Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 18

Văn bản gốc(Tây Tạng)

Trang 3 / 16 (50.000 ký tự/trang)
ང་བཀོད་པའི་
བྱེ་བྲག་དར་གྱི་རྒྱལ་མཚན་དང་བ་དན་ཁ་དོག་དམར་བ་ནི་དབང་དང་དགུག་པའོ། །དེ་བཞིན་སེར་བ་ནི་རྒྱས་པའོ། །དཀར་བ་དང་ནི་ཞི་བའོ། །གནག་པ་ནི་མངོན་སྤྱོད་དོ། །སེར་སྐྱ་དང་ནི་རེངས་པར་བྱེད་པ་ལ་སོགས་པ་ལའོ། །དེ་བཞིན་གོས་ནི་སྣ་ཚོགས་དང་ནི་ཀ་ཤི་ཀ་དང་པཉྩ་ལི་ཀ་དང་དེ་ལ་
སོགས་པ་ཁ་དོག་དང་རྒྱུ་བཟང་བའི་བྱེ་བྲག་གིས་སོ། །ཀུ་མུ་དང་པུཎྜ་རཱི་ཀ་ལ་སོགས་པའི་མེ་ཏོག་ཕྲེང་བ་དུ་མའི་ཆུན་འཕྱང་གིས་བརྒྱན་པའོ། །བླ་རེ་དག་དང་བཅས་པ་ནི་གདུགས་དང་ཟ་འོག་ལས་བྱས་པ་ལའོ། །མདའ་ནི་བརྒྱད་ལ་སོགས་པ་ལ་དྲ་བ་བྲེས་པས་ཤིན་ཏུ་མཛེས་པར་བྱའོ། །
ཡང་ན་ཡོལ་བ་ལ་སོགས་པའོ། །དཀྱིལ་འཁོར་བ་ལ་ཚོགས་ཀྱི་མཆོད་པ་དབུལ་བ་ནི་དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །ཞེས་པས་པ་ལ་དང་མ་དན་ལ་སོགས་པ་ཁུར་བ་ལ་སོགས་པ་འབྲས་ཆན་དང་སྣ་ཚོགས་པ་ལ། རབ་མཉམ་གཞག་སྟེ། མཆོད་པར་བྱ་བ་རང་གི་ལྷའི་རྣལ་འབྱོར་དང་
ལྡན་པའི་ངང་ལས་དེ་དག་ལ་ཚུལ་བཞིན་དུ་བྱིན་གྱིས་བརླབས་པའི་སྦྱོར་བས་བདུད་རྩི་དམ་ཚིག་པ་ལ། ཡེ་ཤེས་ཀྱི་བདུད་རྩི་བསྟིམས་ཏེ་ལྷ་རྣམས་ལ་མཆོད་ཅིང་། ལྷ་ཚོགས་ཐམས་ཅད་ཀྱི་ཞལ་རེག་པར་མོས་པས་གསང་སྔགས་བཟླས་ཤིང་བརྟེན་པར་གྱུར་པའི་དོན་གྱིས་རྨི་ལམ་སྒྱུ་མ་ཙམ་དུ་
མོས་པས་གཏོར་མ་དབུལ་ཞིང་བཟོད་གསོལ་བྱ། ཡི་གེ་བརྒྱ་པ་འདོན་པར་བྱ། དེ་ནི་ལྷ་མཉེས་པར་བྱ་བའི་ཆོ་གས་དཀྱིལ་འཁོར་གྱི་བསྒྲུབ་པ་བསྟན་པའོ། །ད་ནི་ལེའུ་མཚན་བསྡུ་བ་ལས། དཔལ་འཁོར་ལོ་སྡོམ་པ་ལས་ཞེས་རྒྱུ་ཐབས་འབྲས་བུ་མ་བླ་ན་མེད་པའོ། །འཁོར་ལོ་ནི་ལྔ་ལྡན་ནོ། །

མཆོད་པ་ཕྱི་ནང་བླ་ན་མེད་དོ། །ཆོ་ག་ནི་གསང་ཆེན་འབྲས་བུ་མྱུར་དུ་སྟེར་བའི་གནས། ལེའུ་ནི་གཞུང་གཅོད་ཅིང་སྐྱོང་བའོ། །གཉིས་པ་ནི་གྲངས་བསྟན་པའོ། །ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལ་འདིར་དང་པོར་བགེགས་ཉེ་བར་ཞི་བ་སའི་ཆོ་ག་དང་། ལྷག་པར་གནས་པའི་ཆོ་
ག་རྫོགས་པ་དང་། ཐིག་གདབ་ཅིང་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ནས། དཀྱིལ་འཁོར་ལྷག་པའི་ལྷར་བསྒྲུབ་ཅིང་གནས་ཉེ་བར་བརྒྱན་ལ། མཆོད་པ་དང་གཏོར་མ་ལེགས་པར་བཤམས་པ་སྔོན་དུ་འགྲོ་བས་དེ་ནས་ཐོག་མར་ནི་བླ་མ་ལ་ཇི་ལྟར་མཆོད་པ་བསྟན་པ། དེ་ལ་དཔལ་ལྡན་པདྨ་
བཛྲ་པས། །མཆོད་པ་ཀུན་གྱི་ཐོག་མར་ནི། །བླ་མ་ལ་ནི་གུས་པས་མཆོད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དཔལ་ལྡན་འདུས་དང་གཞན་དུའང་བསྟན། །ཅེས་པ་ལ་སོགས་པ་གསུངས་པས་སོ། །དེ་ཡང་དང་པོར་སྒྲུབ་པ་པོས་ཞེས་བླ་ན་མེད་པའི་རྒྱུད་འདིར་དབང་བསྐུར་བ་ཐོབ་པར་འདོད་པས་
སོ། །དངོས་པོ་ཀུན་གྱིས་ནི་གང་རང་གི་ཡིད་དུ་འོང་བའི་རྫས་དང་ལོངས་སྤྱོད་ཐམས་ཅད་དོ། །དང་པོར་ཞེས་དུས་ཀྱི་ཁྱད་པར་ཡོན་ཏན་གྲུབ་པར་བྱས་པ་ལ་རྡོ་རྗེ་སློབ་དཔོན་ནི་ལེགས་པའི་ལམ་སྟོན་པའི་མཆོག་དེ་ཉིད་ཞིང་ཁྱད་པར་ཅན་ནོ། །གྲུབ་འདོད་ནི་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་
དངོས་གྲུབ་པོ། །ཤིན་ཏུ་མཉམ་གཞག་པས་ནི་ལྷག་པའི་ལྷ་དཔལ་རྡོ་རྗེ་འཆང་དང་ཐ་དད་མེད་པར་བལྟ་བས་ཅི་ནུས་པས་ནི་མཆོད་པ་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་དུ་མས་སོ། །དེ་ལ་འདི་ཉིད་ལེའུ་ཉེར་བདུན་པ་ལས་ཀྱང་། བླ་མ་བརྒྱུད་རིམ་གྱིས་ཐོབ་པའི། །དབང་བསྐུར་བ་ནི་སྔགས་ལེགས་ལྡན། །
ཞེས་པ་དང་། རྣལ་འབྱོར་ལམ་ལ་དགའ་བས་ནི། །གཙང་སྦྲ་འདི་ནི་ཡང་དག་དཔྱད། །བསོད་ནམས་གཙང་སྦྲ་ལས་བྱུང་བ། །སྒྲུབ་པོས་ཡོན་ཏན་རྒྱ་ཆེན་ཐོབ། །ཅེས་པའི་དོན་ཏོ། །དེ་ཡང་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་མཆོད་ཅིང་དབང་ཇི་ལྟར་བསྐུར་བར་བྱ་བ་ལ་དང་པོར་རང་ནུས་པ་མཐུ་
དང་ལྡན་པར་བྱ་བའི་ཕྱིར་འཇུག་པར་བྱ་བ་ནི་རིག་པའི་དབང་རྣམས་ལས། དང་པོར་མི་བསྐྱོད་པ་ཆུའི་དབང་ལས། དྲིལ་སྦྱངས་ནི་བུམ་པ་མཚན་ཉིད་དང་ལྡན་པ་ཨ་ཀ་རུ་ལ་སོགས་པས་སྤོས་ཀྱིས་བདུག་ཅིང་ལེགས་པར་སྦྱངས་པའི་སྔགས། ཨཱ་ལི་ཀཱ་ལི་ཡིས་དག་བྱེད་ཀྱིས་བུམ་པ་བརྒྱན་པ། མེ་ཏོག་

སྟེ་རིགས་ལྔའི་དབུ་རྒྱན་ཅོད་པན་དང་ལྡན་པའོ། །ཡང་དྲིལ་སྦྱངས་ནི་དར་དང་རས་ཀྱིས་མགུལ་ཆིངས་བྱས་པ་དང་འབྲས་བུ་ཅན་གྱི་ཤིང་གིས་ཁ་རྒྱན་བྱས་པས་མཛེས་པའོ། །ཡང་དབུའི་ཅོད་པན་གྱི་དར་དཔྱང་གིས་བཅིངས་བ་ཡང་མཚོན་པའོ། །ཤིན་ཏུ་སྲ་མཁྲེགས་རྡོ་རྗེ་ནི་
བདག་པོ་འོད་དཔག་ཏུ་མེད་པའོ། །སྒྲ་སྙན་ནི་ཚིགས་སུ་བཅད་པ་ཐམས་ཅད་སྔགས་བརྗོད་པའོ། །དྲིལ་བུ་དཀྲོལ་ནི་རྡོ་རྗེ་གདོན་མི་ཟ་བའི་དབང་བསྟན་པའོ། །ཧ་ཧ་ཞེས་ནི་བརྗོད་པར་བྱ་བ་ནི་རྣམ་པར་སྣང་མཛད་མིང་གི་དབང་ཁྱད་པར་དུ་གྱུར་པའོ། །སྒྲུབ་པ་པོ་ནི་དམ་ཚིག་གསུམ་དང་ལྡན་
པས་རྡོ་རྗེ་སློབ་དཔོན་དུ། རྡོ་རྗེ་སེམས་དཔའ་དྲུག་པའི་བདག་ཉིད་དུ་སྒྲུབ་པ་པོས་གནས་པར་བྱའོ། །རྔ་བརྡུངས་ཞིང་ནི་རྔ་བོ་ཆེ་དང་དུང་དང་ཆོས་ཀྱི་གཎྜཱི་ལ་སོགས་པས་ལྷ་ཕྲིན་ལས་ལ་སྐུལ་བར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་ཌཱ་ཀི་རྒྱ་མཚོའི་རྒྱུད་ལས། དྲིལ་སྦྱངས་བུམ་པ་མཚན་ཉིད་ལྡན། །
ཨ་ག་རུ་སོགས་སྤོས་ཀྱིས་བདུག །ལེགས་སྦྱངས་ཨཱ་ལི་ཀཱ་ལི་ཡིས། །དར་དཔྱང་མགུལ་ཆིངས་ཤིང་ལོས་བརྒྱན། །དག་བྱེད་རིན་ཆེན་འབྲུ་སྨན་དྲི། །སྙིང་པོ་ཆུ་བོ་འབབ་པས་བརྒྱན། །རིགས་ལྔའི་དབུ་རྒྱན་མེ་ཏོག་གི ། ཅོད་པན་དར་དཔྱང་མཛེས་པས་བརྒྱན། །ཤིན་ཏུ་སྲ་མཁྲེགས་རྡོ་རྗེའི་
བདག །དྲིལ་བུ་དོན་ཡོད་རྒྱལ་པོ་སྦྱིན། །བཀྲ་ཤིས་བརྗོད་པ་ཧ་ཧ་ཞེས། །རབ་སྒྲོགས་མིང་གི་དབང་བསྐུར་བས། །སྒྲུབ་པ་དུང་དང་གཎྜཱི་དང་། །སྒྲ་སྙན་རྔ་བོ་ཆེ་བརྡུང་ཞིང་། །ལྷ་རྣམས་ཕྲིན་ལས་མྱུར་བསྐུལ་འགྲུབ། །གསང་སྔགས་ཚིག་གི་སྒྲ་སྙན་བརྗོད། །རིག་པའི་ཆོ་ག་ལེགས་སྦྱིན་པ། །དཀྱིལ་
འཁོར་མདུན་དུ་དབང་བསྐུར་རོ། །ཞེས་གསུངས་པའི་དོན་ཏོ། །དེ་ལ་ཐེག་པ་ཐུན་མོང་བའི་ལམ་ལྟར་ན། དྲིལ་སྦྱངས་ནི་སོ་སོར་ཐར་པ་དང་ལྡན་པ། སྐྱབས་འགྲོ་ཁྱད་པར་ཅན་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལའོ། །མེ་ཏོག་ནི་སྨོན་པ། སྤོས་ནི་འཇུག་པ། བརྒྱན་པ་དོན་དམ་སེམས་བསྐྱེད་དོ། །ཤིན་ཏུ་ནི་
ཕྱིའི་འཇུག་པ་དྲང་བ། སྒྲ་སྙན་ནི་ནང་གི་འཇུག་པ་ཡེ་ཤེས་དབབ་པའོ། །དྲིལ་བུ་ལ་སོགས་པ་ནི་སྡོམ་པ་དང་དམ་ཚིག་ལ་གནས་པ། འཁྲོལ་བ་ནི་ལྷ་དང་ངོ་སྤྲད་པའོ། །སྒྲུབ་པ་པོ་ནི་བླ་མས་སོ། །རྔ་བརྡུང་བ་ནི་ཆོས་ཀྱི་སྒྲ་སྒྲོགས་པ། ཧ་ཧ་ཞེས་བརྗོད་པ་ནི་དཀྱིལ་འཁོར་མཐོང་བས་དགའ་བ་

སྐྱེད་པའོ། །ཡང་གསང་བ་དང་གསུམ་པ་ལྟར་ན། དྲིལ་སྦྱངས་ནི་ལྷན་ཅིག་སྐྱེས་མ་སྟེ་བཅུ་གཉིས་མའོ། །སྒྲ་སྙན་ནི་སྔགས་སྐྱེས་བཅུ་དྲུག་དུ། དྲིལ་བུ་དཀྲོལ་བ་ནི་ཞིང་སྐྱེས་དགུ་གཉིས་མ། རྔ་བརྡུང་མ་ནི་ཡེ་ཤེས་ལས་བྱུང་བ་ཉི་ཤུ་སྟེ་རིགས་ལྡན་མའོ། །མེ་ཏོག་སྤོས་ཀྱིས་བརྒྱན་པའི་མཆོད་པ་ཐུན་
མོང་བའོ། །ཧ་ཧ་ཞེས་སྒྲུབ་པ་པོ་དང་ཧ་ཧ། སིདྡྷི་སྟེ་དགའ་བ་དང་སྐད་ཅིག་ལྡན་པའོ། །ཆོས་ཀྱི་ཕྱག་རྒྱ་ནི། དྲིལ་སྦྱངས་ནི་ཡབ་ཡུམ་གཉིས།། ལྷར་རབ་ཏུ་གསལ་བ། མེ་ཏོག་ནི་གཡོན་རྩ། སྤོས་ནི་གཡས་རྩ། དེ་དག་གིས་བརྒྱན་པ་དབུ་མ། ཤིན་ཏུ་སྒྲ་སྙན་ནི་རྩ་གནས་སུ་རླུང་དྷཱུ་ཏཱིར་ཚུད་པའི་སྒྲ།
དྲིལ་བུ་ནི་རྡོ་རྗེ་དང་མཉམ་པར་སྦྱོར་བས་འཁྲོལ་བ། སྒྲུབ་པ་པོ་ནི་ཡབ་ཡུམ་འདུ་ཤེས་གསུམ་ལྡན་གྱིས་ལྷན་ཅིག་སྐྱེས་པའི་བདེ་བ་བསྒྲུབ་པར་བྱའོ། །རྔ་བརྡུང་བ་ནི་ཡུམ་གྱིས་བསྐྱོད་པའི་བདེ་བའོ། །ཐིག་ལེ་གྱེན་དུ་ཟློག་པས་དགའ་བ་དང་སྐད་ཅིག་མའི་བདེ་བ་ཧ་ཧ་ཞེས་བདེ་ཆེན་གནས་སུ་
བསྐྱལ་བའོ། །ཕྱག་རྒྱ་ཆེན་པོ་དམ་ཚིག་ལྟར་ན། དྲིལ་སྦྱངས་ནི་སྤྱི་བོའི་ཧཾ་མགོ་ཐུར་ལ་འཆང་བའོ། །མེ་ཏོག་ནི་རྩ་རྐྱང་མ། སྤོས་ནི་རོ་མ། བརྒྱན་པ་དྷཱུ་ཏཱིར་ཚུད་པའོ། །ཤིན་ཏུ་ནི་རྩ་ཀུན་འདར་གྱི་གནས་སོ། །སྒྲ་སྙན་ནི་སྲོག་རྩོལ་འགོག་པས་སོ། །དྲིལ་བུ་ནི་གཏུམ་མོའི་མེས་འོག་རླུང་བསྐྱོད་པས་
སོ། །འཁྲོལ་བ་ནི་འབར་འཛག་གསང་བར་གྱུར་པའོ། །སྒྲུབ་པ་པོ་ཡིས་ནི་རྣལ་འབྱོར་པས་གནད་ཀྱི་འཁྲུལ་འཁོར་དང་ལྡན་པས་སོ། །རྔ་བརྡུང་བ་ནི་འབྱུང་བ་བཞི་རླུང་འགོག་པའོ། །ཧ་ཧ་ཞེས་བརྗོད་པ་ལྷན་ཅིག་སྐྱེས་པའི་བདེ་བ་གྱེན་དུ་འབར་བས་ཡེ་ཤེས་ཀྱི་གད་མོ་འབྱུང་བའོ། །དེས་
ཕྱག་རྒྱ་བཞི་ལྡན་ནོ། །དེ་ཉིད་མཆོད་པ་དང་རྡོ་རྗེའི་གླུས་ཡང་དག་པར་བསྟོད་པ་ནི། །དེ་ལྟར་ཞེས་རིམ་པ་ཇི་ལྟ་བ་བཞིན་དུ་ཆོ་ག་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པའི་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བའོ། །དཀྱིལ་འཁོར་ནི་རྟེན་དང་བརྟེན་པར་བཅས་པའོ། །འདོད་པའི་ཡོན་ཏན་ཀུན་
ལྡན་ནི་གཟུགས་རྡོ་རྗེ་མ་ལ་སོགས་པས་ཡང་དག་པར་མཆོད་ནས་ནི། ཞེས་སྐད་ཅིག་ཙམ་གྱིས་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པ་ཡེ་ཤེས་སེམས་དཔའ་བསྟིམས་པ་དང་ལྡན་པ་ལ་ཆོ་ག་བླང་བ་སྟེ། དཀྱིལ་འཁོར་བདག་པོ་དེ་ཉིད་ལས་ཧེ་རུ་ཀ་གཉིས་པ་བྱོན་པས་དེས་དབང་ཐམས་ཅད་

རྫོགས་པར་བསྐུར་བ་ཉིད་ཀྱི་རྗེས་ལ། ལྷ་ལ་གནང་བ་ཐོབ་པ་ལ་ག་ཎ་ཙཀྲ་བྱ་བ་ཡང་ངོ་། །དེ་ལྟར་ཡང་། ཀ་པཱ་ལའམ་ཉ་ཕྱིས་སུ། །བདུད་རྩི་རིལ་བུ་སྦྱར་བའམ། །ཡང་ན་མ་ད་ན་ཡང་རུང་། །སུམྦྷ་བརྗོད་ཅིང་སློབ་མ་ལ། །བསང་བ་བྱས་ལ་སྙིང་པོ་སྦྱིན། །གོ་ཆ་བཅིང་
ཞིང་རྡོ་རྗེས་བསྲུང་། །རས་དམར་དྲི་མ་མེད་པ་ཡིས། །གདོང་བཅིང་མེ་ཏོག་ཕྲེང་བ་སྦྱིན། །ཞེས་གསུངས་པའི་དོན་ཏོ། །དེ་ནས་ཕྱིར་ཁྲུས་བྱ་ཞིང་གོས་སྟོད་སྨད་གཡོགས་པ་དང་ལྡན་པ་དེ་ཉིད་ལ། བུ་མཛེས་དེ་དག་གདོང་ལ་ནི། །ཞེས་པས། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསངས་པའི་
རས་སམ་དར་གྱིས་ལེགས་པར་བཀབ་ནས་སུ། ཞེས་ལེགས་པར་བཅིང་བར་བྱ་བའོ། །ལྷོའི་ཕྱོགས་ནས་ཁ་བལྟས་ཏེ། །སྙིམ་པ་མེ་ཏོག་གིས་བཀང་ལ། །ཅེས་མེ་ཏོག་ཕྲེང་བ་ལག་ཏུ་གཏད་དེ་བར་ཆད་དྲི་བ་དང་ལན་བརྗོད་པས། རིམ་གྱིས་འོང་བ་ལ་སྙིང་གར་རྡོ་རྗེ་བཞག་སྟེ། ཨོཾ་ཤྲཱི་སརྦ་ཏ་
ཐཱ་ག་ཏ་ཡོ་ག་ཙིཏྟ་ཨུཏྤཱ་དཱ་ཡཱ་མི། ཞེས་པས་འདིར་ནི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། ཞེས་པ་ནས། ཨོཾ་སུ་ར་ཏ་སྟྭཾ་ས་མ་ཡ་ཧོ་ས་མ་ཡ་སྟྭཾ། སིདྡྷ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དམ་ལ་གཞག་པ་ལ་སོགས་པ་བྱའོ། །དེ་ནས་བསྐོར་བ་བྱས་ནས་ཀྱང་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཁཾ་
བཱི་ར་ཧཱུཾ་གིས་སྒོའི་ནང་དུ་ཞུགས་ཏེ་ཤར་ཁྱམས་སུ་འདུག་པ་ལ་བལྟས་ལ། ཨོཾ་ན་མཿཏེ་ཧཱུཾ། ཨོཾ་ན་མཿམི་ཧཱུཾ། ཨོཾ་ན་མོ་ན་མ་ཧཱུཾ། །ཞེས་པས་ཕྱག་བྱ། ཁྱད་པར་གྱི་བླ་མ་དང་དཀྱིལ་འཁོར་པ་ལ་ཕྱག་བྱ་བ་ཕྱོགས་ནས་སྔགས་དང་བཅས་པས་སོ། །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །ཞེས་རྡོ་རྗེ་སློབ་
དཔོན་དང་སློབ་མ་ཐམས་ཅད་ཏིང་ངེ་འཛིན་ལ་གནས་པར་བྱ་སྟེ། འདི་ལ་ཡང་སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ལ་ངོ་སྤྲད་པར་བྱ་བས། གྲོང་ཁྱེར་དམ་པ་དེར་གཞུག་བྱ། །ཞེས་ནང་གི་འཇུག་པ་ཡེ་ཤེས་དབབ་པས་སོ། །ལྷོའི་ཕྱོགས་སུ་ལུས་བརྟེན་ལ། །ཞེས་དེ་དག་རིམ་བཞིན་དུ་ལས་ཀྱི་རྡོ་རྗེས་དྲངས་
ལ། བདེན་པའི་སྟོབས་བརྗོད་པར་བྱས་ལ། དེ་ནས་སྙིམ་པས་མེ་ཏོག་དོར་པྲ་ཏཱིཙྪ་བཛྲ་ཧོ། །ཞེས་པས་སོ། །དཀྱིལ་འཁོར་གང་དུ་མེ་ཏོག་བབས། །ཞེས་མཐོང་བ་དྲི་ཞིམ་མེ་ཏོག་ཕྲེང་བ་སྤྱི་བོར་བཅིང་བར་བྱའོ། །དེའི་རིགས་ནི་བསྟན་པར་བྱ་བ་ལྷ་སྐུ་དང་ཕོ་བྲང་གི་འཁོར་ལོ་གང་ལ་ཕོག་པ་ངོས་ཟིན་

ཟིན་པར་བྱའོ། །དེ་ནས་གདོང་ཕྱེ་ཞེས་པས་རྡོ་རྗེས་མིག་སྐྱོན་དག་པར་བསམ་ཞིང་། ཚིགས་བཅད་བརྗོད་པས་གདོང་གཡོགས་དགྲོལ་བར་བྱའོ། །དཀྱིལ་འཁོར་བསྟན་ཅེས་ཐར་པ་ཆེན་པོའི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་དུར་ཁྲོད་དང་མེ་འོད་ཕྲེང་བའི་བར་དུའོ། །གང་གིས་ལྷའི་གནས་
གང་ཡིན་ཞེས་དཔལ་ཧེ་རུ་ཀའི་ལྷ་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའོ། །རྡོ་རྗེ་སློབ་དཔོན་གྱིས་ལྷ་གང་དང་གང་གི་སྤྱི་དང་བྱེ་བྲག་གི་ཁྱད་པར་དེར་དེ་ཡང་དག་བསྟན་པར་བྱ། དེ་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་པའོ། །དེ་ནས་དབང་བསྐུར་བ་དངོས་ལ། དང་པོར་
རིག་པའི་དབང་ལྔ་ཞུ་བའི་དོན་དུ་མཎྜལ་མེ་ཏོག་དང་བཅས་པ་ཕུལ་ནས་གསོལ་བ་བཏབ་པས། སྔར་གོང་དུ་ཚིག་རྐང་བཞིས་བསྟན་པའི་དོན་དང་། ཡང་ལེའུ་ཉེར་བདུན་པ་ལས། དཔལ་ལྡན་ཁྲག་མཐུང་ཡེ་ཤེས་ཆེ། །རྣམ་དག་མཚན་ཉིད་ཀུན་བསྒྲུབ་པ། །བདེ་བའི་བསོད་ནམས་ཆུ་འཐུང་
པ། །དག་བྱེད་སྡིག་པ་འཇིག་བྱེད་ཡིན། །སྤྱི་གཙུག་ལ་སོགས་བཅིངས་པ་ཡང་། །ཕྱག་རྒྱ་ཐབས་ལྡན་རྡོ་རྗེའི་དབང་། །རེག་པ་དང་ནི་སྨྲ་བས་ཀྱང་། །ལུས་དག་པ་ལ་སྐྱོན་མེད་པ། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །ཞེས་པ་དང་། ཡང་། དེ་ལྟར་རྟག་ཏུ་མཆོད་བྱས་ནས། །དད་པ་ཡིས་
ནི་གཏོར་མ་འབུལ། །ཇི་ལྟར་ཆོ་གའི་སྦྱོར་བ་ཡིས། །དད་པས་ཇི་འདོད་སྦྱིན་པར་བྱ། །ཞེས་གསུངས་པའི་དོན་ཏོ། །ད་ནི་གཉིས་པ་གསང་བའི་དབང་བསྐུར་བར་བྱ་བ་ནི། དེ་ནས་སློབ་དཔོན་ལེགས་པར་ནི། །ཞེས་སྐུ་གསུང་ཐུགས་རྡོ་རྗེ་ལྷའི་ཏིང་ངེ་འཛིན་དང་ལྡན་པས་མཉམ་པར་བཞག་སྟེ་ནི་ཡབ་
ཡུམ་མཁའ་གསང་བྱིན་གྱིས་བརླབས་བཞིན་པས་ལྷའི་སྙིང་པོ་དགོད་པ་ལ་སོགས་པ་མ་ཡེངས་པར་བྱང་ཆུབ་སེམས་བསྐྱེད་སྔོན་དུ་འགྲོ་བས་ཕྱག་རྒྱས་མཆོད་པ་ནི་བདེ་བ་བསྒྲུབ་པར་བྱ་བས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་མཎྜལ་དང་ལྡན་པར་རོ། །ཡང་ན་སློབ་དཔོན་ཕྱི་དེ་ཉིད་ཅེས་ལུས་དང་
ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསང་བའི་དབང་བསྐུར་བ་སྟེ། དེ་ནས་མཚལ་ཆེན་ནི་རིག་མ་ལས་རང་བྱུང་བའི་ཁྱད་པར་ཏེ། དེ་དང་ཤུ་ཀྲ་ག་པུར་དང་བཅས་པ་ཉིད་ལས། གསང་སྔགས་ལན་གསུམ་བཟླས་པ་ཡིས། །ཞེས་བྱུག་པ་དང་སྦྱར་བས། དེ་ལས་ནི་སློབ་མའི་གནས་གསུམ་

དུ་ཐིག་ལེ་དགོད་པར་བྱ་བ་ཡིན་ཞེས་སོ། །དེས་ནི་སངས་རྒྱས་ཐམས་ཅད་འདུལ་བའི་བྱང་ཆུབ་སེམས་ཀྱི་དབང་ཐོབ་པར་འགྱུར་བ་བསྟན་པས། སྡོམ་པ་དམ་ཚིག་དབང་བསྟན་པར་གྱུར་པ་འབྲས་བུ་དང་བཅས་པ་ཉིད་དུ་གྱུར་པའོ། །ད་ནི་དབང་གསུམ་པ་བསྟན་པར་བྱ་སྟེ།
དེ་ནས་ཞེས་པས་མཎྜལ་མེ་ཏོག་དང་བཅས་པ་ཕུལ་ཏེ་གསོལ་བ་བཏབ། ཡེ་ཤེས་དབབ་ཅིང་རྡོ་རྗེ་བཙུན་མོའི་ལུས་ལ་མེ་ཏོག་དོར། གདོང་ཕྱེ་བ་ནི་རྡོ་རྗེའི་སྤྱན་དབྱེ་བ་སྟེ། མ་རིག་པའི་མུན་པ་བསལ་བའོ། །ཡེ་ཤེས་ཀྱི་དོན་མཐོང་བར་བྱ་བ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཆོས་
འབྱུང་གི་དཀྱིལ་འཁོར་བསྟན་པ་འབྱུང་བ་ལྔ་དག་པ་རྩའི་ཕོ་བྲང་ངོ་། །དཔལ་ཧེ་རུ་ཀའི་གནས་གང་ཡིན་ནི་རྡོ་རྗེ་ལུས་ཀྱི་གནས་དང་ཉེ་གནས་ལ་སོགས་པའོ། །དེར་ནི་ཡང་དག་པ་ངེས་པར་བསྟན་པར་བྱ། རྟེན་དང་བརྟེན་པར་བཅས་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རིག་མ་གཏད་ཅིང་
གདམས་པ་བསྟན་པས་སློབ་མ་དེ་རིག་མ་དང་མཉམ་གཞག་ཅེས་ལྷའི་ང་རྒྱལ་བརྟན་པ་མཁའ་གསང་བྱིན་གྱིས་བརླབས་བཞིན་པས། རབ་ཏུ་འདུད་པ་བྱས་ནས་ནི། །ཞེས་རྩ་དབུ་མའི་སྣ་རྩེ་འཕྲོད་པས་ཟག་བཅས་རླུང་འགོག་པའོ། །གཡོན་ནས་བརྩམས་པའི་རིམ་པ་ནི་རྡོ་རྗེ་དབྱིངས་ཀྱི་
དབང་ཕྱུག་མའི་རྩ་བཙལ་བ་ལས་དགའ་བ་དང་སྐད་ཅིག་མ་རྟོགས་པར་བྱའོ། །དེར་ནི་བསྐོར་བ་རབ་ཏུ་བྱ་བས་ཏེ། སྙོམས་པར་འཇུག་པས་བསྲུང་བའི་སྦྱོར་བའོ། །དེ་ལ་ནི། དྲིལ་སྦྱངས་མེ་ཏོག་སྤོས་ཀྱིས་བརྒྱན། །ཤིན་ཏུ་སྒྲ་སྙན་དྲིལ་བུ་འཁྲོལ། །བསྒྲུབ་པ་པོ་ཡིས་རྔ་བརྡུང་ཞིང་། །དཀྱིལ་
འཁོར་དང་ནི་བླ་མ་ལ། །ཧ་ཧ་ཞེས་ནི་བརྗོད་པར་བྱ་བའི་དོན་ལ། དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོ་སྔོན་དུ་བྱ་བའོ། །དེས་ནི་དཀྱིལ་འཁོར་འཁོར་ལོའི་ལམ་ལས་དོན་གྱིས་ཡེ་ཤེས་གསང་བ་བླ་ན་མེད་པ་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ནི། དཀྱིལ་འཁོར་དང་ནི་བླ་མ་ལ། །ཇི་བཞིན་
ཆོ་གས་ཕྱག་བྱའོ། །ཞེས་དེ་ཉིད་མཆོད་ཅིང་མཉེས་པར་བྱའོ། །ད་ནི་དབང་བཞིའི་གདམས་པ་ཅུང་ཟད་བསྟན་པ་ནི། དཔལ་པདྨ་བཛྲ་པའི་བཞེད་པས། །དབང་གི་རྣམ་བཞི་ངེས་པ་ལས། །ཡོན་ཏན་བཞིར་གྱུར་ནུས་པར་ལྡན། །བསྐལ་པ་ལ་དབང་དྲི་མ་འཁྲུ། །རིགས་དེས་བསྟན་པར་གྱུར་པ་ལ། །

ཐུན་མོང་ཆོས་དགུ་ཁྱད་པར་བཞི། །དེ་ཉིད་མཆོག་ཏུ་རྟོགས་པར་བྱ། །ཞེས་གསུངས་པའི་དོན་གྱིས། དང་པོ་ཐུན་མོང་གི་ཆོས་དགུ་ལས། དང་པོ་བླ་མ་རྡོ་རྗེ་སློབ་དཔོན་དུ་གྱུར་པ། དཀྱིལ་འཁོར་རྡུལ་ཚོན་རྣམ་པར་བཀོད་པ། ཕྱོགས་ཤར་དུ་མཎྜལ་བའི་རྣམ་ལྔས་བྱུགས་པ། དུས་ཚོད་སྲོད་དུ་
བདུད་འདུལ་བ། ཡུལ་རང་གི་ལུས་སྤྱི་བོ། །དབང་རྫས་བུམ་ཆུ་ལ་སོགས་པས་ལུས་ཀྱི་ཕུང་པོ་ལྔའི་དྲི་མ་འདག །རྗེས་གནང་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་དབང་བར་གྱུར་པའོ། །ཁྱད་པར་གྱི་ཆོས་བཞི་ལ། ལྟ་བ་གང་རྟོགས་པ་ནི་རང་གི་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐ་མལ་པ་ལས་
བློ་ལོག་ནས་ལྷར་ཤེས་པ་འབྱུང་ངོ་། །དེར་སྣང་བ་རང་གིས་སེམས་སུ་ངོ་འཕྲོད་པས་སེམས་ཙམ་རྣམ་བདེན་གྱི་མཚན་ཉིད་རྟོགས་པའོ། །དེས་གཅད་བྱ་གང་གཅོད་པ་ནི་ལུས་ལྷར་ངེས་པས་ཐ་མལ་དུ་འཛིན་པའི་རྟོག་པ་ཆོད་པའོ། །དབུགས་འབྱུང་ནི་སྣང་སྲིད་ལྷར་ཤར་བས་རྣམ་པར་སྣང་མཛད་
ཀྱི་དབུགས་དབྱུང་ངོ་། །རྒྱས་གང་གིས་འདེབས་ན། བརྟན་གཡོ་ལྷ་དང་གཞལ་ཡས་ཁང་དུ་ཤར་བས་དེ་བཞིན་གཤེགས་པའི་རྒྱས་འདེབས་སུ་བསྟན་པའོ། །གསང་བའི་དབང་ལ་ཡང་ཐུན་མོང་གི་ཆོས་དགུ་ལས། དང་པོ་ནི་བླ་མ་རྡོ་རྗེ་སློབ་དཔོན་དུ་གྱུར་པ། དཀྱིལ་འཁོར་ནི་ལུས་ཀྱི་
དཀྱིལ་འཁོར། མཎྜལ་བདུད་རྩི་ལྔས་བྱུགས་པས། །ཕྱོགས་ལྷོ། དུས་ནམ་ཕྱེད་མཉམ་པར་གཞག་པའི་ཚེ་དབང་རྫས་བྱང་སེམས། སིཧླག་པུར། ཡུལ་ངག་སྒྲ་རྗོད་དྲི་མ་ཡང་དག་དྲི་མ་འདག །རྗེས་གནང་རྩ་རླུང་ཕྲ་ཐིག་བསྒོམ་པ་ལ་དབང་བའོ། །ཁྱད་པར་གྱི་ཆོས་བཞི་ལ་བལྟ་བ་ནི། ལྷར་
འཛིན་གྱི་སྣང་བ་ནུབ་ནས་བདེ་བ་རྟོག་མེད་སེམས་རང་རིག་རང་གསལ། །གསལ་བ་འཛིན་མེད་རྣམ་བརྫུན་གྱི་མཚན་ཉིད་རྟོགས། གཅད་བྱ་སྣང་བ་རང་སེམས་སུ་ཤེས་པས་ཕྱི་རོལ་གྱི་བརྟན་གཡོ་ལྷར་འཛིན་གྱི་རྟོག་པ་ཆོད། རྒྱས་འདེབས་ནི་བདེ་བ་རྟོག་མེད་ལ་གཟུང་འཛིན་གྱིས་མི་གཡོ་བས།
རྡོ་རྗེ་མི་བསྐྱོད་པས་རྒྱས་གདབ་བོ། །དབུགས་འབྱིན་པ་ཡང་ཕ་རོལ་ཏུ་ཕྱིན་བས་རྡོ་རྗེ་མི་བསྐྱོད་པས་དབུགས་དབྱུང་ངོ་། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཡང་། དང་པོ་ཐུན་མོང་བ་ལ་དགུ་སྟེ། དང་པོར་རིག་མ་རྡོ་རྗེ་སློབ་དཔོན་དུ་གྱུར་པ། །ཆོས་འབྱུང་གི་དཀྱིལ་འཁོར་ཕྱོགས་ནུབ། དུས་ནམ་གྱི་བཞི་ཆ་

མཎྜལ་ནི་སིཧླ་ག་པུར་གྱིས་བྱུགས་པ། རྫས་ཡབ་ཡུམ་བསྲུབས་པ་ལས་འབྱུང་བའི་བདེ་བ། ཡུལ་རང་གི་སེམས། དྲི་མ་ཡང་རང་བཞིན་བརྒྱད་ཅུའི་རྟོག་པ་འདག །རྗེས་གནང་དཀྱིལ་འཁོར་འཁོར་ལོའི་ལམ་ལས་ཀྱི་ཕྱག་རྒྱ་བསྟེན་པའི་སྐལ་བ་ལ་དབང་པའོ། །ཁྱད་པར་གྱི་
ཆོས་བཞི་ལ། ལྟ་བ་གང་རྟོགས་པ་ནི། དོན་རང་གི་མཚན་ཉིད་བདེ་སྟོང་གཉིས་མེད་ཟུང་འཇུག་རྟོགས། གཅད་བྱ་གང་ཆོད་པ་ནི་སེམས་བདེ་གསལ་དུ་འཛིན་པ་དེ་ཆོད། རྒྱས་འདེབས་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ལ་དབུ་མ་སྒྱུ་མ་ལྟ་བུ་རྡོ་རྗེ་སེམས་དཔས་རྒྱས་འདེབས་སོ། །དབུགས་དབྱུང་ནི་
འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བདེ་ཆེན་ལྷན་ཅིག་སྐྱེས་པ་སྟེ། ཟུང་འཇུག་སློབ་བཞིན་པ་འོད་གསལ་བ་རྡོ་རྗེ། བདེ་བའི་ཡེ་ཤེས་དང་འབྲེལ་མེད་དུ་གྱུར་པས་སྙིང་རྗེ་ཆེན་པོས་སེམས་དཔའི་ཕྱིར་རྡོ་རྗེ་སེམས་དཔའི་དབུགས་དབྱུང་ངོ་། །དབང་བཞི་པ་ལ་ཡང་། ཐུན་མོང་གི་ཆོས་དགུ་ལས། དང་
པོ་རྡོ་རྗེ་སློབ་དཔོན་ནི་སེམས་ཀྱི་རྒྱལ་པོ། །དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཕྱོགས་དཀྱིལ་འཁོར་ཆེན་པོའི་བྱང་། དུས་ཉི་མ་འཆར་ཀ་མའོ། །རྫས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ། ཡུལ་ཆོས་ཉིད་ཡུལ་དང་ཡུལ་ཅན་དབྱེར་མེད་པ། དྲི་མ་ནི་རྟོག་པ་ཕྲ་རབ་ཐམས་ཅད་
འདག །རྗེས་གནང་བསམ་གྱིས་མི་ཁྱབ་པའི་ཕྱག་རྒྱ་ཆེན་པོ་མཉམ་རྗེ་ལ་གནས་པའི་སྐལ་བ་ལ་དབང་བར་གྱུར་བའོ། །ཁྱད་པར་གྱི་ཆོས་བཞི་ནི། ལྟ་བ་ནི་ཆོས་ཐམས་ཅད་ལ་ཟུང་འཇུག་རབ་ཏུ་མི་གནས་པར་རྟོགས། གཅད་བྱ་ནི་དབུ་མ་རྒྱུན་ཆད་མི་གནས་པས་སྒྱུ་མ་ཙམ་དུ་འཛིན་པ་དེའང་
ཆོད། རྒྱས་འདེབས་ནི་འཁོར་འདས་དབྱེར་མེད་བདེ་ཆེན་འགྱུར་བ་མེད་པ་ལ་དཔལ་རྡོ་རྗེ་འཆང་ཆེན་པོས་རྒྱས་འདེབས་སོ། །དབུགས་དབྱུང་ནི་བདེ་ཆེན་རང་འབྱུང་ལྷན་སྐྱེས། མི་སློབ་པའི་ཟུང་འཇུག་བྱང་ཆུབ་ཀྱི་སེམས། ཕྱག་རྒྱ་ཆེན་པོ་བླ་མའི་བྱིན་རླབས་ཀྱི་སྟོབས་ལས། རྡོ་རྗེ་འཆང་ཆེན་
པོ་དཔལ་ཧེ་རུ་ཀ་སྐུ་བཞིའི་ཡེ་ཤེས་སུ་རང་རྫོགས་པར་འབྱུང་བའོ། །དེས་དབང་གི་དོན་བསྟན་པའོ། །ད་ནི་བླ་མ་རྡོ་རྗེ་འཛིན་པ་མཉེས་པར་བྱ་བའི་ཕྱིར་རྫས་དང་ལོངས་སྤྱོད་དབུལ་བར་བྱ་བ་ནི། དེ་ནས་བླ་མ་དག་ལ་ཡོན་ནི་ཇི་ལྟར་འབྱོར་པ་རབ་འབྲིང་ཐ་མ་རྣམས་སོ། །དེ་བཞིན་གཤེགས་པ་

དཔལ་ཧེ་རུ་ཀས་གསུངས་པ་དབུལ་བར་བྱ་བ་སྟེ། མཐར་བདག་ཉིད་ཀྱང་ནི་དབུལ་བར་བྱ་བའི་བར་རོ། །དེ་ལས་ཕན་ཡོན་བསྟན་པའི་ཚུལ་གྱིས་སྤྱི་དང་བྱེ་བྲག་ཏུ་དབང་བསྟན་པར་འགྱུར་བས་ནུས་པའི་ཁྱད་པར་འཐོབ་ཚུལ་དངོས་དང་བརྒྱུད་པས་བསྟན་པ་དེ་ལྟར་ངེས་པར་བྱ་བ་ནི་ཞེས་པ། བླ་མ་བརྒྱུད་པའི་
བྱིན་རླབས་ཀྱིས་སོ། །ངེས་པར་བྱེད་པ་ཆོ་ག་རིམ་པ་གོ་རིམས་མ་ནོར་བས་སོ། །ངེས་པར་གྱུར་པ་ནི་སློབ་མའི་རྒྱུད་ལ་ནུས་པ་དང་ཡོན་ཏན་འཆར་ཞིང་བར་ཆད་ཐམས་ཅད་བཟློག་པའོ། །སྒྲུབ་པ་པོ་ནི་རིགས་སུ་རབ་ངེས་བྱས། །ཞེས་དབང་གི་དུས་སུ་གཙོ་བོ་ལ་མེ་ཏོག་ཕོག་པས་རྡོ་རྗེ་འཆང་གི་རིགས་
སུ་ངེས་པར་བྱས། ལྷ་ཚོགས་གཞན་དུ་ལྷུང་ན་དཔལ་ལྡན་རྒྱལ་ཚབ་ཏུ་ངེས་པར་འགྱུར་བ་ཉིད་དུ་ཤེས་པར་བྱའོ། །དེ་ཡང་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་རྟེན་གྱི་ཚོགས་སྐུ་གསུང་ཐུགས་ཀྱི། གླེགས་བམ་མཆོད་རྟེན་ལ་སོགས་པ་ལ་རབ་ཏུ་གནས་པར་འགྱུར་ལ། ཞུ་བ་པོའི་ཚོགས་ལ་
དབང་བསྐུར་བས་རབ་ངེས་བྱས། འབྲས་བུ་སྐུ་བཞི་འཐོབ་པའི་ནུས་པ་གཞག་པར་གྱུར་པའོ། །ས་གསུམ་གྱི་དབང་ཕྱུག་མ་རྣམས་ཀྱིས་བདག་ལ་དགོངས་པར་འགྱུར་བ་ནི་དེ་ནས་དེ་ལ་ཞེས་པ་ནས་ལྷན་ཅིག་གི་བར་གྱིས་རྒྱལ་བ་ལྷ་ཚོགས་ཐམས་ཅད་ཀྱིས་སྲས་དང་སྤུན་ལྟར་འཚོ་ཞིང་སྐྱོང་བ་ཉིད་དོ། །
དཔའ་བོ་རྣལ་འབྱོར་མ་དེ་དག་དང་བདེ་ལེགས་ལ་རྣམ་པར་སྤྱོད་པས་འགྲོ་བའི་དོན་དུ་མ་བྱེད་པའོ། །སྒྲུབ་པ་པོ་ནི་དེ་དག་གི་ཕྲིན་ལས་ཀྱི་ཕོ་ཉ་མངག་གཞུག་པ་ཐམས་ཅད་ཅི་བགྱི་བ་གང་དང་གང་གི་བྱ་བ་ལས་ཚོགས་ཐམས་ཅད་བྱེད་པར་ཐེ་ཚོམ་མེད་པར་འགྱུར་བའོ། །ད་ནི་དངོས་གྲུབ་ཀྱི་ཡོན་ཏན་འབྱུང་
བ་ནི་རྣལ་འབྱོར་འདི་ནི་གནས་སྐབས་དང་མཐར་ཐུག་གི་ཕྲིན་ལས་ལ་དབང་བསྒྱུར་བ་སྟེ། གྲུབ་འགྱུར་ན་ཞེས་པ་དངོས་གྲུབ་ཁྱད་པར་ཅན་འཐོབ་པའོ། །འཇིག་རྟེན་གསུམ་དུ་མི་བཟློགས་ཤིང་ནི་ནང་གི་དུག་གསུམ་དག་པས་སྲིད་པ་གསུམ་དབང་དུ་གྱུར་ཅིང་། ཕྱིའི་ཚངས་པ་དྲག་པོ་ཁྱབ་འཇུག་ལ་སོགས་
པས་ཀྱང་གནོད་པར་མི་བྱེད་ཅིང་སླར་དེ་དག་རྣལ་འབྱོར་པས་ཟིལ་གྱིས་གནོན་ཅིང་བྲན་བྱེད་པ་ཉིད་དོ། མི་སྣང་བར་བྱེད་པ་ནི་རྣལ་འབྱོར་པའི་རྡོ་རྗེའི་ལུས་ཀྱི་ལྟག་པའི་རུས་མདུད་ཀྱི་རྩར་ནམ་མཁའི་རླུང་གི་ནུས་པ་བརྟན་པས་རང་བཞིན་མི་སྣང་བར་ནུས་པ་འབྱུང་། ཕུག་དང་ཞེས་ས་འོག་འགྲོ་བ་ནི་རི་

འབིགས་བྱེད་ལ་སོགས་པའི་ལྷ་མ་ཡིན་གྱི་ཕུག་སྒོ་སྟེ། རྩ་དབུ་མའི་ཡལ་གའི་མཐོངས་ཕྱེད་པས་ལྟེ་བའི་ཐད་ཀ་ནས་འཇུག་པའི་སྒོ་ནས་གནས་པའི་དོན་ཏོ། །ནམ་མཁར་རྒྱུ་བ་ནི་དཔྲལ་བའི་རྩ་མདུད་ཟུར་གསུམ་པར་ཆོས་ཉིད་ཀྱི་རླུང་འདུས་པས་རྣམ་རྟོག་གཅོད་པ་སྟེ་རལ་གྲིའི་
དངོས་གྲུབ་ཕྱི་ནང་དུ་ཐོགས་པ་མེད་པར་གྲུབ་པའོ། །རྐང་མཐིལ་ལོང་བུར་རླུང་ནི་རླུང་ནི་རླུང་ལས་སུ་རུང་བས་རྡོ་རྗེ་རྐང་མགྱོགས་གྲུབ་པ་སྟེ། དཔག་ཚད་མང་པོར་སྐད་ཅིག་གིས་ཕྱིན་པ་སྟེ་ཡང་ཞིང་འདེགས་པར་བྱེད་པའི་ནུས་པ་ཐོབ་པས་སོ། །རྒྱུད་རྡོ་རྗེ་ས་འོག་ནས་ནང་དུ་མེ་རླུང་ལ་བརྟན་པ་ཐོབ་པས་
མཆན་ཁུང་ན་ཀུན་འདར་གྱི་ཡལ་གའི་སྒོ་ཡོད་དོ། །དེར་ལམ་སྦྱངས་པས་ལྷ་མ་ཡིན་གྱི་ཕུག་སྒོ་རྙེད་པས་འཆི་མེད་གྲུབ་པ་མངོན་དུ་བྱེད་པའི་དོན་ཏོ། །དེ་བཞིན་ནི། རོ་ལངས་གྲུབ་པས་ཀྱང་རོ་དེ་གསེར་ལུས་སུ་གྱུར་ཅིང་ལྕེ་ལས་རལ་གྲི་དངོས་གྲུབ་འབྱུང་བའོ། །ཡང་ན་གསེར་འགྱུར་གྱི་རྩི་གྲུབ་པ་
ནི་གསང་བར་ས་རླུང་སྟོབས་སུ་གྱུར་པ་དེ་ཉིད་རླུང་སེམས་གནས་པས་སོ། །སྙིང་ཐིག་ལེ་ཉི་ཟླ་ཁ་སྦྱར་གྱི་བར་དུ་རླུང་སེམས་འདུས་པས་ཆུ་རླུང་གི་ནུས་པས་བཅུད་ལེན་གྱི་རི་ལུ་གྲུབ་པ་ཚེའི་དངོས་གྲུབ་ཐོབ་པས་དུས་མ་ཡིན་པར་ཚེའི་དུས་མི་བྱེད་པ་བརྒྱ་ཉི་ཤུ་ལ་སོགས་པའི་བར་དུའོ། །ཡང་ཀུན་
འདར་གྱི་ཡལ་ག་ནུ་མ་གཉིས་སུ་ཡེ་ཤེས་ཀྱི་རླུང་བརྟན་པས་བུམ་པ་བཟང་པོ་གྲུབ་ཅིང་། ནམ་མཁའི་མཛོད་ལ་མངའ་བརྙེས་པ་འབྱུང་བའོ། །འདི་དག་གི་དོན་ནི་ལེའུ་སོ་གཉིས་པ་རོ་ལངས་བསྒྲུབ་པ་ལས། དེ་ནས་རོ་དེ་ལངས་ནས་ནི། །ཅི་བགྱི་ཞེས་ནི་སྨྲ་འགྱུར་ཞིང་། །ས་འོག་འགྲོ་བ་རལ་
གྲིའམ། །ཚར་གཅོད་ཕན་འདོགས་ཉིད་དག་དང་། །རི་བུ་མིག་སྨན་གཏེར་རྣམས་དང་། །རྐང་མགྱོགས་དག་གམ་བཅུད་ཀྱིས་ལེན། །གཅིག་ཅིག་སྦྱིན་པར་བྱས་ན་ནི། །འགྲོ་བར་འགྱུར་གྱིས་གཞན་དུ་མིན། །སྟེང་དང་འོག་ཏུ་ཕོ་ཉས་གྲུབ། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །ཞེས་པའི་དོན་
ཏོ། །སྒྲུབ་པ་པོ་ནི་འདོད་ཙམ་གྱིས་ལས་ཆེན་བཅུ་གཉིས་དང་། དངོས་གྲུབ་གཉིས་ངེས་པར་འགྲུབ་པའོ། །རྟག་པར་རྒྱུད་དུ་བསྐྱེད་པར་འགྱུར་བ་འཇིག་རྟེན་པ་དང་འདས་པའི་དངོས་གྲུབ་དུ་མ་ལ་དབང་འབྱོར་པའོ། །གཟུགས་ན་དུ་མར་བྱེད་པ་དང་འོག་ནས་འབྱུང་བའི་རྐང་བཞི་དུ་མ། འདབ་ཆགས་

དུ་མ་ལ་སོགས་པར་བསྒྱུར་བ་སྣ་ཚོགས་གཟུགས་ཅན་ནོ། །མཁའ་སྤྱོད་ཀྱི་གནས་འཐོབ་པའམ། དེ་ཡང་རྣལ་འབྱོར་པ་དབང་པོ་ཡང་རབ་ལུས་ཡོངས་སུ་དག་པས། སེམས་འོད་གསལ་མངོན་དུ་གྱུར་པས་ནམ་མཁའ་ལ་ནི་འགྲོ་བར་འགྱུར་བ་འཇའ་ཚོན་ལྟ་བུར་འགྱུར། རབ་ཀྱིས་སེམས་སྐྱེ་མེད།
ལུས་ཐོགས་མེད་དངོས་སྣང་ཟིལ་གྱིས་གནོན་པས་དབང་ཕྱུག་གྲུབ་པའི་ནུས་པ་སྒྱུ་མ་ལྟ་བུ་ཐོབ་པའོ། །འབྲིང་གིས་འདི་ཉིད་སྦྲུལ་ཤུན་པ་བརྗེས་པ་ལྟར་འགྱུར། ཐ་མས་རྡོ་རྗེ་ལྟར་སོ་ཐུབ་པ་སྟེ། ལོ་བརྒྱ་སྟོང་དུ་མར་གནས་པ་འབྱུང་བ་དང་མཚོན་ཆ་ལ་སོགས་པས་མི་ཚུགས་པ་འབྱུང་བའོ། །
མཁའ་འགྲོ་རྣམས་ཀྱང་རྣལ་འབྱོར་པ་དེ་དང་ལྷན་ཅིག་ཏུ་གནས་ཏེ། ཁྱད་པར་དུ་འབྱུང་བ་བཞི་ལ་སོགས་པ་ལ་ཟད་པར་དང་། ཟིལ་གྱིས་ངེས་པར་གནོན་པས་རྫུ་འཕྲུལ་དུ་མ་སྟོན་ཅིང་། འགྲོ་བ་ཐམས་ཅད་ལྷ་མ་སྲིན་དུ་མ་ཡང་དབང་དུ་འགྱུར་བ་ཕྱི་རོལ་གྱི་སྣང་བའི་རླུང་སྣ་སྒོ་གཡས་གཡོན་དུ་ནུས་
པ་ཐོབ་པས་འབྱུང་པོ་རོ་ལངས་དང་གནོད་སྦྱིན་ཕོ་མོས་བྲན་བྱེད་པར་འགྱུར་བའོ། །མགྲིན་པར་སྐྱེ་མཆེད་དྲུག་གི་རྩ་ལ་བརྟེན་པར་གྱུར་པས།འཇིག་རྟེན་གྱི་རོ་དྲུག་ལ་ལོངས་སྤྱོད་པར་ནུས་པ་སྟེ། བདུད་དང་སྲིན་པོ་མིའམ་ཅི་དྲི་ཟ་གྲུལ་བུམ་ལ་སོགས་པས་ཀྱང་བྲན་བྱེད་དོ། །སྒྲུབ་པ་པོ་དེས་ལན་ཅིག་
ཙམ་དུ་ལྟ་སྟངས་ཀྱིས་བལྟས་པའི་སྦྱོར་བས། ཏིང་ངེ་འཛིན་སྐད་ཅིག་ཙམ་གྱིས་ནི་ས་གསུམ་ན་གནས་པ་དབང་དུ་གྱུར་པས་སྦྱོར་བ་ཉིད་བསྐྱེད། རྣམ་ཤེས་དང་ཡེ་ཤེས་ཀྱི་ཕྲིན་ལས་གྲུབ་པའོ། །བཤད་མ་ཐག་པ་དེ་ལྟ་བུའི་དབང་བསྐུར་བ་ཐོབ་ཀྱང་དངོས་གྲུབ་ཐོབ་བམ་སྙམ་
ན་མི་འགྲུབ་སྟེ། སྔགས་པས་དཀྱིལ་འཁོར་མ་མཐོང་བ། །ཞེས་པ་རྐང་པ་བཞིའི་དཔེའི་སྒོ་ནས་བསྟན་པ་གོ་སླའོ། །གྲུབ་པའི་དབང་ཕྱུག་ཏུ་བསྟན་པའི་ཕྱིར་རྣལ་འབྱོར་ནི་ཐབས་ཤེས་རབ་གཉིས་མེད་རྒྱུ་ཐབས་འབྲས་བུ་བླ་མེད་ཐོབ་པ་སྟེ། བུམ་དབང་ཐོབ་པ་དང་
མཆོག་ནི་གསང་དབང་དང་། རབ་ནི་ཤེས་རབ་ཡེ་ཤེས་ཐོབ་པ། བླ་ན་མེད་པ་གསང་ཆེན་གྱི། །སྦྱོར་བ་ཀུན་གྱི་བདེ་བ་དང་། །སྟོང་པ་དབྱེར་མེད་ཡེ་ཤེས་ལས། །དམ་པ་ཡིས་ནི་དབང་བཞི་པ། །ཕྱག་རྒྱ་ཆེན་པོ་རྫོགས་པའི་དོན་ཏོ། །དེ་ཡང་རྟེན་གྱི་གང་ཟག་གང་ཞིག་སྐལ་ལྡན་སྣོད་དུ་གྱུར་པ་དུས་རྟག་ཏུ་

བསྒོམ་པ་ལ་བརྩོན་པས་ཡེ་ཤེས་འདོད་གྱུར་བ་དེ་ནི་ལྷ་དང་ལྷ་མི་ན་མི་རྣམས་ཏེ། ཞེས་ས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་པས། འདི་ནི་ལྷ་མི་ཟིལ་ནོན་འགྲོ་བ་བདུད་བཞིའི་ལྷ་ཚོགས་འཇོམས་ཤིང་མཚུངས་པ་མེད་པའི་འདྲེན་པའི་དཔལ་ལྡན་དུ་གྱུར་པའོ། །ད་ནི་དཔལ་
འཁོར་ལོ་སྡོམ་པ་རིགས་བསྡུས་པའི་དཀྱིལ་འཁོར་འདིར་ནི་དབང་བསྐུར་བ་ཐོབ་ན། གསང་སྔགས་རྒྱུད་སྡེ་བཞི་པོ་ཀུན་གྱི་ལམ་གྱི་ཡེ་ཤེས་ལ་དབང་བཞི་སྒྲུབ་པ་ཡིན། །དེ་ཡང་ལྷར་གསལ་བར་ཡང་བལྟ་དང་ཞེས་ལྷ་ཐབས་ཤེས་རབ་ཀྱི་སྦྱོར་བ་མཚོན་པ་བྱ་བ་དང་། དགོད་པ་སྟེ་ཡབ་ཡུམ་བདེ་བ་
མཚོན་པ་སྤྱོད་པ་དང་། ལག་བཅངས་ཏེ་ལྷ་ཡབ་ཡུམ་ཡེ་ཤེས་ཀྱི་སྦྱོར་བ་དཔུང་བ་ཕན་ཚུན་བསྡམས་པ་ཙམ་གྱིས་བདེ་བས་ཚིམ་པར་བྱེད་པ་རྣལ་འབྱོར་གྱི་རྒྱུད་དང་། གཉིས་སྦྱོར་ལ་སོགས་པའི་ཞེས་ལྷ་ཡབ་ཡུམ་ཐབས་ཤེས་རབ་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱེད་པ་གསལ་བ་རྣལ་
འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་དག་ནང་དོན་དུ་ནི། རྣལ་འབྱོར་པའི་རྡོ་རྗེའི་ལུས་ལ་རྩ་འཁོར་ལོ་རྣམས་དང་རྩ་རོ་རྐྱང་གཉིས་ལ་སོགས་པ་ཐབས་ཤེས་རབ་ཀྱི་རྩ་གཅིག་ལ་གཅིག་གིས་བལྟ་བར་བྱ་བ། རྩྭ་ནང་དུ་ཡི་གེ་རླུང་གི་སྒྲས་ཨེ་ཝཾ་གི་སྒྲས་དགོད་པ་སྔགས་འབྱུང་བ་སྤྱོད་པ། ར་ས་ནཱ་དང་
ལ་ལ་ནཱ་གཅིག་གི་རྩ་སྣ་ལ་གཅིག་འཛིན་པ་ལག་བཅངས་ཀུན་འདར་ལ་ཅུང་ཟད་འཁྱུད་པ་རྣལ་འབྱོར་ཐབས་ཤེས་རབ་ཀྱི་རྩ་སྣ་གཉིས་པོ་དབུ་མར་ཚུད་པས་རྩ་གསུམ་རོ་གཅིག་ཏུ་གྱུར་པ་དབང་པོ་མཉམ་སྦྱོར་བདེ་སྟོང་གཉིས་མེད་རྣལ་འབྱོར་ཆེན་པོ་བླ་མེད་སྟོན་པའོ། །འདིར་ནི་དབང་བསྐུར་གྱུར་པ་
ཡིན། །ཞེས་གསང་ཆེན་དང་ལམ་ཐུན་མོང་བའི་ལམ་རིམ་ལ་བློ་སྦྱང་བ་ཡང་འདིའི་སྔོན་དུ་འགྲོ་བ་བྱང་ཆུབ་སེམས་ཀྱི་ཁྱད་པར་ཅན་དུ་སྒྲུབ་པར་བྱེད་པའོ། །དེ་ལྟར་ན་རྒྱུད་གཞན་ལས་ཁྱད་པར་དུ་འཕགས་པས་ན། རྒྱུད་ཀུན་གྱི་ནི་བླ་མ་སྟེ་བྱིན་རླབས་ཕུལ་དུ་བྱུང་བའི་དོན་ཏོ། །གཞན་ཡང་དེ་ཉིད་བསྡུས་
པ་ནི་ཏཏྟྭཱ་སཾ་གྲ་ཧོ། བདེ་མཆོག་ནི་སྒྱུ་མ་བདེ་མཆོག་གོ། །གསང་བ་ནི་འདུས་པའམ་ཟླ་གསང་ཐིག་ལེའི་ནོར་བུའི་རྒྱལ་པོའོ། །རྡོ་རྗེ་འཇིགས་བྱེད་ལས་ནི་གཤིན་རྗེའི་གཤེད་ཀྱི་འཁྲུལ་འཁོར་ཡང་འདིར་འདུས་པའི་དོན་ཏོ། །དཀྱིལ་འཁོར་རྣམས་ཀྱི་མཆོག་འདི་ནི། །ཞེས་པས་འདི་ཉིད་ཀྱི་ལེའུ་

གཉིས་པ་གསུམ་པ་བཞི་པས་ཐོག་མར་དབང་བསྐུར་བའི་དཀྱིལ་འཁོར་བསྟན། བར་ཆད་བསྲུང་ཞིང་བདུད་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལེའུ་སུམ་ཅུ་པར་བསྟན། དངོས་གྲུབ་སྒྲུབ་པ་ཧེ་རུ་ཀ་མངལ་སྐྱེས་ཀྱི་དཀྱིལ་འཁོར་སོ་གཉིས་པར་བསྟན། རྫུས་སྐྱེས་རིམ་པ་ལེའུ་ལྔ་བཅུ་རྩ་གཉིས་
པར་བསྟན། ལས་དང་དངོས་གྲུབ་སྤྱིའི་དཀྱིལ་འཁོར་ཞེ་བརྒྱད་པར། མ་བྱུང་བ་ནི་བུདྡྷ་མར་མེ་མཛད་ལ་སོགས་པས་སོ། །ཕྱིས་མི་འབྱུང་བ་ནི་མགོན་པོ་བྱམས་པའི་བསྟན་པ་ལ་སོགས་པའོ། །ལས་དང་དངོས་གྲུབ་ཐམས་ཅད་ནི་རྒྱུད་འདིར་བཤད་པ་དང་ཡང་འདིར་མ་བཤད་པའི་ཕྲིན་ལས་གང་ཅི་ཡང་
རུང་བ་ཐམས་ཅད་མ་ལུས་པ་ཡང་རབ་འབྱམ་དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས་འདིར་མྱུར་དུ་འགྲུབ་པའི་དོན་ཏོ། ཡོན་ཏན་དང་བཅས་པ་དབང་བསྐུར་བའི་ལེའུ་སྟེ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལ་གང་ལེའུ་དང་པོར་གླེང་གཞི་དང་གླེང་བསླང་བའི་གསང་ཆེན་བསྟན་ལ། དེ་ཉིད་གསང་
བ་མདོར་བསྟན་ནས་ལེའུ་གཉིས་མན་ཆད་ཀྱི་ཡན་ལག་རྒྱས་པར་བཤད་པ་ནི། ལེའུ་གཉིས་པ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སྔོན་དུ་བསྟན་ལ། ལེའུ་གསུམ་པ་དབང་བསྐུར་བ་དངོས་བསྟན་པ་དེ་དག་ཀྱང་། སྔོན་བྱུང་དུ་དཔལ་ཧེ་རུ་ཀས་འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ་སངས་རྒྱས་དང་།
བྱང་ཆུབ་སེམས་དཔའ་རིག་མའི་ལྷ་མོ་དཔག་ཏུ་མེད་པ་དང་། ཁྲོ་བོ་ཡབ་ཡུམ་གྱི་ཚོགས་ཐམས་ཅད་ལ་བཅོམ་ལྡན་འདས་ཆོས་ཀྱི་སྐུ་དེ་ཉིད་ལོངས་སྤྱོད་རྫོགས་སྐུ། བྱང་ཆུབ་སེམས་རྡོ་རྗེ་འཆང་ལས་དཔལ་ཧེ་རུ་ཀར་བཞེངས་ཏེ། ཡེ་ཤེས་བདེ་བ་ཆེན་པོའི་དབང་བསྐུར་བ་མཛད་པའོ། །དེ་ནས་རི་རབ་ཀྱི་ཁང་
བུ་བརྩེགས་པར་དཔལ་ཧེ་རུ་ཀ་སྐུ་བཞི་དབྱེར་མེད་ཀྱི་དཀྱིལ་འཁོར་མངོན་པར་སྤྲུལ་པར་མཛད་པ་ཡང་། འདི་དག་སྔོན་ཉིད་གྲུབ་པ་ཡིན་ཞེས་པའི་དོན་ལ། འོག་མིན་དུ་དཀྱིལ་འཁོར་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་གསང་བ་སྔོན་དུ་གྱུར་པ་དེ་ཉིད། དེ་ནས་གོང་དུ་གསུངས་པ་འདི་ནི་རྗེས་འཇུག་ལ་དགོངས་
པའོ། །དོན་དུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དཔའ་བོའི་རྣམ་པར་སྣང་བ་ཉིད་ལ། བྱང་ཆུབ་སེམས་མ་ལྷ་མོ་ཐམས་ཅད་ལ་ནི་རྣལ་འབྱོར་མ་རྣམས་ནི་ཞེས་པས། དཔའ་མོ་ཐམས་ཅད་དོ། །གནས་ན་ཞེས་ཡོངས་སུ་དག་པ་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་ཕོ་བྲང་དུའོ། །རྣམ་པར་འགྱིང་

བ་ནི་གར་གྱི་ཉམས་ཐུགས་རྗེ་ཆེན་པོས་སོ། །ཡང་ན་ས་ལ་ནི་ས་བཅུའི་དབང་ཕྱུག་ཡེ་ཤེས་ཀྱི་ངང་ལས་རྣམ་པར་རོལ་པ་ཞེས་བདེ་སྟོང་གཉིས་མེད་ངང་དུའོ། །དེ་དག་གི་ཡེ་ཤེས་ཀྱི་སྐུ་ངོས་གཟུང་ཞིང་གཏན་ལ་དབབ་པ་ནི། རྣལ་འབྱོར་མ་བརྩོན་འགྲུས་ཆེན་མོ་ནི་ལྷ་མོ་རྡོ་རྗེ་རབ་འཇིགས་མ་
སྟེ། དཔའ་བོ་རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཉིད་དོ། །རྣལ་འབྱོར་མ་འཁོར་ལོས་སྒྱུར་མ་ནི་གཙུག་ཏོར་རྣམ་པར་རྒྱལ་མའོ། །དཔའ་བོ་རྣམ་པར་སྣང་བྱེད་ནི། བྱང་ཆུབ་སེམས་དཔའ་བཟང་སྐྱོང་ངོ་། རྣལ་འབྱོར་མ་སྟོབས་ཆེན་མ་ནི་ལྷ་མོ་སྟོང་
ཆེན་མོའོ། །དཔའ་བོ་པདྨ་གར་དབང་ནི་བྱང་ཆུབ་སེམས་དཔའ་ནོར་གྱི་དབང་ཕྱུག་གོ། །རྣལ་འབྱོར་མ་རབ་ཏུ་དཔའ་མོ་ནི་ལྷ་མོ་རྡོ་རྗེ་ལུ་གུ་རྒྱུད་མའོ། །དཔའ་བོ་དཔལ་ཧེ་རུ་ཀ་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་བོ། །རྣལ་འབྱོར་མ་འཁོར་ལོའི་གོ་ཆ་མ་ནི་ལྷ་མོ་རི་ཁྲོད་ལོ་མ་ཅན་ནོ། །དཔའ་བོ་
ནམ་མཁའི་སྙིང་པོ་ནི་དཔལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའོ། །རྣལ་འབྱོར་མ་ཆང་འཚོང་མ་ནི་ལྷ་མོ་རྨ་བྱ་ཆེན་མོའོ། །དཔའ་བོ་རྟ་མགྲིན་ནི་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོའོ། །རྣལ་འབྱོར་མ་དུམ་སྐྱེས་མ་ནི་ལྷ་མོ་སོ་སོར་འབྲང་མ་སྟེ། དཔའ་བོ་རིན་ཆེན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་
རྡོ་རྗེ་འོད་དོ། །རྣལ་འབྱོར་མ་འཁོར་ལོའི་ཤུགས་ཅན་མ་ནི་ལྷ་མོ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནོ། །དཔའ་བོ་སྟོབས་པོ་ཆེ་ནི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའོ། །དེ་དག་སྐུའི་འཁོར་ལོ་ལ་གནས་པའོ། །རྣལ་འབྱོར་མ་ཁྭ་གདོང་མ་ནི་ཉེ་བའི་མཱ་མ་ཀཱི་དྲི་མ་མེད་པའི་འོད་དོ། །དཔའ་བོ་མིག་
མི་བཟང་ནི་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འདོད་དོ། །རྣལ་འབྱོར་མ་རྟ་རྣ་མ་ནི་ཉེ་བའི་སྤྱན་མ་སའི་ལྷ་མོའོ། །དཔའ་བོ་འཇིགས་བྱེད་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ངན་སོང་ཀུན་འདྲེན་ནོ། །རྣལ་འབྱོར་མ་ཤིན་ཏུ་བཟང་མོ་ནི་ལྷ་མོ་ཉེ་བའི་གོས་དཀར་མོ་སྟེ། འོད་མཆོག་མ་དཔའ་བོ་རྡོ་རྗེ་བཟང་
པོ་ནི་བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་པའོ། །རྣལ་འབྱོར་མ་སྔོ་བསངས་ལྷ་མོ་ནི་སེམས་མ་སྒྲོལ་མ་སྟེ་རི་དགས་འཛིན་མའོ། །དཔའ་བོ་རབ་ཏུ་བཟང་པོ་ནི་བྱང་ཆུབ་སེམས་དཔའ་མྱ་ངན་ཀུན་འཇོམས་སོ། །རྣལ་འབྱོར་མ་ཆང་འཐུང་མ་ནི་ལྷ་མོ་བརྒྱད་ལྡན་མ་སྟེ་ཨེ་ཀ་ཛ་ཊཱིའོ། །

དཔའ་བོ་ནི་རྡོ་རྗེ་ཧཱུཾ་མཛད་དེ་བོ་དྷ་སི་ཏྭ་ཡེ་ཤེས་ཏོག་གོ། །རྣལ་འབྱོར་མ་རླུང་གི་ཤུགས་ཅན་མ་ནི། ལྷ་མོ་དྲི་ལྡན་མ་དབྱངས་ཅན་མ་སྟེ། དཔའ་བོ་རྡོ་རྗེ་དཔའ་བོ་ཆེན་པོ་ནི། བོདྷི་སཏྭ་བློ་གྲོས་མི་ཟད་པའོ། །རྣལ་འབྱོར་མ་འཇིགས་བྱེད་ཆེན་པོ་ནི་ལྷ་མོ་གསང་སྔགས་རྗེས་འཛིན་ཏེ་རྡོ་རྗེ་འཇིགས་བྱེད་མ་
དཔའ་བོ་རྡོ་རྗེ་རལ་པ་ཅན་ནི་བོ་དྷི་སཏྭ་སྤོས་ཀྱི་གླང་པོའོ། །རྣལ་འབྱོར་མ་ས་སྲུང་མ་ནི་ལྷ་མོ་ཡེ་ཤེས་སྒྲོལ་མ་སྟེ། དཔའ་བོ་ནི་མྱུ་གུ་ཅན་ཏེ། བོ་དྷི་སཏྭ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །དེ་དག་གསུང་གི་འཁོར་ལོ་ལ་གནས་པའོ། །རྣལ་འབྱོར་མ་ཤིང་གྲིབ་མ་ནི་ལྷ་མོ་སངས་རྒྱས་བྱང་ཆུབ་
སེམས་མ་སྟེ། དཔའ་བོ་རྡོ་རྗེའི་སྐུ་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་དོ། །རྣལ་འབྱོར་མ་ལང་ཀའི་དབང་ཕྱུག་མ་ནི་ལྷ་མོ་པུ་ཀ་པུ་ཙི་འོད་ཟེར་ཅན་ནོ། །དཔའ་བོ་རྡོ་རྗེ་འོད་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའོ། །རྣལ་འབྱོར་མ་མི་ཐུང་མ་ནི་ལྷ་མོ་རྡོ་རྗེ་གཞོན་ནུ་མ་སྟེ། དཔའ་བོ་སྣང་
བ་དཔག་མེད་ནི་བྱང་ཆུབ་སེམས་དཔའ་བྱམས་པའོ། །རྣལ་འབྱོར་མ་དཔའ་བོའི་བློ་མ་ནི་ལྷ་མོ་རྡོ་རྗེ་ཁྲོ་གཉེར་མ་སྟེ། དཔའ་བོ་ཆང་དགྲ་ནི་བྱང་ཆུབ་སེམས་དཔའི་ཕྱག་ན་རྡོ་རྗེའོ། །རྣལ་འབྱོར་མ་སྣ་ཆེན་མ་ནི་ལྷ་མོ་རྡོ་རྗེ་ཉི་མ་སྟེ། དཔའ་བོ་མཆེ་བ་རྣམ་པར་གཙིགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སའི་སྙིང་པོའོ། །རྣལ་འབྱོར་མ་འོད་ལྡན་མ་ནི་ལྷ་མོ་རིན་ཆེན་སྒྲོལ་མ་སྟེ། དཔའ་བོ་ནི་ཀེང་རུས་ཏེ་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་གོ། །རྣལ་འབྱོར་མ་གཏུམ་མིག་མ་ནི་ལྷ་མོ་སྐུལ་བྱེད་མ་སྟེ། དཔའ་བོ་ནི་ཀེང་རུས་ཆེན་པོ་སྟེ་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་སོ། །
རྣལ་འབྱོར་མ་རབ་ཏུ་གཏུམ་མོ་ལྷ་མོ་སེམས་མ་རྡོ་རྗེ་ཕོ་ཉ་མ་སྟེ། དཔའ་བོ་ཐོད་པའི་དུམ་བུ་ཅན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའོ། །ཐུགས་ཀྱི་འཁོར་ལོ་ལ་གནས་པའོ། །དེ་ལ་དཔའ་བོ་དང་རྣལ་འབྱོར་མ་དེ་དག་གིས་ནི་གཉིས་སུ་མེད་པ་བདེ་བ་ཆེན་པོ་ལ་གནས་
པ་ལས་ཆེན་དང་། དངོས་གྲུབ་མྱུར་དུ་སྒྲུབ་བྱེད་ཡིན། །ཞེས་ཉེ་བར་གདམས་པའོ། །དཀྱིལ་འཁོར་གཞལ་ཡས་ཁང་གི་ནང་དུ་དམ་ཚིག་འཁོར་ལོའི་ནང་དུ་སྐུའི་འཁོར་ལོ་དང་། དེའི་ནང་དུ་གསུང་གི་འཁོར་ལོ་ཆུད་པ་དང་། དེའི་ནང་ཁོངས་སུ་ཐུགས་ཀྱི་འཁོར་ལོ་དང་། དེའི་དབུས་སུ་ནི་བདེ་བ་ཆེན་

པོའི་འཁོར་ལོ་ཡེ་ཤེས་ཀྱི་སྐུ་གཙོ་བོ་ཡབ་ཡུམ་འཁོར་དང་བཅས་པའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་པས། །འོག་མིན་ཆོས་ཀྱི་དབྱིངས་ན་གནས་པ་དེ་ཉིད་རི་རབ་ཀྱི་རྩེར་ཡང་མཚུངས་ལ། །ཡེ་ཤེས་ཀྱི་སྐུ་ཇི་ལྟ་བ་དེ་ཉིད་སྤྲུལ་པ་འཛམ་བུའི་གླིང་གི་འཁོར་ལོ་ལ། དེ་
ལས་དམ་ཚིག་དང་། རྣལ་འབྱོར་པའི་ལུས་ཀྱི་དཀྱིལ་འཁོར་དང་། སེམས་ཀྱི་དཀྱིལ་འཁོར་དུ་ཡང་དེ་ཁོ་ན་བཞིན་དུ་གནས་ལུགས་མཚན་ཉིད་པར་ཤེས་པར་བྱའོ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཞེས་པ་དེ་དག་ཀྱང་དཔའ་བོ་དང་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་འགྲོ་བའི་དོན་མཛད་པ་དེ་ཉིད་དེ།
འདི་དག་སྔོན་ཉིད་གྲུབ་པ་ཡིན། །ཞེས་གདོད་མ་ནས་དཔལ་རྡོ་རྗེ་རྣལ་འབྱོར་མ་ཉིད་དང་ཐ་མི་དད་པས་སྔོན་དང་ཕྱི་མའི་མཐའ་མ་དམིགས་པའོ། །ད་ནི་དེ་ཁོ་ན་ཉིད་བཞི་དང་སྦྱར་བ་ལས་སློབ་དཔོན་ཆེན་པོ་ལྭ་བ་པའི་བཞེད་པ་ལྟར་ན། དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ། རྣལ་འབྱོར་པའི་རྡོ་རྗེའི་ལུས་ལ་
རྟེན་དང་བརྟེན་པ་འབྱུང་བཞི་རིམ་བརྩེགས། འདོམ་གང་གྲུ་བཞི་དཀྱིལ་འཁོར། ལྷའི་འཁོར་ལོ། ཡི་གེའི་གནས། པཱུ་ཛ་ལ་སོགས་པ་ལྷའི་དེ་ཁོ་ན་ཉིད་ལས་བྱང་ཆུབ་ཕྱོགས་དང་བཅས་པའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ལས། ལྷའི་མཚན་སྔགས་ཕྲེང་བ་ལྟར་བཀོད་པ། ཨོཾ་ནི་ཐམས་ཅད་གསལ་
བྱེད་དེ། །ཞེས་སྐུ་རྡོ་རྗེ་རླུང་ནང་དུ་འཇུག་པ་ཡོན་ཏན་འཕེལ་བ་སྡུད་པ་སྟེ། སྔགས་བརྗོད་པ་ལ་ནི་ཨ་ཀུན་གྱི་ཁོང་ན་སྲོག་ལྟ་བུར་རླུང་གནས་པ། རང་མིང་གསལ་བྱེད་དང་དབྱངས་སྦྱར་བ་ལས་བྱུང་བ་ཡོ་གི་ནི་མ་ཧཱ་བཱི་རྱ་ལ་སོགས་པ་རྣམས་ཏེ། ས་བོན་ལས་དབྱུང་བའོ། །མཐར་ནི་ཧཱུཾ་ཞེས་པ་རླུང་
ཕྱིར་འགྲོ་བས་ནད་དང་གདོན་དང་གནོད་པ་ཐམས་ཅད་དབྱུང་བ་ཉིད་བར་ཆད་སེལ་བའོ། །ཧཱུཾ་གཅིག་ནི་སྙིང་གའི་འཁོར་ལོའི་དབུས་ན། ཨ་ནི་ལྟེ་བར། ཕཊ་དང་སྦྱར་བ་སྟེ། ལུས་ཀྱི་སུམ་མདོའི་དྲོད་ཀྱི་རང་བཞིན་འབར་བ་ཅན་ནོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི་རྣལ་འབྱོར་རབ་མཆོག་ནི་བདག་བྱིན་གྱིས་
བརླབ་པ་དང་། དཀྱིལ་འཁོར་འཁོར་ལོའི་ལམ་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ས་གསེར་ཟླ་བ་མེ་ལྟ་བུ་འབར་བའོ། ་།དེ་ཉིད་ཀྱི་ཏིང་ངེ་འཛིན་རིམ་པས་འཕེལ་བས་བད་ཆེན་ཡེ་ཤེས་མེ་སྟེ། ཟག་པ་མེད་པ་སྐྱེས་པས་གཞན་དང་རྩྭ་དང་མཚུངས་ཞེས། །བསྲེག་ཅིང་སྦྱངས་པས་ཕུན་སུམ་ཚོགས། །

ནུས་པ་ཐོབ་པ་འདི་མཐོང་ནས། །ཞེས་ཡེ་ཤེས་སྐད་ཅིག་མ་གཅིག་ཏུ་རྟོགས་པའོ། གྲུབ་རྩོལ་འདོད་པ་ཐམས་ཅད་ནི་ལས་དང་དངོས་གྲུབ་ལམ་གནས་སྐབས་དང་མཐར་ཐུག་གི་དོན་འབྱུང་པའོ། །སློབ་དཔོན་ཌོ་མྦི་ཧེ་རུ་ཀའི་བཞེད་པ་ལྟར་ན་རང་མིང་བརྗོད་པ་ནི། བུམ་པའི་དབང་གི་དུས་སུ་རྡོ་རྗེ་མིང་
གིས་དབང་བསྐུར་བ་རྗེས་གནང་དང་། གསང་བའི་དབང་གི་དུས་སུ་ལུང་བསྟན་པ་དང་། གསུམ་པའི་དུས་སུ་ཨཱ་ལི་ཀཱ་ལི་རིགས་ཀྱི་ཁྱད་པར་ངོས་བཟུང་བས་རིགས་སུ་ངེས་པར་བྱ་བ་དང་། དབང་བཞི་པར་ཚིག་དབང་རིན་པོ་ཆེ་སྦྱིན་པ་གཟེངས་བསྟོད་པ་དང་རྗེས་སུ་འབྲེལ་ཏོ། །དེ་རྟོགས་ལམ་དབང་
གི་དུས་སུའོ། །གོམས་པར་བྱེད་པའི་ལམ་དུ་ནི། བསྐྱེད་པའི་རིམ་པར་རྣལ་འབྱོར་མ་རྣམས་ཀྱི་མཚན་སྔགས་བཟླས་པའི་རྣལ་འབྱོར་བརྟན་པས་སྔགས་བཏུ་བ་མཛད་པའོ། །རྫོགས་པར་རྡོ་རྗེ་བཟླས་པ་དང་འབྲེལ་བས་སྲོག་རྩོལ་ལོ། །རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ནི། དཔའ་བོ་ཉིད་གྱུར་ནི་རང་
གི་ལུས་ངག་ཡིད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་རྡོ་རྗེར་གྱུར་པས་ཐ་མལ་པ་མི་ཕྱེད་པས། །གྲུབ་པ་ནི་ཞེས་བསྐྱེད་པར་བརྟན་པ་ཐོབ་ཅིང་། རྫོགས་པར་རྟགས་འགའ་མཐོང་བའོ། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །ཞེས་པས་བུམ་དབང་གི་དུས་སུ་སྐུ་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་རྩ་ཡི་གེ་གསལ་
སྟོང་། དབང་གཉིས་པར་གསུང་གི་རྡོ་རྗེའི་དཀྱིལ་འཁོར་དུ་དམ་ཚིག་ཕྱག་རྒྱ་རླུང་བརྗོད་པ་སྣང་སྟོང་། གསུམ་པའི་དུས་སུ་ལས་ཀྱི་ཕྱག་རྒྱ་ཐུགས་རྡོ་རྗེ་ཐིག་ལེ་བདེ་སྟོང་གི་དཀྱིལ་འཁོར་མཐོང་། དབང་བཞི་པས་ཕྱག་རྒྱ་ཆེན་བོས་རྩ་རླུང་ཐིག་ལེ་ཡི་གེ་ཐམས་ཅད་རོ་མཉམ། ཡེ་ཤེས་ཀྱི་རྡོ་རྗེར་
གྱུར་པས་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དཀྱིལ་འཁོར་མཐོང་བ་བླ་ན་མེད་པའོ། །ཐབས་ཀྱི་རིམ་པ་བསྟན་པའི་ཕྱིར། དེ་ཤེས་རྟག་ཏུ་བསྒོམས་པས་ནི། །རྣལ་འབྱོར་རབ་མཆོག་འདི་མཐོང་ནས། ཞེས་པ་བསྐྱེད་པར་མངལ་སྐྱེས་རྒྱུའི་ཧེ་རུ་ཀ་མངོན་པར་བྱང་ཆུབ་པ་ལྔས་བདེ་ཆེན་དུ་
གྲུབ་པ་དང་། དེ་ཉིད་ཡབ་ཡུམ་བསྲུབས་བ་ལས་བདེ་བའི་ངང་ལས་འཁོར་གྱི་ལྷ་ཚོགས་འབྱུང་བའི་དཀྱིལ་འཁོར་དང་། འབྲས་བུའི་ཧེ་རུ་ཀ་ཚད་མེད་བཞི་ལྷ་མོའི་གླུས་བསྐུལ་ནས་བདེ་བའི་ངང་ལས་བཞེངས་ནས། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་བདེ་བ་ཆེན་པོ་མཐོང་བའོ། །རྫུས་སྐྱེས་ནི་ལུས་ཀྱི་

དཀྱིལ་འཁོར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐད་ཅིག་མས་བདེ་སྟོང་གི་ཡེ་ཤེས་སུ་གྱུར་པའོ། །རྫོགས་པར་ལུས་ཀྱི་དཀྱིལ་འཁོར་ཡེ་ཤེས་ཀྱི་ངང་ལས་སྐད་ཅིག་གིས་བསྐྱེད་པ་སྟེ། རིམ་པ་བཞི་ལྡན་དུ་རྫོགས་པ་ནི། རྣལ་འབྱོར་རྒྱུད་ཀྱི་རིམ་པ་རྗེས་སུ་རྣལ་འབྱོར་སྔགས། ཤིན་
ཏུ་རྣལ་འབྱོར་ཡེ་ཤེས་ཀྱི་རིམ་པ། རྣལ་འབྱོར་ཆེན་པོ་ནི་གསང་བའི་རིམ་པ་བསྟན་པའོ། །ཡང་ན་གོང་བུ་གསུམ་ལས་འདས་པའི་དུས་སུ། བདེ་བ་དང་སྟོང་པ་ལས། བསམ་མི་ཁྱབ་པ་ལ་གནས་པ་ནི། རྣལ་འབྱོར་བླ་ན་མེད་པའི་ཡེ་ཤེས་ཀྱི་སྙིང་པོ་ཐོབ་པའོ། །ལས་ཆེན་རྣམས་དང་དངོས་
གྲུབ་དེ་བཞིན་གཤེགས་པས་གསུངས་ཞེས་དབང་དང་ལམ་གྱི་རྒྱུད་ཡོངས་སུ་སྦྱངས་པ་ཐོབ་པས་ས་དང་ལམ་གྱི་རིམ་པ་བགྲོད་ནས་སངས་རྒྱས་པར་གསུངས་པ་ཚེ་གཅིག་གིས་རྫོགས་པའི་བྱང་ཆུབ་མངོན་དུ་གྱུར་པར་བསྟན་པའོ། །ལེའུའི་མཚན་ནི་དཔའ་བོ་ནི་ཉེར་ལྔ་པོ་རྡོ་རྗེ་སེམས་དཔའ་
སོགས་དང་། རྣལ་འབྱོར་མ་བརྩོན་འགྲུས་ཆེན་མོ་སོགས་གཉིས་སུ་མེད་པར་བདེ་བ་ཆེན་པོར་དགོད་པའི་ཆོ་ག་བསྟན་པའི་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།གསང་བ་བླ་ན་མེད་པའི་མཆོག་གི་རྒྱུད་དུ་བསྙེན་པ་ལ་སོགས་པའི་ཡན་ལག་དང་ལྡན་པར་སྒྲུབ་པ་བསྟན་པའི་ཕྱིར། །དེ་ནས་ཐམས་ཅད་
ཅེས་སྨོས་ཏེ། ལེའུ་དང་པོར། གསང་སྔགས་ཟློས་པའི་བཟླས་བརྗོད་དང་། །ཞེས་མདོར་བསྟན་པའི་དོན་རྒྱས་པར་བཤད་པ་ནི། དེ་ནས་ཡན་ལག་བརྒྱད་ལྡན་རྒྱན་གྱིས་མཛེས་བྱེད་དེ་ནི་ཐབས་དང་ཤེས་རབ་ཡེ་ཤེས་གསུམ་གྱི་སྒོ་ལས་རྙེད། །གསང་སྔགས་ཀྱི་ནི་སྟོབས་དག་མཚུངས་པས་གཞན་མེད་
དགེ་བ་གསུམ་དུ་ཡོངས་དག་འདིར་བསྟན་པའོ། །དེ་ལ་དང་པོ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ཀྱི་ལུས་དང་། གསང་སྔགས་ཀྱི་གཞི་དགོད་པ་བསྟན་པ་ནི། ཆོས་འབྱུང་བར་ཕྱི་ནང་ལས། སྔགས་བ་ཏུ་བའི་གནས་མདུན་གྱི་མ་ད་ན་དང་བདུད་རྩིས་བྱུགས་པའི་མཎྜལ་ལ། ནང་དུ་
རྡོ་རྗེའི་ལུས་ཀྱི་ལྟེ་བའི་འོག་ཏུ་བྷ་གའི་དཀྱིལ་འཁོར་གྲུ་གསུམ་པའི་རྣམ་པར་སྣང་བའོ། །དེ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བས་ན། བདེ་བར་གཤེགས་པའི་བྲལ་པ་དང་རྣམ་པར་སྨིན་པའི་འབྲས་བུ་ཐམས་ཅད་ཀྱི་བརྟེན་པའོ། །སྣ་ཚོགས་པདྨ་ནི་འདབ་མ་བརྒྱད་པ་སྟེ། ཆགས་པ་

མེད་པ་འདམ་གྱིས་མ་གོས་པ། བདེ་བ་སྐྱེ་བའི་རྟེན་དེ་ལ་རང་བཞིན་གྱིས་དྲི་མ་དག་པའོ། །ལྟེ་བ་ནི་སྙིང་པོར་གྱུར་པ་སྟེ། དེར་གནས་པའི་ཡི་གེ་ནི་མ་སྐྱེས་པས་སྐྱེ་བ་མེད་པ། གཉིས་སུ་མེད་པའི་དོན་འབྱུང་བའོ། །མི་ཤིགས་པ་ནི་འཁྲུལ་བའི་རྟོག་པས་མི་ཕྱེད་པ། ཐ་མལ་པའི་འདོད་ཆགས་ཀྱི་ཟག་
བཅས་སྤྲོས་པ་ལས་དབེན་པའོ། །ཤིན་ཏུ་དགེ་བ་བཀྲ་ཤིས་པ་དང་། བདེ་ལེགས་འབྱུང་བ་མཆོག་གི་རྩ་དབུ་མའོ། །སྔགས་པས་ཆོ་ག་བཞིན་དུ་བྲིས། །ཞེས་པ་གོ་རིམས་མ་ནོར་བར་བྱ་བ་རྩའི་འདབ་མ་ལ་ཐིག་ལེ་ཡི་གེའི་གཟུགས་སུ་གནས་པའོ། །ཆོས་འབྱུང་ནི་སྲུང་བའི་འཁོར་ལོ་དང་སའི་ཆ་
མཉམ་པས་ཚོགས་གཉིས་སྔོན་དུ་འགྲོ་བས། མིང་ཚིག་ཡི་གེ་རབ་ཏུ་བྱེད་པ་དུ་མ་གཅིག་ཏུ་བསྡུ་བར་བྱ་བ་ནི་བརྗོད་བྱ་དོན་གྱི་གསང་བར། རྗོད་བྱེད་སྒྲ་དང་ཡི་གེ་མ་ལུས་པ་སྤྲོ་བ་དང་སྡུད་པ་རླུང་གིས་སོ། །སླར་རྒྱས་པར་བསྟན་པ་ལ། འདིར་སྔགས་ཚིག་ནི་འདི་ཡིན་ཏེ། གང་ལྷ་ཐམས་ཅད་བསྐྱེད་པ་དང་
གནས་པ་དང་ཐིམ་པ་དང་འབྱུང་བ་དང་། འཇུག་པ་གནས་པ་མངོན་པར་འབྱུང་བའོ། །ཨཱ་ལི་ཀཱ་ལི་མཉམ་བྱས་པ་ནི་འདུ་བྱེད་ལྔ་བཅུ་སེམས་ལས་བྱུང་བ་བརྒྱ་ཕྱེད་ཕྲེང་བའོ། །སྣ་གཡོན་ནས་ཟླ་བའི་ཆ་འཇུག་པ་སྡེ་ཚན་དང་པོ། །སྣ་སྒོ་གཡས་ནས་འབྱུང་བ་ཉི་མའི་ཆ་སྡེ་ཚན་བདུན། རྩ་ཀུན་འདར་གནས་
པ་ལ་རོ་རྐྱང་ལ་ཡི་གེ་སྡེ་ཚན་བརྒྱད་རོ་མཉམ་པའོ། །སྡེ་ཚན་ལ་ནི་ཐིམ་པར་བྱ་བ་རིགས་ཀྱི་དབྱེ་བ་མ་འདྲེས་པར་རོ། །ཐབས་དང་ཤེས་རབ་ཀྱི་ཆ་ཕྱེད་པས་རྩ་དབུ་མར་འཇུག་པའོ། །བཞི་བཞི་རུ་ནི་ཤེས་བྱས་ལ། །ཞེས་པ་ཐིག་གི་ཁྱད་པར་གཡས་གཡོན་ཆ་མཉམ་པའོ། །དེ་ཡང་ཐབས་ཤེས་རབ་
མཉམ་པར་སྦྱར་བས་དགའ་བ་དང་སྐད་ཅིག་མའོ། །ཐུབ་པ་མཆོག་ནི་རེའུ་མིག་བདུན་པ་སྟེ། སངས་རྒྱས་དེ་བཞིན་གཤེགས་པ་རབས་བདུན་བརྡར་བསྟན་པ། དེ་དག་གི་དགོད་པར་བྱ་བ་ནི་རེ་མིག་ཞེ་དགུ། གསལ་བྱེད་ཉི་མ་རྟ་བདུན་ལྡན་ནོ། །དེར་གནས་དཔའ་བོ་འདུ་བྱ་བ་ནི་བདུད་ལས་རྣམ་པར་རྒྱལ་
བར་བྱེད་པ། ལྷ་དང་སྔགས་ཐ་མ་དད་པ་ཉིད་ཕྱོགས་ལས་རྣམ་པར་རྒྱལ་བའོ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའོ། །ཞེས་གནས་སྐབས་སུ་ལས་ཆེན་དང་ཐུན་མོང་མཐར་ཐུག་ཏུ་མཆོག་སྐུ་དང་ཡེ་ཤེས་མྱུར་དུའོ། །དེ་ལ་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ལས་ཁྱད་པར་བ་རྐང་པ་བརྒྱད་པའི་

ལུས་ཐུ་བ་ཉིད། བཞི་པའི་ལྔ་པ་གང་ཡིན་དང་། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། མདུན་གྱི་སྔགས་ལ་ཕོག་དེའི་འོད་ཀྱི་སྣང་བ་ཆེན་པོས་ཕྱོགས་
བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ཡོན་ཏན་ཕྲིན་ལས་ཐམས་ཅད་བསྡུས་ཏེ། རང་ལ་ཐིམ་པས་བྱིན་རླབས་དང་། དངོས་གྲུབ་དཔག་ཏུ་མེད་པ་འབྱུང་བར་འགྱུར་བ་ནི་གསང་སྔགས་ཀྱི་ཆེ་བ་བསྟན་པ་པའོ། །ཨུཥྨཱ་ཎ་ཡི་གཉིས་པ་ཉིད། །
དེ་བཞིན་ཉི་ཤུ་རྩ་དྲུག་པའོ། །ཞེས་པའི་བར་གྱིས་བསྟན་པའོ། །དང་པོའི་དང་པོ་ཉིད་དང་ནི། །ཞེས་པ་ནས། གཉིས་གཉིས་རྐང་པ་བཞི་ཡིན་ནོ། །ཞེས་པའི་བར་གྱིས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ལས་རྐང་པ་ཉི་ཤུ་རྩ་བཞི་པའི་ལུས་ཐུ་བའི་གསང་བ་བསྟན་པའོ། །དེ་ནས་ཀ་ར་ཀ་ར་
ལ་སོགས་པའི་དཔའ་བོ་ཉེར་བཞི་པའི་འཁོར་ལོ་བཀོད་པའོ། །གསང་སྔགས་ཀྱི་ཆེ་བའི་ཁྱད་པར་བསྟན་པ་ལ། རིག་པའི་རྒྱལ་པོ་ནི་སྔགས་འདི་རིག་སྔགས་དང་གཟུངས་སྔགས། གསང་སྔགས་ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །བྱ་བ་ཐམས་ཅད་སྒྲུབ་བྱེད་པ་ནི་རྣམ་པ་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་
ཀྱིས་ཚར་བཅད་ཕན་འདོགས་པའོ། །འདི་ལས་ཤིན་ཏུ་མཆོག་གྱུར་པ་ནི་གསང་བ་བླ་ན་མེད་པའི་སྙིང་པོ་ཉིད་དོ། །འཇིག་རྟེན་གསུམ་ན་ཡོད་མིན་ཏེ། །ཞེས་ལྷ་དང་མི་དང་ཀླུའི་གནས་ཐམས་ཅད་ནའོ། །ཤྲཱི་ཧེ་རུ་ཀའི་སྔགས་ཤེས་ནས། །ཞེས་སྤྱིར་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་བསྐུལ་བའི་
རང་བཞིན་གསལ་བར་སྟོན་པ་རྩ་སྔགས། ཡོན་ཏན་ཕྲིན་ལས་ཕྱོགས་འགའ་སྟོན་པ་སྙིང་པོ། ཡེ་ཤེས་སྡུས་པར་གསལ་བའི་མཚན་ཉིད་ཉེ་བའི་སྙིང་པོ་ཡིན་ཞེས་དཔལ་རྡོ་རྗེ་དྲིལ་བུ་པས་བཞེད་དོ། །མེ་སྟེ་གཞན་དག་རྩྭ་དང་མཚུངས། །ཞེས་རྒྱུད་འདི་ནི་ཡེ་ཤེས་ཀྱི་མེ་ལྟ་བུ། སྤང་བྱ་དངོས་པོར་འཛིན་
པའི་རྟོག་པ་བསྲེག་པའོ། །རྩ་བའི་སྔགས་སུ་རབ་ཏུ་གྲགས། །ཞེས་པས་ནམ་མཁའ་དང་མཉམ་པའི་རྒྱུད་ལས་སྙིང་པོ་བླ་ན་མེད་པ་བསྟན་པའོ། །དེས་སྔགས་ཀྱི་ཕན་ཡོན་བསྟན་པའི་ཚུལ་གྱིས་གཞུང་བསྡུ་བའོ། །ལེའུའི་མཚན་བསྟན་པ་ལ། རྩ་བའི་སྔགས་ཀྱི་ཡི་གེ་བསྡུ་བའི་ཆོ་ག་ནི་རྡོ་རྗེ་སློབ་

དཔོན་གྱིས་སློབ་མ་ལ་ལུང་སྔགས་ཀྱི་རྗེས་གནང་བསྟན་པའོ། །ལེའུ་ལྔ་བའི་རྣམ་པར་བཤད་པའོ།། །།དེ་ལ་གསང་སྔགས་ཀྱི་གྲུབ་པ་བླ་ན་མེད་པ་མཆོག་ཏུ་བསྟན་པ་ལས། གཞན་ཡང་ཞེས་པ་རྣམ་གྲངས་དུ་མ་ལ། ཁྱད་པར་དུ་གོ་ཆའི་སྔགས་བསྟན་པའོ། །ཡི་གེ་ཉི་ཤུ་གཉིས་ནི་བཅོམ་
ལྡན་འདས་ཀྱི་སྙིང་པོ་གསང་སྔགས་དངོས་ནི་ལེའུ་བརྒྱད་པར་བསྟན་པའོ། །སྙིང་པོ་ཡི་གེ་བདུན་ཉེ་སྙིང་པོ་ཞེས་པ་ལེའུ་བཅུ་གཉིས་པར་གསལ་བར་བསྟན་ནོ། །ཡ་སྡེ་བརྒྱད་པའི་ས་བོན་དང་། ཞེས་པ་ཡ་ར་ལ་ཝ་ཤ་ཥ་ས་ཧ་ཡིག་འབྲུ་བརྒྱད་བརྒྱད་པ་ཉིད་ལས། གྲོང་ཁྱེར་དཀྲུགས་པ་ནི་ཡི་གེའི་ཕྱི་
མོ་བརྒྱད་དོ། །དེ་བཞིན་གུག་སྐྱེད་བཅུ་གཉིས་ཀྱི། །ཞེས་ཐབས་ཤེས་རབ་ཀྱི་ཕྱག་རྒྱ་དྲུག་ལྡན་ཕྱི་དང་ནང་གི་སྐྱེ་མཆེད་སྦྱོང་བས། རྟེན་འབྲེལ་གྱི་ཡན་ལག་རྣམ་པར་དག་པའོ། །དབྱངས་ཀྱི་མ་ནིང་ཡི་གེ་མ་གཏོགས་པས། ཡི་གེ་བར་མ་དོར་བྱས་པ་ནི་ཨཱ་ལིའི་རིང་པོ་དྲུག་བཞག་ནས་ཐུང་ངུ་
རྣམས་ཧ་ལ་སྦྱར་བའི་ས་བོན་ལྟ་བུའོ། །ཡན་ལག་དྲུག་ནི་རིགས་ཀྱི་ཁྲོ་བོ་ལྔ། ཧེ་རུ་ཀར་བརྗོད་པ་དང་ལུས་ཀྱི་གནས་དྲུག་ཏུའོ། །དཔའ་བོ་དྲུག་དང་མཉམ་སྦྱོར་བ་ནི་རྡོ་རྗེ་སེམས་དཔའ། རྣམ་པར་སྣང་མཛད། པདྨ་གར་དབང་། ཤྲཱི་ཧེ་རུ་ཀ་རྡོ་རྗེ་ཉི་མ་རྟ་མཆོག་དོན་ཡོད་རྒྱལ་པོའོ། །ཡི་གེ་གཅིག་
ནི་ཧ་སྟེ། དེ་ལ་རྐྱེན་ཨི་ཨུ་ཨེ་ཨོ་ཨཾ་སྦྱར་བས་ཧ་ཧི་ཧུ་ཧེ་ཧོ་ཧཾ་གིས་མཛེས་པར་གྱུར་པའོ། །ཡང་དག་གནས་པས་འབྲས་བུ་མངོན་པར་ཤེས་པ་དྲུག་འཆར་བའི་ནུས་པ་དང་ལྡན་པར་འགྱུར་བའོ། །ཨོཾ་ཧ། ན་མཿཧི། སྭཱ་ཧཱ་ཧུ། བཽ་ཥ་ཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་དང་ཡང་དག་ལྡན་པ་སྙིང་པོ་གསང་བ་ཉིད་དོ། །
སྒྲུབ་པོས་སྙིང་པོར་ཤེས་པར་བྱ་བ་ནི་དུས་དང་གནས་སྐབས་ཀུན་དུའོ། །དེ་ལ་ལུས་ཀྱི་གནས་སུ་དམིགས་པ་ལ། དང་པོ་སྙིང་ག་ཉིད་དུ་སྟེ་ཟླ་བ་ལ་ཨོཾ་ཧ་ལས་རྡོ་རྗེ་སེམས་དཔའོ། །གཉིས་པ་མགོ་བོར་ཤེས་པར་བྱ་བ་ཟླ་བ་ལ་རྣམ་སྣང་། གསུམ་པའི་སྤྱི་གཙུག་དག་ཏུ་སྦྱར་བ་ཉི་མ་ལ་པདྨ་གར་
དབང་། བཞི་པ་གོ་ཆ་ཉིད་དུ་ངེས་པ་ཤྲཱི་ཧེ་རུ་ཀ་ཉི་མ་ལ་གནས་པའོ། །ལྔ་པ་མིག་ཏུ་གྱུར་པ་སྟེ་རྡོ་རྗེ་ཉི་མ་ཟླ་བ་ལའོ། །དྲུག་པ་མཚོན་ཆ་ཞེས་བྱར་བརྗོད་པ་དཔལ་རྟ་མཆོག་རྒྱན་དང་སོ་སོའི་ཕྱག་མཚན་དང་ལྡན་པ་སྟེ། ནུས་པ་མཆོག་ཏུ་གྱུར་པ་ཐོབ་པས་བསྲུང་བའི་མཆོག་བསྟན་པའོ། །རྡོ་རྗེ་

གོ་ཆ་བསྟན་པ་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཧེ་རུ་ཀའི་རྩ་བའི་སྔགས་རྡོ་རྗེ་ཞབས་བཀྲ་ཤིས་སྟོན་པའི་ལུས་གོང་དུ་འབྱུང་བ་ལ་དབྱངས་ཡིག་རྒྱན་གྱིས་མཛེས་བྱེད་བསྟན་པ་ལ། རྡོ་རྗེ་མཁའ་འགྲོ་རྒྱ་མཚོ་
ལས། གསང་སྔགས་རྣམས་ཀྱི་འབྱུང་གནས་ནི། །དེ་ཉིད་ལྷག་གནས་སྐུ་གསུང་ཐུགས། །རྣམ་ཤེས་ལས་ནི་ཉེར་འབྱུང་བས། །སྒྲ་ལས་རྐྱེན་སྦྱར་རྒྱུ་ལས་བསྟན། །ཡི་གེ་ཁོང་འབྱུང་བརྗོད་པ་ལས། །མིང་ཚིག་རབ་འབྱེད་སྙིང་པོ་ཉིད། །བཟླས་པ་ཐ་མལ་དག་བྱེད་པས། །བསོད་ནམས་
འབྱུང་གནས་སྟོབས་མཆོག་འགྱུར། །ཞེས་གསུངས་པའི་དོན་ཏོ། །དབྱངས་ཡིག་བཅུ་གསུམ་ཉིད་ཅེས་པ་ནས། ཡི་གེ་བརྒྱད་ཅུ་རྩ་གཉིས་ལ། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཞེས་པའི་བར་གྱིས་བསྟན་པའོ། །ཡང་རྩ་བ་ལས་རྐང་པ་ཉེར་བཞི་པའི་སྔགས་ཀྱི་ལུས་དང་དབྱངས་
ཡིག་རྒྱན་དུ་གྱུར་པ་བསྟན་པ་ནི། མ་མོ་རྣམས་ལས་ལྔ་པ་ཉིད། །ཅེས་པ་ནས། དགུ་བཅུ་དང་ནི་རྩ་བརྒྱད་དོ། །ཞེས་པའི་བར་གྱིས་སྒྲ་དང་སྒྲའི་ལུས་སུ་འབྲེལ་བ་ལ་རྐྱེན་གྱིས་བསྒྱུར་བས་ཡང་དག་པའི་དེ་ཁོ་ན་ཉིད་གསང་བ་བླ་ན་མེད་པ་སྟོན་པའོ། །སྔགས་ཀྱི་ཕན་ཡོན་བསྟན་པའི་ཕྱིར། འདི་ནི་རྩ་བའི་
གསང་སྔགས་སུ། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་པས་རྐང་པ་ཉེར་བཞི་པ་རྒྱན་དང་ལྡན་པས་དག་པར་གྱུར་པ་ནི་དཔའ་བོ་ཆེན་པོ་འཁོར་བའི་གཡུལ་ལས་རྒྱལ་ཞིང་བདུད་ཐམས་ཅད་འཇོམས་པར་བྱེད་པའོ། །འདི་ནི་རེའུ་མིག་ལས་བཏུས་པ། །ཞེས་ཆོས་ཀྱི་གཞི་དགོད་པ་ལས་སོ། །
རྒྱལ་བ་ཀུན་གྱིས་ནི་རིགས་ཐམས་ཅད་བསྡུས་པའི་སྙིང་པོའི་མཆོག་ཏུ་གྱུར་པ་གསང་ཆེན་མངོན་དུ་འབྱུང་བའོ། །ཧེ་རུ་ཀ་དཔལ་འགྲོ་མགོན་གྱིས། །ཞེས་རྗེ་བཙུན་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྐུལ་བའོ། །རྩ་བའི་སྔགས་མཆོག་ཏུ་ཞེས་བྱ་བ་སྟེ། སྐུ་གསུང་ཐུགས་དབྱེར་མེད་
ལས་ཆ་ཉེར་བཞི་རྣམ་ཐར་བརྒྱད་ཀྱི་ཡེ་ཤེས་རྡོ་རྗེ་ཡོན་ཏན་འབྱུང་གནས་སོ། །དངོས་གྲུབ་ཀུན་གྱི་གནས་ཡིན་ཞིང་ནི་ཡོན་ཏན་ཕྲིན་ལས་མཆོག་ཐུན་མོང་འཐོབ་པའོ། །མཁའ་འགྲོའི་སྙིང་ནི་འཇོམས་པ་ཡིན། །ཞེས་ཐུགས་བརྩེ་བས་སྒྲུབ་པ་པོ་ལ་ཉེ་བར་དགོངས་པར་མཛད་པའོ། །དཔལ་ལྡན་

ཁྲག་འཐུང་ནི་རྣམ་ཐར་སྒོ་གསུམ་དབྱེར་མེད་པའི་སྐུ་ཅན་ལྷ་རིགས་རྒྱལ་ནི་རིགས་ལྔ་ལ་སོགས་པའི་སྙིང་པོས་བར་ཆད་ཞི་ཞིང་བདུད་ལས་རྒྱལ་བའོ། །བཀླགས་པས་འགྲུབ་པ་ནི་སྔགས་དང་ལྷ་ཐ་མི་དད་པའི་ཕྱིར། དོན་ཡོད་པ་སྟེ་དཀྱིལ་འཁོར་པའི་ཞལ་ཉེ་བར་བསྒྲུབ་པ་ཉིད་དོ། །ཁྱད་པར་དུ་
བྱེ་བྲག་ཏུ་ཐོག་མཐའི་ཡི་གེ་སྦྱར་བ་དང་ཐ་མི་དད་པའི་རྣམ་པ་ནི། ཨོཾ་ནི་དང་པོར་སྦྱར་བར་བྱ། །ཞེས་ཐོག་མར་འབྱུང་བའོ། །ཧཱུཾ་ཧཱུཾ་ཕཊ་ནི་ཐ་མར་རོ། །ཞེས་ཡང་ན་དཔའ་བོ་ཉེར་བཞི་སོ་སོར་ཕྱེ་བ་ཡང་རུང་ངོ་། །འདི་ནི་རྩ་བའི་གསང་སྔགས་ཏེ། བསྒྲུབ་པ་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་དབང་བསྐུར་
བའི་རྗེས་ལ་སྔགས་དང་ལྷའི་རྗེས་གནང་སྦྱིན་པར་བྱ་བའི་ཏིང་ངེ་འཛིན་དང་ལྡན་པས་སོ། །དེ་ནི་ལེའུའི་མཚན་བསྟན་པ་དཔལ་འཁོར་ལོ་བདེ་མཆོག་ལས་ཞེས་རིམ་པ་གཉིས་ལྡན་ཕྱག་རྒྱ་བླ་ན་མེད་པའོ། །སྔགས་བཏུ་བ་ནི་ལྷག་ཆད་ནོར་བ་རྒྱང་རིང་དུ་སྤང་བའི་ཕྱིར། ཆོ་ག་ནི་དབང་དང་རྗེས་སུ་འབྲེལ་བ། ལེའུ་
ནི་གཞུང་སྐྱོང་བ། བདུན་པ་ནི་གྲངས་བསྟན་པ་སྟེ། ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལས་རྩ་བའི་གསང་སྔགས་ལ་སོགས་པ་བཟླས་བརྗོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལྷའི་ཏིང་ངེ་འཛིན་བསྟན་པ་ནི་དེ་ནས་ཞེས་ལྷ་དང་སྔགས་དབྱེར་མེད་དུ་བསྟན་པ་སྟེ། རང་གི་བདག་ཉིད་ཀྱིས་ཞེས་
མངོན་པར་རྟོགས་པ་ཉམས་སུ་བླང་བ་སྔོན་འགྲོ་དངོས་གཞི་རྗེས་ཐམས་ཅད་ལ་དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་སོ། །དཔའ་བོ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཉེར་བཞི་པོ་རྣམས་དང་རྡོ་རྗེ་པདྨ་མཉམ་སྦྱོར་བའི་བདེ་བ་ལ་རོལ་པ། མཁའ་འགྲོ་མ་ནི་བརྩོན་འགྲུས་ཆེན་པོ་ལ་
སོགས་པ་རྣམས་དང་ཡེ་ཤེས་བདེ་བར་རོལ་པའོ། །དྲ་བའི་སྡོམ་པ་ནི་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་དེ། དེ་དག་བཅུ་གཉིས་པོ་ཡང་གཙོ་བོ་ཉིད་ཀྱིས་བདེ་ཆེན་དུ་སྙོམས་པར་འཇུག་པ་ལ་བསྟན་པའོ། །འཁོར་ལོ་བདེ་མཆོག་ཡིན་པར་འདོད། །ཅེས་ལྷ་ཐམས་ཅད་ཡབ་ཡུམ་
དུ་གནས་པ་དེ་ཉིད་གསང་སྔགས་ཉིད་ཀྱང་ཐབས་ཤེས་རབ་ཟུང་དུ་འབྲེལ་བས་གཉིས་སུ་མེད་པའི་ངང་དུ་གནས་པར་དགོད་པའོ། །སྙིང་པོ་གོ་བཟློག་ཏུ་བསྟན་པ་ནི། ཤེས་རབ་རློམ་པ་དག་རང་དགར་འཇུག་པ་དགག་པའི་ཕྱིར་བླ་མ་ལ་རག་ལུས་པར་བྱ་བའི་ཕྱིར་བསྟན་པ་སྟེ། གསང་སྔགས་

ལུགས་ལས་བཟློག་པར་བསྟན་པ་ཧཱ་སྭཱ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །དེ་ལྟར་ཡང་རྣལ་འབྱོར་མ་ཀུན་དུ་སྤྱོད་པ་ལས། ལྷ་རྣམས་བཟློག་སྟེ་བཀོད་པ་དང་། །བསྒོམ་པ་གསང་བའི་བཟློག་པ་དང་། །སྔགས་ཀྱི་བཀོད་པ་བཟློག་པ་ནི། །དངོས་གྲུབ་ཐམས་ཅད་རབ་
སྒྲུབ་བྱེད། །ཅེས་པའི་དོན་ཏོ། །རིག་པའི་རྒྱལ་པོ་ནི་ལམ་ལྔ་བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་སེམས་སུ་འདུས་པས་སྙིང་པོ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རབ་ཏུ་བསྐུལ་བ་སྟེ། མ་བྱུང་འབྱུང་བར་མི་འགྱུར་བ་ནི་ཐུབ་པ་མར་མེ་མཛད་ནས་ཐུབ་པ་འོད་སྲུངས་དང་། མགོན་པོ་མ་ཕམ་པས་
ཀྱང་གསུང་བར་མི་འགྱུར་བ། འོག་མིན་དག་པའི་ཞིང་ནི་མ་གཏོགས་པའོ། ཊ་ཕ་ཧཱུཾ་ཧཱུཾ་ཧ་ཧ། ཧྲཱི་ཨོཾ་ཞེས་རྗེ་བཙུན་ཡབ་ཡུམ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོ། །རྗེ་བཙུན་མའི་གོ་ཆའི་སྔགས་ནི། ཡི་གེ་ཨོཾ་བཾ་དང་ཧཾ་ཨོཾ་དང་ནི། །ཧྲིཾ་མོ་དང་ནི་ཧྲེཾ་ཧྲི་དེ་ཉིད་དང་། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་
བཤད་པ་ནི། རིམ་པ་ཅན་དང་རིམ་པ་བཟློག་པ་ཡང་ཤེས་པར་བྱའོ། །རྣལ་འབྱོར་མ་ནི་དྲུག་ཏུ་གྲགས། །ཞེས་གོ་ཆ་དྲུག་ལུས་ལའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུ་ཕཊ་སྭཱཧཱ། རྗེ་བཙུན་མའི་ཉེ་བའི་སྙིང་པོའི། །མཁའ་འགྲོ་མ་ཡི་རིག་པ་ཆེ་ནི་ཡབ་ཡུམ་གྱི་སྔགས་ཚན་བཞིའོ། །མ་བྱུང་འབྱུང་བར་མི་
འགྱུར་བ་ནི་དུས་གསུམ་གྱི་རྟོག་པས་མི་ཕྱེད་པ་རྡོ་རྗེ་ལྟ་བུའོ། །ད་ལྟར་བ་སྙིང་པོ་ལྟ་བུ་ནི་ས་སྟེང་ན་ནི་ཞེས་པས་རྡོ་རྗེ་ཐེག་པའི་བསྟན་པ་ལ་རིན་ཆེན་བཞི་ཞེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་སྡེ་ཚན་ཆུ་བོ་ལྟ་བུར་འབྱུང་བའོ། །བཞི་ནི་རྩ་བ་དང་སྙིང་པོ་དང་ཉེ་སྙིང་དང་གོ་ཆ་ཟུང་དུ་གྱུར་པ་
བསྡུས་པའོ། །ཕྲེང་བའི་སྔགས་ནི་ཞེས་དཔའ་བོ་དང་། རྣལ་འབྱོར་མའི་གསང་སྔགས་ལ་ཐོག་མཐའ་གཅིག་ཏུ་གྱུར་པའོ། །དམ་པ་ཡིན་ཞེས་པས་མཆོད་པའི་སྔགས་ལ་ཐམས་ཅད་ལ་ཐབས་ཤེས་རབ་ཆད་བར་ཤེས་པར་བྱ་བ་ཉིད་དོ། །མཁའ་འགྲོ་མའི་རིག་པ་ཆེན་མོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
མའི་སྔགས་རྣམས་སོ། །རིག་པའི་རྒྱལ་པོ་ཧེ་རུ་ཀ་ནི་བླ་ན་མེད་པའི་གསང་སྔགས་རྣམས་ཏེ། དེ་ཡང་མཆོད་པ་དང་བསྟོད་པ་གསོལ་བ་གདབ་པ་དབང་བསྐུར་བ་རྒྱས་གདབ་པ་བདུད་རྩི་མྱང་བ་ཐམས་ཅད་གསང་སྔགས་ཉིད་ལས་བྱུང་བར་རྟོགས་པར་བྱའོ། །ལེའུའི་མཚན་ནི་རྣལ་འབྱོར་མ་དྲུག་གི་

སྔགས་བཏུ་བའི་ཆོ་གའི་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་ནས། ལམ་གྱི་ཁྱད་པར་མངོན་པར་རྟོགས་པས་འབྲས་བུའི་གསང་ཆེན་ལ། ལེའུ་དང་པོར། སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །ཞེས་མདོར་བསྟན་ལ། བཅོམ་ལྡན་
འདས་ཀྱི་རྩ་བའི་སྙིང་པོ་ཉིད་ལས་ཆོ་ག་དུ་མར་འགྱུར་བ་མེ་དང་ཡོན་ཏན་དབང་ཕྱུག་ཉིད་དུས་དང་རྒྱུ་རྐྱེན་བྱེད་པའི་ཚུལ་གྱི་རབ་འབྱམས་རྟོག་པ་རྒྱ་མཚོའི་ཡེ་ཤེས་སྣང་བ་བསྟན་པར་འགྱུར། གང་ཟག་འཇིག་རྟེན་པའི་འབྲས་བུ་ལ་སོགས་པའི་ལེའུ་འདིས་སྟོན་ཏོ། །དེ་ཡང་ལེའུ་གཉིས་པ་དང་གསུམ་
པར་བསྟན་པའི་ཆོ་གས་དབང་བསྐུར་བ་ཐོབ་པས། ལེའུ་བཞི་པ་དང་བརྒྱད་པའི་སྟོད་བཞིན་དུ་ལྷ་ལ་དམིགས་ནས། ལེའུ་ལྔ་པ། དྲུག་པ་བདུན་པའི་རྩ་བའི་སྔགས་བཏུས་ནས། གསང་སྔགས་བཟླས་པའི་རྣལ་འབྱོར་གྱི་བསྙེན་པ་དང་ཉེ་བར་སྒྲུབ་པ་སྔོན་དུ་འགྲོ་བས་བྱ་བ་ལས་ཚོགས་འགྲུབ་པར་
འགྱུར་བ་ནི། རྩ་བའི་གསང་སྔགས་ཀྱི་ལས་ཚོགས་ནི་ལས་དང་དངོས་གྲུབ་མྱུར་དུ་གྲུབ་པའི་ཐབས་དང་ཐབས་ལས་བྱུང་བའོ། །གོ་རིམས་ཇི་བཞིན་ནི་དང་པོར་རྩ་སྔགས། ཕྲེང་སྔགས། སྙིང་པོ་མཆོད་པའི་སྔགས་དེ་དག་ནི་རྣམ་པར་བཤད་བྱ་སྟེ། དེ་ཡང་དག་པའི་རྣལ་འབྱོར་པས་སྦྱོར་བ་བསམ་
གཏན་ཙམ་གྱིས། འདྲེས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་དང་སྔགས་ཀྱིས་སོ། །མ་དག་པས་ནི་འཁྲུལ་འཁོར་རྫས་དང་ཕྱག་རྒྱ་ལྡན་པས་འགྲུབ་པའོ། །འཇིག་རྟེན་གསུམ་ན་གང་ཡོད་རྣམས། །ཞེས་བསྒྲུབ་པར་བྱ་བའི་ཡུལ་ཏེ་ཁམས་གསུམ་ན་གནས་པ་གང་ཡང་ངོ་། །ཐམས་ཅད་ནི་
གཞན་ཡང་རིགས་ལྡན་མཆོད་པ་དང་སྤྱོད་པ་རྗེས་སུ་འབྲེལ་བ་ལྟ་སྟངས་བྱའོ། །བྱ་བ་རྫོགས་པའི་སྐད་ཅིག་གིས་འགྲུབ་པར་འགྱུར་ཞིང་། གདུལ་བྱ་རྡོ་རྗེ་ཐེག་པ་ལ་དགོད་པའི་ཕྱིར་ཕྲིན་ལས་རྣམས་ཐམས་ཅད་མྱུར་དུ་གྲུབ་པར་བྱེད་པའོ་ཞེས་ཇི་ལྟར་བཤད་པ་རྣམས་སོ། །སྒྲུབ་པར་བྱེད་པའི་
ཐབས་ཀྱི་དབང་དུ་བྱས་ན། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཀྱི་ངོ་བོ་ཉིད་ལེའུ་ཉེར་ལྔ་པར་སྟོན་ལ། འདིར་ནི་ཆོ་གའི་རིམ་པ་ལས་གསང་སྔགས་ཀྱི་ཕན་ཡོན་འབྲས་བུའི་ཆེ་བ་དང་ལྡན་པ་སྟོན་པའོ། །རྒྱས་པར་བཤད་པ་ལ། ཀླུ་ཐམས་ཅད་དང་ཞེས་ནོར་རྒྱས་བུ་ལ་སོགས་པའོ། །ལྷ་ཐམས་

ཅད་ནི་ཚངས་པ་དང་། དབང་པོ་ལ་སོགས་པའོ། །གནོད་སྦྱིན་ཐམས་ཅད་ནི་རྣམ་ཐོས་སྲས་ལ་སོགས་པའོ། །དྲི་ཟ་ཐམས་ཅད་ནི་ཟུར་ཕུད་ལྔ་པ་ཅན་ལ་སོགས་པའོ། །སྐྱེ་གནས་ཐམས་ཅད་ནི་འགྲོ་བ་དྲུག་པའོ། །དྲན་པ་ཙམ་གྱིས་ནི་ཤིན་ཏུ་དག་པའི་རྣལ་འབྱོར་པའི་ཕྲིན་ལས་
སོ། །བྲན་དུ་ཁོལ་བ་དང་ཞི་བ་དང་རྒྱས་པ་དབང་དུ་བྱེད་པས་གསོད་པས་ཏེ་མངོན་སྤྱོད་ཀྱང་ངོ་། །ཆར་འབེབས་པར་བྱེད་པ་ནི་ངེས་བརྗོད་དང་རྡོ་རྗེ་མཁའ་འགྲོ་ནས་གསུངས་པ་ལྟར་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་བསྟན་པས་སོ། །ཡང་ན་རྩ་བའི་སྔགས་ཀྱི་འཁྲུལ་འཁོར་བྱས་ཏེ། དཀྱིལ་འཁོར་
རས་སམ་ཤིང་ཤུན་ལ་ཀླུ་བརྒྱད་དང་ལྡན་པའི་གཟུགས་བྲིས་ལ། ཕྱི་རོལ་ནས་འཁོར་ལོ་གསུམ་གྱིས་བསྐོར་ཞིང་དུག་དང་ལན་ཚྭ་དང་སྐེ་ཚེ་དང་ཚ་བ་གསུམ་དང་དུར་ཁྲོད་ཀྱི་ཐང་ཤིང་གི་དུད་པས་སྣག་ཚ་བྱས་ལ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་སྔགས་བཀོད་ལ། ཀླུ་བརྒྱད་པོ་རྣམས་ཀྱི་སྙིང་གར་ཕུ་
ཧཱུཾ་ནཱཾ་ཧཱུཾ་ཞེས་དགོད་ལ། དབུས་སུ་ཧཱུཾ་ཕུ་ནཱཾ་ཧཱུཾ་སརྦ་ནཱ་ག་བཪྵ་མ་ན་ཡ་བྷ་རི་ཤ་ཡ་ཧཱུཾ་ཕཊ་ཅེས་བྲིའོ། །ཡང་གྲོག་མཁར་གྱི་ས་དང་ཆུ་འགྲམ་གྱིས་རྫིང་བུའི་ས་ལ་བའི་རྣམ་ལྔ་དང་བསྲེས་ལ་ཀླུ་ནོར་རྒྱས་ཀྱི་གཟུགས་གདེངས་ཀ་བདུན་པ་ཅན་མཐོ་གང་ཙམ་དུ་བྱས་པའི་སྙིང་གར་སྔགས་ཀྱི་དཀྱིལ་
འཁོར་བཅུག་སྟེ་དགུག་གཞུག་བྱས་ནས། སྔགས་ཀྱི་འོད་སྤྲོ་བསྡུ་བཟླས་པ་ཁྲི་ཕྲག་ལ་སོགས་པ། ཀ་ར་བཱི་རའི་ལྕུག་མས་བཀབ་སྟེ་གུ་གུལ་དཀར་པོའི་དུ་བས་བདུག་ཅིང་། དྲི་བཟང་པོའི་ཆུས་ཁྲུས་བྱའོ། །གལ་ཏེ་ཆར་མ་བབ་ན། ཉི་མ་བདུན་པ་ལ་ལུས་དེ་དུམ་བུར་བྱས་ཏེ། རྫའི་བུམ་པར་
བཅུག་ནས་ཆུ་བོར་བསྐུར་ན་ཆར་འབེབས་པར་བྱེད་པའོ། །སྤྲིན་ཐམས་ཅད་འཐོར་བར་བྱེད་ཅིང་ཟློག་པར་བྱེད་དོ་ཞེས་ཆར་ཆེས་ན་སྤྲིན་དྲལ་བའི་ཆོ་ག་སྟེ། སྔ་མ་བཞིན་དུ་འཁྲུལ་འཁོར་བྲིས་ལ། ནོར་རྒྱས་ཀྱི་གཟུགས་ཀྱི་སྙིང་གར་གཞུག་སྟེ་དགུག་བསྟིམ་བྱས་ལ། ཡུངས་ཀར་གྱིས་བརྡེག་པའམ་
ཡང་ན་རྡོ་རྗེ་འཛིན་པ་ལ་ཕུལ་བའི་མེ་ཏོག་དག་དང་། གུ་གུལ་ནག་པོ་དང་བསྲེས་པའི་དུ་བས་བདུག་ཅིང་རྩ་སྔགས་ཟློས་ཤིང་། ཤ་ཆེན་གྱི་སྤོས་ཀྱིས་བདུགས་པས་འགྲུབ་པར་འགྱུར་བའོ། །རྒྱ་མཚོ་སྐེམས་པར་བྱེད་དོ་ནི། རང་གིས་ཀླུ་བརྒྱད་གནོན་པའི་ཞལ་ལྔ་པའི་མཁའ་ལྡིང་གི་ཧེ་རུ་ཀ་

བསྒོམས་ནས་བཟླས་པ་བྱས་ཏེ། མཚན་མ་བྱུང་བ་དང་། རྒྱ་མཚོ་ཆེན་པོའི་དབུས་སུ་གནས་པར་བསམས་ལ། ཉི་མ་བཅུ་གཉིས་ཀྱི་གཟི་བརྗིད་དང་ལྡན་པར་བསམས་པས་གདོན་མི་ཟ་བར་གྲུབ་པར་འགྱུར་བའོ། །ཡང་ཁ་ཊྭཱཾ་ག་དང་ཡང་ཐོད་པ་ལ་པདྨ་འདབ་མ་བརྒྱད་པ་རེ་རེ་ཞིང་ལ་ཡང་རྐང་པ་
བརྒྱད་པ་བྲི་ཞིང་། །ཆུ་བོ་ལ་ཁཊྭཱ་གས་བསྣུན་ན་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་སྟོན་ཏོ་ཞེས་པའི་དོན་ཏོ། །དབང་པོ་ཟློག་པར་བྱེད་པའི་དོན་ནི་སྔོན་དུ་བསྙེན་པའི་མཚན་མ་མཐོང་བས། རྩ་བའི་སྔགས་ཀྱི་འཁྲུལ་འཁོར་ཤིང་ཤུན་ལ་གུར་གུམ་གྱིས་བྲིས་ཏེ་ལག་པ་གཡོན་པར་བཞག་ལ། སྔགས་
ལས་འོད་འཕྲོ་བ་དང་ལྡན་པར་བསྒོམས་པས། སྡིགས་མཛུབ་བྱས་ན་ཐོག་ངེས་པར་བཟློག་གོ །གསང་སྔགས་འདི་ནི་རྩ་སྔགས་སོ། །བཟླས་བརྗོད་འབུམ་བྱས་པ་ནི་དཔལ་ཧེ་རུ་ཀ་རྒྱས་པའི་སྐུར་གསལ་བར། རྣལ་འབྱོར་པས་ཏྲི་ཤཱུལ་ཁ་སྦུབས་ཏེ་ས་ལ་བསྣུན་ནས་གཡོ་བར་བྱེད་པའོ། །ཤིང་ལ་
འཛེགས་ཏེ་ཞེས་པ་ནི་གསེར་ཤིང་གི་ས་བོན་སྦྲུལ་ནག་གི་ཚིལ་བུས་ལན་ཉི་ཤུ་སྤབས་ལ། བྱ་རོག་གི་ཐོད་པར་དུར་ཁྲོད་ཀྱི་ས་དང་ཐལ་བ་སོལ་བ་དང་བསྲེས་ཏེ་བླུགས་ལ། ལམ་གྱི་སུམ་མདོར་སྦས་ཏེ་མཚམས་བཅད་པ་དང་སྲུང་བ་ལ་སོགས་པ་བྱས་ལ་འབྲས་བུ་སྨིན་ཙམ་ན་བུ་མོ་གཞོན་ནུ་མའི་ལག་པ་
གཡོན་པས་བཟུང་སྟེ་ཁྲིད་ལ། དེའི་ལག་པ་གཡོན་པར་ཐོད་པའི་ནང་དུ་འབྲས་བུ་རྣམས་བཏོགས་ནས་འཇུག་ཏུ་གཞུག་གོ། །དེ་ནས་ཐོད་པའི་ནང་གི་འབྲུ་གུ་དེ་ལ་སྔགས་འབུམ་བཟླས་ཏེ་ཐུམ་པོ་བྱས་ནས་སྐེར་བཏགས་ནས་ཤིང་ལ་འཛེགས་ན། འགྲོ་བ་གཞན་གྱིས་བྱར་མཐོང་ཞིང་རང་ཉིད་གང་
དུ་འགྲོ་བར་འདོད་པ་དེར་འགྲོ་བར་བྱེད་དོ་ཞེས་པའི་དོན་ཏོ། །སྔགས་འཕྲོག་པར་བྱེད་པ་ནི་གཞན་གྱིས་བདག་ལ་བྱད་ཀ་ལྟ་བུ་ལ། བསྒྲུབ་བྱའི་གཟུགས་བྲིས་པའི་ལྕེ་ལ་རྩ་སྔགས་ཀྱི་འཁྲུལ་འཁོར་དུག་ལ་སོགས་པས་བྲི་ལ། ཆེ་གེ་མོའི་ངག་བཱཀ་སྟཾ་བྷ་ཡ་ལྷ་དང་བཅས་པ་ནན་ཞེས་བྲི་ཞིང་བཟླས།
རྡོ་རྗེ་རི་རབ་ཟུར་བརྒྱད་པས་མནན་པར་བྱས་ན་འགྲུབ་པའོ། །དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་པ་ནི་བསྒྲུབ་བྱ་དེའི་གཟུགས་བྱས་ནས་སྙིང་གར་རྩ་སྔགས་ཀྱི་འཁྲུལ་འཁོར་བཅུག་ལ་དྲག་པོའི་སྦྱིན་སྲེག་བྱ་ཞིང་། ཐལ་བ་ཆུ་བོར་དོར་ཞིང་ཡང་ན་མནན་པ་བྱས་པས་འགྲུབ་པའོ། །ཁྲག་

འདྲེན་པར་བྱེད་པ་ནི་རས་ཆུས་སྤངས་པ་ལུས་ལ་གྱོན་ལ་ཁྲག་གཏུམ་པོའི་ཐོད་པར་མདུན་དུ་བཞག་ལ་དེ་ནས་མཛུབ་མོ་ལ་ཛ་བཀོད་དེ་གཏུམ་པོའི་ཐོད་པར་མཉེས་པས་ལུས་ཀྱི་རས་བསྐམས་པ་དེ་སྲིད་དུ་གཞན་གྱི་ལུས་བསྐམས་ནས་ཁྲག་ཚུར་ཁུགས་པར་བསམ་པས་འགྲུབ་
པའོ། །སླར་ཡང་གཏོང་བར་བྱེད་དོ་ཞེས་པ་རང་གི་སྲིན་ལག་ལ་ཧྲཱིཿ་དང་ཧོ་བཀོད་ལ་དྲུད་པས་གསོ་བར་བྱའོ། །གཟུགས་བརྒྱ་སྟོང་ཕྲག་དུ་མར་བྱེད་དོ་ཞེས་པའོ། །ད་དུ་རའི་འབྲས་བུ་སྨིན་པ་བླངས་ལ། བདུད་རྩི་ལྔས་སྦགས་ཏེ། ཁྱི་ནག་པོའི་ཐོད་པར་གཏུམ་པོའི་ས་བོན་དང་སྦགས་ཏེ། དུར་ཁྲོད་དུ་
བསྐྱེད་ལ་སྲུང་བ་ལ་སོགས་སྔ་མ་བཞིན་དུ་བྱས་ཏེ། སྨིན་པ་དང་བཏུས་ལ་ཆ་གསུམ་དུ་བགོས་ཏེ། གཅིག་བླ་མ། གཅིག་ཧེ་རུ་ཀ་ལ། གཅིག་རང་གི་དགོས་པ་བྱ་སྟེ། རང་གིས་དེ་ལ་གང་གི་གཟུགས་སུ་བྱེད་པར་འདོད་པ་དེའི་རིགས་ཀྱི་ཤའི་དུ་བས་བདུགས་ཏེ། ཐུམ་པོ་བྱས་སྐེར་བཏགས་ན་གང་
དུ་བྱས་པ་དེ་དང་དེའི་གཟུགས་སུ་འགྱུར་ཏེ། འདོད་ན་སྣང་བར་བྱེད་ཅིང་ནི་གསེར་ཤིང་གི་ས་བོན་བླངས་ཏེ་ཉི་ཤུ་བརྒྱད་ནས་དགུ་ལ་བྱ་ཁྭ་ཏའི་ཐོད་པའི་ནང་དུ་སྦྲུལ་ནག་པོའི་ཁྲག་གིས་བསྐུས་ཏེ་བསྐྱེད་པས་སྨིན་པ་དང་བླངས་ཏེ་གང་གི་མགུལ་དུ་བཅིངས་ན་མི་སྣང་བར་བྱེད། བཀྲོལ་ན་སྣང་བར་བྱེད་པའོ།
ཁང་བཟངས་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ་ཞེས་པ་ལ། བསྙེན་པ་ལ་ནུས་པ་ཐོབ་ནས་ཧེ་རུ་ཀ་རྒྱས་པའི་རྣལ་འབྱོར་གྱིས་དགྲ་སྟ་ལ་རྐང་བརྒྱད་པའི་འཁྲུལ་འཁོར་དྲུག་ལ་སོགས་པ་བྲིས་ཏེ། ཁྲོས་པའི་ཚུལ་གྱིས་བསྣུན་ན་རྡུལ་དུ་བྱེད་པར་འགྱུར་རོ། །དུག་བདུད་རྩིར་བྱེད་པ་ནི་ལག་པ་གཡོན་པའི་སྟེང་
དུ་ཟླ་བའི་དཀྱིལ་འཁོར་ལ་རྩ་བའི་སྔགས་ཀྱི་འཁྲུལ་འཁོར་བཀོད་དེ། གཡོན་པའི་སྣ་སྒོའི་རླུང་གིས་ལན་གསུམ་དུ་བུས་ཤིང་དུག་ལ་སྔགས་ཀྱིས་ཟིན་པས་བཅུད་དུ་འགྱུར་རོ། །བདུད་རྩི་ཡང་དུག་ཏུ་བྱེད་པ་ནི་བྲམ་ཟེ་མཚོན་གྱིས་བསད་པའི་ཐོད་པར་གྲོག་མཁར་གྱི་ས་དང་ད་དུ་རའི་འབྲས་བུ་བསྲེས་ཏེ།
ལམ་གྱི་བཞི་མདོར་བསྐྱེད་པ་དང་བསྡུ་བ་སྔར་དང་འདྲ་བར་ཤེས་པར་བྱས་ལ། འབྲས་བུ་དེ་དུར་ཁྲོད་ཀྱི་སོལ་བ་དང་བསྲེས་ནས་ལྡེ་གུ་བྱས་ཏེ། དཔྲལ་བར་ཐིག་ལེ་བྱས་ཏེ་ཟས་གང་ལ་བཏབ་པ་ཙམ་གྱིས་དུག་ཏུ་འགྱུར། རང་གིས་ཟོས་ན་སྨན་དུའོ། །ཟླ་བ་ནི་ནུས་པ་ཐོབ་པས་སྔགས་ཙམ་

གྱིས་ཤྲཱི་ཁཎྜ་ལྟར་འོ་མར་ཆུ་ནི་ཆང་དུ་ཀུ་སུ་མའི་ཕྱེ་མ་དང་། འཛམ་བུ་རའི་ཁུ་བའོ་མར་བླུགས་ནའོ། །ཆུ་ཡང་ཟླ་བར་བྱེད་པ་ནི་སྨན་ཨ་རྐའི་མེ་སྦར་ལ། པདྨའི་སྣལ་མའི་ཕྱེ་མ་དང་ར་དཀར་མོའི་འོ་མས་ལན་མང་དུ་བྱུགས་ཏེ། ཞི་བའི་སྦྱིན་སྲེག་གི་ཐལ་བ་ལ་ཙི་ཏྲི་ཀའི་ཁུ་བ་དང་སྦྲུས་ཏེ། རི་ལུ་གྲིབ་
བསྐམས་བྱས་ཏེ་སེན་མོའི་སྟེང་དུ་བཅུག་ལ་ཆང་གི་སྣོད་དུ་དཀྲུགས་ན་འོ་མ་ལྟ་བུའི་ཁ་དོག་ཏུ་འགྱུར་རོ། །ཀུ་སུ་མའི་ཕྱེ་མ་དང་འཛམ་བུའི་ཁུ་བ་དང་བཅས་པའོ་མའི་ནང་དུ་བླུགས་ན་ཆང་དང་འདྲ་བར་འགྱུར་རོ། །དྲི་ཐམས་ཅད་འཕྲོག་པར་བྱེད་པ་ནི་ཚེར་མ་དང་བཅས་པའི་ཤིང་ཀ་རཉྫའི་ཕྱེ་མ་དང་
བསྲེས་པའི་ཕྱེ་མས་བདུགས་ནའོ། །གང་དུ་འདོད་པ་དེར་འཕོ་བར་འདོད་པ་ནི་ཀ་རཉྫ་ན་དང་། ཤ་ཀ་རའི་ཕྱེ་མ་གུ་གུལ་དང་བསྲེས་པའི་གླ་རྩི་ལ་བདུགས་ན་གུ་གུལ་གྱི་དྲིར་འགྱུར་ལ། གླ་རྩི་དང་བསྲེས་པ་ནི་གླ་རྩིའི་དྲི་འཕོ་བར་འགྱུར་བའོ། །ནམ་མཁའ་ལྡིང་གི་གདོང་ཞེས་པ་ནས། འབྲས་བུ་
དང་བཅས་པར་འགྱུར་ཞེས་པའི་བར་གྱིས་ནི་རིགས་ལྡན་མ་མཆོད་པའི་དུས་དང་ཕན་ཡོན་དང་བཅས་པ་སྟེ། དེ་ཡང་རྣལ་འབྱོར་གྱི་ལམ་པའི་ནང་གི་མཆོད་པ་ནི། ནམ་མཁའ་ལྡིང་ནི་སྤྱི་བོའི་ཧཾ་ངོ་། །གདོང་ནི་གཏུམ་མོའོ། །ཆོས་ཐམས་ཅད་སྣ་ཚོགས་སུ་སྣང་བ་སྟེ་འགྲོ་བ་ཉིད་དོ། །འབྱིན་པར་
བྱེད་པ་ནི་བདེ་སྟོང་འཆར་བའོ། །ཞི་བ་ནི་བྱང་སེམས་སོ། །འདུས་པ་ནི་འབར་འཛག་ལ་དམིགས་པའོ། །ལྷ་མོ་ནི་ཡེ་ཤེས་མེ། ཀུན་དུ་སྤྱོད་ཅིང་ནི་རྩ་དབུ་མར་རོལ་པའོ། །ཕོ་ཉའི་ལམ་པ་ལྟར་ན། ནམ་མཁའ་ལྡིང་ནི་ལིངྒའོ། །གདོང་གི་ནི་རྩ་ཁ་ཁྭ་མུ་ཁོའོ། །ཆོས་ཐམས་ཅད་ལྷན་ཅིག་སྐྱེས་
པར་འགྲོ་བ་ཉིད་དོ། །འཛིན་པར་བྱེད་ཅིང་ནི་ཉམས་སུ་ལེན་པར་བྱེད་པའོ། །ཞི་བ་ནི་བྱང་ཆུབ་ཀྱི་སེམས་སོ། །འདུས་པ་ནི་སྙོམས་འཇུག་གི་དུས་སུ་མཉམ་པར་འདུས་པ་ལས་སོ། །ཡང་ན་ནམ་མཁའ་ལྡིང་ནི་ཐིག་ལེ་བདེ་བའོ། །འགྲོ་བའི་ནི་ལག་པ་བརྐྱང་བའོ། །གདོང་ནི་ཁ་ཐུར་དུ་བལྟས་