Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 16
Văn bản gốc(Tây Tạng)
Trang 4 / 21 (50.000 ký tự/trang)
སྲིང་མོ་ལ་སོགས་པ་ལྟར་ཤིན་ཏུ་གདུང་བའི་དབང་གིས་སོ། །དཀའ་ཐུབ་བདག་ཉིད་ཆེན་པོ་ཡིས། །གང་ཞིག་རྟག་ཏུ་མཆོད་བྱེད་པ། །བཤུང་ཞིང་དམན་པའི་ སེམས་ཀྱིས་ནི། །དཀའ་ཐུབ་ངེས་པར་ཟད་པར་འགྱུར། །འཁོར་ལོ་དེ་བཞིན་གྲུབ་པ་ཡིས། །ཞེས་བྱ་བ་ནི་གང་གི་དམ་ཚིག་དང་སྡོམ་པ་ཉམས་པ་རྣམས་ཀྱི་ཡང་ཕྱིས་བླང་བ་ལ་ནི་རྣལ་འབྱོར་འདི་སྦྱིན་པར་བྱའོ། །མཁའ་འགྲོ་མཁའ་འགྲོ་རྣལ་འབྱོར་པས། །དམ་ཚིག་སྡོམ་པ་བླ་ ན་མེད། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །དམ་ཚིག་དཀྱིལ་འཁོར་བླ་ན་མེད། །དེ་ཡི་དབུས་སུ་འཁོར་ལོ་ཆེ། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པ་ནི། །དབུས་སུ་ཉི་སྟན་ཡི་དགས་ལ། །ཨཱ་ལི་ཀཱ་ལིར་ཡང་དག་ལྡན། །སུམ་ཅུ་རྩ་གཉིས་མཚོན་འཆང་ཞིང་། ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །བྱིན་གྱིས་བརླབས་པའི་ཚིག་བྱས་ནས། །ཡི་གེ་ཧི་ལས་ཡང་དག་བྱུང་། །འཇིག་དུས་འོད་ཟེར་ལྟར་འཇིགས་པ། །སྤྱན་གསུམ་མཆེ་བ་གཙིགས་པའོ། །ལྗགས་འདྲིལ་ཁྲོ་དང་བཅས་བཞད་ཞལ། །ལྷ་ཆེན་ཐམས་ཅད་ གསོལ་མཛད་པ། །བསྐལ་པའི་མེ་ལྟར་ཡང་དག་འཁྲུག །རལ་པའི་ཅོད་པན་གྱིས་བརྒྱན་ཞིང་། །འཇིགས་བྱེད་པགས་པས་རྐེད་པ་དཀྲིས། །གཡས་བརྐྱང་ཞབས་ཀྱིས་ལེགས་བཞུགས་པས། །འཇིགས་བྱེད་དུས་མཚན་ཀུན་དུ་མནན། །དཔྲལ་བར་རྡོ་རྗེ་ཕྲེང་བ་དང་། ། སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་བརྒྱན། །སྐུ་ལ་རྒྱན་དྲུག་རྒྱན་དུ་བྱས། །ཕྱག་དྲུག་ཞལ་ནི་ལྔ་པ་སྟེ། །སྣ་ཚོགས་ཉམས་དང་རོ་མཆོག་ལྡན། །སྔོ་དང་སེར་དང་དེ་བཞིན་དམར། །ལྗང་དང་སྟེང་དཀར་ཞི་བའོ། །ཤི་བའང་གསོ་བར་བྱེད་པའི་མཆོག །སྡང་བ་ཐམས་ ཅད་ངེས་གནས་པའི། །རྡོ་རྗེ་དྲིལ་བུ་སྙོམས་ཞུགས་ཤིང་། །ཕག་མོའི་སྐུ་ལ་ཡང་དག་འཁྱུད། །ས་སྲུངས་པགས་པ་ན་བཟའ་འཛིན། །སྟེང་དུ་གདུགས་དཀར་གཟུང་བ་སྟེ། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །དྲུག་པ་ན་ནི་ཅང་ཏེའུའོ། །དེ་དང་འདྲ་བའི་ཕག་མོ་ཡི། །དབུ་སྐྲ་ གྲོལ་ཞིང་གཅེར་བུ་ལ། །མི་རུས་རྒྱན་གྱིས་རྣམ་པར་བཀླུབས། །འོན་ཀྱང་པགས་པའི་གོས་ཀྱི་གནས་སུ་གྲི་དང་ཚངས་པའི་མགོ་དགོད་པར་བྱའོ། །དེ་ཤར་སངས་རྒྱས་མཁའ་འགྲོ་སྟེ། །དེ་བཞིན་བྱང་དུ་ལས་མཁའ་འགྲོ། །ནུབ་ཏུ་ཆོས་ཀྱི་མཁའ་འགྲོ་སྟེ། །ལྷོ་རུ་རིན་ ཆེན་མཁའ་འགྲོ་ཉིད། །དཀར་དང་སྔོ་དང་དམར་པོ་དང་། །ལྗང་གུ་དང་སྟེང་དམར་སེར་པོ། །འཁོར་ལོ་དང་དྲིལ་བུས་སྙོམས་པར་འཇུག་ཅིང་ཕྱག་གཉིས་ཀྱིས་ཚངས་པའི་པགས་པའི་གོས་བསྣམས་པ་དང་གཞན་གྱིས་ཐོད་པ་དང་ཁ་ཊྭཱཾ་ག་དང་ཅང་ཏེའུའོ། །གཡས་བརྐྱང་ པས་ཚངས་པ་ཁྱོ་ཤུག་མནན་པའོ། །ཡང་ལྗང་གུ་དང་སེར་པོ་དང་དམར་པོ་དང་སྔོན་པོ་དང་། དེ་བཞིན་དུ་ལྔ་པ་སྟེང་མ་དཀར་པོ་སྟེ། སྣ་ཚོགས་རྡོ་རྗེ་དང་དྲིལ་བུས་སྙོམས་པར་འཇུག་པ། ཚོགས་ཀྱི་བདག་པོའི་པགས་པ་བསྣམས་པ་དང་། གཞན་གྱིས་ཐོད་པ་དང་། ཁ་ཊྭཱཾ་ག་ དང་ཅང་ཏེའུ་བསྣམས་པའོ། །གཡས་བརྐྱང་གི་གནས་པས་ཚོགས་ཀྱི་བདག་པོ་ཁྱོ་ཤུག་མནན་པས་འཇིགས་ཤིང་མྱོས་པའོ། །ཡང་དམར་པོ་དང་སྔོན་པོ་དང་སེར་པོ་དང་ལྗང་གུ་དང་སྟེང་མ་དཀར་པོ་སྟེ། པདྨ་དང་དྲིལ་བུས་སྙོམས་པར་འཇུག་ཅིང་འདོད་པའི་ལྷའི་ པགས་པ་དྲལ་བ་བསྣམས་པ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཌ་མ་རུ་སྟེ། གཡས་བརྐྱང་བའི་གནས་པས་འདོད་པའི་དབང་ཕྱུག་བུས་ཁྱོ་ཤུག་མནན་པའོ། །ཡང་སེར་པོ་དང་སྔོན་པོ་དང་དམར་པོ་དང་ལྗང་གུ་དང་དེ་བཞིན་དུ་སྟེང་མ་དཀར་པོ་སྟེ། རིན་པོ་ཆེ་དང་དྲིལ་བུས་སྙོམས་ པར་འཇུག་ཅིང་དབང་པོ་དྲལ་བའི་པགས་པ་བསྣམས་པ་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་ཅང་ཏེའུའོ། །གཡས་བརྐྱང་བའི་གནས་པས་དབང་པོ་ཁྱོ་ཤུག་མནན་པ་སྟེ། ཀུན་ཀྱང་སྤྱན་གསུམ་པ་ཕྱག་དྲུག་པ་རལ་པའི་ཅོད་པན་དར་གྱིས་བཅིངས་པ། མེ་མཚམས་དང་བདེན་བྲལ་ དང་། རླུང་མཚམས་དང་དབང་ལྡན་གྱི་མཚམས་རྣམས་སུ་ནི་སངས་རྒྱས་ཀྱི་མཁའ་འགྲོ་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། པདྨ་མཁའ་འགྲོ་མ་དང་། ལས་ཀྱི་མཁའ་འགྲོ་མ་རྣམས་ཏེ། དཀར་པོ་དང་སྔོན་པོ་དང་དམར་པོའོ། །ཡང་སྔོན་པོ་དང་དཀར་པོ་དང་སེར་པོའོ། ། ཡང་དམར་པོ་དང་སྔོན་པོ་དང་སེར་པོའོ། །ཡང་ལྗང་གུ་དང་སྔོན་པོ་དང་སེར་པོ་སྟེ། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །སྤྱན་གསུམ་གཅེར་བུ་སྐྲ་གྲོལ་ལ། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །ང་རྒྱལ་བཅས་ཤིང་གར་མཛད་པ། །སྙིང་རྗེ་ཆགས་པའི་དགའ་དང་ལྡན། ། འཁོར་ལོའི་མདའ་དང་རྡོ་རྗེའི་མདའ། །པདྨའི་མདའ་དང་རིན་ཆེན་མདའ། །རང་གི་མཚན་མས་མཚན་མའི་མདའ། །གཡོན་པ་ཐམས་ཅད་ན་གཞུའོ། །ཐོད་པ་ཁ་ཊྭཱཾ་ག་དང་ཌ་མ་རུའོ། །གཞན་གྱིས་ཞགས་པ་དང་ལྕགས་ཀྱུ་འཛིན་པའོ། །ཤིན་ཏུ་ཟླུམ་ཞིང་རེ་མིག་དགུ། །ཕྱི་རོལ་ གྲུ་བཞི་སྒོ་བཞིར་ལྡན། །དེ་ལ་ཤར་སྒོར་ནི་གཟུགས་མང་ངོ་། །བྱང་དུ་ནི་གཟུགས་བཟང་ངོ་། །ནུབ་ཏུ་ནི་རྡོ་རྗེ་དབྱིག་པ་ཅན་ནོ། །ལྷོར་ནི་རྡོ་རྗེ་སྣང་བའོ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །རྒྱན་རྣམས་ཀུན་གྱིས་བཀླུབས་པ་སྟེ། །སྔོན་བསྟན་སངས་རྒྱས་མཁའ་འགྲོ་ སོགས། །རིམ་བཞིན་མཚན་མ་ཐོགས་པའོ། །དེ་ཡི་ཕྱི་རོལ་ཡུལ་དུ་ཡང་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་དང་། དར་དང་མེ་ཏོག་གི་ཕྲེང་བ་འཕྱང་བ་སྟེ། དེ་ལ་ལྷའི་སྣམ་བུ་གྲུ་བཞི་པའི་མེའི་མཚམས་ལ་སོགས་པའི་གཡོན་སྐོར་ གྱིས་དགོད་པར་བྱ་བ་ནི་རྡོ་རྗེའི་ཁ་དང་དྲག་པོའི་ཁ་དང་། རྡོ་རྗེ་ཕག་སྣ་མ་དང་། སྙན་གྲགས་ལྡན་མ་དང་། རྡོ་རྗེ་ཕོ་ཉ་མོ་དང་། རྡོ་རྗེ་སེན་མོ་དང་། རྡོ་རྗེ་གཞོན་ནུ་མ་དང་། རྡོ་རྗེ་དུང་ཅན་མ་དང་། རྡོ་རྗེ་དྲི་མ་དང་། རྡོ་རྗེ་ཉལ་མ་དང་། དྲི་ཅན་མ་དང་། འཇིགས་མའི་ཞལ་ དང་། སྤྱི་གཙུག་ཟླ་བ་དང་། ཁྲོ་གཉེར་མ་དང་། སྣ་ཚོགས་ཀྱི་གཟུགས་མ་དང་། རྡོ་རྗེ་ལུས་ཅན་མ་དང་། རྡོ་རྗེ་སྒྲོག་མ་དང་། སྒྱུ་འཕྲུལ་ལྷ་མོ་དང་། སྙན་བྱེད་མ་དང་། ཁམ་པ་མ་སྟེ། དེ་ལྟར་ལྷ་མོ་ཉི་ཤུའོ། །ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་འབར་བ་མ་ དང་། བྱང་དུ་ནི་རྡོ་རྗེ་འཁྱིལ་མའོ། །ནུབ་ཏུ་ནི་རྡོ་རྗེ་འཇིགས་བྱེད་མའོ། །ལྷོར་ནི་རྡོ་རྗེ་གྲུབ་མའོ། །དེ་དག་ནི་མཁའ་འགྲོ་མའི་དཀྱིལ་འཁོར་གྲུབ་པའོ། །སྒོ་སྲུང་བ་ཐམས་ཅད་ཀྱང་སྤྱན་གསུམ་པ། ཞལ་རྣམ་པར་འགྱུར་བ་གསུས་པ་འཕྱང་བའོ། །གཞན་དག་ནི་སྣ་ ཚོགས་ཀྱི་གཟུགས་ཅན་རོལ་བ་མོ་ཐམས་ཅད་ཕྱག་རྒྱ་ལྔ་འཛིན་པ་ཐོད་པའི་ཕྲེང་བས་བརྒྱན་པ་ཞལ་གསུམ་པ་དཔའ་བ་དང་སྒེག་པ་དང་སྙིང་རྗེའི་རོས་གང་བ་ནུ་མ་རྒྱས་ཤིང་སྐལ་བ་དང་ལྡན་མ་གཅེར་བུ་སྐྲ་གྲོལ་བ་སྙིང་རྗེ་ཆེན་པོས་ཆགས་པའི་དགའ་བའི་དམ་པ་རོའི་གདན་ ལ་བཞུགས་པས་གར་བྱེད་པའི་མཆོག་སྟེ། ཐོད་པ་དང་ཁ་ཊྭཱཾ་ག་དང་རྔེའུ་ཆུང་གི་བདག་ཉིད་ཅན། ཞགས་པ་དང་ལྕགས་ཀྱུ་ཅན་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བའོ། །དེ་ནས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ལ་གོ་ཆ་གཉིས་ཀྱིས་བརྒྱན་ནས་ཡེ་ཤེས་ཀྱི་ འཁོར་ལོ་དེ་ལ་དགུག་པ་སྟེ། དབང་བསྐུར་བ་ལ་ཡང་དག་པར་མཆོད་ནས། བསྟོད་པ་བྱས་ལ་སྔགས་བཟླས་པར་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཌཱ་ཀ་ཨ་ཧཾ་ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། གུས་པའི་བསམ་པས་རྟག་ཏུ་བཟླས་པར་བྱ་སྟེ། རྡོ་རྗེ་མི་སྨྲ་ བའི་བརྟུལ་ཞུགས་ཆེན་པོ་སྤྲོ་བ་དང་བསྡུ་བར་བྱའོ། །ཨོཾ་ཤྲཱི་བུདྡྷ་ཌཱ་ཀ་ཨ་བྷྲཱུཾ་ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་ཀརྨ་ཌཱ་ཀ་ཨ་ཁཾ་ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀ་ཨ་དྷྲི་ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀ་ཨ་ཨཾ་ཧཱུཾ་ཌཱ་ཀི་ནི་ ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཾ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟར་མཁའ་འགྲོ་མ་ཐམས་ཅད་ཀྱི་བཟླས་པའི་སྔགས་རབ་ཏུ་བཤད་པའོ། །སྡོམ་པ་འདི་རྣམ་པར་ངེས་པར་བཟུང་ན་རྡོ་རྗེ་དང་མཉམ་པའི་དངོས་གྲུབ་བཟང་པོ་གདོན་མི་ཟའོ། །མཆོག་དང་ཐ་མ་ཞེས་བྱ་བ་ལ་ སོགས་པ་ནི་གང་ཡང་གཞན་དག་སྔོན་དུ་གྲུབ་པ་དམ་ཚིག་ཅན་བྱིན་གྱིས་བརླབ་པའི་གོ་འཕང་དྲན་པར་བྱ་སྟེ། མཆོག་ཏུ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་མའོ། །དབུས་མ་ནི་ཞིང་ལས་སྐྱེས་མའོ། །ཐ་མ་ནི་སྔགས་སྐྱེས་མའོ། །དེས་ལྷན་ཅིག་སྐྱེས་པ་དེའི་རྫས་ནི་རྣམ་ པར་ངེས་པ་ཡིན་ཞེས་བྱ་བ་སྟེ། རྩར་ཆུད་པའི་དབང་པོ་ཐམས་ཅད་ལས་བྱུང་བའི་རྫས་གང་དེ་རྣམས་ཀྱི་རྐྱེན་གྱིས་རྟག་ཏུ་བསྐྱེད་པའི་བདུད་རྩི་ལྔ་ལ་སོགས་པ་གནས་པའི་ཐོད་པ་ལ་ཁྲག་དང་ཆང་དུ་ལྡན་པས་དཀྱིལ་འཁོར་གྲུ་གསུམ་བྱས་ལ། སྟེང་དང་དབུས་དང་འོག་རྣམས་སུ། ། ཕྱོགས་དང་ཕྱོགས་མཚམས་ཇི་ལྟར་གསུངས། །དེ་ནས་ཁ་ཟས་བཟའ་བྱ་སྟེ། །དེ་ཉིད་གསུམ་ནི་མངོན་བསྔགས་ལ། །དམ་ཚིག་མཆོག་ནི་བཏུང་ཞིང་སྦྱིན། །བླ་མ་རྡོ་རྗེ་འཛིན་གཙོ་དང་། །རྣལ་འབྱོར་མ་ཚོགས་བདག་ལ་གསོན། །སྡོམ་པ་མ་ལུས་བཟུང་བྱས་ནས། །རྟག་ ཏུ་བདག་གིས་བསྐྱང་བར་བགྱི། །ཞེས་བྱའོ། །འཇིག་རྟེན་ལ་རྟག་གཡོན་ནས་སྦྱོང་། །ཅེས་བྱ་བ་ལ་གཡོན་པའི་ཀུན་དུ་སྤྱོད་པ་རྣམས་ནི་བདེ་བའི་འབྱུང་གནས་ཡིན་པས་གྲུབ་པའི་དོན་དུ་རྣམ་པར་སྤྱོད་དོ། །རྣལ་འབྱོར་ཆེན་པོ་འདི་ཉིད་བདེ་བ་ཅན་དང་ནམ་མཁའི་ཕོ་བྲང་དང་། འཇིག་རྟེན་གསུམ་གྱི་འགྲོ་བའི་བདག་པོའོ། །གང་གཡོན་པས་གཡོན་པ་ལས་སྐྱེས་པ་རྣམས་བརྒྱན་ན་མཆོག་གི་དོན་ཐམས་ཅད་སྟེར་བར་ནུས་ཤིང་རྒྱས་པར་བྱེད་ལ་བདེ་བ་སྟེར་བས་ན་གཡོན་གྱིས་བཀུར་སྟི་བྱ་སྟེ། རྣལ་འབྱོར་པ་ཐབས་ཐམས་ཅད་ལ་མཁས་པས་སོ། །གང་ གི་ཕྱིར་བདེ་མཆོག་གཙོ་བོའི་ངེས་པ་ཐམས་ཅད་གཡོན་པ་ལས་བྱུང་བའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོས་མཆོད་མེད་པར། །གང་ཞིག་དེ་བཞིན་གཤེགས་པ་མཆོད། །དེ་ཡིས་ངལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །བརྟུལ་ཞུགས་མ་ཉམས་ཞེས་བྱ་བ་ལ་བརྟུལ་ ཞུགས་ནི་དུས་ཀྱི་ངེས་པ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པས་བསྐལ་པ་དུ་མས་བརྒྱ་ལམ་ན་སངས་རྒྱས་པ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཅིང་བརྟུལ་ཞུགས་སྤོང་པ་སྟེ། ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་སྒྲུབ་ པ་པོ་བྱ་བ་ལ་བརྩོན་པ་ནི་འཇིག་རྟེན་པའི་སྤྱོད་པ་ལས་རྣམ་པར་གྲོལ་བ་སྟེ་བརྟུལ་ཞུགས་རྫོགས་པའོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ་འདིས་གྲངས་སུ་བགྲངས་པས་ནི་རིགས་ཏེ་དྲུག་དང་ལྔ་ལ་སོགས་པར་གསུངས་པའོ། ལྷན་ཅིག་ཅེས་པ་ནི་ སྔོན་དུ་བསྟན་པ་བཞིན་ནོ། །རིགས་ལྔ་ལས་ནི་ཀུན་སྤྱོད་པ། །ཞེས་བྱ་བ་ལ་རིན་པོ་ཆེའི་རིགས་མི་བསྐྱོད་པ་ནང་དུ་འདུས་པས་རིགས་བཞི་རུ་རབ་ཏུ་གཏོགས་སོ། །མཐར་ཐུག་པ་ཡང་སེམས་ཀྱི་བདག་པོའི་རིགས་སུ་གཅིག་པའོ། །དཀྱིལ་འཁོར་པ་རྣམས་དེར་མཉམ་ པའོ། །རྣམ་པར་མི་རྟོག་ཀུན་སྤྱོད་བྱ། །འདུ་འཛི་ཡོངས་སུ་འཛིན་མེད་ཅིང་། །ལོངས་སྤྱོད་མིན་པའི་ཟས་རྣམས་དང་། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཁ་ན་མ་ཐོ་མེད་བསྟེན་བྱ། །མེ་ལ་ཇི་ལྟར་བཟང་བ་མཉམ་སྤྱོད་ཡུལ། །ཇི་ལྟར་ཉི་མའི་སྣང་བས་མཉམ་པར་སྟོན། ། རླུང་གིས་ཇི་ལྟར་དྲི་མ་མཉམ་པར་བསྡུས། །རྣམ་རྟོག་རྨོངས་པའི་རྒྱ་མཚོ་རིགས་སྤངས་ལ། །དམ་ཚིག་མ་ལུས་ཀུན་ཏུ་སྤྱོད་པར་བྱ། །དཀྱིལ་འཁོར་གྲུ་གསུམ་ཞེས་བྱ་བ་ལ། །ས་ཕྱོགས་རྩུབ་ཅིང་སྙིང་པོ་མ་ཡིན་པ། གས་ཤིང་མདོག་གནག་པ་ལ། རྒྱར་སོར་ཉི་ཤུ། ཟབས་སུ་སོར་བཅུ་པའི་ཐབ་ཁུང་བྱང་དུ་མགོ་བསྟན་པ་བྱས་ལ་ལས་ཀྱི་རྡོ་རྗེ་དང་། དེ་བཞིན་དུ་མདུང་རྩེ་གསུམ་པ་དང་། རྡོ་རྗེ་ཐོ་བའི་མཚན་མ་རྣམས་རྩེ་མོ་སྟེང་དུ་བལྟས་པས་གསད་པའི་ལས་ལ་མདུང་གི་རྩེ་མོ་སྟེང་དུ་བལྟ་བར་བྱ་སྟེ། ཕྱག་མཚན་འདིར་སོར་བཞི་པའི་ ཚད་དུ་བྲི་བར་བྱའོ། །དེའི་སྟེང་དུ་སོར་གསུམ་བོར་ནས་ཞེང་དང་དཔངས་སོར་གསུམ་པའི་ཁ་ཁྱེར་གྱིས་ཐབ་ཁུང་བསྐོར་བར་བྱའོ། །དེ་ནས་ས་ནག་པོ་ཉིད་དང་བོང་བུ་དང་རྔ་མོའི་རྟུག་པ་དང་། མི་རུས་དང་འབྲས་ཀྱི་ཕུབ་མ་དང་། སོལ་བ་བྱུགས་ལ་དྲི་མི་ཞིམ་པའི་མེ་ཏོག་དང་བདུག་ པས་མཆོད་ལ། ཤིང་དྲི་མི་ཞིམ་ཞིང་རྩུབ་པ་ཚེར་མ་ཅན་གྱི་ཤིང་ངམ། དུར་ཁྲོད་ཀྱི་ཤིང་ངམ། བོང་བུ་དང་རྔ་མོའི་རྟུག་པ་སྐམ་པོས་བྱ་ཞིང་ནིམ་པ་དང་སེང་ལྡེང་དང་ཚེར་མ་ཅན་ནམ། བ་ལུ་ཏི་ཀ་ཚེར་མ་ཅན་ལ་སོགས་པའི་ཤིང་རྣམས་ཀྱི་ཡམ་ཤིང་སོར་བཅུ་པའི་ཚད་ཙམ་རྩ་བའི་ཆ་ ལས་བྱས་པའམ། རོ་བསྲེགས་པའི་རྩུབ་ཤིང་གཤགས་པ་ལས་བྱུང་བའང་རུང་སྟེ། དུག་དང་ཁྲག་དང་མར་ཁུ་ལ་བདུག་པ་བསྲེག་པར་བྱའོ། །ཡང་ཡུངས་ཀར་ཚ་བའི་མར་ཁུ་དང་ཁྲག་དང་ལན་ཚྭ་དང་སྐེ་ཚེ་དང་ནིམ་པའི་འདབ་མའི་ཐལ་བ་དང་། རྐང་རྗེས་ཀྱི་ས་དང་བོང་བུ་དང་ རྔ་མོ་ལ་སོགས་པའི་རྟུག་པ་དང་སྐྲ་དང་ཞག་དང་བྱ་རོག་དང་འུག་པའི་སྒྲོ་དང་བཤང་བ་དང་གཅི་བ་དང་མི་རུས་ཀྱི་ཕྱེ་མ་དང་སྤུ་དང་ཤ་ལ་སོགས་པ་རེ་རེ་ཞིང་ཇི་སྐད་རྙེད་པའི་རྫས་དུག་དང་ཁྲག་དང་སྨྱོ་བྱེད་ཀྱི་འདབ་མའི་ཁུ་བས་སྦངས་ལ། ཐལ་བ་དང་སོལ་བ་དང་འབྲས་ཀྱི་ཕུབ་མ་ལ་ སོགས་པས་དགྲ་བོའི་གཟུགས་བརྙན་བྱས་ལ་མཚོན་རྣོན་པོས་མགོ་བོ་ནས་བརྩམས་ཏེ། ལུས་དུམ་བུ་དུམ་བུར་གཏུབས་ལ། མངོན་སྤྱོད་ཀྱི་ལས་ལ་སྦྱིན་སྲེག་དབུལ་ཏེ། ལྕགས་ཀྱི་སྣོད་དུ་ཁྲག་དང་ཆུ་དང་མི་དང་བོང་བུའི་གཅིན་ལ་ཡི་གེ་ཕཊ་ཀྱི་མཐའ་དང་ལྡན་པའི་མངོན་སྤྱོད་ཡི་ གེ་བདུན་པ་ལན་བདུན་བཟླས་ལ། བསྲེག་རྫས་ལ་བསང་གཏོར་བྱས་ལ། དཀོན་མཆོག་གསུམ་ལ་གནོད་པ་རྣམས་དང་། དམ་ཚིག་ལས་འདའ་བར་བྱེད་པ་རྣམས་སྦྱར་བར་བྱའོ། །དེ་ནས་གོས་ནག་པོས་བརྒྱན་ཞིང་ལྕགས་ཀྱི་རྒྱན་དང་ལྡན་པས་ཁྲོ་བོའི་སེམས་ཀྱིས་གཤིན་ རྗེའི་ཕྱོགས་སུ་ཁ་བལྟས་ལ་སྔགས་པས་ཁྲོ་བོའི་སྐྱིལ་ཀྲུང་གིས་སྟན་མཁྲང་པོ་ལ་གནས་ཤིང་མཚན་ཕྱེད་དང་ཉིན་ཕྱེད་ན་བསྒྲུབ་བྱ་རྣམ་པར་བསམས་ཏེ། རང་གིས་བསྐྱེད་པའི་དཀྱིལ་འཁོར་དུ། ཡི་གེ་ཧཱུཾ་ཕཊ་མཐའ་ན་ཡོད་པའི་འབྲུག་སྒྲ་ལྟར་སྔགས་བརྗོད་ལ། དེས་རབ་ དང་འབྲིང་དང་ཐ་མའི་སྦྱིན་སྲེག་བྱའོ། །འདིར་མངོན་སྤྱོད་ཀྱི་མེ་ནི་དུར་ཁྲོད་ཀྱི་མེའམ་རུས་པ་ལས་བྱུང་བའམ་རྡོ་ལས་སྐྱེས་པའམ་གདོལ་པའི་ཁྱིམ་ནས་བྱུང་བས་གོང་མ་ཐབ་ཁུང་དུ་ཇི་ལྟར་བསྟན་པའི་བུད་ཤིང་ལ་རླུང་གཡབ་ཀྱིས་བ་བ་ཀ་སྦར་ཏེ། ཧཱུཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་ བརྗོད་ཅིང་ཆོ་ག་བཞིན་དུ་མེ་སྦར་རོ། །དེ་ནས་ལག་པ་གཡོན་པ་ཀུ་ཤ་དང་བཅས་པའི་མཐེ་བོང་སྲིན་ལག་གི་རྩ་བར་བཙུགས་ལ་མེ་ལྷ་སྤྱན་དྲང་བར་བྱ་སྟེ། ཨོཾ་ཨེ་ཧྱེ་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་སཏྭ་མ་གྲི་ཧི་ཏྭ་ཨཱ་ཧུ་ཏི་ཨཱ་ཧ་རཾ་ཨ་སྨིན་སནྣི་ཧི་ཏོ་བྷ་བ་ཞེས་བྱ་བས་ མེའི་ཕྱོགས་ནས་སྤྱན་དྲངས་ཏེ། བྱོན་ནས་འབར་བའི་སྙིང་པོའི་དབུས་སུ་ཁྲོ་བོ་མི་བཟད་ཅེས་བྱ་བའི་ཀློག་ལྟར་ཕུན་སུམ་ཚོགས་པ་དང་ལྡན་པ་བ་སྤུ་ཁམ་པ་དེ་བཞིན་དུ་དུ་བའི་མདོག་ཅན་མིག་གཡོ་བ་སྟེང་དུ་གཟིགས་ཤིང་སྦྲ་ཆེ་བ། མཆེ་བ་བཞི་པ་སྟོབས་ཆེ་ ཞིང་རླུང་གི་དཀྱིལ་འཁོར་ལ་བཞུགས་པ་འཇིགས་པའི་ཡི་གེ་ཧཱུཾ་གིས་ཧཱུཾ་ཞེས་མཛད་པས་སྤྱན་གསུམ་པ་ལ་ཕྱག་བཞི་པ་རྡོ་རྗེ་འོད་ཟེར་གྱི་གཟི་བརྗིད་ཆེ་ཞིང་རིག་པའི་གནས་ལ་ལེགས་པར་བཞུགས་པ། ཞལ་བདུན་པ་རྣམ་པར་གཙིགས་ཤིང་མ་ཧེའི་གདན་ལ་བཅིབས་པའི་ དུ་བའི་ཕྲེང་བས་འཁྲུག་ཅིང་འཇིགས་སུ་རུང་བ་ལྕགས་ཀྱི་རྒྱན་བཟང་པོ་དང་ལྡན་ཞིང་ལྕགས་ཀྱི་ལུགས་མའི་ཞལ་ཅན་འབར་བའི་ཕྲེང་བ་དང་བཅས་ཤིང་སྤྱན་དམར་སེར་མཉམ་པ་མེད་པས་འཇིགས་པར་གཟིགས་པ་གོས་སྔོན་པོ་མནབས་ཤིང་འཇིག་པའི་མེ་ལྟར་དྲག་པོའི་ འོད་ཀྱིས་འཇིག་རྟེན་གསུམ་པོ་གསལ་བ། ཕྱག་གཉིས་ཀྱིས་མདུང་དང་རྡོ་རྗེ་འཛིན་པ། ཡང་གཞན་གྱིས་རལ་གྲི་དང་ཟངས་གྲི་འཛིན་པའོ། །དེའི་གཡས་ལོགས་སུ་ནི་ནག་པོ་ཁམ་སེར་ཞེས་བྱ་བ་གཡས་གཉིས་ན་རྡོ་རྗེ་དང་གྲི་གུག་འཛིན་པ་ཡན་ལག་ནག་པོའི་དུ་བའི་སྤྱན་ཅན་ ཚམས་ཀྱིས་མ་མཆུ་བཟུང་ནས་འཚིར་བའོ། །གཡོན་གཉིས་ཁྲག་གིས་གང་བའི་ཐོད་པ་དང་རལ་གྲི་འཛིན་པས་གནས་པ་འོད་ཟེར་དམར་པོ་མཉམ་དུ་འབར་བའོ། །གཡོན་དུ་ནི་གཤིན་རྗེ་མཐར་བྱེད་དྲག་ཅིང་ཆར་སྤྲིན་གྱི་འོད་དང་མཉམ་པ་ཞལ་དྲུག་ཕྱག་དྲུག་མངའ་ཞིང་། ཞལ་དྲུག་ ལ་སྤྱན་གསུམ་པ་རྣམ་པར་འགྱུར་ཞིང་། ཞལ་མཆེ་བ་རྣམ་པར་གཙིགས་པ་ལྕགས་ཀྱི་རྒྱན་འབར་བ་ཅན་དུར་ཁྲོད་ཀྱི་མེ་ལྟར་དཔངས་མཐོ་བ་མ་ཧེ་ལ་ཞོན་པ་འཇམ་དཔལ་གྱི་སྙིང་པོ་ལས་བྱུང་བར་བྱའོ། །མེ་ཐབ་ཀྱི་ངོས་གཉིས་ལ་ནི་མཐར་བྱེད་དང་ནག་པོ་གཉིས་ཇི་ལྟ་བའི་རང་ བཞིན་ཅན་དུ་བསམ་པར་བྱ་སྟེ། ལྟོགས་ཤིང་ཟ་འདོད་པ་ཕྱག་བཞི་པ་དང་དྲུག་པ་ཅན་ནོ། །ཡི་དགས་ཀྱི་རྒྱལ་པོ་ཇི་ལྟ་བ་དེ་བཞིན་དུ་དྲག་ཅིང་བྱ་བ་བྱེད་པའི་བྱིན་ཟ་དྲག་པོའི་ལས་འབའ་ཞིག་སེམས་པའོ། །དེ་ལྟར་ཐམས་ཅད་ཏིང་ངེ་འཛིན་གྱི་སྟོབས་ལས་བྱུང་སྟེ། དོན་ཐམས་ཅད་ བསྒྲུབ་པའི་སྒྲུབ་པ་པོས་ལས་དང་རྗེས་སུ་མཐུན་པའི་སྔགས་དང་ཕྱག་རྒྱའི་སྦྱོར་བས་ཡང་དག་པར་ལྡན་པར་བྱས་ལ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པར་བྱས་ནས་ཆོ་ག་བཞིན་དུ་མཆོད་ཡོན་ལ་སོགས་པས་མཆོད་པ་བྱ་སྟེ། མགོ་བོར་མཆོད་ཡོན་ནོ། །རྐང་པ་གཉིས་ལ་ནི་ ཞབས་བཀྲུའོ། །ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ལག་པ་གཡས་པའི་མཛུབ་མོ་དང་། མཐེ་བོང་བཀབ་པ་ལྟ་བུར་བྱས་པས་ཆུ་བླངས་ཏེ་ལག་པ་བསྐྱོད་པས་དབུལ་བར་བྱའོ། །ཨོཾ་པཱ་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་ཞལ་བསིལ་དང་བསང་གཏོར་བྱིན་ལ་མཆོད་པ་བྱ་སྟེ་མེ་ཏོག་ནི་མགོ་ལའོ། ། བདུག་པ་ནི་མདུན་དུའོ། །དྲི་ནི་སྙིང་གར་རོ། །མར་མེ་ཡང་མདུན་དུའོ། །ལྷ་བཤོས་ཀྱང་དེ་བཞིན་དུ་མདུན་དུ་དབུལ་བར་བྱའོ། །དེ་ལྟར་ཡང་དག་པར་མཆོད་པ་དང་ཁྱད་པར་དུ་ཡང་ཡིད་ཀྱིས་ནན་ཏན་དུ་བསམས་ལ། ཞལ་བསིལ་བྱིན་ཏེ། སོ་རྩི་དབུལ་བར་བྱའོ། །དེ་ལ་དགོང་གཟར་ ནི་ཡུ་བ་སོར་བཅུ་དྲུག་པ་ལ་དཀྱུས་སོར་བཞི་པ་ཟབས་སུ་སོར་གཉིས་པ། དེའི་དབུས་སུ་ཡང་གྲུ་གསུམ་པ་སྟེ། རྡོ་རྗེ་རྩེ་གསུམ་པའི་ཕྲེང་བས་ཡོངས་སུ་བསྐོར་བ་འདིའི་དབུས་སུ་ཡང་མཚན་མ་བྱ་སྟེ། སྟག་དང་སྦྲུལ་དང་སེང་གེ་རྣམས་ཀྱི་གདོང་པ་གང་འདོད་པས་མཚན་མར་བྱ་ ཞིང་མར་འཛག་པའི་བུ་ག་སོར་གཅིག་པའོ། །མཆུ་ནི་རྡོ་རྗེ་གདེང་བ་འདར་བས་བྱིན་གྱིས་བརླབས་པའི་སོར་ཚད་ཙམ་མོ། །དེ་བཞིན་དུ་བླུགས་གཟར་གྱི་ཡུ་བ་ནི་སོར་བཅུ་བཞི་པ་དཀྱུས་སོར་གསུམ་པ། ཟབས་སོར་གཅིག་པ་གྲུ་གསུམ་པ་དེ་བཞིན་དུ་མཚན་མས་བྱིན་གྱིས་ བརླབས་པའོ། །ཡུ་བའི་མཐར་ནི་རྡོ་རྗེ་རྩེ་གསུམ་གདེངས་པས་བྱིན་གྱིས་རླབས་པའི་མངོན་སྤྱོད་ཀྱི་གཟར་བུ་དགང་བར་བྱ་སྟེ། ཐོག་གིས་བརྒྱབ་པའི་ཤིང་ངམ་ལྕགས་སམ། ཚེར་མ་རྣོ་བ་ཅན་གྱི་ཤིང་རྣམས་ལས་བྱའོ། །འདིས་ནི་སངས་རྒྱས་དག་ཀྱང་ངེས་པར་ འཇིག་ཞེས་བྱ་བའི་དོན་ནོ། །དེ་ལྟར་ཕྱི་རོལ་གྱི་སྦྱིན་སྲེག་བཤད་ནས། ཡང་ནང་གི་བསྟན་པར་བྱ་བའི་ཕྱིར། སྔགས་དང་ཕྱག་རྒྱ་ཡང་དག་ལྡན། །དཔའ་བོ་རྣམས་ཀྱི་ཟས་དེ་བཞིན། །ཞེས་བྱ་བ་གསུངས་ཏེ། སྔོན་དུ་བསྟན་པའི་རྫས་རྣམས་ཀྱིས། །རང་གི་ལྷག་པའི་ལྷའི་སྦྱོར་ བ་དང་ལྡན་པས་བྱའོ། །ཉོན་མོངས་ཐམས་ཅད་ཞི་དོན་དང་། །ཏིང་ངེ་འཛིན་ནི་རྒྱས་བྱའི་ཕྱིར། །སྲིད་གསུམ་སྙིང་པོའི་ཐབ་ཁུང་དུ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་བྱ། །རང་བཞིན་གྱིས་བྱུང་ལྟེ་བ་རུ། །གཏུམ་མོའི་མེ་ནི་བཟང་པོས་བརྒྱན། །རྩ་བའི་རང་ བཞིན་ཧེ་རུ་ཀ །རྣལ་འབྱོར་པ་ཀུན་དགང་བར་བྱ། །རང་བཞིན་མེད་པའི་སེམས་ཀྱིས་ནི། །འབྱུང་བ་ཀུན་གྱི་སྲེག་བླུགས་བྱ། །འདི་ནི་བླ་མེད་སྦྱིན་སྲེག་ཏུ། །སངས་རྒྱས་ཀུན་གྱིས་རབ་ཏུ་གསུངས། །རང་གིས་བདག་ཉིད་རང་བཞིན་དུ། །ཕྱི་ཡི་དངོས་པོ་ཤེས་པར་བྱ། །དེ་ལྟར་ ཡང་གསུངས་པ། འོད་ཟེར་ཕྲེང་བས་འཁྲིགས་ཤིང་དྲག །འོད་ཀྱི་དཀྱིལ་འཁོར་རབ་འབར་བ། །ལྟེ་བའི་ཐབ་ཁུང་ཀུན་དུ་གསུངས། །ལྟེ་བ་མེ་ཡི་ཐབ་ཁུང་ཉིད། །བུད་ཤིང་ཐམས་ཅད་ཡེ་ཤེས་མེས། །འབྱིན་དང་སྡུད་པར་བྱེད་པ་ཡིན། །ལས་ཀྱི་རླུང་གིས་རབ་བསྐྱོད་པས། །ལྟེ་བའི་ དཀྱིལ་དུ་རབ་ཏུ་འབར། །དབང་པོ་ཀུན་ལས་བྱུང་བའི་སེམས། །བདེ་བ་བུད་ཤིང་དུ་ནི་འགྱུར། །ལས་དང་སྐྱེ་བ་ལས་བྱུང་བ། །ཉོན་མོངས་ཞི་ཕྱིར་སྦྱིན་སྲེག་བྱ། །རྫོགས་པའི་བྱང་ཆུབ་རིམ་གྱིས་ནི། །འདི་ཡིས་མྱུར་དུ་རྒྱས་པར་འགྱུར། །བསྐལ་པའི་མེ་དང་རྟོགས་མཚུངས་ ཤིང་། །འོད་ཀྱི་སྣང་བས་ལེགས་གནས་པ། །རྩ་བརྒྱད་རྣམས་ཀྱི་འབྲས་བུ་ནི། །སྙིང་གའི་གནས་སུ་ཡང་དག་འབར། །དྲུག་ཅུ་རྩ་བཞིའི་འདབ་ལྡན་པའི། །པདྨ་ཉིད་ཀྱི་དབུས་སུ་མེ། །དེ་ཡི་དབུས་སུ་མེ་ཡི་ལྷ། །མཐེ་བོའི་ཚིགས་ཚད་ཙམ་དུ་བལྟ། །ཕྱག་གཉིས་མེ་ཡི་ མདོག་ཅན་མ། །ལྷན་ཅིག་སྐྱེས་དགའ་རབ་འབར་བའི། །ཉི་མའི་དཀྱིལ་འཁོར་མནན་ནས་ནི། །འོད་ཟེར་འབར་བས་རབ་གསལ་བ། །དབྱིངས་ཀུན་ལ་ནི་འབར་བྱེད་པ། །ཐམས་ཅད་རྩ་རུ་སོང་བར་བལྟ། །བལྟ་བ་ཀུན་གྱི་བུད་ཤིང་ནི། །འདབ་མའི་མཐར་ནི་ཡང་དག་གསུངས། ། ཡིད་ཀྱིས་མེ་ཏོག་མཆོད་བྱ་ཞིང་། །ཡིད་ཀྱིས་བདུག་པས་བདུག་པར་བྱ། །ཡིད་ཀྱི་དྲི་ནི་བདེ་དང་ལྡན། །ཡིད་ཀྱི་མར་མེ་རབ་འབར་བ། །གཏོར་མ་འདུས་བྱས་གང་བ་ཡི། །ཡིད་ཉིད་ཀྱིས་ནི་མཆོད་པར་བྱ། །རྐྱང་མ་དགང་གཟར་ཡང་དག་གསུངས། །རོ་བཅུད་ བླུགས་གཟར་བླུགས་གཟར་ཁ། །ཁ་ཡི་པདྨའི་འདབ་མ་སྟེ། །སོར་གཉིས་ཚད་དུ་རབ་རྒྱས་པའོ། །དབྱུག་པ་རྡོ་རྗེ་རིན་ཆེན་མཐའ། །ཇི་སྲིད་རང་གི་རྡོ་རྗེ་འབར། །ཐོད་པ་སྲེག་རྫས་སྣོད་ཡིན་ཏེ། །ཐམས་ཅད་རྫས་ནི་སྲེག་བླུགས་བྱས། །དེ་ལྟར་རིམ་པ་རབ་ཏུ་བརྗོད། །རྩ་ལྔ་ ལ་ནི་ཡང་དག་བརྟེན། །ལྔ་པོ་ཡང་དག་སྦྱར་བར་བྱ། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་མཉམ་པའོ། །ཆུ་ཤིང་མེ་ཏོག་ལྟ་བུ་ནི། །ལྟེ་བའི་དབུས་སུ་ཡང་དག་གནས། །རྟག་ཏུ་ཁྱབ་བྱེད་གནས་པ་སྟེ། །མཁས་པས་ཀུན་ཏུ་བསྐོར་བར་བྱ། །འདབ་བརྒྱད་ རྟག་ཏུ་སྟེང་དུ་བལྟ། །གེ་སར་དང་ནི་ལྡན་པར་གསུངས། །དེ་ཡི་དབུས་སུ་རབ་བརྟན་པ། །རྣམ་ཤེས་ལྷན་ཅིག་སྐྱེས་པའི་ལྷ། །རླུང་གི་ནམ་མཁར་རབ་ཏུ་འབར། །དེའི་རྡུལ་ཕྲན་རྣམ་པ་རུ། །མཚན་ཉིད་རབ་ཏུ་ཤེས་པར་བྱ། །སྐྲ་རྩེ་བརྒྱ་ཡི་ཆ་ཡིས་ནི། །འོད་ཟེར་ རྒྱུན་མི་འཆད་པར་གནས། །ཨརྒྷ་བྱིན་བྱ་རབ་འབར་བའི། །ཐིག་ལེ་རི་མོ་ཡི་གེ་མེད། །སྔོན་བཞིན་མཚན་ཉིད་ཡང་དག་ལྡན། །སོར་མོ་ལྔ་དང་མཉམ་ལྡན་པས། །གང་བའི་སྦྱིན་སྲེག་རབ་ཏུ་གསུངས། །སྲེག་བླུགས་སྦྱིན་སྲེག་སོར་མོ་གསུམ། །སྦྱིན་སྲེག་རིམ་པའི་སྦྱོར་ བ་ཡིས། །བདུད་རྩིའི་ཡི་གེ་ཡང་དག་ལྡན། །བདུད་རྩི་དཀྱིལ་འཁོར་དབུས་སུ་ནི། །མཆོག་གི་དེ་ཉིད་ཡི་གེ་གསུམ། །བདེ་ཆེན་བདུད་རྩི་དགུག་པ་ཡིས། །དམིགས་པ་ཐམས་ཅད་དགའ་བར་གསུངས། །སྦྱིན་སྲེག་གི་ནི་རིམ་པ་ཡིས། །རྒྱུན་དུ་འབབ་ཅིང་འབབ་འགྱུར་ཏེ། ། ཉིན་དང་མཚན་དུ་ཁུ་བའི་རྒྱུན། །དེ་བཞིན་གཤེགས་པ་ཀུན་བསྡུས་ནས། །དེར་ནི་སྐུ་མཆོག་རབ་བཞུགས་པ། །ཞི་བའི་སྦྱིན་སྲེག་དེ་བརྗོད་དོ། །རྒྱས་ལ་བྱང་ཆུབ་སེམས་དཔའ་དགུག །གཟུགས་སུ་ལྷག་པར་མོས་པར་བྱ། །ཤིན་ཏུ་ཉོན་མོངས་ཟད་པའི་ཕྱིར། །ཁྱད་ པར་དུ་ནི་ཁྲོ་བོའི་གཟུགས། །རྣམ་པ་སྣ་ཚོགས་རྗེས་ཆགས་པས། །བུད་མེད་གཟུགས་ནི་རྣམ་བསམ་བྱ། །སྐུ་གསུང་ཐུགས་ལ་འདེབས་པའི་ཕྱིར། །བུད་མེད་ཕྱག་རྒྱ་རབ་ཏུ་གསུངས། །གྲུ་གསུམ་མེ་ཡི་དཀྱིལ་འཁོར་དུ། །རང་བྱུང་གི་ནི་ལྷག་པའི་ལྷ། །སྲེག་རྫས་ སྣོད་ལ་ཁྱད་པར་དུ། །སྔགས་པས་ལས་རྣམས་ཐམས་ཅད་པ། །དཔའ་བོ་གཉིས་མེད་སྙོམས་འཇུག་པ། །ཨོཾ་ཨ་བཾ་ཧཱུཾ། ཡི་གེ་གཉིས་ཀྱི་སྔགས་ལུས་ཅན། །ཧ་ཧ་སིད་བྱས་ཡང་དག་ཟློས། །ཁུ་བ་ཇི་ལྟར་འབྱུང་འགྱུར་བ། །ལྷན་ཅིག་སྐྱེས་དགའ་རབ་ཏུ་ འབར། །མེ་ཡི་དཀྱིལ་འཁོར་འོད་གསལ་བ། །འཇིག་དུས་མེ་དང་སྟོབས་མཉམ་ལ། །མ་ལུས་པ་ཀུན་སྦྱིན་སྲེག་ལས། །ལྔ་ཕུང་ཕྱི་ནས་མ་འཁོར་ཏེ། །དེ་ཡི་ཐལ་བའང་ལུས་མི་འགྱུར། །ཆོས་ཀྱི་རང་བཞིན་འགག་མེད་པའི། །ཆོས་ཉིད་དང་ནི་སྙིང་རྗེ་ཆེས། །སྨོན་ལམ་ གྱིས་ནི་བསྐྱེད་པ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །བདེ་བའི་བྱང་ཆུབ་དཀྱིལ་འཁོར་ནི། །འདི་ཡིས་རྒྱས་པར་ཡང་དག་འགྱུར། །ཉོན་མོངས་ཤིན་ཏུ་ཞི་དོན་དང་། །ཤིན་ཏུ་སྟོང་པ་རྟེན་མེད་པས། །སྤྲིན་མེད་ནམ་མཁའ་ཇི་བཞིན་དུ། །ཤེས་རབ་ཕ་རོལ་ཕྱིན་ གང་དང་། །ཕྱག་རྒྱ་ཆེན་པོ་དབང་དུ་འགྱུར། །ཤྲཱི་ཧེ་རུ་ཀའི་སྤྲུལ་པ་ཞེས་བྱ་ནི། ཁམས་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཉེར་སྤྱོད་ཅེས་བྱ་བ་ནི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་དེ་དག་གཉིས་སུ་མེད་པའི་རྣམ་པར་མཚོན་པའོ། །བསྟན་བཅོས་ ཐམས་ཅད་བརྗོད་ཅེས་བྱ་བ་ནི། སངས་རྒྱས་ཀྱི་དེ་ཉིད་བསྡུས་པ་སྟེ། དཔའ་བོའི་ཕྱག་རྒྱ་སྦྱོར་བ་དང་། །དེ་ལྟར་ཁ་ཟས་ཉེར་བསྟེན་པའི། །དམ་ཚིག་བཟང་པོ་འདི་ཡིས་ནི། །དངོས་གྲུབ་ཕུལ་དུ་བྱེད་པའོ། །བདག་གི་མེད་ཅིང་ཡོངས་གཟུང་མེད། །ཁ་ན་མ་ཐོ་མེད་ལྷུན་གྲུབ། །སྣ་ཚོགས་ ལས་བྱུང་འོ་མར་བཅས། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད། །གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །རྒྱུན་དུ་ཞེས་བྱ་བ་ནི་བར་ཆད་མེད་པའོ། །དེ་ཉིད་ཀྱིས་ན་སྦྱོར་བས་རྟག་ཏུ་མཆོད་ཅེས་སོ། །བགེགས་མེད་ཅེས་པ་ནི་དམ་ཚིག་སྤྱོད་པས་སོ། །དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་ཇི་ལྟ་བ་བཞིན་འགྲུབ་པས་ན། དེ་ནི་གཞན་དུ་འགྱུར་མ་ཡིན། །ཞེས་བྱ་བ་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པར་མི་འགྱུར་རོ། །དེ་ཡི་ཕོ་ཉ་གཞན་བཟང་པོ། །ཞེས་བྱ་བ་ལ། དེ་ཡི་ནི་རྣལ་འབྱོར་པའི་འོ། །བརྩོན་པར་ལྷན་ཅིག་ལྡན་པ་ཡིན། །ཞེས་བྱ་བ་ནི་ལྷན་ཅིག་དེ་དང་བཅས་ པར་འགྱུར་བའོ། །གང་གི་ཕྱིར་བརྩོན་པར་ལྡན་ཞེས་བྱ་བ་ནི་དངོས་གྲུབ་པ་ལ་རྗེས་སུ་ཆགས་པ་སྟེ། ཡེ་ཤེས་དང་ལྡན་ཞིང་ཉམས་དགའ་བ་རྣམ་པར་འབྱེད་པ་དེ་སྙེད་ནས། དཔལ་ཧེ་རུ་ཀ་མཉམ་པར་སྦྱོར་བའི་རྣལ་འབྱོར་པས་ཤིན་ཏུ་ཆགས་པའི་དགའ་བའི་ལོངས་སྤྱོད་བྱའོ། །རྣལ་འབྱོར་ རྫས་ཀྱི་རྣམ་འབྱེད་ཡིན། །ཞེས་བྱ་བ་ལ་རྫས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བདུད་རྩི་སྟེ་བཅུད་ཀྱིས་ལེན་ནོ། །དཔེར་ན་ལྷའི་ཤིང་གིས་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་དེ་བཞིན་དུ་འདིར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཤིང་གིས་སངས་རྒྱས་ཀྱི་འབྲས་བུ་སྟེར་བའོ། །རྣམ་འབྱེད་བྱེ་བྲག་ གཉིས་སུ་གསུངས། །སྤྱོད་དང་གྲོལ་བའི་འབྲས་རབ་སྩོལ། །བླ་མའི་མན་ངག་ཐོབ་ནས་སུ། །ཡང་དག་བསྒོམ་པ་མངོན་པར་སྤྲོ། །རྟག་ཏུ་ནུས་དང་ལྡན་པ་ཡིས། །བྱང་ཆུབ་མཆོག་ནི་བསྒྲུབ་བྱས་ནས། །ཚེ་འདི་ཉིད་ལ་སངས་རྒྱས་ནི། །རྡོ་རྗེ་འཛིན་པ་ཆེན་པོར་འགྱུར། །དེའི་དོན་ ཞེས་བྱ་བ་ནི་གང་གི་ཚེ་བརྩོན་འགྲུས་དམན་པར་གྱུར་པ་རྣམས་ཀྱིས། བླ་ན་མེད་པའི་ཡེ་ཤེས་མ་ཐོབ་པ་དེའི་ཚེ་འདོད་པའི་དོན་གྱི་ལོངས་སྤྱོད་ཐོབ་ཅིང་སྦྱིན་བདག་དང་མཉམ་པར་འགྱུར་རོ་ཞེས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་གསུངས་མ་ཐག་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་ཁྱད་པར་གྱི་མཚན་ཉིད་དོ། །བསྟན་པ་ཞེས་བྱ་བ་ནི་སྔོན་དུའོ། །དེ་ནས་གཞན་ཡང་ཤེས་པར་བྱ། །ཞེས་སྦྱར་རོ། །གང་གིས་ཞེས་བྱ་བ་ནི་མཚན་ ཉིད་ཀྱིས་སོ། །ཤེས་འགྱུར་ཞེས་བྱ་བ་ནི་རྣལ་འབྱོར་ཅན་གྱིས་སོ། །དམ་ཚིག་ལ་གནས་མཁའ་འགྲོ་མ། །ཞེས་བྱ་བ་ནི་དམ་ཚིག་ལས་མི་འདའ་བ་སྟེ། སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར། མ་དང་ཕ་ཞེས་བྱ་བ་ལ་མ་དང་ཕ་གང་རྙེད་ནས་སོ། །དང་གི་སྒྲ་ནི་ལྷན་ཅིག་སྤྱོད་པའི་རྗེས་ སུ་འཇུག་པའོ། །བདག་པོ་ཉིད་དུ་ཞེས་བྱ་བ་ནི་ཡེ་ཤེས་ཐོབ་པར་རོ། །སྐད་ཅིག་མཐོང་ཞེས་བྱ་བ་ནི་བདག་ཉིད་དེ། དེ་དག་གིས་དེ་ཡོངས་སུ་རྫོགས་པ་ནི་སོ་སོར་རང་གིས་རིག་པ་ཞེས་བྱ་བའི་བར་དུའོ། །དེ་ལྟར་ཡང་གསུངས་པ། ཕ་ལས་ཐོབ་པའི་བདེ་བ་གང་། །བདེ་དེ་རང་གིས་ལོངས་ སྤྱད་བྱ། །བདེ་བ་གང་གིས་འདིར་འཆི་བ། །དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་སོ། །ལྕེ་སྦོམ་ཞེས་བྱ་བ་ལ། བཞིན་འཕེལ་ཆེ་ཞིང་ནུ་རྒྱས་མ། །བཞིན་ཡང་ཐུང་ཞིང་སྐྲ་ཡང་ཐུང་། །གླང་ཆེན་དྲི་བྲོ་དྲེགས་པ་མ། །མདོར་བསྡུས་ནས་ནི་རབ་ཏུ་བཤད། །ལུས་ པོ་རིང་ཞིང་བཞིན་ཡང་རིང་། །དེ་བཞིན་ལག་པ་རྐང་པ་རིང་། །ཉ་ཡི་དྲི་བྲོ་ཁུ་བ་འབབ། །སྐྱེ་གནས་རིང་ཞིང་ཟླ་བ་འདྲ། །མཉམ་ཞིང་སྔོ་བསངས་ནུ་མ་མཁྲང་། །ཡན་ལག་ཆུང་ཞིང་སྐྲ་ཡང་སྲབ། །སྐྱེ་གནས་ཆུང་ཞིང་སྐྲ་ཡང་རྩུབ། །དལ་བར་སྨྲ་ཞིང་སྣ་མཐོ་མ། །མགྲིན་པ་ཧ་ཅང་རིང་ བ་མིན། །གཟུགས་མཛེས་པདྨ་དཀར་པོ་འདྲ། །ལུས་ལས་རྟག་ཏུ་རྡུལ་འབྱུང་བ། །ཤིན་ཏུ་དྲི་ཞིམ་ཡིད་འཕྲོག་མ། །མིག་དང་ལྟ་སྟོངས་རི་དགས་འདྲ། །རི་དགས་མགྲིན་པ་རི་དགས་ལྟོ། །རི་དགས་རྒྱལ་པོའི་རྐེད་པ་ཅན། །སྐལ་བཟང་པདྨའི་དྲི་དང་ལྡན། །དེ་ཡི་མིག་ནི་དམར་སེར་ལ། ། ཞེས་བྱ་བ་ལ་དམར་སེར་ནི་ཅུང་ཟད་དམར་བ་སྟེ། དེ་བཞིན་ལག་པ་རྐང་པའང་དམར། །མཱ་ལི་ཀ་ཡི་དྲི་འབྱུང་ཞིང་། །བདེ་གཤེགས་འདུས་ལ་དགའ་བ་ཡི། །བུད་མེད་དངོས་གྲུབ་སྟེར་བར་བྱེད། །ལུས་རྒྱས་ནུ་མ་ཡང་རྒྱས་ཤིང་། །སྐྲ་ནི་འཁྱིལ་བར་གྱུར་པ་དང་། །ངང་པའི་ འགྲོས་ཅན་དལ་བར་སྨྲ། །ཤིན་ཏུ་རིང་མིན་བཞིན་ཡང་ཟླུམ། །ལྟེ་བའི་དབུས་སུ་གཉེར་གསུམ་སྟེ། །དབུས་ནས་འཕྱང་བ་དེར་ཤེས་བྱ། །རྩུབ་ཅིང་ཡན་ལག་རྩུབ་པ་དང་། །ལྷ་སྦྱིན་ལྟ་བུས་གཞན་ལ་སྨོད། །སྐྲ་ནི་འཁྱིལ་ཞིང་ཁམ་པར་གནས། །མདོག་ངན་ཡན་ལག་རྩུབ་ པ་དང་། །སྐྱེས་པ་ལྟ་བུར་ནུ་མ་སྤངས། །སཱ་ལ་ལྟ་བུའི་དྲི་ཡང་བྲོ། །འོད་འབར་སཱ་ལའི་དྲིས་བྱུགས་ལ། །རྟག་ཏུ་ཆང་ལ་དགའ་བ་སྟེ། །དམ་ཚིག་སྤྱོད་པ་ཕུན་སུམ་ཚོགས། །བསམ་པ་རྟོགས་ལ་ནན་ཏན་བྱེད། །ཁྱད་པར་ཅན་གྱི་དྲི་ཞིམ་པ། །ཆང་གི་རྗེས་སུ་འགྲོ་བ་སྟེ། ། ཆང་གི་ཁྱད་པར་དག་དང་ནི། །ཆང་གིས་ཤིན་ཏུ་མྱོས་པ་དང་། །དེ་བཞིན་ཁུ་བ་མང་པོའོ། །དངོས་གྲུབ་ཀུན་གྱིས་ཐུན་མོང་དུ། །ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་གྱིས་ཁྱད་པར་རྙེད་ནས་ཐར་པའི་དོན་དུ་ཐམས་ཅད་རྗེས་སུ་འགྲོ་བའོ། །དྲན་ཞེས་བྱ་བ་ནི་འདིའི་མཚན་ཉིད་རྣམས་ སོ། །ཡང་དག་ལྡན་ཞེས་བྱ་བ་ནི་རྣལ་འབྱོར་མའོ། །ཕོ་ཉ་ལ་སོགས་གོ་འཕང་བཅས། །ཞེས་བྱ་བ་ལ་གོ་འཕང་ནི་རབ་ཏུ་གནས་ཞེས་པ་སྟེ། ཡོན་ཏན་གྱི་གནས་ཞེས་བྱ་བ་ཡིན་ལ་དེ་དང་བཅས་པའོ། །གང་གི་ཡིན་ཞེ་ན། མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །ཞེས་བྱ་བ་སྟེ་དེ་རྣམས་ ཀྱིས་མ་ལུས་པ་རྣམས་བསྡུས་པའོ། །གང་གི་ཕྱིར་དེ་རྣམས་ཀྱིས་འཇིག་རྟེན་གསུམ་དུ་ཁྱབ་པ་ཞེས་བྱ་བ་སྟེ། དེ་དག་རྙེད་ནས་མཆོད་པ་བྱས་པས་ནི་སྒྲུབ་པ་པོ་ལ་ལོངས་སྤྱོད་དང་གྲོལ་བའི་འབྲས་བུ་རབ་ཏུ་སྩོལ་བར་འགྱུར་རོ། །རྩ་བའི་སྔགས་ནི་རྟག་ཏུ་ཟློས། །ཞེས་བྱ་བ་ ལ་ལམ་ངན་པ་ཐམས་ཅད་ལས་ཡིད་སྐྱོབ་པས་ན་སྔགས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེ་རྣམ་པར་དག་པའི་སྔགས་ཟློས་པའོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་བྱ་བ་ལ་འདོད་པར་བྱ་བས་འདོད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་རྡོ་རྗེ་འཛིན་པ་ ལ་སོགས་པའི་གཟུགས་སོ། །དེའི་སྒྲུབ་པ་པོ་སྟེ་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སྔགས་འདི་ལས་བྱུང་བ་ཡིན་ཏེ་ཞེས་བྱ་བ་ནི། ཤིན་ཏུ་གོམས་པ་རྙེད་པར་འགྱུར་བའོ་ཞེས་བྱ་བའི་དོན་ནོ། །དེ་ཅི་ཞིག་ཅེ་ན། རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །ཞེས་བྱ་བ་ སྟེ། འཇིག་རྟེན་གསུམ་ནི་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ངོ་། །རྒྱུ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །མི་རྒྱུ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །དེའི་ཚེ་དེ་དག་ལྷན་ཅིག་རྡོ་རྗེ་འཛིན་པའི་རོར་རོ་གཅིག་ཅེས་བྱའོ། །ཡང་ན་འཇིག་རྟེན་གསུམ་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱི་རྒྱུ་ བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ། བདེ་བ་འདོད་པས་སྐྱེད་པའི་ཕྱིར་རྒྱུའོ། །མི་རྒྱུ་བ་ནི་དེ་ཐོབ་པ་སྟེ་དེ་དག་ལྷན་ཅིག་འཇུག་པ་ཞེས་བྱ་བར་སྦྱར་རོ། །དེ་སུའི་ཞེ་ན་སྒྲུབ་པ་པོ་ནི་ཞེས་བྱ་བ་སྟེ། གང་གི་ཕྱིར་འདི་སྔགས་དང་ཕྱག་རྒྱ་ཡང་དག་པར་ལྡན་ཞིང་དངོས་གྲུབ་ལ་བརྩོན་པ་ཉིད་ དོ། །དེ་ཉིད་ཀྱིས་ན། །ཕྱག་རྒྱ་དང་བྲལ་བྱིན་མི་རློབ། །ཅེས་བྱ་བ་སྟེ། སྐུ་གསུང་ཐུགས་ལ་འདེབས་པ་སྟེ། །ཤེས་རབ་ཕྱག་རྒྱར་རབ་ཏུ་བརྗོད། །དེ་དང་བྲལ་བ་ནི་ཉན་ཐོས་ལྟར་དད་པའི་ནོར་མེད་པའི་ཕྱིར་ལུས་ཅན་དེ་ལ་སྔགས་ཀྱིས་བྱིན་གྱིས་རློབ་པར་མི་འགྱུར་རོ། །སྔགས་ཞེས་བྱ་བ་ ནི། གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྡོ་རྗེ་འཛིན་པ་ཐོབ་ཅེས་བྱ་བའི་དོན་ནོ། །གང་གི་ཕྱིར་དེས་ན། ཤིན་ཏུ་སྦྱར་བས་རྟོགས་པར་བྱ། །ཞེས་བྱ་བ་ནི། ཡིད་གཞན་དུ་མ་ཡེངས་པ་སྟེ་ཤིན་ཏུ་བརྩོན་པས་སོ། །ཇི་སྲིད་དྲོ་བའི་བྱ་བ་དག །ཅེས་བྱ་བ་ལ། དང་པོ་ཤེས་རབ་ དྲོ་བ་སྟེ། །གཉིས་པ་དུ་བ་ལྡན་པར་འགྱུར། །གསུམ་པ་ལ་ནི་འོད་འཁྲུག་འབྱུང་། །བཞི་པ་མར་མེ་ལྟར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་པ་ཡི་ནམ་མཁའ་བཞིན། །དོན་འདི་ཉིད་གསལ་བར་གསུངས་པ། །སྣང་བ་ཅུང་ཟད་གསལ་བ་ནི། །དྲོ་བར་གྱུར་པ་ཞེས་ བྱའོ། །ཡེ་ཤེས་ཀྱི་སྣང་བ་དེ་ཉིད་འབྲིང་པོར་གསལ་བ་ནི་རྩེ་མོར་གྱུར་པ་ཞེས་བྱའོ། །གང་གི་ཚེ་ཕྱི་རོལ་གྱི་དོན་གསལ་ནས་ཡེ་ཤེས་ཀྱི་སྣང་བ་མཆེད་ནས་རྣམ་པར་རིག་པ་ཙམ་གྱི་གནས་སྐབས་སུ་རྟོག་པའི་ཚོགས་ལས་གྲོལ་བའི་རྒྱུན་མི་ཆད་པར་འོད་གསལ་བ་ནི་བཟོད་པ་ཞེས་བྱའོ། །དེ་ཉིད་ སངས་རྒྱས་ཀྱི་ཆོས་རྣམས་མཆོག་ཏུ་གྱུར་པ་ནི་ཆོས་ཀྱི་མཆོག་ཅེས་བྱ་བའི་དོན་ནོ། །གང་ཞིག་སྡང་ཞེས་བྱ་བ་ལ་སོགས་པ་ནི་རྨོངས་ཤིང་སྡིག་པའི་གྲོགས་པོ་དང་འདུས་པས་སུན་འབྱིན་འོག་ཏུ་ཕྱོགས་པས་མནར་མེད་པར་འགྲོ་བར་འགྱུར་རོ། །རྣལ་འབྱོར་ཆེ་མཆོག་ཅེས་བྱ་བ་ལ་ སོགས་པ་ལ་ཡུལ་དེ་ཡོངས་སུ་བརྟགས་པ་སྟེ། ཞེས་བྱ་བ་ནི་ཅི་ནས་ཀྱང་དེའི་རྩ་ལག་རྣམས་ཀྱང་མཆོད་པར་བྱའོ་ཞེས་བྱ་བའོ། །དེ་རུང་ནི་ཞེས་བྱ་བ་ནི་རྣལ་འབྱོར་པའི་སྙིང་ལ་གནས་པའོ་ཞེས་བྱ་བའི་དོན་ནོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་ཞེས་བྱ་བ་ནི། ཧེ་རུ་ཀ་ལས་གཞན་པ་སྟེ། །ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཞེས་བྱ་བའི་དོན་ནོ། །དེའི་མངོན་པར་རྟོགས་པའོ། །དགོད་པ་ནི་དབྱངས་དང་ཡི་གེ་རྣམས་གོ་རིམས་ཇི་ལྟ་བ་བཞིན་རྒྱས་པར་བྱས་ པའོ། །སའི་ཆ་ནི་ཞེས་བྱ་བ་ལ་སོགས་པ་ནི་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་པའོ། །ཀུན་དུ་འགྱུར་བའི་ས་བོན་ནི། །ཡི་གེ་ཧཱུཾ་གི་ཆ་གཟུགས་ཅན། །མི་འགྱུར་བ་ནི་བདེ་བ་སྟེ། །ནམ་མཁའ་དང་མཉམ་གནས་མེད་པ། །དེ་ནས་གོ་ཆ་བཅིངས་བྱས་ནས། །ཐམས་ ཅད་སྟོང་པ་རྟེན་མེད་པ། །རྫ་རྔ་ཞེས་བྱའི་ཡི་གེ་གསུམ། །སྐུ་གསུང་ཐུགས་ཀྱི་དབྱེ་བས་སྐུ་གསུམ་མོ། །རླུང་གིས་ཤིན་ཏུ་བསྐོར་བ་ཡི། །རི་མོ་བརྒྱད་ལ་ཡང་དག་བརྟེན། །རི་མོ་དགུ་པ་དབུས་གནས་པ། །སྟོང་པའི་རྣམ་པ་དྲི་མེད་དགོད། །ཨཱ་ལི་ཀཱ་ལི་མཉམ་རྒྱས་བྱ། །དགའ་ བ་བཞི་ཡི་རང་བཞིན་ཅན། །ཆོས་ཀྱི་རྔ་ཆེན་མི་ཤིགས་པ། །གསུང་རབ་ཡན་ལག་བཅུ་གཉིས་པ། །ཆོས་ཀྱི་ཡི་གེ་ཡོངས་རྫོགས་པ། །དེ་ནས་གྲངས་ཀྱི་ནང་སོང་བས། །ཆོས་བདག་མེད་པ་ཡང་དག་བསྟེན། །ཞལ་བཞི་པར་ནི་རྣམ་པར་གྲགས། །བདུད་བཞི་རྣམ་པར་འཇོམས་ པའོ། །རླུང་ལ་ཞོན་ནས་སྤྲོ་བྱེད་ཅིང་། །ཁམས་གསུམ་པ་ནི་ཡང་དག་སྡུད། །རླུང་གི་དེ་ཉིད་ཤིན་ཏུ་རིག །རིམ་བཞིན་འབྱུང་དང་རི་མ་མིན་པའི། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །རྗོད་དང་བརྗོད་བྱའི་ཡི་གེ་སྟེ། །སྒྲ་བརྙན་ལྟ་བུའི་རྣམ་པར་རྟོག །རེ་མིག་སུམ་ཅུ་གཉིས་པ་བླང་། ། ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་ཏེ་གོ་སླའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་ཧུཾ་ཧཱུཾ་ཕཊ། འདི་ནི་ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བའོ། །སྔགས་ཚིག་བཞི་ཡིས་རྣམ་པར་བརྒྱན། ། དཀྱིལ་འཁོར་བསྲུང་བའི་དོན་དུ་ནི། །གདུག་པ་ཐམས་ཅད་ངེས་གནོན་པས། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །ཞེས་བྱ་བ་ལ་སྔགས་རེ་རེ་ཞིང་སྐུ་གཉིས་གཉིས་སྤྲོ་བར་བྱ་སྟེ། ཤིན་ཏུ་དྲག་ཅིང་བགེགས་ཐམས་ཅད་སེལ་བར་བྱེད་པའི་འཁོར་ལོ་ ཆེན་པོའི་ཁོར་ཡུག་གི་མཐར་ཐུག་པར་ཁྭའི་གདོང་པ་ལ་སོགས་པ་བརྒྱད། ཞལ་གཅིག་པ་ཕྱག་གཉིས་པ་ལ་ཟངས་གྲི་དང་ཁ་ཊྭཱཾ་ག་འཛིན་པ་འོད་ཟེར་དམར་པོ་འབར་བའི་སྤྱན་གསུམ་པ་དྲག་ཅིང་འཇིགས་པར་བྱེད་པ་ལང་ཚོ་ལ་བབ་པ། གཞོན་ཞིང་རྣམ་པར་འགྱུར་བའི་ཞལ་ཅན་ སྟག་གི་པགས་པས་རྐེད་པ་དཀྲིས་པ་སྨད་ཀྱི་ཆ་ཕུར་བུའི་རྣམ་པར་རྣོ་ཞིང་འབར་ལ་བསྐལ་པ་འཇིག་པའི་མེ་དང་འདྲ་བར་འོད་ཟེར་འབར་བ་ལ་གནས་པའོ། །དེ་ནས་ཕྱོགས་མཚམས་བརྒྱད་དུ་བགེགས་ཀྱི་ཚོགས་རྣམས་དོང་གི་ནང་དུ་ཆུད་པར་བྱས་ལ་ལུགས་སུ་འབྱུང་བ་དང་ ལུགས་ལས་བཟློག་བས་ཁྲོ་བོའི་ཕུར་བུ་རྣམས་སྔགས་འདིས་དགོད་པར་བྱ་སྟེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷར་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་ཁྲོ་བོའི་ལྟ་ བས་ངེས་པར་བལྟས་ལ། རྡོ་རྗེའི་ཐོ་བས་བརྡུང་བར་བྱའོ། །ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཡི་གེ་བྷྲཱུཾ་གྱིས་བསྐྱེད་པའི་འཁོར་ལོ་ལ་རྡོ་རྗེ་གཏུམ་པོ་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་གཙུག་ཏོར་དང་། རྡོ་རྗེ་འཁྱིལ་པ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ནག་པོ་དང་། རྡོ་རྗེ་ སྟོབས་པོ་ཆེ་དང་། རྡོ་རྗེ་འཇིགས་བྱེད་དང་། དེ་བཞིན་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། འོག་ཏུ་གནོད་མཛེས་རབ་ཏུ་གྲགས། སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་དང་ཟད་པ་དང་། མི་སྐྱེ་བ་དང་། ཆོས་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་དང་། སྒྲ་ཇི་ བཞིན་པའི་ཡེ་ཤེས་རྣམ་པར་དག་པ་ལ་ཁྲོ་བོ་བཅུ་སྤྲོ་བར་བྱའོ། །དབུས་སུ་ནི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྐྱེད་པར་བྱ་སྟེ། མདོག་སྔོ་ཞིང་དྲག་ཤུལ་ཆེ་བ། གཟི་བརྗིད་ཆེ་ཞིང་མཆེ་བ་གཙིགས་པ་དང་བཅས་ཤིང་འཇིགས་པར་བྱེད་པ་ ཞལ་གཡས་དང་གཡོན་པ་སེར་པོ་དང་ལྗང་གུ་དཔའ་བོ་དང་མི་སྡུག་པ་ལྗགས་འདྲིལ་བའི་ཞལ་དང་སྨིན་མ་བསྙེར་བའི་ཁྲོ་གཉེར་གྱིས་གཙིགས་པ་སྟེ། སྤྱན་ནི་དམར་ཞིང་ཟླུམ་པ་སྟེ། །ཁྲོ་བོ་འབར་བའི་ཕྲེང་འཁྲུག་དྲག །རྡོ་རྗེ་ཧཱུཾ་ཡིག་ཧཱུཾ་མཛད་པ། །མི་རུས་རྒྱན་གྱིས་རྣམ་པར་བཀླུབས། ། མགོ་ཡི་མེ་ཏོག་ཕྲེང་བ་ཅན། །སངས་རྒྱས་ལྔ་ནི་སྤྲོ་བའི་བདག །ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་། །འཇིག་རྟེན་གསུམ་རྒྱལ་ཕྱག་རྒྱ་བཅིངས། །ཤེས་རབ་དང་ནི་སྙོམས་འཇུག་པ། །ལྷག་མའི་ཕྱག་གིས་ལྕགས་ཀྱུ་ཞགས། །རལ་གྲི་ཐོད་པ་ཁ་ཊྭཱཾ་འཛིན། །གཡས་བརྐྱང་བ་ཡིས་ གདན་ལ་བཞུགས། །འཇིགས་བྱེད་དང་ནི་དུས་མཚན་དག །ཞབས་ཀྱི་པདྨའི་འོག་ཏུ་བྱས། །དེའི་ཤར་གྱི་རྩིབས་ལ་རྡོ་རྗེ་གཏུམ་པོ་སྟེ། མདོག་སྔོ་ཞིང་གཡས་པ་དང་། གཡོན་པའི་ཞལ་སེར་པོ་དང་ལྗང་གུ། ཕྱག་གཡས་ན་རྡོ་རྗེ་དང་ཐོ་བ་དང་སྡིགས་མཛུབ་པོ། །གཡོན་ན་ཐོད་ དང་ཁ་ཊྭཱཾ་ག་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པའོ། །བྱང་ཕྱོགས་སུ་ནི་ཉི་མ་སྟེ། མདོག་སེར་ཞིང་ཞལ་གཡས་པ་དང་གཡོན་པ་དག་སྔོན་པོ་དང་ལྗང་གུ་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་ཅིང་། རྡོ་རྗེ་དང་དབྱུག་པ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །ནུབ་ཕྱོགས་སུ་ རྡོ་རྗེ་གཙུག་ཏོར་ཏེ་མདོག་དམར་ཞིང་གཡས་པ་དང་གཡོན་པ་དག་དཀར་པོ་དང་ལྗང་གུ་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་ཅིང་པདྨ་དམར་པོ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །རྡོ་རྗེ་འཁྱིལ་པ་ནི་ལྷོ་ཕྱོགས་སུ་སྟེ། མདོག་ལྗང་གུ་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་ཅིང་གཡས་པ་དང་ གཡོན་པ་དག་སེར་པོ་དང་དཀར་པོ། སྣ་ཚོགས་རྡོ་རྗེ་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །མེའི་མཚམས་སུ་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་ཅན་གཡས་པ་དང་གཡོན་པ་དག་སེར་པོ་དང་ལྗང་གུ་མཛེས་ཤིང་རང་གི་ཤེས་རབ་མ་ལ་འཁྱུད་པ་དང་། མདུང་རྩེ་གསུམ་པ་དང་། ཐོད་པ་དང་ཁ་ཊྭཱཾ་ག་ འཛིན་པའོ། །བདེན་བྲལ་དུ་ནི་རྡོ་རྗེ་ནག་པོ་མདོག་དམར་ཞིང་གཡས་པ་དང་གཡོན་པ་དག་སེར་པོ་དང་ལྗང་གུ་རང་གི་ཤེས་རབ་དང་སྙོམས་པར་ཞུགས་པ་དང་། དགྲ་སྟ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །རླུང་མཚམས་སུ་ནི་རྡོ་རྗེ་སྟོབས་པོ་ཆེ་མདོག་སྔོ་ཞིང་གཡས་པ་དང་གཡོན་པ་སེར་པོ་དང་ ལྗང་གུ་སྟེ་རང་གི་ཤེས་རབ་ལ་སྙོམས་པར་ཞུགས་པ་དང་། མདུང་རྩེ་གསུམ་པ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །དབང་ལྡན་དུ་ནི་རྡོ་རྗེ་འཇིགས་བྱེད་མདོག་སྔོ་ཞིང་གཡས་པ་དང་གཡོན་པ་དག་སེར་པོ་དང་ལྗང་གུའི་མདོག་རང་གི་ཤེས་རབ་མ་ལ་འཁྱུད་ཅིང་རལ་གྲི་དང་ཐོད་པ་དང་ཁ་ ཊྭཱཾ་ག་འཛིན་པའོ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ། མདོག་དཀར་ཞིང་གཡས་པ་དང་གཡོན་པ་དག་སྔོན་པོ་དང་ལྗང་གུ་རང་གི་ཤེས་རབ་ལ་འཁྱུད་ཅིང་འཁོར་ལོ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །འོག་ཏུ་ནི་གནོད་མཛེས་རྡོ་རྗེ་སྟེ། སྔོ་ཞིང་གཡས་པ་དང་གཡོན་པ་ དག་སེར་པོ་དང་ལྗང་གུ་རང་གི་ཤེས་རབ་ལ་འཁྱུད་ཅིང་། རྡོ་རྗེ་གཏུན་ཤིང་དང་ཀླུའི་ཞགས་པ་ཐོགས་ནས་སྡིགས་མཛུབ་བྱེད་པའོ། །ཁྲོ་བོ་ཐམས་ཅད་ཀྱང་སྣ་ཚོགས་པདྨ་དང་ཉི་མའི་དབུས་སུ་གྱུར་པའི་འཇིག་རྟེན་སྐྱོང་བ་བརྒྱད་གཡས་བརྐྱང་བས་མནན་ནས་བཞུགས་པ་སྟེ། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ཡུལ་འཁོར་སྲུང་དང་། རྣམ་ཐོས་ཀྱི་བུ་དང་། དེ་བཞིན་དུ་མེ་དང་། སྲིན་པོ་དང་། རླུང་བདག་དང་དབང་ལྡན་གྱི་ལྷའོ། །སྟེང་དུ་ནི་ལྷའི་བདག་པོ་ཚངས་པའོ། །འོག་ཏུ་ནི་ཐགས་བཟངས་རིས་ཏེ། དེ་དག་གི་སྙིང་གར་ ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པ་དགོད་དོ། །ཁྲོ་བོ་ཐམས་ཅད་ཀྱང་སྐྲ་ཁམ་པ་གྱེན་དུ་འབར་ཞིང་སྨིན་མ་བསྙེར་བའི་ཁྲོ་གཉེར་རྣམ་པར་གཙིགས་པའི་ཞལ་ཅན་ཐུང་ཞིང་གསུས་པ་འཕྱང་བ་སྤྱན་གསུམ་པ་དམར་ཞིང་ཟླུམ་པ་མགོ་བོའི་ཕྲེང་བས་དོ་ཤལ་བྱས་ཤིང་མི་རུས་ ཀྱི་རྒྱན་གྱིས་བཀླུབས་པ། མཐའ་ཡས་སྔོན་པོའི་སྦྲུལ་གྱི་སྤྱི་གཙུག་གི་ནོར་བུ་བྱས་ཤིང་། འཇོག་པོ་དམར་པོའི་འོད་བསྒྱིངས་པས་རྣ་ཆ་བྱས་པའོ། །པདྨ་དཀར་པོ་དོ་ཤལ་བྱས་པས་བརྒྱན་ཞིང་། སྟོབས་ཀྱི་རྒྱུ་ལྗང་གུས་ནི་མཆོད་ཕྱིར་ཐོགས་བྱས་པའོ། །དུང་སྐྱོང་སེར་པོས་ ནི་ལག་གདུབ་བྱས་པའོ། །རིགས་ལྡན་སྣ་ཚོགས་ཀྱི་མཆོག་ཅན་ནི་དཔུང་རྒྱན་དུ་ཡང་དག་པར་བཏགས་པའོ། །པདྨ་དཀར་པོས་སྐེ་རགས་སུ་བྱས་པའོ། །ནོར་རྒྱས་ཀྱི་བུ་མདོག་པདྨའི་རྩ་དང་འདྲ་བས་རྐང་གདུབ་བྱས་པ་སྟེ། སྐད་ཅིག་ཙམ་གྱིས་སྐུ་དང་གསུང་དང་ཐུགས་བརྒྱན་ ཞིང་། བྱང་ཆུབ་ཀྱི་སེམས་ཀྱི་ཆུས་དབང་བསྐུར་བས་རང་གི་རིགས་ལས་བྱུང་བའི་དབུ་རྒྱན་ཅན་རྡོ་རྗེ་འབར་བའི་འོད་འཁྲུག་ཅིང་དྲག་པོ་རང་གི་ལུས་ལས་རྣམ་པར་སྤྲོ་བ་ནམ་མཁའི་དཀྱིལ་འཁོར་གཡོགས་པ། ཕྱོགས་བཅུའི་མཐར་ཐུག་པར་ཁྲོ་བོ་འབར་བའི་རིགས་ཀྱིས་འཁྲུག་ པའོ། །དེ་ནས། བཀའ་ཡི་འཁོར་ལོ་མྱུར་འཁོར་བ། །དེ་ཉིད་རིག་པས་གཡོན་དུ་བསྐོར། །ལྷ་རྣམས་སེམས་ཀྱིས་བརྟན་བྱས་ནས། །དེ་ནས་བགེགས་ནི་མེད་པར་འགྱུར། །ཤིན་ཏུ་རྣམ་དག་དེ་བཞིན་གཤེགས། །འདི་ནི་རྙེད་པ་ཙམ་གྱིས་སུ། །གདུག་པ་ཐམས་ཅད་འཆི་བར་ འགྱུར། །ཉོན་མོངས་བདུད་དགྲ་འཇོམས་པར་བྱེད། །གང་དག་འདི་ལས་འདའ་བྱེད་ན། །བརླག་འགྱུར་འདི་ལ་ཐེ་ཚོམ་མེད། །དཔལ་ལྡན་རྡོ་རྗེ་ཧཱུཾ་མཛད་ཀྱི། །འཁོར་ལོར་སྦྱོར་བདག་རྫ་རྔར་བཅས། །བསྟན་པའི་ལས་རྣམས་བརྩམ་བྱས་ནས། །དངོས་གྲུབ་ཀུན་གྱི་འབྲས་འབྱུང་ བའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་ཅུ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཤ་ཆེན་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ནི་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་རྣམས་ཏེ། དམ་ཚིག་རྣམས་ཀྱི་མཐུས་དེ་རྣམས་ འཇིགས་པར་འགྱུར་བའོ། །དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་སྐྱེས་ཞེས་བྱ་བ་ནི་རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ལས་སྐྱེས་པ་ནི་རྡོ་རྗེ་འཛིན་པའི་སྐུའོ། །འདི་ནི་ཞེས་བྱ་བ་ནི་འདི་རྣམས་ཏེ། གདུག་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཞེ་སྡང་ལ་སོགས་པའི་འཇིགས་བྱེད་མི་བཟད་པའོ། །རྡོ་རྗེ་སྐྱེས་ ཞེས་བྱ་བའི་ཉེ་བར་བསྡུས་པའོ། །འདི་ལྟར་ཁྱི་དང་ཞེས་བྱ་བ་ལ་སོགས་པ་བཟའ་བ་ཡང་ཡིན་ལ་སྦྱིན་སྲེག་ཀྱང་ཡིན་པས་ན། བཟའ་བ་སྦྱིན་སྲེག་གཏོར་མ་བྱ། །ཞེས་སོ། །རྟོག་དང་བྲལ་བས་བྱ་ཞེས་བྱ་བ་ནི་རང་གི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །དེ་ཡང་ཁ་ན་མ་ཐོ་བ་མེད་པ་ རྙེད་ནས། རྡོ་རྗེའི་རྣལ་འབྱོར་ཅན་གྱིས་བྱ་བ་སྟེ། གཞན་དུ་ན་སེམས་ཅན་ལ་གནོད་པ་བྱས་པར་འགྱུར་རོ། །དེ་ཡང་གསུངས་པ། སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་ཐོབ་མི་འགྱུར། །རྣམ་པར་མི་རྟོག་སེམས་གང་ཞིག །ཐབ་ཁུང་སྒྲ་ནི་རབ་ཏུ་གྲག །རྣམ་ དབེན་མེ་ནི་རབ་སྦར་ལ། །མ་ལུས་རྣམ་པར་རྟོག་པ་ཡིས། །ཤ་དང་ཤ་ཆེན་སྦྱིན་སྲེག་བྱ། །སྐྱེ་བོས་སྨད་པ་གང་ཅིའང་རུང་། །སྲོག་ཆགས་ཡན་ལག་ལས་བྱུང་དང་། །སྣ་ཚོགས་ཆང་ནི་བཏུང་བར་བྱ། །ཞེས་བྱ་བའོ། །མ་ལུས་པ་ནི་འཇིག་རྟེན་གསུམ་པོའོ། །དེ་དང་དེ་རྣམས་ སུ་གང་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ནི་ལུས་པ་མེད་པ་སྟེ་དངོས་གྲུབ་ཅེས་བྱ་བའི་དོན་ནོ། །རྒྱལ་སྲིད་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཉིད་དོ། །དུང་དང་ཉ་ཕྱིས་མུ་ཏིག་རྣམས། །གསུམ་ཆར་རྒྱུ་ལས་བྱུང་ཡིན་ན། །ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་ནི་ལས་མི་དགེ་བ་ རྣམས་ཏེ་དེ་ལས་ཡང་དག་པར་བྱུང་བའོ། །དེས་ནི་འགྲོ་བ་དྲུག་ལས་མིའི་འགྲོ་བ་བསོད་ནམས་འཕགས་པར་སྟོན་ཏེ། འདི་ཉིད་ཀྱིས་ན། ཆོས་ཀྱི་ཡེ་ཤེས་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །ཅེས་བྱ་བ་གསུངས་ཏེ། སྨད་པར་མི་བྱ་བ་ཁོ་ནའོ་ཞེས་བྱ་བའི་དོན་ནོ། །དགེ་ བའི་ལས་ཀྱིས་སྐྱེ་བ་འབྲས་བུ་དང་བཅས་པ་ནི་མི་ཉིད་དེ་བསོད་ནམས་ཀྱི་ཚོགས་ཆེན་པོ་ལས་བྱུང་བས་ན་ཤིན་ཏུ་རྙེད་པར་དཀའ་བའོ། །ཡེ་ཤེས་དང་ཐར་པ་རབ་ཏུ་སྒྲུབ་པས་ན། ཆོས་ཀྱི་དབྱིངས་ཀྱི་ལུས་ཅན་གྱི་ཐོད་པ་སྟེ་མིའི་འོ། །གཟུགས་མཛེས་ཡོན་ཏན་ གནས་ཡིན་པས། །ཕྱག་རྒྱ་ལྔ་ནི་རབ་ཏུ་སྤྲས། །རུས་ཕྲེང་ཤིན་ཏུ་ངེས་པར་ནི། །དག་བྱེད་རྒྱན་ནི་བཟང་པོའོ། །ཞེས་གསུངས་སོ། །དེས་ན། དཔའ་བོ་རྣམས་ཀྱིས་དབང་ཕྱུག་བཤད། །ཅེས་སོ། །བརྡ་ཞེས་བྱ་བ་ནི་ཀླ་ཀློ་སྟེ་སངས་རྒྱས་ཀྱི་ཕྱག་རྒྱའོ། །འདི་ནི་དཔའ་བོའི་གནས་ཡིན་ཏེ། ། ཞེས་བྱ་བ་ལ་སངས་རྒྱས་ལྔའི་རང་བཞིན་ཅན་འབྱུང་བ་ལྔའི་བདག་ཉིད་བརྟན་པ་དང་གཡོ་བའི་འགྲོ་བ་མ་ལུས་པ་སྣ་ཚོགས་པ་རྣམས་རྩ་ལྔའི་རང་བཞིན་ལས་སྐྱེས་པའི་བདེ་བའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་མངོན་པར་བྱང་ཆུབ་དུ་ཡང་དག་པའི་དོན་སྟོན་ནོ། །གཡོན་པ་ནི་ཤེས་རབ་སྟེ་ རང་བཞིན་མེད་པའི་ངོ་བོའོ། །དེ་ཉིད་ཀུན་རྫོབ་པ་ཡོངས་སུ་དྲིས་པ་ནི་ཆོས་རྣམས་ཀྱི་གཉིས་སུ་མེད་པའི་དེ་བཞིན་ཉིད་ཉེ་བར་མཚོན་པར་བྱེད་པའོ། །མཛའ་བ་ཐམས་ཅད་འདུས་པ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་དང་ཕག་མོ་གཉིས་སུ་མེད་པའི་བདེ་བ་མངོན་པར་བྱང་ཆུབ་པ་ནི་སྙིང་པོ་ལ་ མངོན་པར་ཕྱོགས་ཤིང་མྱ་ངན་ལས་འདས་པ་ལ་གཞོལ་བའོ། །དེ་ནས། རང་ཉིད་རྡོ་རྗེ་འཛིན་སློབ་དཔོན། །དཔལ་ལྡན་སངས་རྒྱས་ཀུན་གྱི་ཕ། །རིགས་དྲུག་གོ་རིམས་ཇི་བཞིན་དུ། །ལག་པ་གཡོན་པར་བཀོད་དེ་བཟླ། །ཨཱ་ལི་ཀཱ་ལི་མཉམ་སྦྱར་ལ། །སྡེ་ཚན་གྲངས་ཀྱི་གོ་རིམས་ བཞིན། །སྦོམ་པོ་ནི་མཐེ་བོའོ། །མཛུབ་མོ་ནི་སྡིག་པའོ། །གུང་མོ་ནི་རིང་བའོ། །སྲིན་ལག་ནི་ཐ་ལྟག་གོ། །ཐ་མ་ནི་མཐེ་ཆུང་ངོ་། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཔའ་བོ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །གང་དུ་གནས་པའི་སྔགས་ཀྱི་ཡི་གེ་དེ་ཉིད་ཀྱི་རིགས་ཀྱི་མིང་ནས་འབོད་ ཅིང་། དེའི་སྦྱོར་བས་བྱིན་གྱིས་བརླབ་པར་བྱའོ། །ཀྱེ་ཆེ་གེ་མོ་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ལ་རིགས་ཀྱི་གོ་རིམས་ནི་འདི་ཡིན་ནོ། །ཨ་ཨཱ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་བྱ་བ་འདི་རྣམས་ནི་རྣམ་པར་སྣང་མཛད་རྒྱལ་པོ་སྡེ་ཚན་གྱི་ཡི་གེ་དགུའི་བདག་ཉིད་དོ། །ཨི་ཨཱི་ཁ་ ཚ་ཋ་ཐ་ཕ་ར་ཥ་ནི་སྡེ་ཚན་གཉིས་པ་སྟེ་རིན་ཆེན་རྒྱལ་པོའོ། །ཨུ་ཨཱུ་ག་ཛ་ཌ་ད་བ་ལས་ནི་སྡེ་ཚན་གསུམ་པ་སྟེ་འོད་དཔག་མེད་ཀྱིའོ། །ཨེ་ཨཻ་གྷ་ཛྷ་ཌྷ་དྷ་བྷ་ཧའི་སྡེ་ཚན་ནི་བཞི་པ་སྟེ་དོན་ཡོད་པའི་འོ། །ཨོ་ཨཽ་ཨཾ་ཨཿང་ཉ་ཎ་ན་མའི་སྡེ་ཚན་ནི་མི་བསྐྱོད་པའི་སྟེ་ལྔ་པའི་འོ། །དེ་ལྟར་དེ་དག་ནི་ འཇིག་རྟེན་ཐམས་ཅད་སྐྱེ་བ་དང་འཇིག་པ་དང་གནས་པའོ། །དེས་སངས་རྒྱས་ཐམས་ཅད་ཀྱི་བདག་པོའི་རྡོ་རྗེའི་མིང་དང་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱ་སྟེ། དྲུག་པ་རྡོ་རྗེ་སེམས་དཔའ་ནི་ཅོད་པན་ནོ། །དེ་ཡང་། རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང་། །འབྲས་བུ་ལ་ཡང་རྒྱུ་རྒྱས་གདབ། ། ཅེས་པ་སྟེ། རྡོ་རྗེ་བཞད་པ་དང་། རྡོ་རྗེ་སྒེག་པ་དང་། རྡོ་རྗེ་རོལ་པ་དང་། རྡོ་རྗེ་རྟག་པ་རྣམས་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་མིང་ངོ་། །ཤེས་རབ་མྱུ་གུའི་རྡོ་རྗེ་དང་། རྡོ་རྗེ་མྱུ་གུའི་རྡོ་རྗེ་དང་། མཆོག་ཏུ་དགའ་བའི་རྡོ་རྗེ་དང་། བདེ་བར་དགའ་བའི་རྡོ་རྗེ་དང་། འབེབས་པའི་རྡོ་རྗེ་རྣམས་ནི་ལས་ ཀྱི་རིགས་ཀྱི་མིང་ངོ་། །རྡོ་རྗེ་བདེ་བའི་མྱུ་གུ་དང་། པདྨའི་རྡོ་རྗེ་དང་། རྡོ་རྗེ་པདྨའི་མྱུ་གུ་དང་། དགའ་བའི་རྡོ་རྗེ་རྣམས་ནི་རིན་པོ་ཆེའི་རིགས་ཀྱི་མིང་ངོ་། །ཡེ་ཤེས་རྡོ་རྗེ་དང་། ཡིད་བཞིན་ནོར་བུ་རྡོ་རྗེ་དང་། ཡན་ལག་མེད་པའི་རྡོ་རྗེ་དང་། སྤྱན་རས་གཟིགས་རྡོ་རྗེ་རྣམས་ནི་པདྨའི་རིགས་ཀྱི་མིང་ ངོ་། །བདེ་བ་ཆེན་པོའི་རྡོ་རྗེ་དང་། ཆགས་པའི་རྡོ་རྗེ་དང་། ནམ་མཁའི་རྡོ་རྗེ་དང་། ཤེས་རབ་ཀྱི་རྡོ་རྗེ་དང་། ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་རྣམས་ནི་ཞེ་སྡང་གི་རིགས་ཀྱི་མིང་དུ་གྱུར་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་བདེ་བ་ཅན་གྱི་ཞིང་དུ་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་འདི་དག་ ཀྱང་ཕྱག་རྒྱ་ཆེན་པོའི་མིང་དུ་གྱུར་པ་སྟེ། རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་མཚོན་ཆ་དང་། རྡོ་རྗེ་ཨེ་མ་བདེ་དང་། རྡོ་རྗེ་བདག་མེད་མ་དང་། རྡོ་རྗེའི་སྤྱན་ཏེ་དེ་རྣམས་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ནོ། །རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་གཽ་རཱི་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་མཛའ་མ་རྣམས་ནི་རིན་པོ་ ཆེའི་རིགས་ཅན་མའི་མིང་ངོ་། །རྡོ་རྗེ་ཤུགས་མ་དང་། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་དོ་ཤལ་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་བཞད་མ་རྣམས་ནི་པདྨའི་རིགས་ཅན་མའི་མིང་ངོ་། །རྡོ་རྗེ་འཕྱར་མ་དང་། རྡོ་རྗེ་རྒྱས་མ་དང་། རྡོ་རྗེ་པདྨ་དང་། རྡོ་རྗེ་འབྱུང་བ་དང་། རྡོ་རྗེ་རྒོད་མ་རྣམས་ནི་ལས་ཀྱི་ རིགས་ཅན་མའི་མིང་ངོ་། །རྡོ་རྗེ་ཆགས་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་འབེབས་མ་དང་། རྡོ་རྗེ་བློ་གྲོས་མ་དང་། རྡོ་རྗེ་ཀོང་ཀ་མ་དང་། རྡོ་རྗེ་ལ་ལ་ནཱ་དང་། རྡོ་རྗེ་དབུགས་དང་། རྡོ་རྗེ་ལག་པ་རྣམས་ནི་ཞེ་སྡང་གི་རིགས་ཅན་མའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཀྱི་མིང་ངོ་། །འདི་དག་ནི་ལག་ཏུ་དགོད་པར་བྱ་སྟེ། གཡོན་པ་ཤེས་རབ་ལས་བྱུང་བ། །འགྲོ་བ་སྐྱེད་བྱེད་རྒྱུ་ཡིན་ཏེ། །རྩ་ལྔ་འབྱུང་བ་ལྔ་དག་གསུངས། །ས་ནི་སྤྱན་ཞེས་བྱ་བ་ལ་སོགས་པ་ལ། ལ་ཏ་དང་། གུ་རུ་དང་། གཙོ་མོ་དང་། བྱིས་པ་དང་། དར་མ་སྟེ་དེ་རྣམས་སུ་ལེགས་པར་ གནས་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་བཞིའོ། །སྟོང་པ་ནི་འོ་བྱེད་མའོ། །འདི་དག་འབྱུང་ལྔ་ཐོག་མཐའ་མེད། །ཆོས་ཀྱི་སྐྱེ་གནས་བདེ་འཛིན་མ། །གང་ཞིག་དངོས་མེད་ཉིད་ཤེས་རབ། །དངོས་པོའི་མཚན་ཉིད་འདིར་ཐབས་སོ། །འབྱུང་བ་ལ་ཡང་འབྱུང་བ་སྟེ། འཆར་བ་ལ་ཡང་འཆར་ བ་སྟེ། །ཧེ་རུ་ཀ་ཡི་ཐུགས་རྗེའོ། །དེས་ན་ཐབས་ནི་སྐྱེས་བུར་བརྗོད། །སྟོང་པ་བུད་མེད་གཟུགས་རྣམས་ལ། །བསམ་མེད་ལྷུན་གྱིས་གྲུབ་པ་ཡིས། །འདོད་ཆགས་ཆོས་ནི་རྟེན་བྱེད་པ། །དེ་ཡི་དེ་ལ་བརྟེན་བཞིན་པས། །མངལ་འཛིན་པ་ལས་བླང་བར་བྱ། །མདུན་དུ་རྡོ་རྗེ་ འཛིན་གཉིས་པས། །དེ་ཡི་ཆོ་ག་སྦྱོར་བ་ཡིས། །དཔའ་བོ་དམ་པ་མཆོད་པར་བྱ། །མཆོད་པ་སྣ་ཚོགས་ཉེར་བསྡུས་པས། །དེ་ནས་རྗེས་སུ་གནང་བ་སྦྱིན། །བྱང་ཆུབ་སྙིང་པོ་མཐར་ཐུག་པར། །ཕྱོགས་ཀྱི་འཁོར་ལོ་མ་ལུས་ཀུན། །ཆོས་ཀྱི་འཁོར་ལོ་བླ་མེད་པ། ། སེམས་ཅན་མཆོག་ལ་ཡང་དག་བསྐོར། །ཤེས་རབ་ཐབས་དག་རིགས་པ་ཡིས། །ཡིད་བཞིན་ནོར་བུ་ཇི་ལྟ་བར། །ཞུམ་པའི་འདུས་པ་ཡོངས་སྤངས་ནས། དེང་ནས་བརྩམས་ཏེ་འགྲོ་དོན་གྱིས། །དབང་བསྐུར་ཐོབ་ཅིང་རྗེས་གནང་བའི། །བྱ་བ་བྱས་པ་རབ་དགའ་ བས། །འགྲོ་ཀུན་དགའ་བར་བྱེད་པ་ནི། །འཇམ་པའི་ཚིག་གིས་སྨྲ་བར་བྱ། །དེང་དུ་བདག་ཚེ་འབྲས་བུར་བཅས། །མི་ཡི་གསོན་པ་འབྲས་བུ་ཡོད། །དེ་རིང་བདག་གིས་བདག་ཉིད་རིག །དེ་རིང་བདག་གིས་བདེ་ལོངས་སྤྱད། །མཁའ་འགྲོ་མས་གསུངས་བསམ་མི་ ཁྱབ། །རྒྱུད་ནི་དེ་རིང་བདག་གིས་རྙེད། །དེ་རིང་བདག་ལ་ལྷ་མཉེས་ཤིང་། །དེ་རིང་བདག་གིས་དངོས་གྲུབ་ལྡན། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་པོར་དེང་བདག་གྱུར། །སློབ་མའི་བྱ་བ་ཡོངས་རྫོགས་ནས། །རྒྱབ་ཏུ་ཞེས་བྱ་བ་ནི་ཕྱི་ནས་ཏེ། གཤེགས་ སུ་གསོལ་བར་བྱ་བ་ནི། མེ་ཏོག་དང་། བདུག་པ་དང་། བྱུག་པ་དང་། གླུ་དང་། གར་དང་མཆོད་པ་རྣམས་ཀྱིས། དེ་ལྟར་ཉེ་བར་བསྡུ་བ་ནས། ལྷན་ཅིག་ཟས་ལ་བརྩམ་པར་བྱ། །ཞེས་བྱ་བ་ནི་འདི་ཉིད་དུ་དབང་བསྐུར་བ་རྣམས་དང་ལྷན་ཅིག་ཏུའོ། །འདི་ནི་མི་བཤད་ ཅེས་བྱ་བ་ནི་ཡང་དག་པར་སྦྱིན་པ་ཤིན་ཏུ་སྦ་བའོ། །དེས་ཅིར་འགྱུར་ཞེ་ན། དཔའ་བོ་ཐམས་ཅད་མཉམ་སྦྱོར་བས། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། །ཞེས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་ཅུ་རྩ་གཅིག་ པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྦྱིན་སྲེག་བཟའ་བཅའ་འདུས་པ་ཡི། །ཞེས་བྱ་བ་ལ། ལས་གང་གིས་ནི་སེམས་ཅན་རྣམས། །མི་བཟད་དམྱལ་བར་འཚེ་བར་འགྱུར། །ཐབས་ཆེན་རྣམས་དང་ལྡན་པ་ལ། །རྣལ་འབྱོར་པ་རྣམས་ ངེས་གྲོལ་འགྱུར། །ཕྱུགས་ཞེས་བྱ་བ་ནི་བོང་བུ་ལ་སོགས་པ་སྟེ། སངས་རྒྱས་ལྔའི་རྣམ་པར་དག་པ་ཡིན་ལ། དེ་དག་ཁ་ན་མ་ཐོ་བ་མེད་པར་བསྒྲུབ་པར་བྱའོ། །མི་རྣམས་ཇི་ལྟར་ཕྱུགས་ཡིན་ཞེ་ན། རིགས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱུགས་ཀྱི་སྒྲས་ནི་དམ་པ་ བཟུང་བས་ན། རིགས་རྣམས་ལས་རིགས་ཀྱི་མཆོག་ཕྱུགས་བཟུང་སྟེ། ཡོན་ཏན་ཐམས་ཅད་ལྡན་པའི་ཕྱིར་རོ། །སྔར་བསྟན་རིམ་པ་ཞེས་བྱ་བ་ནི། སྐྱེ་བ་བདུན་པ་ཤིན་ཏུ་མཚོན་པའོ། །ཡང་ན་ཐུན་མོང་བ་སྟེ་ནད་ཀྱིས་མ་མྱོས་ཤིང་ཤུ་བ་དང་མཛེ་ལ་སོགས་པ་དང་བྲལ་བ་ཐོབ་ པའོ། །ཡང་ན་སྔར་བསྟན་ཞེས་བྱ་བ་ནི་ལག་པའི་བརྡ་ཇི་ལྟར་བསྟན་པ་དེའི་བྱ་བས་སོ། །གནས་དང་ཉེ་གནས་ཞིང་རྣམས་སུ། །དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་ནི། །འཁོར་ཆེན་མདུན་དུ་བདར་བྱས་ལ། །གུས་པར་བྱས་ཏེ་བཟུང་བྱས་ནས། །ཧེ་རུ་ཀ་དཔལ་སྦྱོར་བའི་ བདག །ཚོགས་ཀྱི་དཀྱིལ་འཁོར་གྲུབ་པར་འགྱུར། །ཀྲྀཥྞ་ཤྭ་ནའི་ཐུག་པ་ནི། །མ་ཤ་འབྲས་ནི་ནག་པོ་ལྡན། །ཞེས་བྱ་བ་ནི་རོ་ལངས་ཆེན་པོ་བསྒྲུབ་པར་བྱ་བའི་དོན་དུ། དང་པོར་ཏིང་ངེ་འཛིན་དང་མཆོད་པ་རྣམ་པ་ལྔ་ལ་སོགས་པས་ཡང་དག་པར་མཆོད་དེ་སྙིང་ པོའི་སྔགས་འབུམ་བཟླས་ལ། ཕྱི་ནས་སྒྲུབ་པ་བརྩམ་པར་བྱའོ། །འགེགས་པའི་རོའམ་གཞན་ཡང་རུང་། །རྨ་མེད་ཅིང་མ་ཉམས་པ་གཟུགས་མཛེས་པ་རྙེད་ནས་མར་ངོའི་ཚེས་བརྒྱད་དང་བཅུ་བཞི་ལ། དབེན་པའི་ཡུལ་ཕྱོགས་སུ་སོང་ནས་རིའི་རྩེ་མོའམ་དུར་ཁྲོད་དུ། དུར་ཁྲོད་ཀྱི་ རྫས་ཐམས་ཅད་ཀྱི་ཕྱེ་མས་རིམ་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དང་རྟ་བབས་ལྡན། །དབུས་སུ་འདབ་བརྒྱད་བྲིས་བྱས་ཏེ། །ཁ་དོག་སྣ་ཚོགས་ཉི་མས་མཚན། །དེ་ནས་སྒྲུབ་པའི་གྲོགས་མཆོག་སྙིང་སྟོབས་ཅན་དང་ལྷན་ ཅིག་ཏུ་བསྒྲུབ་པར་བྱ་སྟེ། མེ་ཏོག་དང་བདུག་པ་ཆལ་དུ་བཀྲམ་ཞིང་རྒྱལ་མཚན་གྱིས་མཛེས་པར་མཆོད་པ་དང་གཏོར་མ་རབ་ཏུ་རྒྱས་པར་བྱས་ལ་དྲིའི་ཆུ་བདུད་རྩི་ལྔ་དང་བཅས་པས་རོ་བཀྲུ་བར་བྱས་ལ། ཏིལ་མར་ཆེན་པོས་བྱུགས་ལ་ཡི་དགས་ཀྱི་མེ་ཏོག་གིས་མཆོད་པར་བྱའོ། ། བུམ་པ་གཅིག་གམ་བརྒྱད་ཁྲག་དང་ཞག་དང་ཤས་དགང་བར་བྱའོ། །དུར་ཁྲོད་ཀྱི་རས་ཀྱིས་མགྲིན་པ་དཀྲི་བར་བྱ་སྟེ། ཞག་དང་ཁྲག་ལ་སོགས་པའི་ལྷ་བཤོས་དང་སྲེ་མོང་གི་ལུས་ཕྱེ་མར་བྱས་པ་གུ་གུལ་ཆེན་པོ་དང་བཅས་པའི་བདུག་པ་དང་། ཡམ་ཤིང་ཨརྐའི་བལ་གྱི་སྡོང་བུ་ ལ་ར་ཚིལ་གྱིས་ལན་བདུན་བྱུགས་ལ་ཏིལ་མར་ཆེན་པོས་ཐོད་པར་མེ་སྦར་བའི་དུ་བས་དེའི་མིག་བྱུགས་ལ། གོ་ཆ་གཉིས་ཀྱིས་བསྲུང་བ་དང་ཕུར་བུ་དང་ར་བའི་བསམ་གཏན་ཇི་ལྟ་བ་བཞིན་འདིར་ཡང་བྱས་ནས་དྲིལ་བུ་དང་ཅང་ཏེའུའི་སྒྲ་དང་ཡི་གེ་ཧཱུཾ་གི་སྒྲས་བརྗོད་པར་བྱ་སྟེ། ཟན་དང་མ་ ཤའི་སྲན་ཐུག་དང་། ཁྲག་དང་བཅས་པའི་གཏོར་མ་ཡི་དགས་རྣམས་ལ་སྦྱིན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་མགོ་ཤར་དུ་བཞག་ནས་དེའི་སྙིང་གར་དཔའ་བོ་ཁ་ཤར་དུ་བལྟས་ཏེ་འདུག་ལ་གཡོན་ལོགས་སུ་ཨརྐའི་སྣོད་བཞག་གོ། །གཞན་ཡང་ཁྱི་ནག་པོའི་ འོ་མའམ། བ་ནག་པོའི་འོ་མ་བདུད་རྩི་ལྔ་དང་བསྲེས་པ་མ་ཤ་ནག་པོ་དང་འབྲས་དང་བཅས་པའི་ཐུག་པ་ཞག་དང་ཤ་དང་ཁྲག་དང་བཅས་པ་དུར་ཁྲོད་ཀྱི་ཁམ་ཕོར་དུ་ཐོད་པའི་སྟེང་དུ་ལེགས་པར་བཞག་ནས་དེའི་ཁ་ཅུང་ཟད་ཕྱེ་ལ། ཤིང་ལ་སོགས་པས་མེ་སྦར་བ་མཆོག་སྟེར་བར་མངོན་ པར་ཕྱོགས་པར་བྱའོ། །དེ་ནས་དེའི་སྙིང་གར་དཔལ་ཧེ་རུ་ཀའི་བཀའི་འཁོར་ལོ་བསྒོམས་ལ་སྙིང་པོའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དམ་བརྒྱད་བརྒྱ་སྦྱིན་སྲེག་བྱ་ཞིང་། དཔལ་ཧེ་རུ་ཀ་དང་ཕག་མོའི་མཁའ་འགྲོ་མ་བྱེ་བ་སྙེད་ཀྱིས་ཧ་ཧ་ཞེས་ཆེར་བཞད་པས་བསྐོར་ཞིང་ཅེ་སྤྱང་བྱེ་བས་ བསྐོར་རམ། ཕྱོགས་བཅུར་སྡིགས་པར་བྱེད་དམ། སྲིན་པོའི་ཚོགས་རྣམས་འཇིགས་པའི་སྒྲ་དབྱངས་སྒྲོགས་པ་དག་མཐོང་ཡང་འཇིགས་པར་མི་བྱ་སྟེ། བརྩོན་འགྲུས་བརྟན་པོས་མཉམ་པར་གཞག་པར་བྱ་ཞིང་གཡས་ཕྱོགས་སུ་སྒྲུབ་པའི་གྲོགས་བཞག་ལ། དྲིལ་བུ་གསིལ་ཞིང་ ཕྱག་ན་རྡོ་རྗེའི་དབང་བྱེད་པར་བྱའོ། །བདུག་པས་རྒྱུན་མི་འཆད་པར་བདུགས་ན། དེ་ནས་རོ་དེ་ལངས་ནས་ནི། །ཅི་བགྱི་ཞེས་ནི་སྨྲ་བར་འགྱུར། །དེ་ལ་ཨརྒྷ་སྦྱིན་བྱས་ལ། །ཀྱེ་ལེགས་སོ་དཔའ་བོ་ཆེན་པོ། །རྡོ་རྗེ་སེམས་དཔའ་བརྟུལ་ཞུགས་བཟང་། །གྲུབ་པ་བདག་སྟེ་བདེ་ལེགས་ཀྱི། ། དངོས་གྲུབ་བདག་ལ་རབ་ཏུ་སྩོལ། །སྒྲུབ་པོ་ཡིད་ལ་གང་འདོད་པའི། །གཅིག་སྦྱིན་ནས་ནི་རང་གནས་འགྲོ། །དཔའ་བོ་སྲིན་པོའི་འཁོར་གྱིས་བསྐོར། །སྒྲུབ་པ་པོ་ནི་དཔལ་དང་ལྡན། །དེ་ཡི་སྐད་ཅིག་དེ་ལ་ནི། །འཇིག་རྟེན་གསུམ་པོ་ཤེས་པར་འགྱུར། །ལྷ་ཡི་ལུས་སུའང་དེ་ འགྱུར་ཏེ། །འདོད་པའི་གཟུགས་ཅན་དཔའ་བོ་ཆེ། །འཇིག་རྟེན་གསུམ་པོ་མ་ལུས་ན། །སྐལ་བཟང་དེ་བཞིན་གཤེགས་པ་འདྲ། །ནམ་མཁའི་ཁམས་བཞིན་རྒས་པ་དང་། །འཆི་བ་དག་ནི་རྣམ་པར་སྤངས། །འདོད་པའི་དངོས་གྲུབ་རབ་འཇུག་པ། །སྲིད་པ་ཀུན་དུ་རྣམ་པར་རྒྱུ། ། ལྕི་བའི་ཐལ་བ་ཉིད་དག་དང་། །ལྷག་མ་མགོ་སྐམ་མཚོན་ཆའོ། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་བརྟེན་པའི་རྣམ་པར་བཤད་པ་སྟེ། མགོ་བོའི་སྒྲ་ནི་སའོ། །ཐལ་བ་ནི་ཆུའོ། །མགོ་བོ་སྐམ་ཞེས་བྱ་བ་ནི་མེའོ། །མཚོན་ཆ་ཞེས་བྱ་བ་ནི་རླུང་སྟེ། དེ་དག་ནི་འབྱུང་བ་ཆེན་པོ་བཞིའི་དཀྱིལ་ འཁོར་རོ། །རི་ཆེན་པོའི་ངོ་བོར་བྱ་ཞེས་བྱ་བ་རིའི་རྒྱལ་པོ་ལྷུན་པོའོ། །དེ་ལ་རིམ་པ་འདི་ཡིན་ཏེ། ཡི་གེ་ཡྃ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་ལ་བ་དན་གྱིས་མཚན་པ་ཡཾ་གིས་བྱིན་གྱིས་བརླབས་པ་སྟེ། རྔམས་སུ་ནི་དཔག་ཚད་ས་ཡ་ དྲུག་འབུམ་གྲངས་མེད་པའོ། །དེའི་སྟེང་དུ་ནི་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྱི་མཆོག་གྲུ་གསུམ་མདོག་དམར་པོ་འབར་བས་མཚན་པ་འབར་བའི་ཕྲེང་བ་འཁྲུག་པར་བསམ་ཞིང་ཉི་མ་བྱེ་བ་ལྟ་བུར་གསལ་བ་སྟེ། རྔམས་སུ་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ཕྱེད་དང་བཞིའོ། ། ཆུར་ནི་རྔམས་སུ་སྟོང་ཕྲག་ཉི་ཤུ་དང་བཅུ་གཅིག་ལྷག་པའོ། །མེའི་སྟེང་དུ་ཡི་གེ་བཾ་ལས་ཡང་དག་པར་བྱུང་བའི་ཆུ་སྟེ། གསལ་ཞིང་ཁ་བ་ལྟ་བུ། བུམ་པ་དཀར་པོས་མཚན་པ་ཟླུམ་པོ་འོད་ཀྱི་ཕྲེང་བ་ཅན་ནོ། །དེའི་སྟེང་དུ་ཡི་གེ་ལཾ་ཡོངས་སུ་གྱུར་པ་ལས་གསེར་གྱི་དཀྱིལ་འཁོར་གྲུ་བཞི་ པ་དཔངས་སུ་འབུམ་ཕྲག་བརྒྱད་པ་ཞེང་དུ་འབུམ་ཕྲག་བཅུ་གཉིས་པའི་སའི་དཀྱིལ་འཁོར་ཏེ་ཕྱིས་ལྷག་མའང་གསེར་དུ་འགྱུར་བ་སྟེ། དེ་ལ་ཡི་གེ་ཁཾ་ཡིག་རྩེ་གསུམ་པའི་སྣ་ཚོགས་རྡོ་རྗེའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཡི་གེ་སུཾ་ལས་བྱུང་བའི་རི་རབ་སྟེ། དཔངས་སུ་བརྒྱད་ཅུ་རྩ་བཞི་ ལ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན། སྟེང་གི་ཆ་ལ་གདུགས་ལྟ་བུའི་རྣམ་པ་ཅན། རྒྱར་སྟོང་ཕྲག་བརྒྱད་ཅུ་པའོ། །དེའི་ཤར་གྱི་ཕྱོགས་སུ་ནི་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཤར་གྱི་ལུས་འཕགས་ཏེ། ཞེང་དུ་དཔག་ཚད་བརྒྱད་སྟོང་། ཆུར་ནི་དགུ་སྟོང་ཟླ་བ་ཕྱེད་པའི་ རྣམ་པ་ཅན་ནོ། །བྱང་ཕྱོགས་སུ་ནི་ཡི་གེ་ཨི་ཡོངས་སུ་གྱུར་པ་ལས་སྒྲ་མི་སྙན་ཏེ་ཆུ་དང་ཞེང་དུ་སྟོང་ཕྲག་བཅུ་པ་ལ་གྲུ་བཞི་པ། ནུབ་ཕྱོགས་སུ་ནི་ཡི་གེ་ཨུ་ཡོངས་སུ་གྱུར་པ་ལས་བ་ལང་སྤྱོད་ཆུ་དང་ཞེང་དུ་དཔག་ཚད་དགུ་སྟོང་ཟླ་བ་ཡོངས་སུ་རྫོགས་པ་ལྟ་བུའི་རྣམ་པ་ཅན་ནོ། །ལྷོ་ ཕྱོགས་སུ་ནི་ཡི་གེ་ཨེ་ཡོངས་སུ་གྱུར་པ་ལས་འཛམ་བུའི་གླིང་སྟེ། ཆུ་དང་ཞིང་དུ་དཔག་ཚད་བདུན་སྟོང་པ་བྱང་ཕྱོགས་ཡངས་ལ་ལྷོ་ཕྱོགས་ཞུམ་པའི་རྣམ་པའོ། །དེ་དག་གི་ངོས་ཀྱི་ཕྱོགས་གཉིས་གཉིས་སུ་ཡང་ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་སུ་ཡང་། ཨི་ཨཱི། ཨུ་ཨཱུ། རི་རཱྀ། ལི་ལཱྀ་སྟེ། ཡི་གེ་དེ་དག་གིས་ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་སྟེ། གླིང་ཕྲན་བརྒྱད་པོ་དེ་དག་རེ་རེ་ཞིང་ཡང་གླིང་ལྔ་བརྒྱས་ཡོངས་སུ་བསྐོར་བའོ། །དེའི་སྟེང་དུ་ཡི་གེ་རཾ་ཡོངས་ སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་ཡང་ཧཱུཾ་སྟེ་དེ་ལས་རྡོ་རྗེ་ཕུར་བུ་དང་ར་བ་བསམས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་འཁོར་ལོའི་བསམ་གཏན་བྱའོ། །ཧཱུཾ་མཛད་ཡོངས་སུ་གྱུར་པ་ལས་ཀུན་དུ་བཟང་པོའོ། །དེ་ལས་ སྲིད་པ་གསུམ་གྱི་བྱེ་བྲག་གི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ལ་དཀར་པོ་གྱེན་དུ་འགྲེང་བ་ལ་ནང་གི་ནམ་མཁའི་རང་བཞིན་དུ་པདྨ་དམར་པོ་ལ་ཡི་གེ་བྷྲཱུཾ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སེར་པོ་ཞལ་གཅིག་ཕྱག་བཞི་པ་ལ་རལ་པ་དང་ཅོད་པན་དར་གྱིས་མཚན་པ། གཡས་ན་འཁོར་ལོ་དང་ཅང་ཏེའུ། གཡོན་ན་དྲིལ་བུ་དང་ཐོད་པས་བརྒྱན་པའི་ཁ་ཊྭཱཾ་ག་འཛིན་པ། གཡས་བརྐྱང་བའི་གནས་པས་བཞུགས་པ་གཤིན་རྗེ་མ་སྔོན་མོ་ལ་འཁྱུད་པའོ། །གཤིན་རྗེ་སྔོན་མོ་ཡང་ཞལ་གཅིག་ཕྱག་བཞི་པ་སྟེ། གཡས་པ་ཅང་ཏེའུ་དང་ཟངས་གྲི་ཐོགས་པ། གཡོན་པ་དྲིལ་བུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་ཐོགས་པ། སྐྲ་གྲོལ་ཞིང་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་བའོ། །དེ་ལྟར་རྣམ་པར་སྣང་མཛད་རིག་མ་དང་བཅས་པ་ལས་བྱུང་བ་རི་རབ་ཀྱི་རྩེ་མོའི་གཞལ་ཡས་ཁང་བསམ་པར་བྱ་སྟེ། ནམ་མཁའ་ལྟར་ཡངས་ཤིང་རིན་པོ་ཆེ་སྣ་ལྔའི་རང་བཞིན་ ཅན་བཟང་པོ་སྟེ། གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྡོ་རྗེའི་ཀ་བ་ཏྭ་ར་ཎ་དང་བཅས་པ་དྲ་བ་དང་དྲ་བ་ཕྱེད་པ་དང་དར་དང་མེ་ཏོག་གི་ཕྲེང་བ་འཕྱང་བ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་རྒྱུ་མཐུན་པ་རྡོ་རྗེའི་སྐུད་པས་བརྒྱན་པའོ། །དེའི་དབུས་སུ་ཨཱ་ལི་ཀཱ་ལི་དེའི་སྟེང་དུ་ཧཱུཾ་དང་ ཨཾ་གཉིས་ལས་རྡོ་རྗེ་དང་ཟངས་གྲི་དེ་དག་གི་ལྟེ་བ་ལ་ཡང་ས་བོན་དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཞལ་གསུམ་པ་ཕྱག་དྲུག་པ་སྟོན་ཀའི་ནམ་མཁའ་ལྟར་འོད་དྲི་མ་མེད་ཅིང་ཟླ་བ་བྱེ་བ་ལྟར་གསལ་བར་འཛིན་པ་ཞལ་གཡས་པ་དང་གཡོན་པ་སྔོ་བ་དང་དམར་པོ་རྡོ་རྗེ་དྲིལ་བུ་བསྣམས་ པས་འཁྱུད་ཅིང་། ཕྱག་གཡས་ན་ཅང་ཏེའུ་དང་ཚངས་པའི་མགོ། །གཡོན་པ་ན་ཐོད་པ་དང་ཁ་ཊྭཱཾ་ག་ཐོགས་པ་སྤྱི་གཙུག་ཏུ་མི་བསྐྱོད་པས་བརྒྱན་པའོ། །སྔགས་པའི་ལྟེ་བར་བསམ་བྱ་བ། །དབུས་སུ་རླུང་དང་དེ་བཞིན་མེ། །དེ་དབུས་ཨཱ་ལི་ཀཱ་ལི་སྟེ། །དེ་དབུས་ སྟོང་པའི་རི་མོའོ། །བདེ་བ་ཆེན་པོར་ཡང་དག་སྦྱར། །གཉིས་མེད་གཉིས་སུ་མེད་པའི་མཆོག །སྒྲ་ཡིས་བསྐུལ་བ་བྱས་པ་ཡིས། །སེམས་ཅན་ཐམས་ཅད་འོང་གྱུར་ནས། །སངས་རྒྱས་རྗེས་ཆགས་སྦྱོར་བ་ཡིས། །སེམས་ཅན་ཁམས་ནི་རྣམ་པར་སྦྱངས། །བདེ་བ་ལས་ བྱུང་དཀྱིལ་འཁོར་ཏེ། །བྷྲཱུཾ་ཨཾ་ཧྲིཾ་ཧོ་ཧཱུཾ་ཧི། །དེ་ནས་སེམས་རྒྱུན་དབང་བསྐུར་ལ། །ཨི་ཡིག་ས་བོན་གྱིས་དབྱུང་བྱ། །རྣམ་པར་སྣང་མཛད་དང་། རྡོ་རྗེ་ཉི་མ་དང་། པདྨ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་རྒྱལ་པོ་དང་། མི་བསྐྱོད་པ་དང་། དེ་བཞིན་དུ་ཧེ་རུ་ཀའོ། །ཨོཾ་ཧཱུཾ་ཨཾ་ཨ་ཁཾ་ཧཾ། གཏི་མུག་དང་། ཞེ་སྡང་དང་། དེ་བཞིན་དུ་ཕྲག་དོག་དང་། འདོད་ཆགས་དང་། སེར་སྣ་དང་། དབང་ཕྱུག་རྡོ་རྗེའོ། ལཱཾ་མཱཾ་པཱཾ་ཏཱཾ་ཞེས་བྱ་བའི་ས་བོན་ནི། སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མའོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་འགྲོ་བ་གསུམ་གྱི་ལུས་ངག་ཡིད་གསུམ་ རྫོགས་པར་བྱའོ། །ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ནི་ཞལ་གཅིག་པ་དང་། ཕྱག་གཉིས་པ་ལ་སོགས་པ་ཇི་ལྟར་འདོད་པའི་གཟུགས་སུ་བསམ་གཏན་གྱིས་འགྲོ་བ་གསུམ་པོ་མ་ལུས་པར་རྫོགས་པར་བྱའོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་དུ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ ཡི་གེ་ཧོཿདམར་པོ་གཉིས་དང་སྤེལ་བ་དྲི་ཟའི་སེམས་ཅན་ལྟ་བུ་ནམ་མཁའི་ཕྱོགས་ནས་སྨོན་ལམ་གྱི་སེམས་ཀྱིས་ཡི་གེ་ལྔ་བཀུག་སྟེ། སྙིང་གར་ཞུགས་ནས་ཐབས་དང་ཤེས་རབ་རྗེས་སུ་ཆགས་པས་བསྐྱེད་པའི་འདོད་ཆགས་ཆེན་པོས་མེ་སྦར་བས་པདྨར་སྐུ་གཉིས་ཞུ་བར་གྱུར་ ཏེ། ནམ་མཁའ་ལྟར་དྲི་མ་མེད་ཅིང་འབྱུང་བ་ཐམས་ཅད་ཀྱི་གནས་ཆེན་པོའི་ཏིང་ངེ་འཛིན་གྱི་གཟུགས་བརྙན་ལྟ་བུར་གྱུར་པའོ། །དེའི་རྗེས་ལ་ཐོག་མ་མེད་པའི་དུས་ནས་གོམས་པའི་སྨོན་ལམ་གྱི་སེམས་བསྐྱེད་པའི་བྱམས་པ་ཆེན་པོ་དང་། སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ཀྱི་ རང་བཞིན་དེའི་འོད་ཟེར་ལས་སྤྲོས་པའི་ལྷ་མོ་སྤྱན་རབ་ཏུ་རྒྱས་པ་དང་ལྡན་པ་ནམ་མཁའི་གཟུགས་བརྙན་ལྟ་བུ་རྣམས་གླུ་འདི་ཡིས་མགོན་པོ་སྐུལ་བར་བྱེད་པ་ནི། ཀྱེ་སྲིད་གསུམ་བདེ་བ་ཁྱོད་འདིར་བཞེངས། ཨ་ལ་ལ་ལ་ལ་ཧོ། །པདྨའི་གནས་ནི་མཐོང་མཛོད་ལ། །རྡོ་རྗེ་འཛིན་རྒྱལ་བདེ་བ་ཆེ། ། རྒྱལ་བ་ཡི་ནི་སྡོམ་པ་མཛོད། །ཨ་ལ་ལ་ལ་ལ་ཧོ། །ཁྱོད་ནི་སྟོང་པ་ཀུན་གྱི་མཆོག །བདེ་གཤེགས་སྙིང་པོ་མཐོང་མཛོད་ལ། །མཛེས་མ་དང་དུས་བདེ་བ་ནི། །སྲིད་པ་གསུམ་ན་སྙིང་པོའོ། །ཨ་ལ་ལ་ལ་ལ་ཧོ། །བདེ་བའི་བདག་པོ་ཐོང་ཐོང་ཐོང་། །རྒྱལ་བའི་བདག་པོ་ཆོས་སྐུ་ཧོ། །ཞེས་ བྱ་བའི་གླུས་བསྐུལ་མ་ཐག་ཏུ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྙིང་པོའི་སྟེ། མངལ་ནས་སྐྱེས་པའི་རིམ་པའོ་ཞེས་པའོ། །ཡང་ན་རུས་སྦལ་དག་གིའོ། །ཞེས་བྱ་བ་ལས་རུས་སྦལ་ནི་སྒོ་ང་ལས་སྐྱེས་པའོ། །དེའི་རིམ་པ་ནི་སྐད་ཅིག་ཙམ་གྱིས་རྣལ་འབྱོར་གྱི་ལྷའི་རྣམ་པ་བསྒོམ་པར་བྱ་བ་ ཐོགས་པ་མེད་པའི་ཡེ་ཤེས་འབྱུང་བ་རྩོམ་པ་མེད་ཅིང་རྒྱུན་ཆད་པ་མེད་པའི་སྙིང་རྗེ་ཆེན་པོའི་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་ཆེན་པོའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རུས་སྦལ་ཞེས་བྱ་སྟེ། མི་འགྱུར་བར་ངེས་པའི་ཕྱིར་རོ། །ཕྱག་བཞི་པ་དང་ཞལ་བཞི་པ། །ཞེས་བྱ་བ་ལ་སོགས་པ་ ནི་རིམ་པ་གཉིས་ཀ་ལ་ཡང་སྦྱར་བར་བྱའོ། །སྐུ་མདོག་དཀར་པོ་ཞེས་བྱ་བ་ལ་ནི་རྡོ་རྗེ་འཛིན་པའི་ཁྱད་པར་ཆོ་ག་བཞིན་དུ་ཤེས་པར་བྱས་ལ། ལྷ་ཐམས་ཅད་བསྒོམ་པར་བྱའོ། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །སྐད་ཅིག་ཙམ་ཡང་གཞན་སེམས་སྐྱེས། །མཁས་པས་འབད་དེ་ གནས་མི་བྱ། །དེ་ལྟའི་ཡོན་ཏན་ཁྱད་པར་གྱིས། །རྣལ་འབྱོར་པ་ནི་ཐམས་ཅད་ཀྱིས། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་ བ་ནི་ཐམས་ཅད་ཤེས་པར་བྱས་ནས་སོ། །སྦྱོར་བ་ཀུན་གྱི་དམ་པ་ནི། །བདེ་བའི་མཆོག་སྟེ་ཕྱག་རྒྱ་ནི། །དངོས་གྲུབ་ཀྱི་ནི་ཐབས་ཆེན་པོ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །དེ་བས་ན་སྒྲུབ་པ་པོའི་སྒྲུབ་ཐབས་མཆོག་མེད་དེ། བསོད་ནམས་ཆེན་པོ་སོགས་པའི་ཕྱིར་རོ། །དེ་བས་ན་ཚོགས་ ཀྱི་དཀྱིལ་འཁོར་བརྩམ་པར་བྱ་སྟེ། འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་སྤྱོད་པ་བསྡུས་པའི་སྒྲོན་མ་ལས། ཇི་སྐད་གསུངས་པ་བཞིན་ནོ། །བཟའ་བ་དང་བཅའ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཕོ་ཉ་རབ་སྦྱིན་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ཕང་བ་ལ་ནི་རང་ གི་ཡན་ལག་གོ། །དཔའ་བོ་གཉིས་མེད་མཆོད་པར་བྱ། །ཞེས་བྱ་བ་ལ་དཔའ་བོ་རྣམས་སྦྱིན་པར་བྱ་བའོ། །མ་ཞེས་བྱ་བ་ལ་སོགས་པའམ་ཞེས་བྱ་བ་ནི་གང་ཞིག་སྐལ་བ་དང་ལྡན་པར་གྱུར་པ་སྟེ། གཞན་དུ་ན་མ་དག་པར་འགྱུར་རོ། །དེ་དག་ཐམས་ཅད་ནི་བདག་ཉིད་མཆོད་པའི་ཕྱིར་ གཞག་པའོ། །བཅིངས་པ་ལས་ནི་གྲོལ་བར་བྱ། །ཞེས་བྱ་བ་ནི་བག་ཆགས་ལས་གྲོལ་བར་བྱ་བའི་དོན་དུ་སྟེ། བག་ཆགས་སྤངས་པ་ལས་གྲོལ་བར་འགྱུར་བའི་ཕྱིར་རོ། །སློབ་དཔོན་ལུས་སུ་ལེགས་གནས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཛིན་པའི་སྐུར་དམིགས་ནས་ཐམས་ཅད་ བྱས་ལ། ཕྱི་ནས་དཔའ་བོའི་དཔའ་མོ་ཀུན་སྤྱད་པར་བྱ་སྟེ། སྣང་བ་མེད་པ་ལས་ལངས་ནས་ཟུང་དུ་འཇུག་པའི་འབྱུང་བའི་རིམ་པས་སངས་རྒྱས་ཀྱི་སྐུ་མངོན་སུམ་དུ་བྱས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ། །ས་འོག་འགྲོ་བའམ་ ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་གྱི་དོན་དུ་གང་ཅུང་ཟད་ཞི་བ་ལ་སོགས་པ་ཡིད་ལ་ཅི་འདོད་པ་དེ་དག་ཐམས་ཅད་སྒྲུབ་པོའི་བཀའ་ཙམ་གྱིས་