Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 16
Văn bản gốc(Tây Tạng)
Trang 9 / 21 (50.000 ký tự/trang)
རྣམ་པར་དག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདི་རྣམས་ལ་བདེན་པ་གཉིས་ཀ་ལས་ཀྱང་དབང་བཞི་པ་ལྷན་ ཅིག་སྐྱེས་པའི་དགའ་བ་མ་ཡིན་པར་འགྱུར་རོ། །གལ་ཏེ་གྱུར་ན་དེའི་ཚེ་དགའ་བ་བཞི་པོ་རྣམས་ཀྱི་རིམ་པར་འགྱུར་རོ། །གལ་ཏེ་དེ་ལྟར་དགའ་བ་ནི་བུམ་པའི་དབང་དུ་འགྱུར་རོ། །མཆོག་ཏུ་དགའ་བ་ནི་གསང་བའི་དབང་དུ་འགྱུར་རོ། །དགའ་བྲལ་གྱི་དགའ་བ་ནི་ཤེས་རབ་ཡེ་ ཤེས་ཀྱི་དབང་དུ་འགྱུར་རོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཞི་པ་དེ་ཡང་དེ་བཞིན་གྱི་དབང་དུ་འགྱུར་རོ། །དེ་ལྟ་ན་དགའ་བ་ལ་སོགས་པའི་སྐད་ཅིག་མའི་དབྱེ་བས་དབང་བསྐུར་བ་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་མེད་པར་འགྱུར་བའི་ཕྱིར་མ་ཡིན་པ་ཉིད་དོ། །འདིར་འཇིག་ རྟེན་ཀུན་རྫོབ་ཏུ་བུམ་པས་དབང་བསྐུར་བ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །གསང་བར་བལྟ་བས་བདུད་རྩི་མྱང་བ་ནི་གསང་བའི་དབང་བསྐུར་བའོ། །ལས་ཀྱི་ཕྱག་རྒྱ་གཏད་པས་དབང་པོ་གཉིས་ལས་སྐྱེས་བར་འགྱུར་བའི་བདེ་བ་རྟོགས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ བའོ། །ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་སེམས་ཀྱི་བདེ་བ་རྟོགས་པས་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ་ཞེས་པ་འཇིག་རྟེན་པའི་བདེན་པས་དྲང་བའི་དོན་གྱིས་དབང་བསྐུར་བའི་ཆོ་ག་རྣམ་པ་བཞིའོ། །དོན་དམ་པས་ནི་སླར་ཡང་འདི་ཕྱིན་ཅི་ལོག་པ་དང་དོན་མེད་པའོ། ། འདིར་གལ་ཏེ་དང་པོར་བུམ་པའི་དབང་བསྐུར་བ་ན་སློབ་མ་སློབ་དཔོན་དུ་གྱུར་ན། དེའི་ཚེ་གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པ་ལ་ཡང་ཇི་ཞིག་འབྱུང་བར་འགྱུར། སློབ་དཔོན་ཉིད་ནི་རྡོ་རྗེ་འཆང་གི་མིང་སྟེ། དེ་ཇི་ལྟར་དང་པོ་བུམ་པའི་དབང་གིས་དབང་བསྐུར་བས་སློབ་ དཔོན་ཞེས་བྱ། དེའི་ཕྱིར་འདི་ནི་གང་ཞིག་བྱིས་པའི་སྐྱེ་བོ་རྣམས་ཀྱི་འཁྲུལ་པ་སྟེ་རིགས་པས་མི་འཐད་པའི་ཕྱིར་རོ། །འདིར་རྒྱུད་གཞན་དང་དགོངས་པའི་སྐད་གཞན་དང་ངེས་པའི་དོན་གྱིས་སླར་ཡང་བུམ་པའི་སྒྲས་ནུས་མ་བརྗོད་དེ། དེ་ལ་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་ པ་ནི་བུམ་པའི་དབང་བསྐུར་བའོ། །གསང་བར་རྡོ་རྗེ་སྤྲོས་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་ནི་གསང་བའི་དབང་བསྐུར་བའོ། །དབང་པོ་གཉིས་སྙོམས་པར་ཞུགས་པ་ན་གང་ཞིག་འཛག་པའི་བདེ་བ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཕྱག་རྒྱ་ཆེན་པོའི་རྗེས་སུ་ཆགས་ པས་གང་ཞིག་འགྱུར་བ་མེད་པའི་བདེ་བ་དེ་ནི་བཞི་པ་དེ་ཡང་དེ་བཞིན་གྱི་དབང་བསྐུར་བའོ། །དེ་ལྟར་འཇིག་པ་དང་འགྱུར་པ་དང་འཛག་པ་དང་འགྱུར་བ་མེད་པའི་དབྱེ་བས་དབང་བསྐུར་བ་རྣམ་པ་བཞིའོ། །འདིར་དབང་བསྐུར་བར་བྱེད་པ་ནི་དབང་སྟེ། བདེ་བའི་སེམས་དང་ལྡན་པར་བྱེད་པའི་ ཕྱིར་རོ་ཞེས་པའི་དོན་ཏོ། །འདིར་བཅོམ་ལྡན་འདས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་སུ་གསུངས་པ། དང་པོར་དབང་བསྐུར་བདུན་པོ་གང་། །བྱིས་པ་རྣམས་ནི་གཟུང་ཕྱིར་རོ། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་སྟེ། །དམ་པའི་དོན་གྱིས་བཞི་པའོ། །བུམ་པ་ གསང་བའི་དབང་བསྐུར་དང་། །ཤེས་རབ་ཡེ་ཤེས་ཞེས་བྱ་དང་། །སླར་ཡང་ཤེས་རབ་ཆེན་པོ་དང་། །དེ་ནི་ཡེ་ཤེས་སུ་བརྗོད་དོ། །འགྱུར་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །དབང་བསྐུར་གསུམ་གྱི་རིམ་པ་ཡིས། །ལུས་ངག་སེམས་ནི་ཡང་དག་སྦྱོར། ། བཞི་པ་ཡེ་ཤེས་དག་པ་སྟེ། །ལུས་ངག་སེམས་ནི་སྦྱོང་བའོ། །ཞེས་པ་སྟེ། དེ་ལྟར་དབང་བསྐུར་བ་བཞིའོ། །འདི་རྣམས་ཀྱི་དབང་བསྐུར་བ་རེ་རེ་ལ་དགའ་བ་བཞི་བཞིའོ། །དགའ་བ་རེ་རེ་ལ་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་དབྱེ་བས་གནས་སྐབས་བཞི་སྟེ་ཐིག་ལེ་བཞིའི་དབྱེ་བས་སོ། ། དེ་ལྟར་ཆ་བཅུ་དྲུག་གི་དབྱེ་བས་དབང་བསྐུར་བ་སོ་སོ་ལ་དགའ་བ་བཅུ་དྲུག་སྟེ་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་ཐིག་ལེའི་དབྱེ་བས་བཞིའོ། །དེའི་ཕྱིར་དཀར་པོའི་ལྔ་པ་ནི་དགའ་བའོ། །བཅུ་པ་ནི་མཆོག་ཏུ་དགའ་བའོ། །ཉ་ནི་དགའ་བྲལ་གྱི་དགའ་བའོ། །ཆ་བཅུ་དྲུག་པ་ནི་ལྷན་ ཅིག་སྐྱེས་པའི་དགའ་བ་སྟེ། དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་གསང་བར་ཁུ་བ་བགྲོད་པས་ཞེས་པ་དང་། གསང་བ་ལས་རྡོ་རྗེ་ནོར་བུའི་ནང་དུ་བགྲོད་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པའོ། །དེ་ནས་ནག་པོའི་ཚེས་གཅིག་འོངས་པ་ན་ཁུ་བ་ཉམས་པར་འགྱུར་ཏེ། དེའི་ ཕྱིར་ལྔ་པ་ནི་དགའ་བ་ཟད་པའོ། །བཅུ་པ་ནི་མཆོག་ཏུ་དགའ་བ་ཟད་པའོ། །གནམ་སྟོང་ནི་དགའ་བྲལ་གྱི་དགའ་བ་ཟད་པའོ། །གནམ་སྟོང་གི་མཐར་བཅུ་དྲུག་པ་ནི་ཟླ་བའི་ཆ་ཉམས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཟད་པ་སྟེ། གསང་བ་དང་སྙིང་ག་དང་དཔྲལ་བ་དང་ཁུ་བ་ཉམས་ པས་ཆགས་བྲལ་དང་། གཙུག་ཏོར་དུ་ཟླ་བའི་ཆ་བྱང་ཆུབ་ཀྱི་སེམས་ཉམས་པ་ནི་ཆགས་བྲལ་ཆེན་པོའོ། །པདྨར་རྡོ་རྗེ་ལྷུང་བ་ལས་ལུས་ཀྱི་ཁམས་ཟད་པའོ། །དེ་ལྟར་འཁོར་བ་པ་རྣམས་ཀྱི་ཆགས་པ་དང་ཆགས་བྲལ་རབ་ཏུ་འཇུག་པ་དེས་ན་འཁོར་བའོ། །དེའི་ཕྱིར་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྤངས་ཏེ། ཡིད་བྱང་ཆུབ་ཀྱི་སེམས་ནང་དུ་ཆུད་པས་འདོད་པའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ་ཞེས་པ་སྟེ། དཔྲལ་བར་ཟླ་བ་ཞུ་བ་རྡོ་རྗེ་ནོར་བུར་བཟུང་བས་བྱ་རོག་གདོང་ཅན་ཨ་ཝ་དྷཱུ་ཏཱིར་ཡིད་ནང་དུ་ ཆུད་པས་འདོད་པའི་དངོས་གྲུབ་བསྒོམ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པར། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། ། སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་པ་དབང་བསྐུར་བའི་རྡོ་རྗེའི་ཚིག་བཤད་པར་བྱའོ། །འདིར་ཆགས་བྲལ་ནི་ནག་པོའི་ཕྱོགས་ཏེ་སྔར་བརྗོད་དོ། །དེའི་དང་པོ་ནི་གང་ཞིག་ཆགས་པ་ཆེན་པོ་སྟེ། དེ་ནི། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་པ་འབྲས་བུ་མང་པོས་ངེས་ པར་བསྟན་པའོ། །དེ་བཞིན་དུ་དེའི་ཆོས་མི་མཐུན་པས་ཆ་བཅོ་ལྔའི་བདག་ཉིད་ཅན་དཀར་པོའི་ཕྱོགས་ནི་ཆགས་པའོ། །དེའི་མཐར་ཆགས་པ་ཆེན་པོ་སྟེ་ཆ་བཅུ་དྲུག་པ་ཞེས་སོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པ་རྡོ་རྗེ་རྫོགས་སངས་རྒྱས་ནི་ལངས་པ་སྟེ་སྐྱིལ་ཀྲུང་ ནི་གདན་ནོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་གང་གི་རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ནི་ནོར་བུའི་ནང་དུ་པདྨ་ཆུད་པ་ལ་གནས་པའི་དོན་ཏེ། བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པའི་ཕྱིར་རོ། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ ལེ་བཞི་འཛིན་པའོ་ཞེས་པ་སྟེ་འདི་ནི་འཆད་པར་འགྱུར་བར་བརྗོད་པར་བྱའོ། །དེ་བཞིན་དུ་ཀྱེའི་རྡོ་རྗེར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཟླ་བར་གྱུར་པ་བྱང་ཆུབ་སེམས། །བཅོ་ལྔ་ཆ་ཡི་བདག་ཉིད་ཅན། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། ། ཞེས་པའོ། །འདི་ཡང་དབང་བསྐུར་བའི་རྡོ་རྗེའི་ཚིག་སྟེ་བཤད་པར་བྱའོ། །འདིར་ཚེས་གཅིག་ལ་སོགས་པ་ཇི་སྲིད་དཀར་པོ་ལྔའི་བར་ཚེས་ལྔ་རྣམས་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་ཕུང་པོ་ལྔ་རྣམ་པར་དག་པ་སྟེ་དང་པོའི་དགའ་བའི་འཁོར་ལོའོ། །དེ་བཞིན་དུ་དྲུག་པ་ལ་ སོགས་པ་ཇི་སྲིད་བཅུའི་བར་ཚེས་ལྔ་རྣམས་པུཀྐ་སཱི་ལ་སོགས་པའི་རྣལ་འབྱོར་མ་ཁམས་ལྔ་རྣམ་པར་དག་པ་སྟེ་གཉིས་པ་མཆོག་ཏུ་དགའ་བའི་འཁོར་ལོའོ། །དེ་བཞིན་དུ་བཅུ་གཅིག་པ་ལ་སོགས་པ་ཇི་སྲིད་ཉའི་བར་ཚེས་ལྔ་རྣམས་གཽ་རཱི་ལ་སོགས་པའི་རྣལ་ འབྱོར་མ་ཡུལ་ལྔ་རྣམ་པར་དག་པ་སྟེ། གསུམ་པ་དགའ་བྲལ་གྱི་དགའ་བའི་འཁོར་ལོའོ། །དེའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་ཀྱེའི་རྡོ་རྗེ་བཅོམ་ལྡན་འདས་སྟོང་པ་ལས་སྟོང་པ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བཅུ་དྲུག་པའོ་ཞེས་པ་དབང་གི་དོན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ ཀྱིས་གསུངས་པ། དང་པོ་དགའ་བར་རབ་ཏུ་བརྗོད། །མཆོག་ཏུ་དགའ་བ་གཉིས་པ་སྟེ། །དགའ་བྲལ་དགའ་བ་གསུམ་པའོ། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་པ་དེ་ལྟ་བུ་ལ་སོགས་པ་ནི་དབང་གི་དོན་ནོ། །འདིར་ལྷ་མོ་ལྔ་ལྔའི་འཁོར་ལོ་གསུམ་གྱི་མཐར་བཞི་ པ་ལྷན་ཅིག་སྐྱེས་པའི་དགའ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བཅུ་དྲུག་པ་འཇིག་རྟེན་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ། རྣམ་པ་ཐམས་ཅད་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་ ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་པ་དབང་བསྐུར་བའི་རྡོ་རྗེའི་ཚིག་འདི་བཤད་པར་བྱ་སྟེ། རྣམ་པ་ཐམས་ཅད་རྣམ་པ་མེད། །ཅེས་པ་ནི་རྒྱུ་སྟེ་སྔར་བརྗོད་པའི་སངས་རྒྱས་ཀྱི་གཟུགས་བརྙན་ཞེས་པའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། ། ཞེས་པ་ནི་འབྲས་བུ་སྟེ་བྱང་ཆུབ་ཀྱི་སེམས་ཞུ་བའི་ཐིག་ལེ་བཞི་འཛིན་པའོ། །ཆ་མེད་པ་ནི་བཅོ་ལྔའི་མཐར་གནས་པའོ། །ཆ་ལས་འདས་པ་ནི་ནག་པོའི་ཚེས་གཅིག་ལ་མ་ཞུགས་པའོ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་ མཐའ་འཆང་བའི་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་ན་དབང་བསྐུར་བ་གསུམ་པ་དེ་ཉིད་བཞི་པར་མི་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ། བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་གསུམ་པ་ལས་བཞི་པ་ཐ་དད་པར་གསུངས་པ། བུམ་པའི་དབང་ནི་ དང་པོ་སྟེ། །གཉིས་པ་གསང་བའི་དབང་དུ་འདོད། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ནི་ཇི་ལྟར་དེ་བཞིན་མིན། །ཞེས་པ་དང་། དེ་བཞིན་དུ་སླར་ཡང་དེ་ཉིད་ཀྱི་ལེའུ་བཅོ་ལྔ་པར། ཆུ་ཡི་དབང་ནི་དང་པོ་སྟེ། །ཅོད་པན་དབང་བསྐུར་གཉིས་པའོ། །གསུམ་པ་དར་དཔྱངས་དབང་བསྐུར་ཏེ། ། རྡོ་རྗེ་དྲིལ་བུས་བཞི་པའོ། །ལྔ་པ་རང་གི་བདག་པོ་ཉིད། །མིང་གི་དབང་ནི་དྲུག་པ་སྟེ། །སངས་རྒྱས་རྗེས་གནང་བདུན་པར་འདོད། །བརྒྱད་པ་བུམ་པའི་དབང་ཡིན་ཏེ། །གསང་བའི་དབང་ནི་དགུ་པ་ཡིན། །ཤེས་རབ་དབང་བསྐུར་བཅུ་པའོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས། །རྡོ་རྗེ་བརྟུལ་ ཞུགས་ཀུན་སྦྱིན་ཞིང་། །རང་ཉིད་སྟོན་པ་ལུང་སྟོན་པ། །འདི་ནི་དབང་བསྐུར་ཆོ་ག་ཡིན། །སློབ་དཔོན་བརྙས་པར་མི་བྱ་ཞིང་། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །ཞེས་པ་དེ་ལྟར་དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས་ཞེས་པས་གཙོ་བོར་དབང་བཅུ་གཅིག་པ་བཅོམ་ལྡན་འདས་ཀྱིས་རབ་ཏུ་ གསལ་བའི་གསུང་ལས་མཁས་པ་རྣམས་ཀྱི་དབང་བཞི་པའམ་བཅུ་གཅིག་པ་ཐ་དད་པར་རྟོགས་པར་བྱའོ། །དེ་ལྟར་ཐར་པ་འདོད་པ་རྣམས་ཀྱིས་ཐམས་ཅད་དུ་བླ་མ་དམ་པའི་ཉེ་བར་བསྟན་པ་དང་མང་དུ་ཐོས་པ་དང་། །རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་སྟེ། ཕྱག་རྒྱ་ཆེན་ པོ་བསྒོམ་པའི་དབང་བསྐུར་བའི་ཆོ་གས་ཡིད་ནི་ནང་དུ་ཆུད་པས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ད་ནི་རང་རྫས་ཞེས་པ་ལ་སོགས་པས་བདེ་བ་ཆེན་པོའི་མཆོད་པ་བརྗོད་པར་བྱའོ། །འདིར་ཤེས་རབ་དང་ཐབས་ཀྱི་རྒྱུད་ལས་མཆོད་པ་རྣམ་པ་གཉིས་ཏེ། ཕྱི་རོལ་གྱི་མཆོད་པ་དང་ནང་གི་མཆོད་པའོ། །དེ་ལ་ཕྱི་རོལ་གྱི་མཆོད་པ་ནི་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་རྣམས་དང་། བདུད་རྩི་ལྔ་དང་སྒྲོན་མ་ལྔ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཡང་དག་པར་ཚིམ་པར་བྱེད་པའོ། །ནང་གི་མཆོད་པ་ ནི་རང་རྫས་ཐིག་ལེས་མཆོད་པར་བྱ་སྟེ། གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་སོན་པའི་ཐིག་ལེ་བཞི་པོ་རྣམས་ཀྱིས་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་། །སྐྱེས་བུའི་བྱེད་པ་དང་དྲི་མ་མེད་པའི་རང་བཞིན་རྣམ་པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་ མཚན་ཉིད་དང་བྲལ་བ་ལུགས་དང་མི་མཐུན་པའི་ཆོས་དེ་རྣམས་ཀྱིས་སོ། །སངས་རྒྱས་ཞེས་པ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ དང་ཡིད་ཀྱི་དབང་པོའི་ཁམས་རྣམས་སོ། །ཀྱང་ཡིག་གིས་ས་ལ་སོགས་པའི་ཁམས་དང་གཟུགས་ལ་སོགས་པ་ཡུལ་གྱི་ཁམས་རྣམས་མཆོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་མི་འཛག་པའི་ཐིག་ལེས་བདེ་བ་ཆེན་པོ་འགྱུར་བ་མེད་པ་རྣམས་ཀྱིས་ཡོངས་སུ་དག་པར་བྱའོ་ཞེས་པ་ངེས་ པའི་དོན་ཏོ། །ཕྱི་རོལ་དུ་སླར་ཡང་ཐིག་ལེ་འཛག་པས་ཉམས་སུ་མྱོང་བ་རྣམས་ཀྱིས་ཕྱི་རོལ་རྣམ་པར་དག་པའི་དོན་དུ་མཆོད་པར་བྱའོ། །ནང་དུ་ནི་ཕྱག་རྒྱ་ཆེན་པོ་རྣམ་པར་དག་པའི་ཕྱིར་རང་རྫས་ཐིག་ལེ་ནོར་བུའི་ནང་དུ་སོན་པ་རྣམས་ཀྱིས་མཆོད་པའོ་ཞེས་པ་ཐིག་ལེའི་མཆོད་པའི་ངེས་ པའོ། །དེ་ནི་མཐོང་བ་ཞེས་པ་ལ་སོགས་པ་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་བརྗོད་པར་བྱའོ། །འདིར་མཐོང་བ་རྣམ་པ་གཉིས་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དེ་བཞིན་དུ་རེག་པ་ཡང་ངོ་། །འདིར་ཕྱི་རོལ་གྱི་མཐོང་བ་ནི་ལས་ཀྱི་ཕྱག་རྒྱ་དང་མཐོང་བ་དང་ཡེ་ཤེས་ ཀྱི་ཕྱག་རྒྱ་རབ་ཏུ་བརྟག་པར་བྱའོ། །རེག་པ་ནི་དེ་དག་གི་ཁ་དང་སྟན་དང་སྐྱེ་གནས་ལ་རེག་པ་སྟེ། མཐོང་བ་དང་རེག་པ་གཉིས་པོ་དེ་དག་ལས་ཞེས་སོ། །ནང་དུ་ནི་ཁམས་གསུམ་པ་མ་ལུས་པ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མཐོང་བ་དང་། ཕྱག་རྒྱ་ཆེན་པོ་མཐོང་བ་དང་། དེ་དག་གི་ བདེ་བ་ཆེན་པོ་ལ་རེག་པ་དང་། མཐོང་བ་དང་རེག་པ་གཉིས་པོ་དེ་དག་ལས་ཞེས་པའོ། །དེ་བཞིན་དུ། ཐོས་པ་དང་ནི་དྲན་པས་ཀྱང་། །ཞེས་པ་འདིར་དམ་པའི་ཆོས་ཐོས་པ་དང་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དྲན་པས་ཞེས་པ་སྟེ། ཐོས་པ་དང་དྲན་པ་དེ་དག་གིས་ཀྱང་། སྡིག་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་པ་ལུས་དང་ངག་དང་སེམས་ཀྱིས་བྱས་པའི་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་དེ་རྣམས་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །སྡིག་པ་རྣམས་མི་བྱེད་པའི་སྡོམ་པ་ལ་གནས་ཏེ། རྗེས་ སུ་གནང་བའི་དུས་ལས་སྡིག་པ་རྣམས་མི་བྱེད་པའི་སྡོམ་པ་ལ་གནས་པ་སྟེ། སླར་རྗེས་སུ་གནང་བ་མ་ཡིན་པ་འགའ་ཞིག་ཆགས་པ་ལ་སོགས་པ་བྱས་པ་རྣམས་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་ཐེ་ཚོམ་མེད་པ་ཉིད། ཅེས་པ་དེ་ལྟར་གསུངས་པའི་རིམ་པས་རྣམ་འབྱོར་པ་རྩ་བའི་ ལྟུང་བ་བཅུ་བཞི་སྤངས་པ་བྷ་ག་ལིངྒ་མཉམ་པར་སྦྱོར་བས་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའི་བདེ་བ་ཆེན་པོ་བསྒོམས་པས་བསོད་ནམས་བསྐྱེད་པའི་ཕྱིར་སྡིག་པ་ལས་གྲོལ་བའི་ཆོ་གའོ། །ད་ནི་རྣམ་འབྱོར་པ་ཉིད་ཅེས་པ་ལ་སོགས་པས་གང་གིས་སངས་རྒྱས་ཉིད་འགྲུབ་པའི་ཐབས་དེ་ བརྗོད་པར་བྱའོ། །འདིར་རྣལ་འབྱོར་པ་ཉིད་ནི་རྣམ་པ་གཉིས་ཏེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ནི་སངས་རྒྱས་ཉིད་དོ། །དེའི་ཁྱད་པར་ནི་བསོད་ནམས་མཆོག་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་ རོ། །དེ་བཞིན་དུ། དག་བྱེད་སྡིག་པ་འཇིག་བྱེད་པ། །ཞེས་པ་དེ་ཉིད་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སངས་རྒྱས་ཉིད་དུ། སྔགས་བཟླས་པ་དང་བསམ་གཏན་དང་། བདེ་བ་ཡིས་ཀྱང་འགྲུབ་པར་འགྱུར། །ཞེས་པ་འདིར་ཐབས་འདིས་རྣལ་འབྱོར་པ་ རྣམས་གསུངས་པའི་རྣལ་འབྱོར་པ་ཉིད་དུ་འགྲུབ་སྟེ། འགྲུབ་པར་འགྱུར་ཞེས་པའི་ལུང་གིས་བརྗོད་པའོ། །འདིའི་ཐབས་ནི་ཡན་ལག་དྲུག་གི་རྣལ་འབྱོར་ཏེ་འདིར་བར་དུ་ཡན་ལག་རེ་རེ་དོར་བའི་བར་ནི་རིམ་པས་གསུངས་སོ། །ཡན་ལག་སྔ་མ་ལམ་བརྗོད་པ་དེ་ཉིད་ནི་ཡན་ལག་ཕྱི་མ་ལ་བརྗོད་ པའི་ཤུགས་ཉིད་ལས་རྟོགས་པར་བྱ་སྟེ། ཇི་ལྟར་འདིར་ནི་ཉིན་མོར་བྱེད་པ་ཞེས་བརྗོད་པ་ན་གཞན་མཚན་མོར་བྱེད་པ་ཞེས་མ་བརྗོད་ཀྱང་ཤུགས་ཉིད་ལས་ཉེ་བར་དམིགས་པར་འགྱུར་རོ། །དེ་བཞིན་དུ་ཕན་ཚུན་ལྟོས་པའི་ཆོས་ནི་མ་བརྗོད་ཀྱང་བརྗོད་པའི་ཤུགས་ཉིད་ལས་ཉེ་བར་དམིགས་ པར་འགྱུར་རོ། །དེའི་ཕྱིར་རྒྱུད་འདིར་ཡན་ལག་རེ་རེ་ཁོངས་སུ་གཏོགས་པའི་ཡན་ལག་གཞན་གསུམ་བསྟན་པས་བར་གྱི་ཡན་ལག་བརྗོད་པ་ནི་སྔོན་ལ་རིག་པར་བྱ་སྟེ་འདིར་བླ་མའི་མན་ངག་ལས་ཤེས་པའོ། །གཞན་དུ་གལ་ཏེ་རྒྱུད་ལས་གསུངས་པ་བཀླགས་པའི་རིམ་པ་གཟུང་བར་བྱ་ བ་དེའི་ཚེ། བླ་མའི་མན་ངག་ཅེས་བྱ་བ་དེ་ཅི་ཞིག །དེའི་ཕྱིར་དགོངས་པའི་སྐད་གཞན་ལ་སོགས་པ་ཐམས་ཅད་བླ་མའི་མན་ངག་གིས་རིག་པར་བྱའོ། །ཡང་ན་བྱང་ཆུབ་སེམས་དཔས་མཛད་པའི་འགྲེལ་བཤད་ཀྱིས་རྟོགས་པར་བྱའི། གཞན་མཁས་པའི་མངོན་ པའི་ང་རྒྱལ་དང་ལྡན་པ་རྣམས་ཀྱིས་བྱས་པ་ནི་མ་ཡིན་ནོ། །དེས་ན་འདིར་བསམ་གཏན་ཞེས་པ་ལ་སོགས་པས་ཡན་ལག་གཞན་གསུམ་རྟོགས་པར་བྱ་སྟེ། རྒྱུད་གཞན་དུ་གསུངས་པའི་ཡན་ལག་དྲུག་པོ་རྣམས་འདིར་མདོར་བྱ་སྟེ་ཡན་ལག་གསུམ་པོ་རྣམས་ཀྱིས་རྟོགས་པར་བྱའོ། ། འདིར་འདུས་པ་ཕྱི་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པའོ། །དེའི་ཕྱིར་བསམ་གཏན་གྱི་སྔོན་དུ་སོ་སོར་སྡུད་པ་རིག་པར་ བྱའོ། །སྔགས་བཟླས་པའི་སྔོན་དུ་སྲོག་རྩོལ་རིག་པར་བྱའོ། །འདིར་སྔགས་བཟླས་པའི་སྒྲས་མ་ནིང་གི་བཟླས་པའམ་རྡོ་རྗེའི་བཟླས་པ་སྟེ་སྲོག་འཛིན་པར་བརྗོད་དོ། །བདེ་བའི་སྔོན་དུ་རྗེས་སུ་དྲན་པར་རིག་པར་བྱ་སྟེ་འདིར་བདེ་བའི་སྒྲས་ཏིང་ངེ་འཛིན་བརྗོད་དོ། །དེ་ལྟར་ཡན་ ལག་དྲུག་པོ་འདི་རྣམས་ཀྱིས་རྣལ་འབྱོར་པས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །ཐུན་མོང་གིས་ཕྱི་རོལ་གྱི་རྣལ་འབྱོར་པས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ལས་དང་པོ་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་འཇིག་རྟེན་པའི་དངོས་གྲུབ་ནི་འབྲས་བུ་སྟེ། སྔགས་བཟླས་པ་དང་བསམ་གཏན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་བསྒོམ་པའི་སེམས་དང་བདེ་བ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་འཛག་པ་དང་གཡོ་བའི་བདེ་བ་འཇིག་རྟེན་པའི་བདེན་པས་འོག་མིན་གྱི་གནས་ཀྱི་མཐར་ཐུག་པའོ། །དེ་ལྟར་གཉིས་ ཀའི་རིམ་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་འགྲུབ་པར་འགྱུར་རོ། །འདིར་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་ཡན་ལག་དྲུག་གི་སྦྱོར་བས་འགྲུབ་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་མི་འཇུག་པར་ནང་གི་ཡུལ་རྣམས་དང་ལྷའི་མིག་གི་དབང་པོ་ལ་སོགས་པ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་འཇུག་པ་ སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས་སྟོང་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི། པྲ་ཕབ་པའི་མེ་ལོང་ལོ་གཞོན་ནུ་མས་མཐོང་བ་ལྟར་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་ལས་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དོ། །དེ་ནས་བསམ་གཏན་ཞེས་ བྱ་བ་ནི། ཡོད་པའི་དངོས་པོ་ཐམས་ཅད་སྟོང་པར་མཐོང་བ་རྣམས་ལ་ཤེས་རབ་ཅེས་བྱ་བ་ནི་དངོས་པོ་དེ་རྣམས་ལ་སེམས་འཇུག་པའོ། །རྟོག་པ་ཞེས་བྱ་བ་ནི་སེམས་ཀྱི་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་བྱ་བ་ནི་འཛིན་པའི་དངོས་པོ་རྟོགས་པའོ། །དགའ་བ་ཞེས་བྱ་བ་ནི་དངོས་པོ་ ཐམས་ཅད་ལ་སེམས་གནས་པའོ། །བདེ་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལས་གཡོ་བ་མེད་པའི་བདེ་བ་ཕུན་སུམ་ཚོགས་པའོ་ཞེས་པ་དེ་ལྟར་བསམ་གཏན་གྱི་ཡན་ལག་ལྔ་བརྗོད་དོ། །དེ་ནས་སྲོག་རྩོལ་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱ་གཡོན་པ་དང་། གཡས་པའི་ལམ་འགགས་ པ་ལས་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པ་དགང་བ་དང་བུམ་པ་ཅན་དང་དབྱུང་བའི་སྦྱོར་བས་ཨ་ཝ་དྷཱུ་ཏཱིར་ཨོཾ་ཡིག་གིས་འབྱུང་བ་དང་ཧཱུཾ་ཡིག་གིས་འགོག་པ་དང་ཨཱཿཡིག་གིས་འཇུག་པ་ཟླ་བ་དང་སྒྲ་གཅན་དང་ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པས་གོམས་པར་ བྱའོ་ཞེས་པ་སྲོག་རྩོལ་གྱི་ཡན་ལག་བརྗོད་དོ། །དེ་ནས་འཛིན་པ་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་དབང་ཆེན་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་ལ་སྲོག་ཞུགས་པའི་ཕྱི་རོལ་དུ་འགྲོ་བ་མེད་པར་ཐིག་ལེ་ལ་སྲོག་གནས་པ་ཞེས་པ་འཛིན་པའི་ཡན་ལག་བརྗོད་ དོ། །དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་ཀྱི་རྣམ་པ་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོས་པའི་རང་བཞིན་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མ་འཕྲོ་བའི་རང་བཞིན་ཁམས་གསུམ་པར་སྤྲོ་བ་ཞེས་པ་རྗེས་སུ་དྲན་པའི་ ཡན་ལག་ཏུ་བརྗོད་དོ། །དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། །དེ་ལ་གཅིག་ཏུ་གྱུར་པའི་སེམས་གཟུང་བ་དང་འཛིན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཏིང་ངེ་ འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །འདིར་ཡན་ལག་དྲུག་གི་རྣལ་འབྱོར་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར་མངོན་པར་བརྗོད་པ་འབུམ་པའམ། མཆོག་གི་དང་པོའི་སངས་རྒྱས་སུ་བླ་མ་དམ་པའི་མན་ངག་ཉེ་བར་བསྟན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་རྣལ་འབྱོར་པས་ རྟོགས་པར་བྱའོ། །འདིར་ཡན་ལག་དྲུག་གི་དང་པོའི་ལམ་བསྒོམ་པའི་ཡན་ལག་གདམས་ངག་རྒྱུད་གཞན་རྣམས་སུ་ཡང་གསུངས་ཏེ། འདིར་དཔལ་འདུས་པ་ཕྱི་མར་བསྙེན་པ་དང་ཉེ་བའི་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ཞེས་པའོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་ པ། བསྙེན་པའི་དུས་ན་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཉེ་བར་བསྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་པའི་གཟུགས་བརྙན་ནོ། །རྣལ་འབྱོར་བརྩོན་པས་བསྒྲུབ་པ་ལ། །ལྷ་ཡི་གཟུགས་བརྙན་བསྒོམ་བྱ་སྟེ། །སྒྲུབ་པ་ཆེན་པོའི་ དུས་སུ་ནི། །སངས་རྒྱས་མངའ་བདག་གཟུགས་བརྙན་ནོ། །ཞེས་པའོ། །འདིར་དགོངས་པའི་སྐད་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ཁམས་གསུམ་པ་མ་ལུས་པའི་སངས་རྒྱས་ཀྱི་གཟུགས་ཏེ་ནམ་མཁའི་ཆོས་འབྱུང་ལ་ཐུགས་རྡོ་རྗེ་རབ་ཏུ་བཞག་ ནས་བསྙེན་པའི་དུས་ན་ཞེས་པ་དུས་དང་པོར་སོ་སོར་སྡུད་པས་བསྒོམ་པར་བྱ་ཞིང་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་པའོ། །འདིར་རྟགས་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ་གཞན་སྔགས་ལ་སོགས་པ་ཉི་མ་གཅིག་གིས་འགྲུབ་པར་མི་འགྱུར་བས། གང་གིས་སྔགས་པས་རྟགས་འབྱུང་བར་འགྱུར། དེའི་ཕྱིར་ཡོད་པ་དང་མེད་པའི་བློ་ཡོངས་སུ་ སྤངས་ཏེ་ཞེན་པ་མེད་པར་བྱས་ནས་ཟབ་མོ་སྟོང་པ་དམིགས་པ་མེད་པ་བསྒོམ་པ་སྟེ། རྣལ་འབྱོར་པས་དུ་བ་ལ་སོགས་པའི་རྟགས་འབྱུང་བ་མཐོང་བར་འགྱུར་རོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་ བསྒྲུབ་པར་བྱ། །ཞེས་པ་བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་ས་གསུམ་དུ་སངས་རྒྱས་ཀྱི་གཟུགས་བརྙན་བསྒྲུབ་པར་བྱ་སྟེ། དེའི་ཉེ་བར་བསྟན་པ་ནི་བླ་མའི་ཞལ་ལས་རྟོགས་པར་བྱའོ། །འདིར་བླ་མའི་ཉེ་བར་བསྟན་པས་ནམ་མཁའ་ལ་རྣལ་འབྱོར་པས་དང་པོ་དུ་བ་མཐོང་སྟེ་ སྨིག་རྒྱུ་ནི་མ་ཡིན་ནོ་ཞེས་རང་གིས་ཉམས་སུ་མྱོང་བས་ཤེས་པར་བྱའོ། །དེའི་ཕྱིར་ན་སྨིག་རྒྱུ་སྟེ་དུ་བ་ལ་སོགས་པ་དེ་ཉིད་རྟོག་པ་དང་བྲལ་བ་པྲ་ཕབ་པ་ལྟ་བུའོ། །དེ་ལྟར་དུ་བ་ནི་མཚན་མ་དང་པོའོ། །སྨིག་རྒྱུ་ནི་མཚན་མ་གཉིས་པའོ། །མཁའ་སྣང་ནི་མཚན་མ་གསུམ་ པའོ། །སྒྲོན་མ་ནི་མཚན་མ་བཞི་པའོ། །སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ནི་མཚན་མ་ལྔ་པའོ་ཞེས་པ་འདུས་པ་ཕྱི་མ་དང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལས་གཞན་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་ལས། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པའོ། །ཞེས་པ་ལ་སོགས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་ལས། དང་པོར་དུ་བ་ལ་སོགས་པའི་མཚན་མ་ནི་བསྒོམ་པའི་དུས་ན་རྟགས་སུ་འགྱུར་ རོ། །ཁ་ཅིག་གྲུབ་པའི་དུས་ན་ཞེས་སྨྲ་བ་དེ་རྣམས་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་དམ་བཅའ་བ་ཉམས་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པའི་བཅོམ་ལྡན་འདས་ཀྱི་བཀའ་སུན་འབྱིན་པའོ། །གྲུབ་པའི་དུས་ན་གང་ཞིག་ འཇིག་རྟེན་པའི་དུ་བ་ལ་སོགས་པ་དང་སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། དངོས་སུ་འབར་བ་དང་དུ་བ་ལ་སོགས་པས་བསྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གུར་གུམ་དང་མེ་ཏོག་དང་རིན་པོ་ཆེ་དང་གསེར་གྱི་ཆར་ཡང་ངོ་། །དེའི་ཡན་ལག་དྲུག་གི་རྣལ་འབྱོར་ལས་དུ་བ་ལ་སོགས་ པའི་མཚན་མར་འགྱུར་རོ་ཞེས་པའོ། །དེ་བཞིན་དུ་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡན་ལག་དྲུག་བསྒོམ་དེ་ལས་ནི། །སླར་ཡང་རང་བྱིན་བརླབ་པ་སྟེ། །རྗེས་མཐུན་ཆོ་གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་པ་སྟེ། འདིར་རང་བྱིན་བརླབ་པ་ཞེས་བྱ་བ་ནི་སོ་སོར་སྡུད་པས་ཀུན་རྫོབ་པའི་སྟོང་པ་ཉིད་མཐོང་བའོ། །མཚན་མ་ཞེས་བྱ་བ་ནི་སྤྲིན་དང་དུ་བ་ལ་སོགས་པ་ལྟར་སྣང་བ་སྟེ་དེ་ཡང་སྒྲོན་མའི་མཐར་ཐུག་པ་དང་པོ་མཐོང་བའོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་དྲི་མ་དང་བྲལ་བའོ། །རྒྱུད་རྣམས་སུ་གཞན་ འབར་བ་ལ་སོགས་པའི་ཐིག་ལེའི་མཐར་ཐུག་པ་མཚན་མ་རྣམ་པ་དྲུག་སྟེ། བཅོམ་ལྡན་འདས་ཀྱིས་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་དྲ་བའི་ལེའུར་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་ བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་པོ་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་སྒྱུ་འཕྲུལ་དྲ་བར་མཚན་མ་གཞན་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་ གྱིས་གསུངས་ཏེ། སྔར་བརྗོད་པའི་སྤྲིན་མེད་པའི་ནམ་མཁའ་ལས་བྱུང་བའི་སྣང་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་སེམས་ལས་ནམ་མཁའ་ལས་བྱུང་རང་བྱུང་བའོ། །འདིར། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་ལྟར་སྣང་བའོ། །འོད་ཆེན་རྣམ་པར་ སྣང་བར་བྱེད། །ཅེས་པ་ཟླ་བ་ལྟར་སྣང་བའོ། །དེ་ཉིད། ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པའོ། །འགྲོ་བའི་མར་མེ་ཞེས་པ་ཉི་མ་ལྟར་སྣང་བའོ། །ཡེ་ཤེས་སྒྲོན་ཞེས་པ་སྒྲ་གཅན་ལྟར་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་གློག་ལྟར་སྣང་བའོ། །རིག་པའི་རྒྱལ་མཆོག་སྔགས་ དབང་པོ། །ཞེས་པ་ཐིག་ལེ་ལྟར་སྣང་བ་སྟེ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ཁམས་གསུམ་པའི་རང་བཞིན་གྱི་སྣང་བ་རྣམ་པ་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་པྲ་ཕབ་པ་ལྟ་བུར་སོ་སོར་སྡུད་པས་མིག་གི་དབང་པོའི་བྱེད་པས་ རྣལ་འབྱོར་པས་མཐོང་བར་འགྱུར་རོ། །དེ་ནས་སྲོག་རྩོལ་གྱིས་བཅིངས་པ་སྟེ། བྱེད་པ་འདི་རྣམས་ཀྱིས་བཅིངས་པའི་སྦྱོར་བས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་བརྟན་པ་དང་གཡོ་བའི་རང་བཞིན་ཅན་ས་གསུམ་པོ་ནི་བསྒྲུབ་པར་བྱ་ཞེས་པའོ། །དེ་བཞིན་དུ་བཅོམ་ལྡན་ འདས་ཀྱིས་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཁམས་གསུམ་རྒྱུ་བཅས་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་པ་ཡན་ལག་དྲུག་བསྒོམས་པས་སོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་ དཔལ་འདུས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་པོ་མིན། །སྒོམ་པ་དམིགས་པར་མི་འགྱུར་རོ། །ཞེས་པའོ། །འདིར་དངོས་པོ་མེད་པ་སྤྲིན་མེད་པའི་ནམ་མཁའ་ལ་སྒོམ་པ་ནི་སོ་སོར་སྡུད་པ་སྟེ་དེ་ཉིད་ དངོས་པོ་མེད་ལ་སྒོམ་པ་མེད། །ཅེས་པའོ། །སྒོམ་པ་བསྒོམ་པ་ཉིད་མ་ཡིན། །ཞེས་པ་འདིར་སོ་སོར་སྡུད་པ་སྒོམ་པ་ནི་དངོས་པོ་མེད་པ་སྤྲིན་མེད་པའི་ནམ་མཁའ་ལའོ། །དེ་ནི་སྒོམ་པ་ཉིད་མ་ཡིན་པར་འགྱུར་ཏེ་རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་བའི་ཕྱིར་རོ་ཞེས་པའོ། །དངོས་པོ་མེད་པ་ ལ་གང་ཞིག་སོ་སོར་སྡུད་པས་མཐོང་བ་དེ་ནི་དངོས་པོ་དངོས་པོ་མིན་ཏེ། རྣམ་པར་མ་བརྟགས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་མེད་པ་མཐོང་བའི་ཕྱིར་རོ་ཞེས་པའོ། །དེའི་ཕྱིར་སོ་སོར་སྡུད་པའི་སྒོམ་པ་ལ་རྣམ་པར་རྟོག་པའི་སྒོམ་པ་དམིགས་པར་མི་འགྱུར་རོ་ཞེས་པ་བཅོམ་ ལྡན་འདས་ཀྱིས་གསུངས་སོ། །སྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ་འདི་ལྟ་སྟེ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ རྣལ་འབྱོར་དུ་བྱེད་པ་དེས་ཇི་ལྟར་བསླབ་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ། །ཀཽ་ཤི་ཀ་གང་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་ པ་ཕྱག་རྒྱ་ཆེན་པོ་སྒོམ་པ་པྲ་ཕབ་པ་དང་སྒྱུ་མ་དང་མཚུངས་པ་སྤྲིན་མེད་པའི་ནམ་མཁའ་ལ་སྣང་བ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སོ་སོར་སྡུད་པ་དང་བསམ་གཏན་གྱིས་བསྙེན་པའི་ཡན་ལག་བརྗོད་དོ། །དེ་ནས་བདུད་རྩི་འཁྱིལ་བའི་གཟུགས་བརྙན་གྱི་མིང་ ཅན་དགོངས་པའི་སྐད་གཞན་གྱིས་རླུང་གསུངས་སོ། །དེ་ཡང་རྣམ་པ་ལྔ་སྟེ། དེ་བཞིན་དུ་འདུས་པ་ཕྱི་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། རིན་ཆེན་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡིས་བྱིན་བརླབས་པ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་ བྱ། །ཞེས་པ་སྟེ་འདིར་རིན་པོ་ཆེ་ལྔའི་སྒྲས་ར་ས་ནཱར་དཀྱིལ་འཁོར་ལྔའི་ཆོས་ཅན་ས་ལ་སོགས་པ་ཁམས་ལྔ་པོ་རྣམས་སོ། །དེའི་རང་བཞིན་གྱི་དབུགས་ནི་རིན་ཆེན་ལྔའི་རང་བཞིན་དབུགས་ཏེ་སྣ་བུག་གཡས་པ་ལའོ། །དེ་བཞིན་དུ་སངས་རྒྱས་ལྔ་ནི་ལ་ལ་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་ རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་སོ། །དེས་བྱིན་གྱིས་བརླབས་པའི་དབུགས་ནི་སྣ་བུག་གཡོན་པ་ལའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ཞེས་པ་འདིར་གོང་བུའི་གཡས་པ་དང་ཅིག་ཤོས་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུ་མ་ཨ་ཝ་དྷཱུ་ཏཱིར་གཅིག་ པ་ཉིད་དོ། །དེ་ཡང་སྲོག་གི་རླུང་། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །ཞེས་པ་འདིར་སྣའི་སྒྲས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པདྨར་བརྗོད་དེ་དེའི་རྩེ་མོར་བསྒོམ་པར་བྱའོ། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱའོ། །ལྟེ་བའི་ དབུས་སུ་གཡས་པ་དང་ཅིག་ཤོས་ཀྱི་པདྨའི་འདབ་མར་གནས་པ་ཞེས་པའོ། །དེ་ལྟར་དེ་རྣམས་ཀྱིས་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱིས་སྲོག་འགགས་པ་དེ་ནི་འཛིན་པར་བརྗོད་དོ། །དེ་ལྟར་ཡན་ལག་གཉིས་ཀྱིས་ཉེ་བར་བསྒྲུབ་པ་སྟེ། བདུད་རྩི་འཁྱིལ་པའི་གཟུགས་ བརྙན་གྱིས། །ཞེས་པའོ། །ཉེ་བའི་སྒྲུབ་པ་དེ་ཉིད་རྡོ་རྗེའི་བཟླས་པ་ཞེས་བརྗོད་དེ། དབུ་མར་དབྱེར་མེད་པའི་ཡན་ལག་གིས་བཟླས་པར་བྱའོ་ཞེས་པ་གཡོན་པ་དང་གཡས་པའི་རྩ་ལ་སྲོག་གི་རྒྱུ་བ་མེད་པའོ། །གཙུག་ཏོར་གཟུགས་བརྙན་མཐོང་བ་ན། །ཕྱི་ནས་སྔགས་པས་སྲོག་རྩོལ་ བྱ། །ཞེས་པ་བླ་མའི་ཉེ་བར་བསྟན་པ་དང་དགོངས་པའི་སྐད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་ནི་སྲོག་རྩོལ་དང་འཛིན་པ་སྟེ་ཉེ་བའི་སྒྲུབ་པ་བརྗོད་དོ། །དེ་ནས་ལྷའི་གཟུགས་བརྙན་སྒྲུབ་པ་ལ་ཞེས་འཛིན་པའི་སྟོབས་ཀྱིས་ལྟེ་བའི་གནས་སུ་གཏུམ་མོ་འབར་བ་རྣལ་འབྱོར་པས་མཐོང་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་པོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པ་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་སྤྲས་པ་དེ་ནི་རྗེས་སུ་དྲན་པའི་ཡན་ལག་སྒྲུབ་པར་བརྗོད་དོ། །འཛིན་པའི་མཐའ་གཏུམ་མོའི་རྣལ་འབྱོར་པ་བསྒོམ་པར་བྱའོ་ཞེས་པ་ངེས་ པའོ། །དེའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་བསྲེགས་ཏེ། གཡོན་པ་དང་གཡས་པའི་རྩར་སོན་པ་རྣམ་པར་ཤེས་པ་ལ་སོགས་པ་དང་ས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་རྣམས་གཅིག་ཏུ་འདྲེས་པར་གྱུར་ནས་དཔྲལ་བར་ཟླ་བའི་ དཀྱིལ་འཁོར་ལ་རབ་ཏུ་ཞུགས་ཏེ། དེ་ནས་གཏུམ་མོའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཟླ་བ་ཞུ་བར་གྱུར་པ་ན་གང་ཞིག་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཀྱིས་འོག་ཏུ་སོན་པ་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བའི་པདྨར་དགའ་བ་དང་མཆོག་ཏུ་དགའ་བ་དང་དགའ་བྲལ་གྱི་དགའ་བའི་རང་ བཞིན་དང་། ཇི་སྲིད་རྡོ་རྗེ་ནོར་བུའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་ཞེས་པའོ། །ཡང་རྣམ་པ་སྣ་ཚོགས་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་མཚན་ཉིད་དང་བྲལ་བའི་རང་བཞིན་གྱིས་ཞེས་པའོ། །དེ་ལྟར་ཆ་བཅུ་དྲུག་རྫོགས་པ་ནོར་བུའི་མཐར་སོན་པ་བསྒོམས་ པའི་སྟོབས་ཀྱིས་བདེ་བ་སྟེར་བ་འཛག་པ་མེད་པའི་བདེ་བ་ལྟ་བུ་སྟེ་དཔེ་ཙམ་མོ། །རང་གི་ངོ་བོ་ནི་དབང་པོ་གཉིས་ལས་སྐྱེས་པར་འགྱུར་བའི་བདེ་བས་མཆོག་ཏུ་མི་འགྱུར་བའི་བདེ་བའི་བྱེ་བ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དོ། །འདིར་འགྱུར་བ་མེད་པའི་བདེ་བའི་གནས་སྐབས་ན་ལྷན་ ཅིག་སྐྱེས་པའི་དགའ་བའི་རང་བཞིན་དེ་ནི་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བརྗོད་དོ། །འོན་ཀྱང་འཇིག་རྟེན་ལ་གྲགས་པ་མེད་པའི་རྗེས་སུ་ལྷུང་བ་ནི་མ་ཡིན་ནོ། །དེ་ ལྟར་ཡན་ལག་དྲུག་གི་རྣལ་འབྱོར་བསམ་གཏན་དང་སྔགས་བཟླས་པ་དང་བདེ་བས་རྣལ་འབྱོར་པ་རྣམས་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་ཏེ་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པ། སྐྱེ་བ་འདིར་ཞེས་པ་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ ངེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་དམ་ཚིག་ཅེས་པ་ལ་སོགས་པས་དམ་ཚིག་བསྐྱང་པ་བརྗོད་པར་བྱའོ། །འདིར་དམ་ཚིག་རྣམ་པ་གཉིས་ཏེ་ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དམ་ཚིག་དེ་རྣམས་རྣལ་འབྱོར་པས་བསྐྱང་ཞིང་བསྲུང་བར་བྱ་སྟེ་ཕྱི་ནི་ཕྱི་རོལ་ལ་འཇིག་ རྟེན་པ་འཇུག་པའི་དོན་ནོ། །ནང་གི་བདག་ཉིད་ནི་ནང་དུ་ཡེ་ཤེས་པ་འཇུག་པའི་དོན་ནོ། །འདིར་ཕྱི་རོལ་ལ་འཇིག་རྟེན་པ་འཇུག་པས་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཏེ་ཕྱི་རོལ་གྱི་དམ་ཚིག་བསྲུང་བ་ལས་སོ། །ནང་གི་བདག་ཉིད་ལ་ཡེ་ཤེས་འཇུག་པས་ཡེ་ཤེས་ ཀྱི་ཚོགས་སུ་འགྱུར་ཏེ་ནང་གི་བདག་ཉིད་ཀྱི་དམ་ཚིག་བསྲུང་བ་ལས་སོ། །དེའི་ཕྱིར། ལེགས་པར་མཉམ་གཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །ཞེས་པའོ། །འདིར་ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་དམ་ཚིག་རྣམས་རྒྱུད་དང་རྒྱུད་གཞན་གྱིས་རྟོགས་པར་བྱ་སྟེ། འདིར་ བཅོམ་ལྡན་འདས་ཀྱིས་དཔལ་འདུས་པའི་ལེའུ་བཅུ་བདུན་པར་གསུངས་པ། དང་པོར་རེ་ཞིག་ནང་གི་བདག་ཉིད་ཀྱི་དམ་ཚིག་རྣམས་ལ་འདས་པ་འདི་ལྟ་སྟེ། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་དམ་ཚིག་ཉིད་ཀྱི་སྐུ་དང་ གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་བར་གྱུར་ཏེ། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡིས། །དམ་ཚིག་བཞི་པོ་བསྲུང་བར་བྱ། །ཤ་ཆེན་རྟག་ཏུ་བཟའ་བྱ་སྟེ། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་པའོ། །འདིར་འདུས་པར་གསུངས་པའི་ཆོ་ག་འདིས་འཁོར་ལོ་སྡོམ་པར་དམ་ ཚིག་བསྐྱང་བར་རིག་པར་བྱ་སྟེ། རྒྱུད་ནི་རྒྱུད་གཞན་ནས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །འདིར་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་དམ་ཚིག་གི་ངེས་པའི་དོན་ནི། འདིར་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྐུའི་མཚན་ཉིད་སད་པའི་གནས་སྐབས་སྐྱེད་ པར་བྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ་གསང་བའི་པདྨར་སོན་པའོ། །དེ་ཉིད་རྣམ་པ་བཞི་སྟེ། སྐུའི་དགའ་བ་དང་གསུང་གི་དགའ་བ་དང་ཐུགས་ཀྱི་དགའ་བ་དང་ཡེ་ཤེས་ཀྱི་དགའ་བའི་དབྱེ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་བཞིའི་སྐུའི་ཐིག་ལེའི་དམ་ཚིག་ཏུ་བརྗོད་དོ། །དམ་ ཚིག་ནི་འདུས་པ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་གསང་བར་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ཀྱིས་གཅིག་པ་ཉིད་དོ། དམ་ཚིག་བཞི་པོ་དེ་ཉིད་བསྲུང་བར་བྱ་སྟེ། དེ་བསྲུངས་པས། ཤ་ཆེན་རྟག་ཏུ་བཟའ་བྱ་སྟེ། །ཞེས་པ་ཤ་ཆེན་པོ་འདུ་བྱེད་ཀྱི་ཕུང་པོའོ། །དེ་ཉིད་བཟའ་བར་བྱ་ སྟེ་སྒྲིབ་པ་མེད་པར་བྱའོ་ཞེས་པ་ངེས་པའི་དོན་ནོ། །གང་གིས་ཤེ་ན། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡིས། །ཞེས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་ནོ། ། དེ་ལྟར་འཆད་པར་འགྱུར་བའི་དམ་ཚིག་བཞི་པོ་ཐམས་ཅད་ལ་ངེས་པའི་དོན་ཁོང་དུ་ཆུད་པར་བྱའོ་ཞེས་པ་སྐུ་རྡོ་རྗེའི་དམ་ཚིག་གསུངས་པའོ། །དེ་ནས་གསུང་རྡོ་རྗེའི་དམ་ཚིག་བརྗོད་པར་བྱའོ། །འདི་ལྟ་སྟེ། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་བར་གྱུར་ཏེ། འགྱུར་མེད་ཆེན་པོས་གསུང་རྡོ་རྗེ། །དམ་ཚིག་བཞི་པོ་བསྲུང་བར་བྱ། །བཤང་གཅི་རྟག་ཏུ་བཟའ་བྱ་སྟེ། །འདི་ནི་གསང་བ་རྨད་བྱུང་ཆེ། །ཞེས་པའོ། །འདིའི་ངེས་ པའི་དོན་ཡང་བརྗོད་པར་བྱའོ། །འདིར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གསུང་གི་མཚན་ཉིད་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ་ལྟེ་བའི་པདྨར་སོན་པའོ། །དེ་ཉིད་རྣམ་པ་བཞི་སྟེ་སྐུའི་མཆོག་ཏུ་དགའ་བ་དང་གསུང་གི་མཆོག་ཏུ་དགའ་བ་ དང་ཐུགས་ཀྱི་མཆོག་ཏུ་དགའ་བ་དང་ཡེ་ཤེས་ཀྱི་མཆོག་ཏུ་དགའ་བའི་དབྱེ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་བཞི་གསུང་གི་ཐིག་ལེའི་དམ་ཚིག་བརྗོད་དོ། །དམ་ཚིག་ནི་འདུས་པ་སྟེ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ལྟེ་བར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་ཀྱིས་ གཅིག་པ་ཉིད་དོ། །སྐུའི་མཆོག་ཏུ་དགའ་བ་ལ་སོགས་པ་དམ་ཚིག་བཞི་པོ་དེ་ཉིད་བསྲུང་བར་བྱ་སྟེ། འགྱུར་མེད་ཆེན་པོས་གསུང་རྡོ་རྗེ། །ཞེས་པ་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པའི་བདེ་བའི་སྐད་ཅིག་མ་འགྱུར་མེད་ཆེན་པོས་རྣལ་འབྱོར་པ་རྣམས་ཀྱིས་ བསྲུང་བར་བྱའོ། །གསུང་རྡོ་རྗེའི་ཐིག་ལེ་དེ་བསྲུངས་པས། བཤང་གཅི་རྟག་ཏུ་བཟའ་བྱ་སྟེ། ཞེས་པ་གཟུགས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཕུང་པོ་སྟེ། རྣལ་འབྱོར་པ་རྣམས་ཀྱིས་སྒྲིབ་པ་མེད་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་གསུང་དོན་དམ་པ་ལས་སོ། །འདི་ ནི་གསང་བ་རྨད་བྱུང་ཆེ། །ཞེས་པ་མཆོག་ཏུ་མི་འགྱུར་བ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྲུང་བ་འདི་ནི་རྣལ་འབྱོར་པ་བྱིས་པའི་བློ་ཅན་དབང་པོ་གཉིས་ཀྱི་བདེ་བ་འདོད་པ་རྣམས་ལས་རྨད་དུ་བྱུང་བ་ཆེན་པོའོ་ཞེས་པ་གསུང་རྡོ་རྗེའི་དམ་ཚིག་ཏུ་གསུངས་པའོ། །དེ་ནས་ཐུགས་ཀྱི་རྡོ་རྗེའི་ཐིག་ ལེའི་དམ་ཚིག་བརྗོད་པར་བྱའོ། །འདི་ལྟ་སྟེ། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་བར་གྱུར་ཏེ། རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེ། །དམ་ཚིག་བཞི་པོ་བསྲུང་ བར་བྱ། །ཁྲག་དང་ཁུ་བ་ཡང་དག་ལྡན། །བརྟུལ་ཞུགས་བརྟན་པས་རྟག་ཏུ་བཟའ། །ཞེས་པས་སོ། །འདིའི་ངེས་པའི་དོན་ཡང་བརྗོད་པར་བྱའོ། །འདིར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཐུགས་ཀྱི་མཚན་ཉིད་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སྐྱེད་པར་བྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་ བར་གྱུར་པ་སྙིང་གའི་པདྨར་སོན་པའོ། །དེ་ཉིད་རྣམ་པ་བཞི་སྟེ། སྐུའི་དགའ་བྲལ་གྱི་དགའ་བ་དང་གསུང་གི་དགའ་བྲལ་གྱི་དགའ་བ་དང་ཐུགས་ཀྱི་དགའ་བྲལ་གྱི་དགའ་བ་དང་ཡེ་ཤེས་ཀྱི་དགའ་བྲལ་གྱི་དགའ་བའི་དབྱེ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་བཞི་ཐུགས་ཀྱི་ཐིག་ལེའི་དམ་ཚིག་ཏུ་བརྗོད་ དོ། །དམ་ཚིག་ནི་འདུས་པ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་སྙིང་གར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་ཀྱིས་གཅིག་པ་ཉིད་དོ། །རྫུ་འཕྲུལ་ཆེ་ཞེས་པ་གསུམ་པ་ཐུགས་ཀྱི་ཐིག་ལེའི་ལམ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཡན་ལག་དྲུག་གི་རྣལ་འབྱོར་ གྱིས། །དམ་ཚིག་བཞི་པོ་དེ་བསྲུངས་པས། །ཁྲག་དང་ཁུ་བ་ཡང་དག་ལྡན། །བརྟུལ་ཞུགས་བརྟན་པས་རྟག་ཏུ་བཟའ། །ཞེས་པ་ནི་ཚོར་བ་དང་འདུ་ཤེས་ཀྱི་ཕུང་པོ་སྒྲིབ་པ་མེད་པར་བྱའོ་ཞེས་པ་ངེས་པའི་དོན་ཏེ། དུས་ཐམས་ཅད་དུ་བརྟུལ་ཞུགས་བརྟན་པས་ལས་ཀྱི་ཕྱག་རྒྱ་དང་འགྲོགས་ པ་ན་ཡང་ཁུ་བ་འཕོ་བ་མེད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཞེས་པ་ཐུགས་རྡོ་རྗེའི་ཐིག་ལེའི་དམ་ཚིག་གསུངས་པའོ། །འདིར་བཅོམ་ལྡན་འདས་ཀྱིས་རིགས་གསུམ་གྱི་བདག་ཉིད་དཔལ་འདུས་པར་ཐིག་ལེ་གསུམ་གྱི་དམ་ཚིག་གསུངས་པའོ། །ཐིག་ལེ་བཞི་པའི་དམ་ཚིག་བསྟན་པ་ནི། རིགས་བཞི་པའི་བདག་ཉིད་ཅན་མཆོག་གི་དང་པོའི་སངས་རྒྱས་སུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ལྟ་སྟེ། མི་ཕྱེད་ལམ་ལ་གནས་པ་ཡིས། །དམ་ཚིག་བཞི་པོ་བསྲུང་བར་བྱ། །གོ་ཀུ་ལ་སོགས་རྟག་ཏུ་བཟའ། །དམ་ཚིག་འདི་ནི་འདའ་བར་དཀའ། །ཞེས་པའོ། །འདིའི་ ངེས་པའི་དོན་ཡང་བརྗོད་པར་བྱའོ། །འདིར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡེ་ཤེས་ཀྱི་མཚན་ཉིད་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ་མགྲིན་པའི་པདྨར་སོན་པའོ། །དེ་ཉིད་རྣམ་པ་བཞི་སྟེ། སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་དབྱེ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་བཞིའི་ཡེ་ཤེས་ཀྱི་ཐིག་ལེའི་དམ་ཚིག་བརྗོད་དོ། །དམ་ཚིག་ནི་འདུས་པ་སྟེ། སྐུ་དང་གསུང་དང་ ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་མགྲིན་པར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་ཀྱིས་གཅིག་པ་ཉིད་དོ། །སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་སོགས་པ་ཐིག་ལེའི་དམ་ཚིག་བཞི་པོ་དེ་ཉིད་བསྲུང་བར་བྱ་སྟེ། བཞི་པ་ཡེ་ཤེས་ཀྱི་ཐིག་ལེའི་དམ་ཚིག་འདི་ནི། མི་ཕྱེད་ལམ་ལ་ གནས་པ་ཡིས། །ཞེས་པ་དུ་བ་ལ་སོགས་པ་སྟོང་པ་ཉིད་ཀྱི་ལམ་ལ་གནས་པ་སྟེ། ལམ་དེ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པའོ། །གོ་ཀུ་ལ་སོགས་རྟག་ཏུ་བཟའ། །ཞེས་པ་དགོངས་པའི་སྐད་ཀྱིས་གོ་དང་པོའི་སྒྲས་མིག་གོ། །ཀུ་དང་པོའི་སྒྲས་རྣ་བའོ། །དེ་དང་ པོའི་སྒྲས་སྣའོ། །ཧ་དང་པོའི་སྒྲས་ལྕེའོ། །ན་དང་པོའི་སྒྲས་ལུས་ཀྱི་དབང་པོའོ། །སྦྲང་བུའི་སྐྱུགས་པའི་སྒྲས་ཡིད་ཀྱིས་དབང་པོ་རྟོགས་པར་བྱ་སྟེ་དེ་རྣམས་བཟའ་བའོ། །དེ་ལྟར་རྒྱུ་མཚན་མེད་པས་རྒྱུ་མཚན་ཅན་ཡང་མེད་དེ། གཟུགས་ལ་སོགས་པ་ཡུལ་ དྲུག་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་པོ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་བཟའ་བར་བྱའོ། །དེ་ལྟར་ཁམས་བཅོ་བརྒྱད་པོ་རྣམས་བཟའ་བར་བྱ་སྟེ། ཡེ་ཤེས་ཀྱི་ཐིག་ལེའི་དམ་ཚིག་བཞི་རྟག་ཏུ་བསྲུང་བར་བྱའོ། །དེ་བཞིན་དུ་དབང་བསྐུར་བའི་གསོལ་ བ་གདབ་པའི་དུས་ན་སློབ་མས་བླ་མ་ལ་བསྟོད་པའི་ཚིགས་སུ་བཅད་པ་རྒྱུད་གཞན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། །ཁྱོད་ཀྱི་སྐུ་ལ་ཤ་ཁྲག་དང་། །བཤང་གཅི་ཁུ་བ་ཉིད་དང་ནི། །ཁམས་རྣམས་བཅོ་བརྒྱད་ཉིད་ཀྱང་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པ་ ལ་སོགས་པ་ཐམས་ཅད་ནང་གི་བདག་ཉིད་ཀྱི་དམ་ཚིག་བསྲུང་བར་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱའོ། །འདིར་དམ་ཚིག་བསྲུང་བ་རྣམས་ཀྱི་འབྲས་བུ་གང་ཡིན་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་དཔལ་འདུས་པར་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །དམ་ཚིག་འདི་ནི་ རྨད་བྱུང་ཆེ། །རྟག་པར་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཛིན་པ་རྣམས་ཀྱིས་བསྲུངས། །གང་ཞིག་དམ་ཚིག་འདི་བསྲུངས་པ། །རྡོ་རྗེ་སེམས་དཔའ་གཟི་བརྗིད་ཆེ། །སྐུ་གསུང་ཐུགས་དང་ཆགས་པའི་བདག །སྐད་ཅིག་དེ་ལས་སངས་རྒྱས་འགྱུར། །ཞེས་པ་བཅོམ་ལྡན་ འདས་ཀྱི་དམ་ཚིག་བསྲུང་བའི་ངེས་པའོ། །ཕྱི་རོལ་དུ་ནི་སླར་ཡང་ཕྱིའི་དམ་ཚིག་བཞི་པོ་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱི་བསྲུང་ཞིང་སྦས་པས་བཟའ་བར་བྱའོ། །དེ་བཞིན་དུ་མཆོད་སྦྱིན་གྱི་དུས་ན་རིགས་དང་ལྡན་པ་རྣམས་ཀྱིས་བཟའ་བར་བྱ་སྟེ་རྣལ་འབྱོར་པ་རྫ་ཕོར་འཛིན་པ་འཇིག་ རྟེན་གྱི་ཐ་སྙད་རྣམ་པར་སྤངས་པ་རྣམས་ཀྱིས་བཟའ་བར་བྱའོ། །འདིར་ཕྱི་རོལ་གྱི་དམ་ཚིག་བཞི་ནི། ཆང་རྣམ་པ་ལྔ་བཏུང་བ་དང་། ཤ་རྣམ་པ་ལྔ་བཟའ་བ་དང་། རིགས་རྣམ་པ་ལྔ་དང་འགྲོགས་པ་དང་། བདུད་རྩི་རྣམ་པ་ལྔ་མྱང་བ་ཞེས་བྱ་སྟེ། རྒྱས་པར་ནི་སུམ་ཅུ་རྩ་བདུན་གྱི་དབྱེ་ བ་ཐ་དད་པས་རྩ་བའི་རྒྱུད་གཞན་མངོན་པར་བརྗོད་པ་འབུམ་པ་ལ་སོགས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣལ་འབྱོར་པས་ཤེས་པར་བྱའོ། དེ་ལྟར་དམ་ཚིག་བསྲུང་བར་བྱ་བ་དང་བཟའ་བར་བྱ་བ་ནི་རྒྱུད་གཞན་ཐམས་ཅད་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ ཀྱི་དོན་དུའོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ངེས་པའོ། །དེའི་ཕྱིར་ཐབས་ཀྱི་རྒྱུད་ཀྱི་དགོངས་པས་ཤེས་རབ་ཀྱི་རྒྱུད་རྟོགས་པར་བྱའོ། །ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་ཐབས་ཀྱི་རྒྱུད་རྟོགས་པར་བྱ་སྟེ། དམ་ཚིག་རྣམ་པར་དག་པའི་དོན་དང་རྩའི་འཁོར་ལོ་རྣམ་པར་ དག་པའི་དོན་དུའོ། །སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པར་ཡང་དམ་ཚིག་བཞི་པོ་རྣམ་པ་བཅུ་དྲུག་པོ་དེའི་བསྲུང་བའི་ཐབས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སྔར་བརྗོད་པའི་དབང་བསྐུར་བའི་ཚིགས་སུ་བཅད་པས་འདིར་དམ་ཚིག་བསྲུང་བ་ལའང་དེ་ལྟར་རིག་པར་བྱའོ། །རྣམ་ པ་ཐམས་ཅད་རྣམ་པ་མེད། །ཅེས་པ་ལ་སོགས་པ་རྡོ་རྗེའི་ཚིག་ངེས་པའི་དོན་ནོ། །འདིར་རྣམ་པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ་སོ་སོར་སྡུད་པས་གང་ཞིག་མཐོང་བ་དངོས་པོ་བུམ་པ་དང་སྣམ་བུ་ལ་སོགས་པ་པྲ་ཕབ་པ་དང་མཚུངས་པར་སྣང་བའོ། །རྣམ་པ་ཐམས་ཅད་ཅེས་པ་ རྟོག་པ་དང་བྲལ་བ་མ་འཁྲུལ་པའི་མངོན་སུམ་གྱིས་མཐོང་བ་ལས་ཤེས་པའོ། །རྣམ་པ་མེད་ཅེས་པ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྟོག་པ་དང་བྲལ་བ་ཉིད་ལས་སོ། །གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གིས་རྟོགས་པར་བྱ་བ་དེའི་ཕྱིར་གཟུགས་མ་ཡིན་ཞིང་གཟུགས་ ལས་གཞན་པ་ཡང་མ་ཡིན་ཏེ། མིག་གིས་རྟོགས་པར་བྱ་བ་མ་ཡིན། མིག་མེད་པར་ཡང་རྟོགས་པར་བྱ་བ་མ་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཡང་ན་སངས་ རྒྱས་ཀྱི་གཟུགས་བརྙན་ཁམས་གསུམ་པ་མ་ལུས་པ་ཞེས་པ་རྒྱུའོ། །དེ་ལས་སྐྱེས་པའི་འབྲས་བུ་མཆོག་ཏུ་མི་འགྱུར་བའི་བདེ་བ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་རབ་ཆེན་པོའི་ཡེ་ཤེས་བརྗོད་དོ། །ཆ་བཅུ་དྲུག་པོ་རྣམས་ཀྱི་ཕྱེད་ན་བརྒྱད་དོ། ། དེའི་ཕྱེད་ནི་ཐིག་ལེ་བཞི་པོ་རྣམས་ཏེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་མཚན་ཉིད་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །དེ་རྣམས་འཛིན་པའི་ཕྱིར་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་སྟེ། དམ་ ཚིག་བཞི་པོ་སྐྱོང་བར་བྱེད། །ཅེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཆགས་པ་ཆེན་པོ་ནི་ཆ་མེད་ཅེས་པ་དཀར་པོའི་ཆ་བཅོ་ལྔ་སྤངས་པ་སྟེ། དེ་རྣམས་ཀྱི་མཐར་གནས་པ་དཀར་པོ་རྫོགས་པའི་མཐར་ཞེས་པའོ། །བགྲང་ལས་འདས་པ་ཞེས་པ་བགྲང་བ་ནག་པོའི་ཚེས་གཅིག་སྟེ་དེ་ ལ་མ་ཞུགས་པ་བགྲང་བ་ལས་འདས་པ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ནོ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་པ་འདིར་དང་པོ་དགའ་བའི་བདེ་བའི་བསམ་གཏན་དང་གཉིས་པ་མཆོག་ཏུ་དགའ་བའི་བདེ་བའི་བསམ་གཏན་དང་གསུམ་པ་དགའ་བྲལ་གྱི་དགའ་བའི་བདེ་བའི་ བསམ་གཏན་དང་། བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བའི་བསམ་གཏན་ཏེ་ལྔ་པ་དང་བཅུ་པ་དང་ཉ་དང་ཉའི་མཐར་ཐིག་ལེ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་བསམ་གཏན་གནས་པའོ། །དེ་ཡི་རྩེ་མོ་མཐའ་ཡི་ཆ། །བདེ་བ་ཡོངས་སུ་རྫོགས་པ་ཉིད། །བསམ་གཏན་ གྱི་རྩེ་མོ་སྟེ་དེ་འཛིན་པའི་ཕྱིར། བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་དམ་ཚིག་བཅུ་དྲུག་པོ་འདི་རྣམས་བསྒོམས་པའི་སྟོབས་ཀྱིས་རྟག་ཏུ་དུས་ཐམས་ཅད་དུ་བསྐྱང་བར་བྱའོ། །ལེགས་པར་མཉམ་གཞག་སྒྲུབ་པ་པོ། ། ཞེས་པ་འདིར་མཉམ་པར་གཞག་པ་ནི་དཀར་པོའི་ཕྱོགས་ཀྱི་མཐར་གནས་པའི་ཤེས་རབ་དང་ཐབས་བསྒོམས་པའི་སྟོབས་ཀྱིས་ཚེས་གཅིག་ལ་སོགས་པ་ཚེས་ལྔ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བ་སྐྱེད་པར་བྱེད་པའོ། །དྲུག་པ་ལ་སོགས་པ་ཚེས་ལྔ་ནི་མཆོག་ཏུ་དགའ་བ་ སྐྱེད་པར་བྱེད་པའོ། །བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ་ནི་དགའ་བྲལ་གྱི་དགའ་བ་སྐྱེད་པར་བྱེད་པའོ། །ཉའི་མཐར་ཆ་བཅུ་དྲུག་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་པར་བྱེད་པའོ། །ཆ་བཅུ་དྲུག་པ་ནི་དམིགས་པ་མེད་པ་སྟེ་དེ་ལ་གནས་པ་ནི། ལེགས་པར་མཉམ་གཞག་སྒྲུབ་ པ་པོས། །ཞེས་པ་དང་། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་སོ། །དེའི་མཐར་འཛག་པའི་དུས་ཏེ་ནག་པོའི་ཚེས་གཅིག་འོངས་པ་ན་འཛག་པ་ཆགས་བྲལ་ནག་པོའི་ཕྱོགས་སོ། །དེ་ལ་ཞུགས་པ་ནི་མཉམ་པར་མ་བཞག་པ་སྟེ་དགའ་བཞི་ཟད་པ་ལས་སོ། །འདིར་བྱང་ཆུབ་སེམས་ ཀྱི་ཟླ་བའི་ནག་པོའི་ཕྱོགས་ཆགས་པ་དང་བྲལ་བ་དགའ་བ་བཞི་ཟད་པའི་རྒྱུར་གྱུར་པའོ། །དེ་ལ་ནག་པོའི་ཚེས་གཅིག་ལ་སོགས་པ་ཚེས་ལྔ་ནི་དགའ་བ་ཟད་པར་བྱེད་པ་མོའོ། །དྲུག་པ་ལ་སོགས་པ་ཚེས་ལྔ་ནི་མཆོག་ཏུ་དགའ་བ་ཟད་པར་བྱེད་པ་མོའོ། །བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ་ ནི་དགའ་བྲལ་གྱི་དགའ་བ་ཟད་པར་བྱེད་པ་མོའོ། །གནམ་སྟོང་གི་མཐར་ཟླ་བའི་ཆ་བཅུ་དྲུག་པ་ཉམས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཟད་པར་བྱེད་པ་མོའོ། །དེ་ལྟར་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་ནི་འཁོར་བ་པ་རྣམས་ཀྱི་ཆགས་པ་དང་ཆགས་བྲལ་གྱི་ཕྱོགས་སོ། །དེ་དག་གི་ དབུས་སུ་ལྷན་ཅིག་སྐྱེས་པ་བཞི་པ་ཤེས་རབ་ཡེ་ཤེས་འགྱུར་བའམ་འགྱུར་བ་མེད་པ་དབང་པོ་གཉིས་ལས་སྐྱེས་པ་དང་བྲལ་བའོ། །འདིར་ཤེས་རབ་ཀྱི་ཙུམ་པ་ནས་དང་པོ་དགའ་བའི་སྐད་ཅིག་མར་འགྱུར་ཏེ་དེ་ཡང་སྐུའི་དམ་ཚིག་གོ། །དགའ་བ་ཟད་པ་ལས་པདྨར་རྡོ་རྗེ་ཞུགས་པས་མཆོག་ཏུ་ དགའ་བའི་སྐད་ཅིག་མར་འགྱུར་ཏེ་དེ་ཉིད་གསུང་གི་དམ་ཚིག་གོ། །མཆོག་ཏུ་དགའ་བ་ཟད་པ་ལས་པདྨར་རྡོ་རྗེ་བསྐྱོད་པས་དགའ་བྲལ་གྱི་དགའ་བའི་སྐད་ཅིག་མར་འགྱུར་ཏེ་དེ་ཉིད་ཐུགས་ཀྱི་དམ་ཚིག་གོ། །དགའ་བྲལ་གྱི་དགའ་བ་ཟད་པ་ལས་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་སོན་པས་ལྷན་ཅིག་ སྐྱེས་པའི་དགའ་བའི་སྐད་ཅིག་མར་འགྱུར་ཏེ་དེ་ཉིད་བཞི་པ་ཡེ་ཤེས་ཀྱི་དམ་ཚིག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སྐད་ཅིག་སྔ་མ་འགགས་པས་ཕྱི་མ་འབྱུང་བར་འགྱུར་ཏེ། ཇི་ལྟར་ལྷན་ཅིག་སྐྱེས་པའི་སྐད་ཅིག་མའི་བར་ནི་ཆགས་པའི་ཕྱོགས་སོ། །དེ་ལྟར་དགའ་བ་ ཐམས་ཅད་ལྷན་ཅིག་སྐྱེས་པར་རོ་མཉམ་པ་ཉིད་དང་རྫོགས་པ་ཉིད་དོ། །དེ་ནས་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་འཕོས་པར་གྱུར་ན་ཆགས་བྲལ་གྱི་ཕྱོགས་སོ། །ཆགས་བྲལ་གྱི་ཕྱོགས་ལ་དང་པོ་དགའ་བའི་ཆགས་བྲལ་ལོ། །དགའ་བའི་ཆགས་བྲལ་ཟད་པ་ལས་མཆོག་དགའི་ ཆགས་བྲལ་ལོ། །མཆོག་དགའི་ཆགས་བྲལ་ཟད་པ་ལས་དགའ་བྲལ་གྱི་དགའ་བའི་ཆགས་བྲལ་ལོ། །དགའ་བྲལ་གྱི་དགའ་བའི་ཆགས་བྲལ་ཟད་པ་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་ཆགས་བྲལ་ལོ་ཞེས་པ་དེ་ལྟར་དམ་ཚིག་བཞི་བཅོམ་ལྡན་འདས་ཀྱིས་ གསུངས་སོ། །དེ་ལྟར་སྐད་ཅིག་རེ་འགགས་པས་སྐད་ཅིག་གཞན་འབྱུང་བར་འགྱུར་ཏེ་ཇི་སྲིད་ལྷན་ཅིག་སྐྱེས་པའི་དགའ་བའི་ཆགས་བྲལ་གྱི་སྐད་ཅིག་མའི་བར་ནི་ཆགས་བྲལ་གྱི་ཕྱོགས་སོ། །དེ་ལྟར་དགའ་བ་ལ་སོགས་པའི་ཆགས་པ་དང་བྲལ་བ་ཐམས་ཅད་ལྷན་ཅིག་སྐྱེས་ པའི་ཆགས་བྲལ་དུ་རེ་མཉམ་པ་ཉིད་དང་རྫོགས་པ་ཉིད་དོ། །དེ་ལྟར་དཀར་པོའི་ཕྱོགས་ནི་དགའ་བ་བཞིའི་བདག་ཉིད་ཅན་ནོ། །ནག་པོའི་ཕྱོགས་ནི་དགའ་བ་བཞིའི་ཆགས་བྲལ་གྱི་བདག་ཉིད་ཅན་ནོ། །དེ་ལྟར་ཆགས་པ་དང་ཆགས་བྲལ་དག་ལས་འཇིག་རྟེན་གསུམ་པོ་རྣམས་ མཉམ་པར་མ་བཞག་ཅིང་རྣམ་པར་འཁྲུག་པར་བྱེད་དེ། ལྷན་ཅིག་སྐྱེས་པའི་སྐད་ཅིག་འཕོ་བ་མེད་པ་ལ་རྣམ་པར་གནས་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་པ་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པའི་སྒྲུབ་པ་པོའི་ངེས་པའོ། །ཤེས་རབ་དང་འགྲོགས་པ་འདི་ཉིད་ལ་ བསྙེན་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་རྒྱུད་གཞན་རྣམས་སུ་གསུངས་པ་འདི་ལྟ་སྟེ། ཙུམ་པ་འཁྱུད་པ་བསྙེན་པ་སྟེ། །པདྨར་རྡོ་རྗེ་ཉེར་སྒྲུབ་པ། །རྡོ་རྗེ་བསྐྱོད་པ་བསྒྲུབ་པ་སྟེ། །དེ་ཡི་བདེ་བ་སྒྲུབ་པ་ཆེ། །ཞེས་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་དམ་ཚིག་ རྣམས་སྒྲུབ་པ་པོས་ལེགས་པར་མཉམ་པར་གཞག་པས་བསྐྱང་བར་བྱའོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་འདི་ཉིད་དུ་དམ་ཚིག་ཆེན་པོ་བརྒྱད་གསུངས་པ་འདི་ལྟ་སྟེ། ངེས་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ནི་ བསྐྱང་བ་དང་། །རིགས་གཞན་ལས་བྱུང་ཕོ་ཉ་མོ། །འདོད་ལ་ཆགས་པས་བགྲོད་མི་བྱ། །གཉིས་མེད་ཐོགས་པ་མེད་པ་དང་། །དམ་ཚིག་རྣམས་ནི་བསྐྱང་བ་དང་། །མི་མོའི་སྤྱོད་པ་ལེགས་པར་བསྲུབས། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། །འདྲེན་པ་རྩ་ཡི་ཀུན་སྤྱོད་དོ། །ཞེས་ པ་དམ་ཚིག་བརྒྱད་དུ་དྲན། །རྣལ་འབྱོར་དབང་པོས་གང་བསྲུང་བ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པའོ། །འདིའི་ངེས་པའི་དོན་བརྗོད་པར་བྱའོ། །དངོས་གྲུབ་རྣམས་ཀྱི་ཞེས་པ་འདིར་དངོས་གྲུབ་རྣམས་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་སྟེ། གསུམ་པོ་རྣམས་ཀྱི་རྒྱུ་ནི་ངེས་པར་བྱང་ཆུབ་ཀྱི་སེམས་ཏེ་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའོ་ཞེས་པ་དམ་ཚིག་དང་པོའོ། །དམ་ཚིག་རྣམས་ནི་བསྐྱང་བ་དང་། ། ཞེས་པ་དམ་ཚིག་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞི་པོ་རྣམས་ཏེ་དེ་རྣམས་སྔར་བརྗོད་པའི་ཆོ་གས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བར་འོངས་པ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ་དགའ་བ་བཅུ་དྲུག་གི་བདག་ཉིད་ཅན་རྣམས་སོ། །དེ་རྣམས་བསྐྱང་བ་ནི་བསྲུང་བ་སྟེ་རྣལ་ འབྱོར་པ་རྣམས་ཀྱི་དམ་ཚིག་གཉིས་པའོ། །རིགས་གཞན་ལས་བྱུང་ཕོ་ཉ་མོ། །འདོད་ལ་ཆགས་པས་བགྲོད་མི་བྱ། །ཞེས་པ་འདིར་རིགས་ལྡན་མ་དོར་ནས་ཕྱི་རོལ་དུ་དངོས་གྲུབ་ཀྱི་དོན་དུ་མཁའ་འགྲོ་མ་ལ་སོགས་པ་གཞན་གྱི་རིགས་ལས་བྱུང་བ་རྣམས་བསྒོམ་པར་མི་བྱའོ་ཞེས་པ་ངེས་ པའི་དོན་ཏེ་དམ་ཚིག་གསུམ་པའོ། །གཉིས་མེད་ཅེས་པ་ཐིག་ལེ་བཞིའི་དམ་ཚིག་རྣམས་ཉའི་མཐར་གཉིས་སུ་མེད་པར་བྱེད་པ་སྟེ་དམ་ཚིག་བཞི་པའོ། །ཐོགས་པ་མེད་པ་ཞེས་པ་དང་ཡི་གེ་ལས་ཐིག་ལེ་བཞིའི་དམ་ཚིག་རྣམས་ཀྱི་སྤྱོད་པ་དགའ་བ་བཅུ་དྲུག་གི་རང་བཞིན་ཐོགས་པ་མེད་ པ་ནག་པོའི་ཕྱོགས་ལ་མ་ཞུགས་པའོ་ཞེས་པ་དམ་ཚིག་ལྔ་པའོ། །མི་མོའི་སྤྱོད་པ་ལེགས་པར་བསྲུབས། །ཞེས་པ་མི་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་དུ་བཟང་མོའོ། །དེའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་དོན་གྱི་བྱ་བ་རྣམ་པ་དུ་མ་སྟེ། ལེགས་པར་ བསྲུབས་པ་ནི་བདེ་བའི་སེམས་ཀྱིས་རྟག་ཏུ་སྤྱོད་པའི་ཞེས་པ་དམ་ཚིག་དྲུག་པའོ། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། །ཞེས་པ་འདིར་ཞལ་ནི་རྡོ་རྗེའི་སྒོ་སྟེ་རྟག་ཏུ་འཕོ་བ་མེད་པའི་ཚུལ་ཁྲིམས་ཞེས་པ་དམ་ཚིག་བདུན་པའོ། །འདྲེན་པ་རྩ་ཡི་ཀུན་སྤྱོད་དོ། །ཞེས་པ་འོག་ཏུ་སོན་པའི་ བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་རྩའི་ཀུན་སྤྱོད་ཨ་ཝ་དྷཱུ་ཏཱི་མཁའ་འགྲོ་གདོང་མར་ཀུན་དུ་སྤྱོད་པར་སོན་པ་རྣམས། རྡོ་རྗེ་ནོར་བུ་ལས་འདྲེན་པ་ནི་འགུགས་པ་སྟེ། གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་དུ་ལྟེ་བ་ནས་ལྟེ་བའི་ ཀུན་སྤྱོད་ལ་ཁུ་བ་སྟེང་དུ་བགྲོད་པའོ་ཞེས་པ་དམ་ཚིག་བརྒྱད་པའོ། །དེ་ལྟར་དམ་ཚིག་བརྒྱད་པོ་འདི་རྣམས་གང་ཞིག་ངེས་པར་དུས་ཐམས་ཅད་དུ་སྐྱོང་བར་བྱེད་པ་སྟེ། མྱུར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་པ་སྟེ་ནང་གི་དམ་ཚིག་བསྐྱང་བའོ། །སླར་ཡང་ཕྱི་རོལ་དུ་ནི་དངོས་ གྲུབ་རྣམས། །ཞེས་པ་ཕྱི་རོལ་གྱི་དངོས་གྲུབ་འོག་མིན་གྱི་གནས་ཀྱི་མཐར་ཐུག་པའོ། །རྒྱུ་ནི་ངེས་པར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཏེ་དམ་ཚིག་དང་པོའོ། །དམ་ཚིག་རྣམས་ནི་བསྐྱང་བ་དང་། །ཞེས་པ་དམ་ཚིག་ནི་ཕྱི་རོལ་དུ་ཆང་དང་གོ་ ཀུ་ལ་སོགས་པ་དང་། རིགས་དང་མི་ལྡན་པ་ལ་མངོན་པར་བགྲོད་པ་དང་བདུད་རྩི་ལྔ་བཟའ་བ་ལ་སོགས་པའོ། །དེ་རྣམས་བསྐྱང་པ་ནི་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་བསྲུང་བའོ། །གལ་ཏེ་བྱེད་པ་དེའི་ཚེ་སྦས་ཏེ་བྱེད་པ་ནི་དམ་ཚིག་གཉིས་པའོ། །རིགས་གཞན་ལས་བྱུ་བ་ཕོ་ཉ་མོ་ ཞེས་པ་ལ་རིགས་གཞན་ཞི་བ་ལ་སོགས་པའོ། །རིགས་དེར་དབང་བསྐུར་བ་ནི་རིགས་གཞན་ལས་བྱུང་བ་སྟེ། རིགས་གཞན་ལས་བྱུང་བ་ནི་སངས་རྒྱས་པའི་དམ་ཚིག་སུན་འབྱིན་པའོ། །དེ་བཞིན་དུ་གཞན་དམ་ཚིག་དང་མི་ལྡན་པ་རྣམས་ལ་བགྲོད་པར་མི་བྱའོ། །འདོད་པ་ལ་ཆགས་ པས་གལ་ཏེ་བགྲོད་པར་བྱེད་པ་དེའི་ཚེ་དམ་ཚིག་རྣམ་པར་ཉམས་པའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་ཉམས་པར་འགྱུར་རོ་ཞེས་པ་དམ་ཚིག་གསུམ་པའོ། །གཉིས་མེད་ཅེས་པ་ཕོ་ཉ་མོ་དང་དཔའ་བོ་དག་དུས་གཅིག་ལ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དང་བདེ་བ་མྱང་བའོ་ ཞེས་པ་དམ་ཚིག་བཞི་པའོ། །དམ་ཚིག་རྣམས་ཀྱི་སྤྱོད་པ་དང་། །ཞེས་པ་ཐོགས་པ་མེད་པ་བསྙེན་པ་དང་དམ་ཚིག་རྣམས་ཀྱི་སྤྱོད་པ་དང་། སྔགས་ཀྱི་དངོས་གྲུབ་ལ་སོགས་པ་སྤྲོ་བའི་ལྷ་རྣམས་གཞོམ་དུ་མེད་པ་སྟེ། བགེགས་རྣམས་ཀྱིས་གཞོམ་པར་མི་ནུས་པའོ་ཞེས་པ་དམ་ཚིག་ ལྔ་པའོ། །མི་མོའི་སྤྱོད་པ་ལེགས་པར་བསྲུབ། །ཅེས་པ་མི་མོ་ནི་རིགས་ཐམས་ཅད་ལས་བྱུང་བའོ། །དེའི་སྤྱོད་པ་ནི་ཙུམ་པ་ན་དང་འཁྱུད་པ་ལ་སོགས་པ་རྣམ་པ་མང་པོ་སྟེ། དེ་རྣམས་ལ་ལེགས་པར་བསྲུབ་པར་བྱེད་པའོ་ཞེས་པ་དམ་ཚིག་དྲུག་པའོ། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། ། ཞེས་པ་ཚངས་པར་སྤྱོད་པ་ནི་བདེ་བ་སྟེ། དེ་བཞིན་ཞེས་པ་བསྲུབ་པའོ། །ཞལ་ཞེས་པ་རྡོ་རྗེའི་སྒོར་ཤེས་པར་བྱ་སྟེ་འཕོ་བའི་དུས་ནའོ་ཞེས་པ་དམ་ཚིག་བདུན་པའོ། །འདྲེན་པ་རྩ་ཡི་ཀུན་སྤྱོད་དོ། །ཞེས་པ་ལ་ལ་ནཱ་དང་ར་ས་ནཱ་དང་དབུ་མར་རྒྱུ་བའི་བྱང་ཆུབ་ཀྱི་སེམས་འདྲེན་པའོ་ཞེས་པའོ། ། དེ་འཛིན་པ་ནི་རྒ་བ་དང་ནད་ལ་སོགས་པ་བསལ་བའི་ཕྱིར་དམ་ཚིག་བསྟེན་པའོ་ཞེས་པ་དམ་ཚིག་བརྒྱད་པའོ། །དེ་ལྟར་ཕྱིའི་དམ་ཚིག་བརྒྱད་པོ་དེ་རྣམས་རྣལ་འབྱོར་པ་ལེགས་པར་མཉམ་པར་གཞག་པས་འཇིག་རྟེན་གྱི་བྱ་བ་སྤངས་ནས་སྐྱོད་པར་བྱེད་པ་གང་ཡིན་པ་དེ། མྱུར་དུ་དངོས་གྲུབ་ ཐོབ་པར་འགྱུར། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ་དམ་ཚིག་བསྐྱང་བའི་ཆོ་གའོ། །ད་ནི་དམ་ཚིག་ཅེས་པ་ལ་སོགས་པས་དམ་ཚིག་བྱེ་བས་དངོས་གྲུབ་ཉམས་པར་བརྗོད་པར་བྱའོ། །འདིར་དམ་ཚིག་བྱེ་བ་ནི་རྣམ་པ་གཉིས་ཏེ་ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དེ་ལ་ ཕྱི་རོལ་དུ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་པོ་དེ་རྣམས་བཟའ་བ་དང་། རིགས་ལྔ་ལ་མངོན་པར་བགྲོད་པ་དང་མ་དང་སྲིང་མོ་ལ་སོགས་པ་རང་གི་རིགས་རྣམས་ལ་མངོན་པར་བགྲོད་པ་དང་། གལ་ཏེ་བྱེ་བར་གྱུར་པ་དེའི་ཚེ་དམ་ཚིག་བྱེ་བའོ། །དམ་ཚིག་ཉམས་པ་དེས་ན་འཇིག་རྟེན་པས་སྨད་ པར་འགྱུར་ཏེ། ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་འཇིག་རྟེན་པས་སྨད་པས་བསྟན་པ་ལ་སྨོད་པར་འགྱུར་རོ། །དེས་ནི་ལས་དང་པོ་པ་རྣམས་ལ་སྡིག་པར་འགྱུར་ཏེ། སྡིག་པའི་མཐུ་ལས་བསོད་ནམས་ཉམས་སོ། །བསོད་ནམས་མེད་པ་ལས་དངོས་གྲུབ་གསུམ་ཉམས་པར་འགྱུར་རོ། ། དེ་ལྟ། དམ་ཚིག་རྣམས་ནི་བྱེ་བ་ཡིས། །འདོད་པའི་དངོས་གྲུབ་ཐོབ་མི་འགྱུར། །རྣལ་འབྱོར་པ་རྣམས་ཀྱི་ཕྱི་རོལ་གྱི་དམ་ཚིག་བྱེ་བ་ཡིས་ཞེས་པ་ངེས་པའོ། །ནང་དུ་ནི་དམ་ཚིག་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞི་པོ་རྣམས་སོ། །དེ་རྣམས་བྱེ་བས་ཤེས་པ་འཕོ་བས་བདེ་བ་ཆེན་པོར་ ཉམས་པར་འགྱུར་ཏེ། བདེ་བ་ཆེན་པོ་ཉམས་པ་ནི་ཆགས་པ་དང་བྲལ་བའོ། །ཆགས་པ་དང་བྲལ་བ་ཞེས་བྱ་བ་ནི་སྡིག་པ་སྟེ། སྡིག་པ་ལས་སྡུག་བསྔལ་འབྱུང་བར་འགྱུར་རོ། །དེ་ལྟར་དམ་ཚིག་བྱེ་བས་འདོད་པའི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣལ་འབྱོར་པ་རྣམས་ཀྱིས་ ཐོབ་པར་མི་འགྱུར་རོ་ཞེས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་སུ་དབང་མདོར་བསྟན་པར་གསུངས་པ། འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་བར་ བརྗོད། །ཅེས་སོ། །གཞན་ཡང་འདི་ཉིད་དུ། ཆགས་བྲལ་ལས་གཞན་སྡིག་པ་མེད། །བདེ་བ་ལས་གཞན་བསོད་ནམས་མེད། །དེ་ཕྱིར་འགྱུར་མེད་བདེ་བར་སེམས། །མི་བདག་རྟག་ཏུ་གནས་པར་བྱ། །ཞེས་པའོ། །གཞན་ཡང་དམ་ཚིག་གི་ལེའུར་གསུངས་པ། དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། ། བྱང་ཆུབ་སེམས་ལྷུང་གྱུར་ན་འདིར། །ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་ཞིང་། །དངོས་གྲུབ་མི་འཐོབ་བརྟུལ་ཞུགས་ཅན། །ཞེས་སོ། །དེ་ལྟར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་དམ་ཚིག་བྱེ་བ་དགག་པ་ཕྱི་རོལ་དང་ནང་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་གང་གི་ཚེ་ཕྱི་རོལ་དང་ནང་དུ་ཞི་བ་དང་དྲག་ པོའི་ལྷ་རྣམས་རྣལ་འབྱོར་པས་བསྒྲུབ་པར་བྱ་བ་དེའི་ཚེ་དེ་རྣམས་ཀྱི་དམ་ཚིག་བསྟེན་པར་བྱའོ། །རྣམ་པ་ཐམས་ཅད་དུ་ནི་གཞན་གྱི་དམ་ཚིག་གིས་གཞན་གྱི་བྱ་བ་འགྲུབ་པར་མི་འགྱུར་གྱི། སྒྲུབ་པ་པོ་རྣམས་ལ་འཆི་བ་སྟེར་བར་བྱེད་པར་འགྱུར་ཏེ་རྒྱུད་དུ་གསུངས་པའི་ཆོ་ག་དང་བྲལ་བའི་ཕྱིར་རོ་ཞེས་པའོ། ། དེའི་ཕྱིར་ཕྱི་རོལ་དང་ནང་དུ་དམ་ཚིག་བསྲུང་བར་བྱའོ། །གང་གི་ཚེ་དབང་བསྐུར་བ་ལ་སོགས་པའི་ཉིན་ཞག་ལ་བྱ་བའི་ཕྱིའི་དམ་ཚིག་ནི་ཤིན་ཏུ་སྦས་པས་བྱ་ཞིང་། ཕྱི་ནས་བླ་མ་དམ་པ་རྣམས་ཀྱིས་རིགས་ཀྱི་བུ་རྣམས་ལ་དགག་པར་བྱའོ། །དགེ་སློང་རྣམས་ལ་ནི་དབང་བསྐུར་བའི་དུས་སུའང་ སྦྱིན་པར་མི་བྱ་སྟེ། ཆོས་གོས་འཛིན་པ་རྣམས་ལ་བླ་མས་རང་གི་ཚིག་གིས་ཐམས་ཅད་རབ་ཏུ་བསྟན་པར་བྱའོ། །རྣམ་པ་གཞན་དུ་བླ་མ་དམ་ཚིག་ཉམས་པར་འགྱུར་རོ། །དེ་རྣམས་ལ་ཐེག་པ་ཆེན་པོ་ལ་སེམས་བསྐྱེད་པ་དང་། ལུས་དང་ངག་ལེགས་པར་བསྡམས་པ་སྦྱིན་པར་བྱ་སྟེ། ཉན་ཐོས་ ཀྱི་བསླབ་པ་ཇི་ལྟ་བ་དེ་བཞིན་དུ་ལུས་དང་ངག་གིས་བསྐྱང་བར་བྱའོ་ཞེས་པ་དམ་ཚིག་བསྐྱང་བར་བྱ་སྟེ་དགེ་སློང་ཆོས་གོས་འཛིན་པ་རྣམས་ཀྱིས་དམ་ཚིག་བསྐྱང་བར་མི་བྱའོ། །ཆོས་གོས་དོར་བར་གྱུར་ན་ལུས་དང་ངག་དང་སེམས་ཀྱི་བྱ་བས་དམ་ཚིག་རྗེས་སུ་བསྒྲུབ་པ་ལས་ཀྱི་ཕྱག་རྒྱའི་དམ་ཚིག་ གིས་ཚིམ་པས་གསལ་བར་རྡོ་རྗེ་སློབ་དཔོན་གྱི་གནས་ཐོབ་པའི་ཕྱིར་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་པ་དམ་ཚིག་བྱེ་བས་དངོས་གྲུབ་ཉམས་པའི་ངེས་པའོ། །འདིར་མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་བསྡུས་པའི་རྒྱུད་འདིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ སྒྲུབ་པར་བྱེད་པ་དབང་བསྐུར་བ་ལ་སོགས་པ་དང་དམ་ཚིག་གི་དོན་མདོར་བསྡུས་ཏེ། དེ་ནས་འདི་ལ་གསང་བ་བཤད། །ཅེས་པ་ལ་སོགས་པ་ནས། འདོད་པའི་དངོས་གྲུབ་ཐོབ་མི་འགྱུར། །ཞེས་པའི་མཐར་ཐུག་པའི་ཚིགས་སུ་བཅད་པ་ཕྱེད་དང་བཅས་པ་བཅུ་གཅིག་པོ་རྣམས་ཀྱིས་རྒྱུད་ ཐམས་ཅད་ཀྱི་དོན་མཆོག་ཏུ་གསང་བ་དགོངས་པའི་སྐད་གཞན་དང་རྒྱུད་གཞན་གྱིས་རྟོགས་པར་བྱ་བ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིས་བླ་མ་དམ་པ་ཉེ་བར་བསྟེན་པས་ཤེས་པའོ། །དེ་ལྟར་བསྡུས་པའི་རྒྱུད་ཐམས་ཅད་དུ་གསུངས་པའི་དོན་ནི་གཙོ་ བོར་རྩ་བའི་རྒྱུད་དམ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་བཤད་ཀྱི་མཐར་ཐུག་གི་དོན་འདི་ཐམས་ཅད་ཡུལ་གཞན་ལྷོ་དང་བྱང་དུ་སོང་སྟེ་ཤེས་པར་བྱའོ། །གཞན་དུ་མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་ཀྱིས་བྱས་པའི་འགྲེལ་བཤད་ཀྱིས་གསང་བའི་དོན་ རྟོགས་པར་མི་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་བསྡུས་པའི་རྒྱུད་ཀྱི་འགྲེལ་བཤད་མདོར་བསྡུས་པས་བསྡུས་པའི་དོན་རབ་ཏུ་གསལ་བར་བྱས་པ་སྟེ། བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་རྒྱུད་རྒྱས་པའི་འགྲེལ་བཤད་རྒྱས་པར་རྟོགས་པར་བྱའོ་ཞེས་བཅོམ་ ལྡན་འདས་ཀྱིས་ངེས་པའོ་ཞེས་པ་མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ་ལེའུ་དང་པོའི་འགྲེལ་བཤད་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་ བའི་ཞལ་སྔ་ནས་ཅོག་གྲུ་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་བསྒྱུར་བ་ལས་དུས་ཕྱིས་ཐུབ་པའི་དབང་པོའི་གསུང་རབ་ཐམས་ཅད་ལ་དབང་འབྱོར་བ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ། ལེགས་པར་སྦྱར་པའི་སྐད་ཀྱི་བརྡ་སྤྲོད་པའི་བསྟན་ བཅོས་རིག་པ་ཤང་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས་བྲག་དམར་དབེན་སར་ལེགས་པར་བསྒྱུར་ཞིང་དག་པར་བྱས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་པཉྫི་ཀཱ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །འདོད་ལྷ་ཁྱབ་འཇུག་བདེ་བྱེད་ཞེ་སྡང་སྦྲུལ་གདུག་མི་གསོ་འདོད་ཆགས་མཚོར་མི་རོལ། །རབ་ཏུ་རྨོངས་པའི་དྲ་བར་མི་གནས་སེར་སྣའི་མེ་ཡི་དགྲ་ཡི་སྟོབས་ནི་མེད་པར་བྱེད། །བདག་མེད་རྒྱུར་གྱུར་པ་ཡི་སྨོན་པ་རྣམ་སྤངས་སེམས་ཉིད་ཙམ་ དུ་དགའ་བས་རོལ་པ་ཡི། །ཞལ་བཞི་སྟོན་པར་མཛད་པའི་དཔལ་ལྡན་ཧེ་རུ་ཀ་ཡི་སྐུ་ཡིས་འགྲོ་བ་སྲུངས། །ལུས་དང་ཡིད་ལས་བྱུང་བ་ཡི། །གློ་སྐམ་མཛེ་སོགས་ཉོན་མོངས་ནི། །རྒྱུད་འདི་ལ་ནི་སྦྱོར་ནུས་པའི། །དད་དང་རིགས་ལྡན་དག་ལ་ཟད། །རྒྱུད་ནི་ཕུལ་བྱུང་རིན་པོ་ཆེའི། །ཕྱུག་པོ་གང་ གིས་ཚད་གཞལ་ནུས། །རྒྱ་མཚོ་ཆུ་ཡི་ཐིགས་པ་ནི། །གང་གིས་བགྲང་བར་མི་ནུས་སོ། །ནོར་སྦྱིན་ཉིད་ཀྱི་ཁྱིམ་འདི་ཡིས། །ཁྱིམ་གྱི་ནོར་ནི་བརྩི་མི་ནུས། །རྒྱུད་འདི་རྡོ་རྗེ་འཆང་བ་ཡིས། །ཐུགས་ཉིད་ཀྱིས་ནི་རབ་ཏུ་བསྟན། །དེ་ཕྱིར་བློ་དམན་བདག་ལ་ནི། །བླ་མ་དག་གིས་རབ་ཏུ་བྱིན། །ཉེ་བར་ བཞག་ནས་རྙེད་གྱུར་ཏེ། །ཐལ་ཕུང་ལ་ཡང་གཏེར་རྙེད་བཞིན། །གལ་ཏེ་ཤེས་བཞིན་མེད་པ་ཡིས། །བརྗེད་ངས་པ་ཡི་མཚོན་བཟུང་ནས། །རྐུན་མ་ཉིད་ཀྱིས་ཕྲོགས་འགྱུར་བས། །དེ་ཕྱིར་བདག་གིས་རྣམ་པར་དབྱེ། །བློ་ཡི་ཆད་བས་དམ་བཟུང་ཡང་། །ཚིག་དོན་བཟུང་བ་ཤིན་ཏུ་དཀའ། །གདམས་ ངག་མེད་པར་རྒྱུད་ལས་ནི། །བླངས་ནས་ཁས་འདོན་བུམ་མེ་བཞིན། །གང་གི་ཕྱིར་ཐམས་ཅད་དུ་དགོས་པ་མ་མཐོང་ན་འཇུག་པར་མི་འགྱུར་བར་སྣང་སྟེ། དེ་བཞིན་དུ་ཡང་། བསྟན་བཅོས་དག་ནི་ཐམས་ཅད་དང་། །ཡང་ན་ལས་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་བསྟན་པར། །དེ་སྲིད་འཇུག་ པར་རིགས་མ་ཡིན། །ཞེས་གསུངས་སོ། །གང་གི་ཕྱིར་བློ་དམན་པ་ཡང་དགོས་པ་མ་བསྟན་ན་ཐབས་ལ་འཇུག་པར་མི་འགྱུར་ཏེ། དམན་པ་ཡང་དགོས་པ་མ་བསྟན་ན་འཇུག་པར་མི་འགྱུར་རོ་ཞེས་གསུངས་སོ། །དེ་ལ་དཔལ་འཁོར་ལོ་བདེ་མཆོག་དོན་དུ་གཉེར་བ་རྣམས་འཇུག་པའི་ཡན་ ལག་ཏུ་འཆད་པ་པོ་རྣམས་ཀྱིས་དེ་ཡང་དགོས་པ་སྟོན་ཏེ། དེ་ཡང་གསུངས་པ། མདོ་དོན་འཆད་པར་འདོད་པ་ཡིན། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ལ་བསྙད་པར་བྱ། །དེ་ཡང་རྗོད་པར་བྱེད་པ་ལ་སོགས་པ་སྟོན་པ་སྔོན་དུ་ འགྲོ་བས་ལེགས་པར་བཤད་པ་ཡིན་ནོ། །འོན་ཀྱང་དེ་ནས་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིག་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལ་འདིར་རེ་ཞིག་ཚིག་དོན་ནི་གཉིས་སུ་འཆད་དེ། དེ་ཡང་བསྟན་པར་བྱ་སྟེ། བསྡུས་པའི་དོན་དང་ཕྱོགས་ལས་མདོ། །ཞེས་པ་ལ་སོགས་པ་སྟེ་སྒྲུབ་པའི་ ཐབས་ལས་རྒྱས་པར་བཤད་པར་བྱའོ། །ཚིག་གི་དོན་ལ་སོགས་པ་རིམ་པར་སྟོན་པ་དང་འཆད་པར་འགྱུར་རོ། །ཞལ་བཞི་པ་ལ་སོགས་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་ནི་སྟོན་པ་པོ་སྟེ། དེ་ཡང་དེ་ཉིད་དངོས་སུ་སྤྲུལ་པའི་སྐུར་གནས་པའོ། །རྒྱུད་འདི་ནི་ཐོག་མ་མེད་པའི་དུས་ནས་བསྟན་པར་བྱ་བ་ ཉིད་དུ་གནས་ཏེ། སེམས་ཅན་རྣམས་ཀྱི་བསོད་ནམས་མ་ཡིན་པས་ཁ་ཅིག་ཏུ་ནི་ནུབ། ལ་ལར་ནི་བསོད་ནམས་ཀྱི་དབང་གིས་དར་རོ། །དེ་ཡང་བསྟན་བྱ་དང་སྟོན་པ་པོ་ལ་སོགས་པ་འདི་སྒྱུ་མ་ལྟ་བུ་སྟེ། དེ་བཞིན་གཤེགས་པའི་མཛད་པ་ནི་བསམ་གྱིས་མི་ཁྱབ་བོ། །འདིའི་ཕྱིར་བཅོམ་ ལྡན་འདས་རྡོ་རྗེ་ཕག་མོ་ནི་ཞུ་བ་པོའོ། །ཕྱག་ན་རྡོ་རྗེ་ནི་སྡུད་པ་པོ་སྟེ། དེ་ཡང་ཐུན་མོང་དུ་བསྟན་པ་གཏང་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་ཞལ་བཞི་པ་ལ་སོགས་པའི་སྐུ་སྟོན་པ་པོ་དང་བསྟན་པར་བྱ་བ་དང་། སྟོན་པ་པོ་ལ་སོགས་པའི་དོན་མ་ལུས་པ་རྒྱུད་ཀྱིས་སྟོན་པར་གྲུབ་སྟེ། བདེ་བར་གཤེགས་པས་གསུངས་པ་ཡིན་ཏེ། རྒྱུ་དང་འབྲས་བུ་ལ་སོགས་པ་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ལ་སོགས་པ་བཞིན་དུ་བྱས་པ་ནི་མ་ཡིན་ན