དགུ་པར་ཡང་བསྟན་པའོ། །དེ་ཉིད་བསམ་གཏན་ཞི་གནས་བདེ་བ་ལ་མ་སད་པ་ལ། ཆུ་ལ་ནི་རླུང་སྲོག་རྩོལ་བསྐུལ་བས་བཟླས་ཏེ་འཁྲུལ་འཁོར་གྱིས་གཏོར་ན་ལུས་ཐམས་ཅད་
དུ་ཁྱབ་པར་བྱས་པས་སླར་འཚོ་བར་འགྱུར་བའི་ཏིང་ངེ་འཛིན་ལས་ལྡང་བའོ། །སྟོབས་ཁྱད་པར་བྱེད་པ་ལ་འདི་དག་ནི་སྔ་མའི་དོན་གྱི་ཡེ་ཤེས་སོ། །གླང་པོ་ཆེའི་ལུས་ལྟར་བསྒྲུབ་པ་ལ་རྐང་རྗེས་ནི་ས་རླུང་རིགས་བཞི་ལམ་དུ་བྱ་བས་བཟླས་བརྗོད་སྟོང་བཟླས་པས་ནི་སྔགས་དང་རླུང་དབྱེར་མེད་ཀྱིས་འཕྲལ་བ་ན་བྱང་
སེམས་ཧཾ་གི་རྡུལ་བླངས་ཏེ་ཞེས་ཁ་བ་ལྟར་བབ་པས། གང་ལ་བསྣུན་པ་དེ་ནི་འོག་ཏུ་ཙཎྜ་ལཱི་ལ་སྟེ། གླང་པོ་ཆེ་ལྟ་བུའི་སྟོབས་ཀྱིས་ཐེག་པ་ཆེན་པོ་གཞན་གྱི་སྡུག་བསྔལ་ཁུར་དུ་འཁུར་བའི་བཟོད་པ་ཐོབ་པར་འགྱུར་བའོ། །དེ་ལས་གོང་དུ་བསྟན་པའི་རྩ་སྔགས་སྙིང་པོ་ཉེ་སྙིང་གོ་ཆའི་ལས་ཚོགས་གྲུབ་པའི་
ཁྱད་པར་གསང་བ་བླ་ན་མེད་པ་བསྟན་པ་ནི། དབང་པོ་གང་དང་གང་ལམ་གྱུར། །ཞེས་པས་དང་པོ་ལྷའི་རྣལ་འབྱོར་ལྟར་ན་དབང་པོ་ནི་སྒོ་ལྔའི་རྣམ་པར་ཤེས་པ་སྟེ། མིག་ལ་སོགས་པ་གཏི་མུག་རྡོ་རྗེ་ལ་སོགས་པ་དང་། ཡིད་ཀྱི་སྐྱེ་མཆེད་དབང་ཕྱུག་རྡོ་རྗེ་ཀུན་དུ་བཟང་པོའི་སྤྱོད་ཡུལ་ལོ། །གང་དང་གང་

ལམ་གྱུར་ནི་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པ་ཕྲ་རགས་སྣ་ཚོགས་སྣང་བའོ། །ཡེ་ཤེས་ཀྱི་རོལ་པར་འཆར་བ་དེ་དང་དེའི་རང་བཞིན་ཐབས་ཤེས་རབ་གཉིས་མེད་དུ་འགྲོ་བ་དེ་ཁོ་ན་ཉིད་ཀྱི་མཆོད་པར་རོ། །མཆོག་ཏུ་ནི་བདེ་བ་ཆེན་པོ་མཉམ་གཞག་གིས་ལྷར་གསལ་བ། རྗེས་
ཐོབ་དང་རོ་མཉམ་དུ་སྦྱོར་བ་ཡིས་ནི་བརྟན་གཡོ་ཐམས་ཅད་དཀྱིལ་འཁོར་པའི་སངས་རྒྱས་ལ་སོགས་པའི་རང་བཞིན་སྣང་སེམས་གཉིས་མེད་ལས་གཞན་དུ་མི་འགྱུར་བའོ། །རྫོགས་པའི་རིམ་པར་དབང་པོ་གང་དང་གང་ལམ་གྱུར་ནི། རླུང་སེམས་དབྱེར་མེད་ལས། སྣང་བ་དང་སྣང་བ་མཆེད་པ་དང་སྣང་
བ་ཐོབ་པ་ཐམས་ཅད་དེ་དང་དེའི་རང་བཞིན་འགྲོ་ནི་ཤེས་རབ་ཐབས་རྒྱུ་འབྲས་དབྱེར་མེད་དུ་འོད་གསལ་བར་འགྲོ་བའོ། །དེ་ཉིད་མཆོག་ཏུ་ནི་ཆོས་ཉིད་ངང་དུ་མཉམ་གཞག་བདེ་ཆེན་ལས་སྦྱོར་བ་ཡིས་ནི་ཟུང་འཇུག་སྟེ། སངས་རྒྱས་སྐུ་གསུམ་ཡེ་ཤེས་ལྔ་ཐམས་ཅད་རྫོགས་པའི་རང་བཞིན་དུ་འགྱུར་བ་
ལྷུན་གྲུབ་མི་འགྱུར་བའོ། །ཁྱད་པར་སྙིང་པོའི་དོན་དུ་ནི། དབང་པོ་གང་དང་གང་ལམ་གྱུར་ནི་སྒོ་ལྔ་རྟོག་མེད་དུ་འཆར་བ་ཡུལ་གཟུགས་ལ་སོགས་པ་ལ། དགའ་བ་དང་མཆོག་དགའི་ངོ་བོ་བདེ་བ་དེ་དང་དེའི་རང་བཞིན་རྟོག་པ་ཐམས་ཅད་དང་བྲལ་བས་འགྲོ་འོང་མེད་པའི་རང་བཞིན་དུ་བདེ་བ་ཆེན་པོའི་
མཆོག་ལྷན་ཅིག་སྐྱེས་པའི་དགའ་བ་མི་འགྱུར་བ་རོ་མཉམ་དུ་མཉམ་གཞག་སྟོང་པ་ཉིད་དང་གཉིས་སུ་མེད་པ་དག་འབྲལ་ཞུ་བདེའི་སྦྱོར་བ་བས་རྗེས་ཐོབ་སྣང་གྲགས་བདེ་བར་འཆར་བས་སངས་རྒྱས་སྐུ་བཞི་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་བ་ཉིད་དོ། །དེ་ཉིད་ཕྱག་རྒྱ་ཆེན་པོ་ལྟར་ན། དབང་པོ་ནི་རྣམ་
པར་ཤེས་པ་རང་རིག་པའོ། །གང་དང་གང་ལམ་གྱུར་ནི་ཚོགས་དྲུག་ཡུལ་དང་ཡུལ་ཅན་དུ་སྣང་བ་ཐམས་ཅད་དོ། །སྣང་བ་སྣ་ཚོགས་དེ་དང་དེའི་ནི་རང་སེམས་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་དུ་ཤེས་པས། ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་དུ་ཤར་བས་རྣམ་པར་མི་རྟོག་པའི་ནམ་མཁའ་ལྟ་བུའི་རྒྱུ་འབྲས་བུ་
འགྲོ་བ་རྟེན་འབྲེལ་ཉིད་དེ། བདེ་ཆེན་མཆོག་ཏུ་གྱུར་པས། མཉམ་གཞག་རྗེས་རོ་གཅིག་རབ་ཏུ་མི་གནས་པས། དོན་གྱི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དབྱིངས་ཡེ་ཤེས་དབྱེར་མེད་དུ་འགྱུར་བས་ན། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །གར་མཁན་

དག་དང་རི་མོ་མཁན་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པའི་དོན་ཏོ། །གོ་ཆའི་སྔགས་ཀྱི་ཆོ་གའི་ལེའུ་ནི་ཐབས་དང་ཤེས་རབ་ཀྱི་སྲུང་བ་ཆེན་པོའི་དཀྱིལ་འཁོར་གསང་བ་བསྟན་པ་སྟེ། བཅུ་གསུམ་པའི་རྣམ་པར་བཤད་
པའོ།། །།ད་ནི་གོང་དུ་ཐུན་མོང་དུ་ལས་བསྒྲུབ་པའི་རྩ་བའི་སྔགས་ལས་ཚོགས་དང་བཅས་པ་བསྟན་ཅིང་། བཅོམ་ལྡན་འདས་ཀྱི་སྙིང་པོའི་ལས་སྟོན་པ་ལས། བྱེ་བྲག་ཁྱད་པར་དུ་ལས་རབ་འབྱམས་ཀྱི་གྲུབ་པ་བྱེ་བྲག་ཏུ་འཆི་བདག་བཟློག་པ་དུས་ཀྱི་ངེས་པ་དང་བཅས་པས་འགྲུབ་པར་གསུངས་པ་
ནི་དེ་ནས་ཞེས་སྨོས་ཏེ། གང་གིས་སྒྲུབ་པ་པོ་ནི་བསྙེན་སྒྲུབ་སྔོན་དུ་སོང་བའི་ཁྱད་པར་དང་ལྡན་པའི་དེ་ཉིད་ལས། འགྲུབ་པའི་རིམ་པ་གསང་བ་ཕྱི་དང་ནང་གི་བྱེད་པའོ། །གང་འགྲུབ་པར་བྱ་བ་ཧེ་རུ་ཀ་བོང་བུའི་རྣལ་འབྱོར་བདག་ཅེས་ལྷའི་རྣམ་པ་གཞན་དུ་བྱེད་པ་རྡོ་རྗེ་རྟོག་པས་མི་ཕྱེད་པའོ། །ཡིད་ཀྱི་གཟུགས་ཀྱིས་
འཇུག་བྱའི་ཕྱིར་ནི། བཅོམ་ལྡན་འདས་ཀྱིས་ཐོག་མར་དམ་བཅས་པ་ལས་བསྐུལ་བར་བྱ་བས། གང་ཟག་ཉམས་སུ་ལེན་པ་དག་ལ་ཐུགས་རྗེས་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་རླབས་འཇུག་པའི་ཐབས་ཀྱི་བསྒྲུབ་པའི་རིམ་པ་དེ་ནི་བཤད་པར་བྱ་ཞེས་ཐབས་བླ་ན་མེད་པ་མདོར་བསྟན་པའོ། །དེ་ཉིད་ཀྱི་དོན་ལ།
བཛྲ་ཌཱ་ཀི་རྒྱ་མཚོ་ལས། །འཁོར་ལོ་སྡོམ་པའི་རྣལ་འབྱོར་པས། །མཚན་དང་དཔེ་བྱད་ལྡན་པ་ཡིན། །ཞལ་ལ་ཞེན་པ་སྤོང་བ་དང་། །དངོས་པོ་གང་དང་གང་ལ་ཡང་། །དུས་གསུམ་ཤེས་པར་བྱ་བའི་ཕྱིར། །ཧེ་རུ་ཀ་ནི་བདེ་ཆེན་གྱི། །འཁོར་ལོའི་གཙོ་བོ་དེ་ཉིད་བོང་བུའི་ཞལ་དུ་བསྒྱུར་ལ་བསྒྲུབ། །འདིས་
ནི་ལས་དང་དངོས་གྲུབ་ཀུན། །ཐོགས་པ་མེད་པར་འགྲུབ་པར་འགྱུར། །ཐུགས་ཀྱི་འཁོར་ལོ་མཁའ་ལྡིང་གདོང་། །གསུང་གི་རྨ་བྱ་སྐུ་སེང་གེ། །མི་ཕྱེད་ལྷ་མོ་ཤ་བ་དང་། །མ་ཧེ་སྟག་དང་འུག་པའི་གདོང་། །སྒོ་བ་སྔ་མ་ཉིད་ཡིན་ནོ། །ཌཱ་ཀི་མ་ནི་བོང་བུའི་ཞལ། །ལཱ་མ་སེང་གེ་གླང་པོ་ཆེ། །ཕྲག་རྒོད་དུམ་
སྐྱེས་རཱུ་པི་ནི། ས་གསུམ་དབང་ཕྱུག་གཏེར་ལོངས་སྤྱོད། །གྲུབ་པ་ཀུན་དུ་བསྒྱུར་བའོ། །ཞེས་པའི་དོན་གྱིས་བསྟན་ཏོ། །དེ་ཡང་སྒྲུབ་པའི་རིམ་པ་ནི་གནས་དབེན་པར་དཀྱིལ་འཁོར་བཤམས་པ་ལ། ལྷག་པར་གནས་པ་བཞིན་དུ་དྲིའི་བྱུགས་པ་ལ་ཚོམ་བུ་བཀོད་པའམ། རྡུལ་ཚོན་གྱིས་ཕྱག་རྒྱ་དགོད་

པ་ལ། །ལྷག་པའི་ལྷར་བསྒྲུབ་པ་མཆོད་པ་དང་བསྟོད་པ་བྱས་ལ་འཁྲུལ་འཁོར་བྱ་བ་ནི། གྲོ་གའམ་ཤིང་ཤུན་ལ་ལྟེ་བ་ལ་ཧཱུཾ་བཾ་བྲི། གུར་ཀུམ་གྱིས་བྱས་ཏེ། ཕྱོགས་ལ་སྙིང་པོ་ཉེ་སྙིང་བྲི། མཚམས་སུ་ཐོད་པ་བདུད་རྩི་ཅན་དང་། འཁོར་ལོའི་རྩིབས་ལ་དཔའ་བོའི་རྩ་སྔགས། སྒོའི་
ནང་དུ་སུམྦྷ་ནི་སོགས། རྡོ་རྗེ་ར་བའི་ཕྱི་རོལ་དང་མུ་ཁྱུད་ཀྱི་མཚམས་ཐམས་ཅད་དུ་སྔགས་ཐམས་ཅད་བྲི། ར་བ་ཟླུམ་པོ་ལ་ཡུམ་གྱི་རྩ་སྔགས། ཕྱི་རོལ་གྱི་ར་བ་ལ་སྤེལ་ཚིག་དང་བཅས་པ་སྟེ། དཀྱིལ་འཁོར་གྱི་སྟེང་ནས་དབུབ་པར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་འབྲས་སཱ་ལུའམ་བག་ཕྱེ་ལ་མིའི་
གཟུགས་བོང་བུའི་མགོ་ཅན་བྱ་སྟེ། ཡང་ན་འཁྲུལ་འཁོར་བྲིས་པ་སྤེལ་ཚིག་ནི་ཨ་མུ་ཀ་ཤུ་བྷ་ཤུ་བྷ་ནི་མི་ཏྲཾ་ཏི་ཀ་ཀུ་རུ་དང་། ཨཱ་མོ་ཀ་ས་པྟ་ཛ་མ་ཏྲི་ཤ་ཀུ་རུ་ཞེས་པ་དང་། འཁྲུལ་འཁོར་གཟུགས་ཀྱི་སྙིང་གར་བཅུག་ལ། དེ་ལ་ཧེ་རུ་ཀ་བསྟིམ་སྟེ་བསྒོམ་བཟླས་བྱས་ནས་ཞུན་ཆེན་གྱི་མར་མེ་བལྟམས་ལ། བཟླས་
པ་ཁྲི་ཕྲག་རེ་སོང་བ་དང་མེ་ལོང་ནང་དུ་གཟུགས་བརྙན་དེ་འཆར་བར་བྱ་སྟེ། ལྷོ་སྒོར་བཞག་ལ་མཚན་ལྟས་བརྟག་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བས་དུས་གསུམ་དང་སྐྱེ་བ་བདུན་པ་ལ་སོགས་པ་དེར་ཤེས་པར་འགྱུར་བའོ། །རྒྱས་པར་བསྟན་པ་ལ་རྣལ་འབྱོར་པས་ནི་བདག་དང་ལྷ་ཐ་མི་དད་པར་
བལྟས་པས་སོ། །ལཱ་མའི་གཟུགས་ཏེ་ཞལ་རྣམ་པར་འགྱུར་བའོ། །དེ་བཞིན་དུ་ནི་མཁའ་འགྲོ་མ་ནི་རི་བོང་གི་ཞལ་ཅན་ཤར་དུ། དུམ་སྐྱེས་མ་ནུབ་ཏུ། འདོད་གཟུགས་ཅན་ལྷོ་ཕྱོགས་སུའོ། །མཁའ་འགྲོ་མ་དེ་དག་ནི་གྲི་གུག་ཐོད་པ་དང་། ཌ་མ་རུ་རྩེ་གསུམ་
ལག་ན་ཐོགས་ཞེས་པས་རྒྱན་ལ་སོགས་པ་སྤྱིའོ། །དེ་ལ་དྲན་པ་དང་རིག་པ་ཕྲ་མོ་འཆར་བ་ནི། ཚེ་ཟད་པ་ཡང་སྟེ་སྒྲུབ་པ་འདིས་འཆི་བདག་ལས་རྒྱལ་བར་འགྱུར་ལ། ཚེ་རིང་བར་ནི་ཅུང་ཟད་ནུས་པ་སྐྱེས་པས་ཚེ་ལ་དབང་བས། ལྟས་ངེས་པ་སྒྲུབ་པ་ཉིད་ཀྱི་ཉམས་
སྣང་ལ་གསལ་བ་ཡིན་ཞེས་དུས་གསུམ་ཤེས་པ་འབྱུང་བའོ། །འདིར་ནི་བོང་འདྲའི་རྣལ་འབྱོར་མ། །དེ་ཚེ་བོང་བུ་འདྲ་བལྟའི་གནས་སྐབས་སུ་རང་དང་གཞན་གྱི་སྐྱེ་བ་དང་འཆི་འཕོ་བ་མངོན་སུམ་དུ་ཤེས་པར་འགྱུར། ཡང་ན་སྐྱེ་བ་སྔ་ཕྱི་རྟགས་ལ་བརྟེན་ནས་རྗེས་སུ་དཔག་པའོ། །གླང་པོ་ཉིད་དུ་སྔོན་དུ་གང་། །

མཐོང་སྟེ་གླང་པོའི་གཟུགས་ཅན་ཡིན། །ཞེས་བྷ་ག་བཱན་གྱིས་སྔོན་གླང་པོ་ངེས་པར་སྐུ་སྐྱེ་བ་ཞེས་པ་དེ་དང་མཚུངས་པ་འམ། བོ་དྷིས་ཧྭ་རི་བོང་དུ་སྐྱེ་བ་བཞེས་པ་ལྟར། གང་དང་གང་གི་སྐྱེ་བ་ནི། སྔོན་གྱི་སྐྱེ་བར་གྱུར་པ་དག་འགྲོ་བ་རིགས་དྲུག་གི་སྣང་བ་མཐོང་བས་ཟག་བཅས་ཟག་མེད་ཀྱི་ཉམས་སྣང་ངོ་། །
རྒྱུ་མཐུན་གྱི་འབྲས་བུ་དེ་ནི་དེ་འདྲའི་གཟུགས་དག་ཏུ་ཞེས་རྒྱུ་འབྲས་ཀྱི་བྱེ་བྲག་མི་འདྲེས་པར་རྣལ་འབྱོར་པས་ནི་འདིར་མཐོང་འགྱུར་རྟེན་འབྲེལ་གྱི་ཆེ་བ་སྟོན་པའོ། །དེ་ནི་གྲུབ་པའི་སྐྱེས་བུས་ཏེ་དེ་ནི་གནས་སྐབས་དང་མཐར་ཐུག་གི་དབང་ཕྱུག་ཡོན་ཏན་ནོ། །ཁྱད་པར་དུ་སྐྱེ་བ་བདུན་པའི་ཤ་ཁ་ན་མ་ཐོ་བ་
མེད་པ་ལ་ཚོགས་འཁོར་དང་གཏོར་མ་བྱས་པའི་ནུས་པ་བསྟན་པ་ལ། སྐྱེ་བ་བདུན་གྱི་རིམ་པ་ཞེས་གནད་ལ་བོར་བ་ཁྱད་པར་དུ་བྱ་བས། དེའི་ཤ་དེས་ཚོགས་དང་གཏོར་མ་དང་སྦྱིན་ས